Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

མ་རྡ་ར་སིའི་རྒྱ་གར་སློབ་ཕྲུག་ཚོས་བོད་ཕྲུག་སློབ་མར་གདུང་སེམས་མཉམ་བསྐྱེད་གནང་བ།

མ་རྡ་ར་སི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གར་སློབ་ཕྲུག་ཁག་གཅིག་ནས་ད་ཆ་རྒྱ་གར་གཞུང་ཉེན་རྟོག་པས་བཀག་བསྐྱིལ་འོག་ཡོད་པའི་བོད་མི་དང་ལྷག་དོན་བོད་ཕྲུག་རྣམས་ལ་རྒྱབ་སྐྱོར་མཚོན་ཕྱིར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་འདུག ཞི་ཅིན་ཕིང་ལ་ངོ་རྒོལ་བྱ་སྲིད་པའི་དོགས་གཞིའི་འོག་རྒྱ་གར་ལྷོ་ཕྱོགས་མ་རྡ་ར་སི་ནས་བོད་མི་ལས་འགུལ་བ་དང་སློབ་ཕྲུག་ ༡༠ བཅས་མུ་མཐུད་འཛིན་བཟུང་གིས་བཙོན་འཇུག་བྱས་པའི་གནས་ཚུལ་འཐོན་བཞིན་པར་བོད་མི་གཙོས་པའི་རྒྱ་གར་བ་སོགས་ནས་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པའི་ཁྲོད་དེ་རིང་ཟླ་ ༡༠ ཚེས་ ༡༠ ཉིན་ཚོུད་ ༡༠༌༡༥ ཙམ་ནས་མ་རྡ་ར་སི་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་འབྲེལ་ལམ་སྡེ་ཚན་གྱི་རྒྱ་གར་སློབ་ཕྲུག་ ༢༠ ཙམ་གྱིས་མཐོ་སློབ་དེའི་ Chepauk Campus དུ་ང་ཚོ་བོད་པའི་སློབ་ཕྲུག་ཚོ་དང་མཉམ་དུ་ཡོད་ཅེས་པའི་འབོད་ཚིག་འཁོད་པའི་ཤོག་བྱང་བསྣམས་ཏེ་རྒྱ་གར་ཉེན་རྟོག་པས་ཁོང་རྣམས་འཛིན་བཀག་བསྐྱིལ་དང་བསུན་བརྩེར་བྱས་པར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བཞིན་འདུག་པ་མ་ཟད། བོད་པོའི་སློབ་ཕྲུག་རྣམས་གནས་སྐབས་རིང་གློད་བཀྲོལ་མ་གནང་ཚེ་དེ་རིང་ཉིན་འཁྱོངས་རིང་ལས་འགུལ་དེ་མུ་མཐུད་སྤེལ་ངེས་ཡིན་པ་དང་སང་གང་གནང་དགོས་མིན་ཐད་ལ་གྲོས་བསྡུར་ཡང་གནང་རྒྱུ་རེད་འདུག འདི་ག་རླུང་འཕྲིན་ཁང་ནས་རྒྱ་གར་སློབ་ཕྲུག་དེ་དག་གི་ལས་འགུལ་སྣེ་ཁྲིད་གནང་མཁན་ Elakkiyan ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར་ཁོང་གིས་ད་རེས་ཀྱི་ལས་འགུལ་དེ་ཆེད་མངགས་རྒྱ་གར་གཞུང་ཉེན་རྟོག་པས་བཀག་སྐྱིལ་འོག་ཡོད་པའི་བོད་ཕྲུག་རྣམས་ཀྱི་ཆེད་དུ་ཡིན་པ་དང་། ལྷག་དོན་ཅ་ནཡི་ས་གནས་ཉེན་རྟོག་པས་ཕྱི་ཚེས་ ༦ ཉིན་གྱི་མཚན་མོར་བོད་པའི་བེུད་གཅིག་གཙོས་ལས་འགུལ་བ་དང་སློབ་ཕྲུག་བདུན་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ད་བར་ཁྱོན་བོད་མི་བཅུ་མུ་མཐུད་བཀག་ཉར་འོག་ཡོད་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་འགལ་ཡོད་པ་མ་ཟད། སློབ་ཕྲུག་དེ་དག་ལ་བཙན་དབང་ཐོག་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུ་མིན་པའི་མིང་རྟགས་བཀོད་བཅུག་པར་སྐྱོན་བརྗོད་གནང་སོང་། ཐེངས་འདིའི་ལས་འགུལ་བརྒྱུད་ Elakkiyan ལགས་ཀྱིས་འདས་པའི་ཉིན་ཤས་ནང་བོད་མི་འཛིན་བཟུང་བཀག་སྐྱིལ་བྱས་པའི་ཁོངས་ནས་ཕལ་ཆེ་བ་སློབ་ཕྲུག་ཆགས་ཀྱི་ཡོད་པ་དང་ལྷག་དོན་ཁ་སང་ནས་ཉིན་གྲངས་གསུམ་རིང་མ་རྡ་ར་སི་མཐོ་སློབ་ཁག་གི་ཡིག་རྒྱུགས་འགྲོ་བཞིན་ཡོད་སྟབས། སློབ་ཕྲུག་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ་དང་ཁོང་རྣམས་ལ་ཅ་ནཡི་ས་གནས་ཉེན་རྟོག་པས་སུན་གཙེར་དང་ཁ་སྐྱེངས་པོ་བཟོ་རྒྱུ་སོགས་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་བཞིན་ཡོད་པ་ཚོར་ཤུགས་ཆེན་པོས་གསུངས་སོང་། དེ་བཞིན་མ་རྡ་ར་སི་གཙུག་སློབ་གཉེར་ཁང་དུ་གཙུག་ལག་རབ་བྱམས་པའི་སློབ་སྦྱོང་གནང་བཞིན་པ་མ་རྡ་ར་སའི་བོད་ཕྲུག་ཚོགས་པའི་ཚོགས་མི་དབྱངས་ཅན་སྒྲོལ་དཀར་ལགས་ཀྱིས་རྒྱ་གར་སློབ་ཕྲུག་ཁག་གཅིག་གིས་སྣེ་ཁྲིད་གནང་སྟེ་གདུང་སེམས་བསྐྱེད་ཀྱི་ལས་འགུལ་དེའི་ནང་བོད་ཕྲུག་རྣམས་མཉམ་ཞུགས་རོགས་ཞེས་གསུངས་ཡོད་ཀྱང་བོད་ཕྲུག་སློབ་མ་ ༢༥ ཙམ་ལ་ས་གནས་ཉེན་རྟོག་པས་བཙན་དབང་གིས་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུ་མིན་པའི་མིང་རྟགས་བཀོད་བཅུག་སྟབས་མཉམ་ཞུགས་གནང་འདོད་ཡོད་ཀྱང་དེ་ལྟར་གནང་ཆོག་གི་མེད་སྐོར་གསུངས་སོང་། བོད་རང་བཙན་སློབ་ཕྲུག་ཚོགས་པས་དེ་འབྲེལ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཏེ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ལྷག་དོན་བཀག་བསྐྱིལ་འོག་ཡོད་པའི་བོད་མི་བཅུ་པོ་དེ་དག་ནས་རྒྱ་གར་སྲིད་བློན་ Narendra Modi མཆོག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནང་སྟངས་ཐོག་འགན་འཁུར་བཞེས་དགོས་པའི་ཞུ་སྐུལ་གནང་བ་དང་སྦྲགས། རྒྱལ་སྤྱིའི་དབུ་ཁྲིད་ཚོས་བོད་ཀྱི་དྲང་བདེན་གྱི་ལོ་རྒྱུས་ལ་རྒྱབ་སྐྱོར་གནང་སྟེ་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཐོག་ནས་མགོ་སྒུར་བཅུག་དགོས་གལ་ཡིན་པ་མ་ཟད་ད་ལྟའི་ཆར་རྒྱ་གར་གཞུང་ཉེན་རྟོག་པས་བཀག་ཉར་བྱེས་པའི་བོད་མི་བརྒྱད་པོ་དེ་དག་འཕྲལ་དུ་གློད་བཀྲོལ་དགོས་པར་ནན་བརྗོད་གནང་འདུག

བལ་ཡུལ་གཞུང་ནས་རྒྱ་ནག་དང་ལྷན་དུ་ཉེས་ཅན་རྩིས་སྤྲོད་གནང་རྒྱུའི་གྲོས་ཆོད་མ་བཞག་རོགས།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བལ་ཡལ་ནང་གཞུང་འབྲེལ་འཚམས་གཟིགས་སུ་འབྱོར་ཉེ་དང་བསྟུན་བརྒྱུད་ལམ་ཁག་ཏུ་བལ་ཡུལ་དང་རྒྱ་ནག་གཉིས་དབར་ཕན་ཚུན་དོགས་གཞི་ཡོད་པའི་མི་སྣ་རྩིད་སྤྲོད་བྱ་རྒྱུའི་  extradition treaty ཞེས་ཉེས་ཅན་རྩིས་སྤྲོད་བྱ་རྒྱུའི་གྲོས་ཆོད་ཅིག་བཞག་སྲིད་པར་ཚོད་དཔག་གནང་མཁན་འབྱུང་བཞིན་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་དེ་འབྲེལ་བཀའ་འདྲི་ཁག་གཅིག་ཞུས་པར་རྒྱ་ནག་དང་བལ་ཡུལ་དབར་ཉེས་ཅན་རྩིས་སྤྲོད་བྱ་རྒྱུའི་གྲོས་ཆོད་བཞག་པ་ཡིན་ཚེ་བལ་ཡུལ་ནང་ཡོད་པའི་བོད་མི་སྤྱི་དང་ལྷག་པར་དུ་ཁྲིམས་མཐུན་གྱི་ཡིག་ཆ་མེད་པར་བལ་ཡུལ་ནང་བཞུགས་བཞིན་པའི་བོད་མི་ཚོར་ངལ་བ་ཆེས་འཕྲད་ངེས་ཡིན་པ་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་ཏུ་བལ་ཡུལ་གཞུང་ནས་རྒྱ་ནག་དང་ལྷན་དུ་གྲོད་ཆོས་དེ་འདྲ་མ་བཞག་རོགས་གནང་ཞེས་འབོད་སྐུལ་གནང་སོང་།   བལ་ཡུལ་གཞུང་ནས་ཡུལ་དེའི་ས་གནས་གང་སར་ཉེན་རྟོག་མི་སྣ་དང་གསང་བའི་མི་སྣ་གང་མང་འགྲེམས་འཇོག་གིས་བཙན་བྱོལ་བོད་མིའི་ཐོག་སྔར་ལྷག་དམ་དྲག་བྱེད་བཞིན་པ་མ་ཟད་དེ་སྔ་ས་གནས་སུ་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་ནང་ཞུགས་མྱོང་ཡོད་མཁན་གཙོས་པའི་བོད་མི་ཁག་གཅིག་ལ་དོགས་ཟོན་གྱིས་འདྲི་རྩད་བྱས་པའི་གནས་སྟངས་སོགས་བྱུང་འདུག བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ་བཅར་འདྲི་ཞུས་པར་ད་ལྟའི་ཆར་བལ་ཡུལ་ཁྱོན་ཡོངས་སུ་ལྟ་སྲུང་སླད་དམག་མི་ལྔ་སྟོང་ལྷག་འགྲེམས་འཇོག་བྱས་ཡོད་པ་དང་། འདས་པའི་ཉིན་ཤས་ཁྲོད་དུ་བོད་མི་ཁག་གཅིག་ལ་འདྲི་རྩད་སོགས་བྱས་ཡོད་ཀྱང་ད་ལྟའི་ཆར་འཛིན་བཟུང་བཀག་ཉར་བྱས་པ་དངོས་སུ་ཤེས་རྟོགས་ཐུབ་མེད་ཀྱང་། བལ་ཡུལ་གྱི་ས་གནས་སྤྱི་དང་ལྷག་པར་དུ་ས་མཚམས་ཁུལ་དུ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་གསུངས་སོང་།  རྩ་བའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སང་ཉིན་ནས་རྒྱ་གར་ནང་གི་འཚམས་གཟིགས་གྲུབ་མཚམས་སུ་ཕྱི་ཚེས་ ༡༣ ནས་ཉིན་གྲགས་གཉིས་རིང་བལ་ཡུལ་ནང་འཚམས་གཟིགས་བྱ་གཏན་འཁེལ་བ་དང་བསྟུན་བལ་ཡུལ་ནང་གི་བོད་མི་ཚོར་དམ་དྲག་བྱས་པ་ཙམ་མ་ཟད་རྒྱ་གར་ནས་བལ་ཡུལ་ནང་གཉེན་འཕྲད་དང་གནས་སྐོར་ཆེད་འགྲོ་མཁན་བོད་མི་ཁག་གཅིག་བལ་ཡུལ་ས་མཚམས་ནས་ཕྱིར་སློག་བྱས་པའི་གནས་སྟངས་ཡང་བྱུང་ཡོད་པ་རེད། དེའི་སྐོར་ཉེ་འཆར་ཕྱི་ཚེས་ ༦ ཉིན་རྒྱ་གར་ནས་བལ་ཡུལ་དུ་གཉེན་འཕྲད་དང་གནས་སྐོར་ལ་ཕེབས་སྐབས་ས་མཚམས་ནས་ཕྱིར་སློག་བྱས་པ་བསྟན་འཛིན་རབ་བརྟན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ས་མཚམས་སུ་བལ་པོའི་ཉེན་རྟོག་པས་བཀག་སྡོམ་དང་ཕྱིར་སློག་ཇི་ལྟར་བྱས་སྐོར་འགྲེལ་བརྗོད་གནང་སོང་། གཞི་རྩའི་རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་གཞུང་ནས་ཁུལ་དེར་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་དང་བོད་མིའི་གསུམ་བཅུའི་དུས་དྲན་གཙོས་པའི་བོད་དོན་དང་འབྲེལ་བའི་མཛད་སྒོ་ཁག་སྲུང་བརྩི་ཞུ་རྒྱུར་དམ་དྲག་དང་། བོད་ནས་གསར་དུ་འབྱོར་བའི་བོད་མི་མི་ཉུང་བ་ཞིག་འཛིན་བཟུང་དང་ཕྱིར་སློག་བྱས་པ་སོགས་ཀྱི་གནས་ཚུལ་མི་ཉུང་བ་ཞིག་འཐོན་བཞིན་ཡོད་པ་མ་ཟད། ཡུལ་དེའི་ཆབ་སྲིད་ཚོགས་པའི་འཐུས་མི་ཁག་གཅིག་བོད་དོན་དང་འབྲེལ་བའི་ཚོགས་འདུ་སོགས་ཀྱི་ཐོག་མཉམ་ཞུགས་གནང་རྐྱེན་ལས་གནད་ནས་གནས་དབྱུང་བཏང་པ་སོགས་ཀྱི་གནས་སྟངས་བྱུང་ཡོད།

ཇོ་ནང་རྒྱལ་ཚབ་སྐབས་གཉིས་པའི་ཁྲི་སྟོན་མཛད་སྒོ་ཚོགས་པ།

དེ་རིང་སྔ་དྲོ་ཚོུད་ ༡༠ ཐོག་བཞུགས་སྒར་ཉེ་འཁྲིས་ནོར་བུ་གླིང་ཁར་ཇོ་ནང་རྒྱལ་ཚབ་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་རྡེ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་གི་སྐབས་གཉིས་པའི་ཁྲི་སྟོན་མཛད་སྒོ་ཚོགས་སོང་། ཁྲི་སྟོན་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། སྤྱི་འཐུས་ཚོསག་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག རོང་ཆེན་བསྟན་པའི་མངའ་བདག བཀའ་ཟུར་ཀིརྟི་རིན་པོ་ཆེན་མཆོག་གཙོས་པའི་ཆོས་བརྒྱུད་ཁག་གི་བསྟན་བདག་རྣམས་ཀྱི་སྐུ་ཚབ་དང་། སེར་སྐྱ་མང་ཚོགས་ལྔ་བརྒྱ་ལྷག་མཉམ་ཞུགས་གནང་སོང་། སྐབས་དེར་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཁྲིི་སྟོན་བརྟན་བཞུགས་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ཚུལ་ཁྲིམས་བཟང་པོ་མཆོག་ནས་དེ་རིང་གི་མཛད་སྒོ་ངོ་སྤྲོད་གནང་བ་དང་ལྷན་དུ་ཕྱི་ལོ་ ༢༠༡༨ ལོའི་རྒྱལ་སྤྱིའི་ཇོ་ནང་གནད་ཡོད་མི་སྣ་རྣམས་ཀྱི་ལོ་འཁོར་ཚོགས་ཆེན་འཚོགས་ཏེ། མཁན་སྤྲུལ་རྡེ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་སླར་ཡང་ཇོ་ནང་གི་རྒྱལ་ཚབ་རིན་པོར་ཆེར་བདམས་ཐོན་བྱུང་བ་ལྟར་དེ་རིང་གི་ཁྲི་སྟོན་གྱི་མཛད་སྒོ་འཚོགས་ཀྱི་ཡོད་པ་གསུངས་སོང་། ཁྲི་སྟོན་གྱི་མཛད་སྒོའི་སྐབས་སུ་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་རང་ཉིད་གྲྭ་རྐྱང་རང་ག་བ་ཞིག་ཡིན་པ་ལས་དམིགས་བསལ་བ་གང་ཡང་མིན་པས་ཁྲི་ཐོག་ནས་བཞུགས་ནས་བཀའ་མོལ་གསུང་རྒྱུར་འོས་བབ་མེད་ནའང་།  ༸དཔལ་རྒྱལ་བ་ཇོ་ནང་པ་རྣམས་ཀྱིས་འོས་བསྡུ་རིམ་པའི་ཐོག་ནས་ཐག་བཅད་ཟིན་པ་ཞིག་ཡིན་པས་བསྟན་པ་སྤྱི་ལ་ཞབས་འདེགས་ཏོག་ཙམ་ཞིག་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་བསོད་ནམས་ཡིན་པར་དགོངས་བཞིན་ཡོད་པ་བཀའ་གནང་བ་དང་འབྲེལ། བོད་མི་སྤྱི་བོ་གནམ་ལྡན་ཡོངས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་བཀའ་གནང་བ་ལྟར་ཆོས་བརྒྱུད་དང་ཆོལ་ཁའི་བར་གྱི་འཐེན་འཁྱེར་སྤང་ཏེ་སྤྱི་དོན་གྱི་ཐོག་རང་ནུས་གང་ལྕོགས་གནང་གནད་ཡིན་ཡིན་པའི་བཀའ་སློབ་གནང་སོང་། ཆོས་རིག་བཀའ་བློན་མཆོག་གིས་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་དང་བོད་ཕྱི་ནང་གཉིས་ཀྱི་ཇོ་ནང་གི་དགོན་སྡེ་བླ་སྤྲུལ་མང་པོའི་ངོས་འཛིན་དང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་རྒྱལ་ཚབ་རིན་པོ་ཆེ་མཆོག་ལ་ལེགས་གསོལ་བསྔགས་བརྗོད་ཀྱི་འཚམས་འཕྲིན་ཕེབས་པ་དེ་དག་མི་མང་གིས་རྩ་འཛིན་ནས་ཡིད་འཇགས་དགོས་གལ་ཡིན་པ་ངོ་སྤྲོད་དང་། བཙན་བྱོལ་ནང་ཇོ་ནང་པ་རྣམས་ལ་གཞུང་འབྲེལ་གྱི་ཐོག་ནས་ཆོས་བརྒྱུད་གཞན་ལྟར་གཅིག་གྱུར་གྱིས་ཁས་ལེན་ཡོང་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་གསུངས་སོང་། དམིགས་བསལ་གྱི་སྐུ་མགྲོན་རོང་ཆེན་ཀིརྟི་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་རྒྱལ་ཚབ་རིན་པོ་ཆེ་ནི་ཆུང་དུས་ནས་སློབ་ལ་བརྩོན་ཞིང་ཐུགས་གཤིས་བཟང་བའི་བཀུར་འོས་ཀྱི་ངོ་ཤེས་གྲོགས་པོ་ཞིག་ཡིན་པར་འགྲེལ་བརྗོད་དང་བཅས། ཐེངས་གཉིས་ལ་རྒྱལ་ཚབ་ཏུ་འོས་འདེབས་བྱུང་ཡོད་སྟབས་སྔར་དང་མི་འདྲ་བར་བསྟན་པ་སྤྱིའི་དོན་དུ་ཕྱག་ལས་རྒྱ་ཆེར་གནང་དགོས་རྒྱུར་རེ་བ་དང་ཡིད་ཆེས་ཡོད་པ་གསུངས་སོང་། གཞི་རྩའི་ཕྱི་་ལོ་ ༢༠༡༤ ལོར་རྒྱལ་ཕྱི་ནང་གི་ཇོ་ནང་བླ་སྤྲུལ་དང་གནད་ཡོད་མི་སྣས་ལོ་འཁོར་གྱི་ཚོགས་འདུ་ཐེངས་བཞི་པ་ཚོགས་པ་དང་བསྟུན། རྒྱ་གར་ནང་དུ་ཡང་གཅིག་གྱུར་གྱིས་ཁས་ལེན་པའི་ཇོ་ནང་གི་རྒྱལ་ཚབ་ཅིག་དགོས་གལ་ཆེན་པོ་ཡིན་པའི་གྲོས་འཆམ་བྱུང་བ་ལྟར། ཚོགས་འདུའི་སྟེང་དུ་མཁན་སྤྲུལ་རྡེ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་སྤྱི་མོས་ཀྱིས་འོས་འདེམས་བྱུང་སྟེ་ཇོ་ནང་གི་རྒྱལ་ཚབ་ཀྱི་ཁྲི་རབས་དང་པོར་བསྐོ་གཞག་བྱུང་ནས་ལོ་ལྔའི་རིང་ལ་རྒྱལ་ཚབ་ཀྱི་འགན་ཁུར་བཞེས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ནང་གནས་མཆོག་རྡོ་རྗེ་གདན་དུ་ཇོ་ནང་གི་སྨོན་ལམ་དང་སྟབས་བསྟུན་རྒྱལ་ཚབ་ཁྲི་རབས་གཉིས་པ་འོས་འདེམས་དང་འབྲེལ་བའི་གྲོས་གཞིར་བགྲོ་གླེང་གནང་སྐབས་ས་ཚོགས་ཞུགས་པ་ཡོངས་ཀྱི་སྤྱི་མོས་ཐོག་ཇོ་ནང་རྒྱལ་ཚབ་ཁྲི་རབས་གཉིས་པ་འོས་འདེམས་མི་དགོས་པར་ད་ལྟའི་ལས་ཐོག་ཇོ་ནང་རྒྱལ་ཚབ་ཁྲི་རབས་དང་པོ་མཆོག་སྤྲུལ་ཆོས་ཀྱི་སྣང་བ་མཆོག་གིས་བསྐྱར་དུ་ཐུགས་འགན་བཞེས་རྒྱུར་སྤྱིས་མོས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཞལ་བཞེས་གནང་བ་ཞིག་རེད་འདུག

བོད་ཕྲུག་རྣམས་ཡིག་རྒྱུགས་ཁྲོད་འཛིན་བཟུང་བྱས་པར་བློ་འཚབ་གནང་བཞིན་པ།

རྒྱ་གར་ལྷོ་ཕྱོགས་ནས་ཞི་ཅིན་ཕིང་ལ་ངོ་རྒོལ་བྱ་སྲིད་པའི་དོགས་གཞིའི་འོག་བོད་མི་ལས་འགུལ་བ་དང་སློབ་ཕྲུག་བཅས་ཁྱོན་མི་ ༩ འཛིན་བཟུང་བྱས་ཏེ་བཙོན་འཇུག་ཐོག་ཁ་སང་སླར་ཅ་ནཡི་ནང་གི་བོད་རིགས་གཙུག་ལག་སློབ་དཔོན་ཞིག་འཛིན་བཟུང་བྱས་པ་མ་ཟད་ཁུལ་དེའི་བོད་རིགས་སློབ་མ་ ༢༥ ཡིག་རྒྱུགས་ཁྲོད་བཙན་འཁྲིད་བྱས་པའི་གནས་ཚུལ་ཐོན་པར་བློ་འཚབ་ཆེན་པོ་གནང་བཞིན་འདུག རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བདུན་ཕྲག་འདིའི་རེས་གཟའ་པ་སངས་ནས་ཉིན་གྲངས་གསུམ་གྱི་རིང་རྒྱ་གར་གྱི་ལྷོ་ཕྱོགས་མངའ་སྡེ་ Tamil Nadu ནང་རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་དང་ལྷན་ནང་མོལ་ལྷན་འཛོམས་ཆེད་ཡོང་གི་ཡོད་སྟབས། ཞི་ཅིན་ཕིང་ལ་ངོ་རྒོལ་གནང་སྲིད་པའི་དོགས་གཞིའི་འོག་ཏུ་རྒྱ་གར་གཞུང་གི་ཉེན་རྟོག་པས་འདས་པའི་ཉིན་ཤས་ནང་བོད་མི་དགུ་འཛིན་བཟུང་གིས་བཀག་བསྐྱིལ་བྱས་ཡོད་པའི་ཁྲོད་ཁ་སང་ས་གནས་ཉེན་རྟོག་པས་ཅ་ནཡི་ནང་གི་ Hindustan གཙུག་ལག་སློབ་གཉེར་ཁང་དུ་སློབ་དཔོན་ཕྱག་རོགས་ཀྱི་ཕྱག་ལས་གནང་བཞིན་པ་བསྟན་འཛིན་ནོར་བུ་ལགས་ནས་བོད་རིགས་སློབ་མ་ཁག་གཅིག་ལྷན་དུ་ཞི་ཅིན་ཕིང་ལ་དར་ཆ་ནག་པོའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་འཆར་ཡོད་པར་དོགས་གཞིའི་གནང་སྟེ་འཛིན་བཟུང་བྱས་ཏེ་བཀག་ཉར་ཁང་ཞིག་ཏུ་བཏང་ཡོད་རེད་འདུག ཁ་སང་ཞོགས་པ་སླར་ས་གནས་ཉེན་རྟོག་པས་ཅ་ནཡི་གྲོང་ཁྱེར་ནང་སློབ་གཉེར་བྱེད་བཞིན་པའི་བོད་ཕྲུག་ཚོའི་སྡོད་ཁང་དུ་སྐྱོད་དེ་ཁོང་རྣམ་ཐོག་མར་ངོ་རྟགས་ཆོད་ཕྱིར་ཡིན་སྐོར་བརྗོད་ནས་ Selaiyur ཉེན་རྟོག་ཁང་དུ་འཁྲིད་ཡོད་ཀྱང་། ཕྱིས་སུ་རིམ་པས་ཁོང་ཚོའི་ཁ་པར་ཨང་གྲངས་སོགས་ཐོ་འགོད་བྱེད་བཅུག་ཏེ་ཞི་ཅིན་ཕིང་སླེབས་པའི་སྐབས་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་རྒྱུ་མིན་པའི་ཁས་ལེན་གྱི་ཡིག་ཆར་མིང་རྟགས་བཀོད་བཅུག་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ད་ལན་ཅི་ནཡི་ས་གནས་ཉེན་རྟོག་པས་འདས་པའི་ཉིན་ཤས་ནང་བོད་མི་འཛིན་བཟུང་བཀག་སྐྱིལ་བྱས་པའི་ཁོངས་ནས་ཕལ་ཆེ་བ་སློབ་ཕྲུག་ཆགས་ཀྱི་ཡོད་པ་དང་ལྷག་དོན་དེ་རིང་ནས་ཉིན་གྲངས་གསུམ་རིང་མ་རྡ་ར་སི་མཐོ་སློབ་ཁགགི་རྒྱུགས་སྤྲོད་འཁེལ་གྱི་ཡོད་སྟབས། སློབ་ཕྲུག་རྣམས་ཡིག་རྒྱུགས་ཁྲོད་སེམས་འཚབ་ཆེན་པོའི་ངང་གནས་བཞིན་འདུག འདི་ག་རླུང་འཕྲིན་ཁང་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་བསྟན་འཛིན་གྲགས་པ་ལགས་སུ་བཅར་འདྲི་ཞུས་པར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ལྡི་ལི་ནས་ཁྲིམས་རྩོད་པ་ཞིག་མངགས་གཏོང་གིས་སློབ་ཕྲུག་གཙོ་བོར་གྱུར་པའི་བོད་མི་དེ་དག་བཙོན་གྲོལ་ཐོབ་ཐབས་སུ་ཞུ་གཏུག་གནང་བཞིན་ཡོད་སྐོར་གསུངས་སོང་། ཁོང་རྣམས་འཛིན་བཟུང་བཀག་བསྐྱིལ་བྱས་ནས་ད་ལྟའི་ཆར་ཚོུད་ ༤༨ ལྷག་འགྲོ་ཡོད་ཀྱང་ས་གནས་ཉེན་རྟོག་པས་ཁོང་རྣམས་ཀྱི་ཁྲིམས་རྩོད་པ་དང་ཐུག་འཕྲད་གནང་བར་མུ་མཐུད་བཀག་སྡོམ་བྱེད་བཞིན་པའི་ཁྲོད་ཁོང་རྣམས་ཀྱི་གནས་སྟངས་ཇི་ཆགས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་འདུག འོན་ཀྱང་དེ་རིང་འཛིན་འཛིན་ཆོས་སྒྲོན་ལགས་ཀྱིས་ཁོང་གི་ཨ་མ་ལགས་ལ་ཁོང་རྣམས་ད་ཆ་ཅ་ནཡི་དབུས་བཙོན་ཁང་ནས་བཙོན་ཁང་གཞན་ཞིག་ཏུ་གནས་སྤོས་བྱ་འཆར་ཡོད་སྐོར་ཞུས་འདུག རྒྱ་གར་གཞུང་གི་ཉེན་རྟོག་པས་ལྷོ་ཕྱོགས་ནས་ཁྱོན་བོད་མི་བཅུ་འཛིན་བཟུང་གིས་བཀག་བསྐྱིལ་བྱས་པའི་གནས་ཚུལ་ཁག་བརྒྱུད་ལམ་ཁག་ཏུ་ཐོན་སྟབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སྤྱི་ཚོགས་དྲྭ་ལམ་ཐོག་རྒྱ་གར་གཞུང་གི་བྱེད་སྟངས་དེར་སྐྱོན་བརྗོད་དང་བློ་ཕམ་གྱི་རྣམ་པ་ཤུགས་ཆེ་བསྟན་ཡོད་པ་མ་ཟད། ཁག་གཅིག་གིས་རྒྱ་གར་དེ་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པས་རྒྱ་གཞུང་གི་གནོན་ཤུགས་འོག་མགོ་སྒུར་བར་ངོས་འཛིན་ཞུ་བཞིན་ཡོད་པ་དང་། རྒྱ་གར་དབུས་གཞུང་ནས་དེ་ལྟར་གནང་རྒྱུ་མེད་པའི་ཞུ་སྐུལ་གནང་མཁན་ཡང་བྱུང་འདུག

ཅ་ནཡི་ཉེན་རྟོག་པས་བོད་རིགས་སློབ་མ་བརྒྱད་བཀག་བསྐྱིལ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་རྒྱ་གར་གྱི་སྲིད་བློན་གཉིས་མཇལ་འཕྲད་གནང་རྒྱུ་སྔོན་ལ་བོད་མི་དགུ་ Chennai ཉེན་རྟོག་པས་བཀག་བསྐྱིལ་བྱས་ཡོད་པ་རེད། ཟླ་བ་འདིའི་ཚེས་ ༡༡ ནས་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་ལྷོ་ཕྱོགས་ Mamallapuram ས་ཁུལ་དུ་གཞུང་འབྲེལ་ཕྱོགས་སྐྱོད་དུ་འབྱོར་གྱི་ཡོད་པར་བརྟེན་སྐོར་སྐྱོད་དེའི་རིང་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་སྲིད་པར་དོགས་པ་གནང་སྟེ་རྒྱ་གར་གཞུང་གི་ཉེན་རྟོག་པས་ཟླ་ ༡༠ ཚེས་ ༥ ཉིན་བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་རྒྱ་དཀར་ནག་གཉིས་ཀྱི་དཔོན་རིགས་མཇལ་འཕྲད་གནང་སའི་ས་གནས་དེ་ནས་རྒྱང་ཐག་སྤྱི་ལེ་ ༡༠༠ མ་ཟིན་ཙམ་གྱི་ས་གནས་ཀོ་ཌ་ཀུ་པམ་ནས་འཛིན་བཟུང་གིས་ཅ་ནཡི་དབུས་བཙོན་ཁང་ནང་བཀག་བསྐྱིལ་གནང་ཡོད་ཐོག་དེ་འབྲེལ་གྱི་དོགས་གཞིའི་འོག་ཅི་ནཡི་ནང་གི་མཚམས་བོད་རིགས་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་གསུམ་གྱི་རྒྱུན་ལས་སོགས་ཁྱོན་བོད་མི་བརྒྱད་འཛིན་བཟུང་གིས་ Santhome ཉེན་རྟོག་ལས་ཁུངས་སུ་བཀག་ཉར་བྱས་ཡོད་པ་རེད། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ཁ་ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ནས་ཅི་ནཡི་གྲོང་ཁྱེར་ནང་ཡོད་པའི་ཚོགས་པ་དེ་གཉིས་ཀྱི་རྒྱུན་ལས་ལ་འབྲེལ་བ་གནང་ཐོག་ཁུལ་དེའི་ནང་བོད་རིགས་གཞོན་སྐྱེས་ཁག་ཅིག་བསྡུ་སྐོང་གནང་རྒྱུའི་ལས་རིམ་ཞིག་སྤེལ་ཁྲོད་རེས་གཟའ་ཉི་མའི་དགོང་མོར་ཅ་ནཡི་ས་གནས་ཉེན་རྟོག་པས་བོད་མི་བརྒྱད་པོ་དེ་དག་འཛིན་བཟུང་གིས་གནས་སྐབས་ཉེ་འཁྲིད་ Santhome ཉེན་རྟོག་ལས་ཁུངས་སུ་བཀག་ཉར་བྱས་ཏེ་ད་ཆ་ཅ་ནཡི་དབུས་བཙོན་ཁང་ནང་གནས་སྤོས་ཀྱིས་བཀའ་བསྐྱིལ་འོག་ཡོད་པ་མ་ཟད། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ནས་གནད་དོན་དེ་དང་འབྲེལ་ཏེ་ལྡི་ལིའི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཚན་པའི་ཁྲིམས་རྩོད་པ་ཞིག་གླ་ཐོག་ཁོང་ད་ཆ་ས་གནས་ས་ཐོག་ཏུ་ཆེད་སྐྱོད་གནང་སྟེ་ས་གནས་ཀྱི་ཁྲིམས་རྩོད་པ་ཁག་དང་འབྲེལ་བ་གནང་མུས་ཡིན་པ་གསུངས་སོང་། མགོན་པོ་དོན་གྲུབ་ལགས་ཀྱིས་ད་རེས་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་ལ་འབྱོར་གྱི་ཡོད་པ་དང་བསྟུན་གཞོན་ནུ་ལྷན་ཚོགས་ངོས་ནས་དེ་སྔའི་དགོས་འདུན་གང་ཡོད་པ་བཞིན་བོད་ལ་བཟང་ཕྱོགས་ཀྱི་འགྱུར་བ་དགོསཔ་དང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་དེ་ནོར་འཁྲུལ་ཡིན་པར་ཁས་ལེན་གནང་དགོས་གལ། ལྷག་པར་དུ་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ལྟར་གཞོན་ནུའི་སྒྲིག་འཛུགས་གིས་རྒྱུ་མཚན་དེ་གཞིར་བཞག་གིས་རང་བཙན་བརྩོན་བཞིན་ཡོད་པ་བསྐྱར་ནན་གནང་སོང་བ་མ་ཟད། ལྷག་དོན་ཞི་ཅིན་ཕིང་ད་རེས་རྒྱ་གར་རང་དབང་ལུང་པར་འབྱོར་གྱི་ཡོད་པ་དང་བསྟུན་རྒྱ་གར་ནང་གནས་བཞུགས་བོད་མི་ཚོས་ཁོ་པར་ངོ་རྒོལ་གནང་སྟེ་རྒྱ་ནག་རྒྱལ་ནང་དུ་སྐྱོད་ཀྱི་ཡོད་པའི་ཚོར་སྣང་ཞིག་བསྐྲུན་རྒྱུའི་འོས་འགན་ཡོད་པར་ནན་བརྗོད་གནང་སོང་། ཤེས་རྟོགས་བྱུང་བར་བསྟན་འཛིན་བརྩོན་འགྲུས་ལགས་ཅ་ནཡི་ Puzhal བཙོན་ཁང་དུ་ཟླ་ ༡༠ ཚེས་ ༡༨ བར་བཀག་བསྐྱིལ་བྱ་སྲིད་པ་དང་དེ་མིན་བོད་མི་བརྒྱད་པོ་དེ་དག་ཁ་ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་ཅ་ནཡི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས་འཛིན་བཟུང་བྱས་པ་ཞིག་ཆགས་ཀྱི་འདུག ད་ཆ་ལྷོ་ཕྱོགས་ Tamil Nadu མངའ་སྡེ་ཁྱོན་དུ་དམ་དྲག་ཆེ་རུ་བཏང་ཡོད་པའི་ཁྲོད་ཅ་ནཡི་ས་གནས་ཉེན་རྟོག་པ་རྣམས་ལ་མངའ་སྡེ་ནང་གི་བོད་མི་གཞིས་སྒར་ཁག་ཏུ་གནས་སྡོད་བོད་མི་ཚོར་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་མ་ཟད། ད་ཆ་ཉེན་རྟོག་པས་དོགས་གཞི་ཅན་གྱི་ལས་རིམ་ཁག་ལ་ཞིབ་བཤེར་གནང་ཆེད་མངའ་སྡེའི་མགྲོན་ཁང་དང་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་བཅས་སུ་ལྟ་སྐོར་གནང་བཞིན་འདུག གནད་དོན་དེའི་ཐད་བོད་རིགས་སློབ་མའི་ཁྲིམས་རྩོད་པ་སྐུ་ཞབས་ Arvind ལགས་ཀྱིས་ད་ལན་ལྷོ་ཕྱོགས་ Tamil Nadu མངའ་སྡེའི་ས་གནས་ཉེན་རྟོག་པས་ཡུལ་དེའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་རྒྱ་གར་གྱི་སྲིད་བློན་གཉིས་མཇལ་འཕྲད་གནང་རྒྱུ་གོང་ལ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གཙོས་པའི་བོད་རིགས་སློབ་མ་བརྒྱད་འཛིན་བཟུང་གིས་བཀག་བསྐྱིལ་གནང་ཡོད་པ་དེ་ནི་རྒྱུ་མཚན་གང་ཡང་མེད་པར་འཛིན་བཟུང་བྱས་པ་དང་ལྷག་དོན་སློབ་ཕྲུག་དེ་དག་རང་ཉིད་ཀྱི་སྡོད་ཁང་ནང་ཡིག་རྒྱུགས་གྲ་སྒྲིག་གནང་བཞིན་སྐབས་སུ་འཛིན་བཟུང་གནང་བ་ཞིག་ཆགས་ཀྱི་ཡོད་སྟབས། སྐུ་ཞབས་ཁོང་ནས་ཆེས་མཐོའི་ཁྲིམས་ཁང་བརྒྱུད་གནད་དོན་དེ་འབྲེལ་ཐོག་གང་མགྱོགས་ཉན་ཞིབ་ཡོང་ཐབས་གནང་རྒྱུ་མ་ཟད། གལ་ཏེ་ཁོང་རྣམས་གློད་བཀྲོལ་མ་ཐོབ་ཚེ་གཟིགས་རྟོག་གང་ལེགས་ཡོང་བའི་ཞུ་སྐུལ་གནང་རྒྱུའི་རེ་བ་གནང་བཞིན་འདུག

ལུས་སེམས་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་བཅུ་པ་དབུ་འཛུགས།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་གྱིས་གོ་སྒྲིག་གནང་ཐོག་རྒས་པའི་སེམས་ཁམས་གསོ་སྐྱོང་བརྗོད་གཞིའི་ཐོག་ལུས་སེམས་སྲོག་གི་བགྲོ་གླེང་ཐེངས་བཅུ་པ་དབུ་འཛུགས་གནང་སོང་། དེ་རིང་ཟླ་ ༡༠ ཚེས་ ༨ ཉིན་རྒྱབ་ཚོུད་ ༡ སྟེང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཀྱི་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་གྱི་གོ་སྒྲིག་འོག་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་རྒས་པའི་སེམས་ཁམས་གསོ་སྐྱོང་ཞེས་པའི་བརྗོད་གཞི་ཐོག་ལུས་སེམས་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་བཅུ་པ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོད་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་གི་སྐུ་ཚབ་དང་ཕྱོགས་མཐའ་ཁག་ནས་ཆེད་བཅར་ཞུས་པའི་ཚོགས་བཅར་བ་རྣམ་པ། སྨན་རྩིས་ཁང་གི་དབུ་འཛིན་དབུས་པའི་མཐོ་སློབ་ཀྱི་དགེ་ལས་སློབ་མ་བཅས་ནས་མཉམ་ཞུགས་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་ལུས་སེམས་སྲོག་གི་སྡེ་ཚན་ཕྱི་ལོ་ ༢༠༡༣ ནང་གསར་འཛུགས་གནང་བ་དང་བསྟུན་ལོ་ ༦ ནང་ལུས་སེམས་སྲོག་གི་བགྲོ་གླེང་ཐེངས་བཅུ་གོ་སྒྲིག་གནང་བ་ཆགས་ཡོད་སྟབས། ལས་གཞི་གང་འདྲ་ཞིག་ཡིན་ཡང་དབུ་འཛུགས་གནང་རྒྱུ་ཁག་པོ་ཞིག་ཡིན་པ་དང་སྒོས་རྒྱུན་གནས་གནང་རྒྱུ་དེ་ལས་ཁག་བ་ཞིག་ཡིན་སྟབས་ལུས་སེམས་སྲོག་གི་སྡེ་ཚན་ནས་རྒྱུན་གནས་ཐུབ་པར་བསྔགས་བརྗོད་གནང་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་སྔ་ལོར་ཕྱི་ལོ་ ༡༩༦༠ ནང་སྨན་རྩིས་ཁང་ཐོག་མར་དབུ་བརྙེས་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེ་དུས་སྨན་པ་དང་སྐར་རྩིས་པ་རེ་ཟུང་ཡོད་པ་ཚོར་ཧུར་ཐག་གནང་དགོས་པ་དང་། དེ་ལྟར་གནང་ཚེ་བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་རིག་དར་སྤེལ་འགྲོ་ངེས་ཡིན་པར་ལམ་སྟོན་བཀའ་བསྩལ་བ་ལུང་འདྲེན་གྱིས་ད་ལྟའི་ཆར་སྨན་རྩིས་ཁང་དེ་གསོ་བ་རིག་པའི་ལྟེ་གནས་ཆེ་ཤོས་དང་རྙིང་ཤོས།  དེ་བཞིན་སྙན་གྲགས་ཆེ་ཤོས་ཆགས་ཡོད་པ་ནི་༸གོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་བསྒྲུབས་ཡོད་པ་རེད་ཅེས་གསུངས་སོང་། དེ་བཞིན་ལོ་ན་བགྲེས་པ་མང་དག་ཅིག་གཅིག་པུར་ལུས་པ་དང་། སེམས་ངལ་སོགས་ཀྱི་དཀའ་ངལ་འཕྲད་པ་བཞིན།  དེང་རབས་ལོ་ན་གཞོན་པ་ཕལ་མོ་ཆེ་ལག་ཐོགས་ཁ་པར་ཐོག་དུས་ཚོད་མང་པོ་ཞིག་བཏང་ནས་གྲོགས་ཕན་ཚུན་དབར་ཐུག་འཕྲད་སོགས་ཀྱི་དུས་ཚོད་མ་བཏང་བ་དང་ཕ་མ་ལས་ལྷག་པ་ཁ་པར་ལ་དགའ་ཞེན་བྱེད་ཀྱི་ཡོད་སྟབས་ང་ཚོའི་གཞོན་སྐྱེས་ཚོར་བློ་འཚབ་གནང་དགོས་པ་དང་། སེམས་ཁམས་འཕྲོད་བསྟེན་དཀའ་ངལ་དེ་རྒན་གཞོན་དར་གསུམ་ཀུན་ལ་འཕྲད་པའི་དཀའ་ངལ་ཆེན་པོ་ཆགས་ཀྱི་ཡོད་སྐོར་གསུངས་ཡོད། གཞི་རྩའི་བརྗོད་གཞི་གཙོ་བོ་མི་རབས་རྒན་པ་རྣམས་ལ་ཆེ་མཐོང་དང་གུས་པའི་སྒོ་ནས་བཀའ་དྲིན་རྗེས་དྲན་དང་རྒན་རབས་པ་མང་པོ་ཞིག་ལ་ལོ་ནའི་བབ་ཀྱི་ཆ་ནས་འཕྲོད་བསྟེན་ཐད་དཀའ་ངལ་དང་། དེ་བཞིན་ཁེར་རྐྱང་དང་སེམས་སྡུག་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། ཁོང་རྣམས་ཀྱི་སམས་ཁམས་འཕྲོད་བསྟེན་གསོ་སྐྱོང་ཆེད་རིག་པའི་གཞུང་ལུགས་འདྲ་མིན་དང་། དེ་དག་གི་ཕན་ནུས་ལྡན་པའི་ཐབས་ལམ་རྣམས་དོན་དུ་གཉེར་རྒྱུར་ཆེད་དམིགས་ཀྱིས་གོ་སྒྲིག་ཞུས་པ་རེད་འདུག ལུས་སེམས་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་བཅུ་པའི་ཐོག་ནང་བསྟན་སེམས་ཁམས་རིག་པ་དང་བོད་ཀྱི་གསོ་བ་རིག་པ། ནུབ་ཕྱོགས་ཚན་རིག ཨ་ཡུར་ཝེ་དྷ། ཧོ་མོ་ཨོ་པེ་ཐི། སི་དྡྷ། ཡུ་ན་ནི། ཡོ་ག བོད་རྩིས་རིག་པ་བཅས་ཀྱི་ཐོག་ནས་རྒས་པའི་སེམས་ཁམས་གསོ་སྐྱོང་གནང་ཐབས་ཐོག་བགྲོ་གླེང་གནང་རྒྱུ་རེད་འདུག

ནང་སྲིད་ལས་ཁུངས་དང་བོད་པའི་གཞིས་ཆགས་ཁག་གི་ལས་དོན་གནང་ཕྱོགས་གོ་བསྡུར།

ཁ་སང་ཚེས་ ༧ ཉིན་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་གཙོས་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་དང་དྲུང་འཕར་ཟླ་བ་ཚུལ་ཁྲིམས་ལགས་དབུ་བཞུགས་ཐོག་ཐེངས་འདིར་རྒྱ་བལ་འབྲུག་གསུམ་ནས་དམིགས་བསལ་ཚོགས་ཆེན་ཐོག་བཅར་བའི་ཁོསང་ནས་བོད་མིའི་གཞིས་སྒར་མི་འདྲ་བ་སོ་གྲངས་ཤིག་གི་ས་གནས་འགོ་འཛིན་ཆེད་འཛོམས་ཀྱིས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ལས་དོན་གནངཕྱོགས་དང་འབྲེལ་བའི་ཚོགས་འདུ་འཚོགས་འདུག ཁ་སང་ཚོགས་འདུའི་སྐབས་ས་གནས་འགོ་འཛིན་རྣམ་པ་བཅས་ཚང་འཛོམས་ཐོག་ནང་སྲིད་བཀའ་བློན་མཆོག་གིས་ནང་སྲིད་སོ་ནམ་ཚན་པས་སྐྱེ་ལྡན་སོ་ནམ་ལས་གཞི་དང་འབྲེལ་བའི་གྲངས་ཐོ་རྣམས་ལག་ཐོག་ཁ་པར་དང་ཀམ་པུ་ཊར་ཐོག་ལྟ་ཀློག་ཐུབ་ཆེད་བཀོལ་སྤྱོད་མཉེན་ཆས་ Padma App ཞེས་པ་དབུ་འབྱེད་གནང་ཡོད་པ་དང་། མཉེན་ཆས་དེ་ནི་བོད་པའི་སོ་ནམ་སྐྱེ་ལྡན་སོ་ནམ་ལས་གཞི་དང་འབྲེལ་བའི་གྲངས་ཐོ་བསྡུ་རུབ་དང་དཔྱད་ཞིབ་ཁུངས་ལྡན་ཞིག་ཡོང་སླད་ཡིན་པ་རེད་འདུག  གསར་འགོད་པས་ནང་སྲིད་སོ་ནམ་ཚན་པས་སྐྱེ་ལྡན་སོ་ནམ་ལས་གཞི་དང་འབྲེལ་ནས་ནང་སྲིད་དྲུང་འཕར་ཟླ་བ་ཚུལ་ཁྲིམས་ལགས་སུ་བོད་པའི་གཞིས་སྒར་ཁག་གི་སོ་ནམ་ཞིང་ལས་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་བཀའ་འདྲི་ཞུས་པར་ཁོང་གིས་དེང་སང་བོད་པའི་གཞིས་སྒར་ཁག་ཏུ་གཞོན་སྐྱེས་རྣམས་ཀྱིས་སོ་ནམ་ཞིང་ལས་ཀྱི་ལས་རིགས་གཉེར་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་གསུངས་སོང་། གཞི་རྩའི་སྐབས་འདིའི་ཚོགས་འདུའི་ཁྲོད་བརྗོད་གཞི་ཆེ་ཁག་གཉིས་ཡོད་པ་ནི།  ནང་སྲིད་ལས་ཁུངས་ནས་ཕྱོགས་སྒྲིག་གནང་བའི་རྒྱལ་བལ་འབྲུག་གསུམ་ནང་གི་བོད་མི་ལས་ཤུགས་གྲངས་ཐོ་བསྡུ་རུབ་ཀྱི་ལས་གཞི་གནས་སྟངས་ཐད་སྙན་གསེང་དང་གོ་བསྡུར་གནང་རྒྱུ། དེ་བཞིན་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་གནང་ཕྱོགས་དང་འབྲེལ་བའི་ཕྱི་ལོ་ ༢༠༡༤ ལོའི་རྒྱ་གར་གྱི་སྲིད་བྱུས་དེ་གཞིས་ཆགས་ཁག་ཏུ་ལག་བསྟར་མཇུག་སྐྱོང་ཇི་ཐུབ་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་འདུག   དེ་བཞིན་རྒྱ་བལ་འབྲུག་གསུམ་ནང་གི་མི་འབོར་ཞིབ་བཤེར་ཐོག་ནས་གཞིས་ཆགས་ཁག་གིས་སྔོན་ཆད་ཕུལ་ཡོད་པའི་ལས་བསྡོམས་དང་ཉེ་ཆར་གྱི་མི་འབོར་ཞིབ་བཤེར་གྱི་གྲངས་ཐོ་གཉིས་ཀྱི་དབར་ལ་ཧེ་བག་ཆེན་པོ་བྱུང་ཡོད་སྟབས་མི་འབོར་ཞིབ་བཤེར་གྱི་ཐད་བགྲོ་གླེང་ལྷུག་པོ་གནང་སྟེ་གྲངས་ཐོ་གཏན་འབེབས་དགོས་པའི་བཀག་མངགས་གནང་ཡོད་སྐོར་གསུངས་ཡོད། རྩ་བའི་ཐེངས་འདིའི་ཚོགས་འདུ་ནི་ས་གནས་འཐུས་ཚབ་རྣམས་ཀྱི་དབར་གོ་བསྡུར་སྦྱང་བཤད་ཙམ་ལས་དམིགས་བསལ་གྲོས་ཆོད་གང་ཡང་འཇོག་གནང་གི་མེད་པ་དང་། ལོ་རྗེས་མར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལྷན་ཁང་ནས་གོ་སྒྲིིག་གནང་ཐོག་བོད་པའི་གཞིས་སྒར་ཁག་གི་ས་གནས་འགོ་འཛིན་ཆ་ཚང་མཉམ་འཛོམས་གནང་སྟེ་ཉིན་གསུམ་གྱི་རིང་ཚོགས་འདུ་རྒྱས་པ་ཞིག་འཚོགས་འཆར་ཡོད་པ་དང་། ལས་དོན་གནང་ཕྱོགས་དང་དཀའ་ངལ་ཅི་ཡོད་སོགས་སྤྱི་ཡོངས་ཀྱི་ཐད་ལ་གོ་བསྡུར་གནང་ནས་གྲོས་ཆོད་འཇོག་གནང་ཡོད་པ་རེད་འདུག  འབྲེལ་ཡོད་པར་རྣམས་དྲིལ་བསྒྲགས་དྲྭ་རྒྱ།  

བསྟན་འཛིན་བཙོན་འགྲུས་ལགས་འཛིན་བཟུང་བྱས་ཏེ་ Puzhal བཙོན་ཁང་དུ་བཀག་བསྐྱིལ།

རིང་མིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ Tamil Nadu ནང་གཞུང་འབྲེལ་ཕྱོགས་བསྐྱོད་དུ་འབྱོར་གྱི་ཡོད་པ་དང་བསྟུན་རྩོམ་པ་པོ་དང་བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་མངའ་སྡེ་དེའི་གྲོང་ཁྱེར་ Villupuram ནས་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་པ་མ་ཟད་ཞི་ཅིན་ཕིང་གི་ལྟ་སྐོར་མཇུག་སྒྲིལ་མ་ཟིན་བར་དུ་ཁོང་ཁུལ་དེར་བཀག་བསྐྱིལ་གནང་སྲིད་པ་རེད་འདུག བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་སྤེལ་གསལ་ཟླ་ ༡༠ ཚེས་ ༡༡ ནས་ ༡༣ བར་རྒྱ་གར་གྱི་ལྷོ་ཕྱོགས་གྲོང་ཁྱེར་ Mamallapuram ནང་རྒྱ་གར་གྱི་སྲིད་བློན་ Narendra Modi དང་རྒྱ་ནག་གི་སྲིད་འཛིན་ Xi Jinping གཉིས་དབར་ Sino-Indo summit ཞེས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཆེས་མཐོའི་གྲོས་མོལ་ཚང་འཛོམས་བྱ་རྒྱུ་ཡིན་པ་ལྟར་ཁ་ཉིན་གཟའ་སྤེན་པ་ཉིན་མངའ་སྡེ་དེའི་གྲོང་ཁྱེར་ Villupuram ཉེན་རྟོག་ལས་ཁང་ལ་རྒྱ་གར་གྱི་ནང་སྲིད་ལས་ཁུངས་བརྒྱུད་བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་རྒྱ་དཀར་ནག་གཉིས་ཀྱི་ཆེས་མཐོའི་ལྷན་ཚོགས་ཚོགས་ཡུལ་གྱི་ས་ཚིགས་ཏུ་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་གནང་སྲིད་པའི་ཉེན་བརྡ་འབྱོར་ཡོད་སྟབས་སྔོན་འགོག་གི་ཆེད་དུ་བརྩོན་འགྲུས་ལགས་ཁ་ཉིན་ Villupuram མངའ་སྡེའི་མགྲོན་ཁང་ཞིག་ནས་འཛིན་བཟུང་གིས་ Kottappuram ས་གནས་ཉེན་རྟོག་ལས་ཁུངས་སུ་བཀག་ཉར་བྱས་ཡོད་པ་མ་ཟད་ཁོང་ནས་གོང་ཞུས་མགྲོན་ཁང་དེའི་ནང་ཁང་པ་ཞིག་རག་ཐབས་གནང་བཞིན་པ་དེས་ས་གནས་བདེ་འཇགས་ཉེན་རྟོག་པར་དོགས་ཟོན་སློང་ཡོད་པར་འགྲེལ་བརྗོད་གནང་ཡོད་པ་རེད། Villupuram བདེ་འཇགས་ཉེན་རྟོག་པ་ཁག་གཅིག་གིས་བརྗོད་པར་གཞིགས་ན་བརྩོན་འགྲུས་ལགས་ནས་ད་རེས་སླར་ཡང་སྲིད་འཛིན་ཞི་ཅིན་ཕིང་གི་ལྟ་སྐོར་དེའི་སྐབས་བོད་རང་དབང་འཁོད་པའི་འཕྲེད་དར་ཆེན་པོ་ཞིག་འཕྱར་རྒྱུའི་འཆར་གཞི་ ཡོད་སྟབས་ཁོང་གློ་བུར་དུ་ས་གནས་དེ་ནས་འཛིན་བཟུང་བྱས་ནས་ཁ་སང་སྔ་ཐོག་ Chennai གྱི་ Puzhal བཙོན་ཁང་དུ་གནས་སྤོས་བྱས་འདུག གནད་དོན་དེའི་ཐད་བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་གྲོགས་པོ་ Friends of Tibet ཞེས་བོད་ཀྱི་གྲོགས་པོ་ཚོགས་པའི་འགན་འཛིན་སྐུ་ཞབས་ Sethu Das ལགས་ཀྱིས་སྤྱི་ཚོགས་དྲྭ་གནས་ཐོག་བརྩོན་འགྲུས་ལགས་ཁ་ཉིན་རེས་གཟའ་སྤེན་པ་ནས་འཛིན་བཟུང་གིས་བཀག་ཉར་འོག་ཡོད་པ་དང་སྲིད་འཛིན་ཞི་ཅིན་ཕིང་གི་ལྟ་སྐོར་མཇུག་སྒྲིལ་མ་བྱས་བར་དུ་གློད་བཀྲོལ་ཐོབ་ཐབས་མེད་པའི་གནས་སྟངས་ཞིག་ཆགས་ཡོད་པ་རེད་འདུག གཞི་རྩའི་བསྟན་འཛིན་བརྩོན་འགྲུས་ལགས་དེ་སྔོན་ཕྱི་ལོ་ ༢༠༠༢ དང་ ༢༠༠༥ སོ་སོར་སྐབས་དེའི་རྒྱ་ནག་གི་སྲིད་བློན་རྒྱ་གར་གྱི་གྲོང་ཁྱེར་ Mumbai དང་སྦེང་ལོར་གཉིས་ནང་ལྟ་སྐོར་ལ་འབྱོར་སྐབས་ངོ་རྒོལ་གྱིས་འཕྲེད་དར་འཕྱར་བར་བརྟེན་འཛིན་བཟུང་བཀག་ཉར་བྱས་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༦ ལོར་རྒྱ་ནག་གི་སྲིད་འཛིན་ Hu Jintao རྒྱ་གར་ལ་ལྟ་སྐོར་དུ་འབྱོར་སྐབས་རྒྱ་གར་གྱི་བདེ་འཇགས་ཉེན་རྟོག་ལས་ཁུངས་ནས་བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་འགྲུལ་བཞུད་བཀག་སྡོམ་གྱིས་ཁོང་དྷརྨ་ས་ལར་བཞུགས་དགོས་པའི་དམ་བསྒྲགས་གནང་ཡོད་པ་བཅས་ཁོང་གིས་འདས་པའི་ལོ་ཡུན་མང་པོར་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་གྱི་ཁྲིམས་ཁང་དུ་དེ་འབྲེལ་གནད་དོན་གྱི་ཞུ་གཏུག་སླད་འགྲིམ་འགྲུལ་གནང་དགོས་བྱུང་ཡོད་པ་རེད།

   དབུ་མའི་ལམ་གྱི་བདག་དབང་སྒྲིག་འཛུགས་དང་སྡེ་ཚན་བྱེ་བྲག་པར་ཡོད་ཟེར་བ་དེ་རི་བོང་ཅལ་འདྲོགས་རེད།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་གྱི་སྔ་དྲོ་ཚོུད་ ༩ ཐོག་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་དབུས་པའི་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག ས་རཱ་མཐོ་སློབ་ཀྱི་དགེ་སློབ་ཡོངས་འཛུལ་ཞུགས་ཐོག་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་གོ་སྒྲིག་གནང་བའི་ཉིན་གཉིས་རིང་གི་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གཉིས་པ་དབུ་འཛུགས་གནང་སོང་། སྐབས་དེར་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་གྱིས་ལས་རིམ་ངོ་སྤྲོད་ཀྱི་གཏམ་བཤད་དང་སྦྲགས། གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་བསྡུ་སྐོང་བྱེད་དོན་ནི་མི་མང་ནང་དབུ་མའི་ལམ་གྱི་སྲིད་བྱུས་ལ་གོ་རྟོག་གཏིང་ཟབ་ཡོད་ཐོག་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཐུབ་པའི་ནུས་བ་སྐྱེད་སྲིང་གནང་ཕྱིར་སྐོང་ཚོགས་གནང་བ་ཡིན་ཞེས་གསུངས་སོང་། བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་མའི་ལམ་གྱི་ Copyright འམ་བདག་དབང་ནི་མཐར་ཐུག་ན་བོད་མི་མང་ཚོགས་ལ་ཡོད་པ་ལས་སྒྲིག་འཛུགས་དང་སྡེ་ཚན་བྱེ་བྲག་པ་ཞིག་ལ་ཡོད་ཅེས་པདེ་ནི་རྣམ་པར་མ་དག་པའི་རི་བོང་ཅལ་འདྲོགས་ལྟ་བུ་ཞིག་ཡིན་པར་ལམ་སྟོན་བསྩལ་ཡོད། རིན་པོ་ཆེ་མཆོག་གིས་ད་དུང་ཐེངས་འདིའི་ཚོགས་འདུར་བཅར་བའི་བོད་མི་གཞོན་སྐྱེས་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུང་ཡང་དག་པའི་ཐོག་གོང་འཕེལ་བྱ་རྒྱུར་གཞི་རྩའི་དགོས་མཁོ་ཁ་ཤས་ཡོད་པའི་ཁོངས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ཡོད་རྩ་ཁྲིམས་ལ་དོ་སྣང་དང་སློབ་སྦྱོང་བྱ་རྒྱུ་དེ་ཡིན་པར་འགྲེལ་བརྗོད་གནང་བ་དང་འབྲེལ། ནམ་ཞིག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དེ་མེད་པ་ཆགས་པའམ་རྩ་ཁྲིམས་ནང་གསལ་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་ཞེས་པ་མེད་པར་འགྱུར་ཚེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དེ་ནུས་མེད་ཆགས་རྒྱུ་ཡིན་པ་བཀའ་བསྩལ་སོང་། དེ་བཞིན་ཐེངས་འདིའི་ཚོགས་བཅར་བ་ལྔ་བཅུ་ཡོད་པའི་ཁྲོད་ནས་ཝཱ་རཱཎ་སཱི་ནས་ཡིན་པའི་བསྟན་འཛིན་མཆོག་ལྡན་དང་ཤེས་རབ་དགའ་ཚལ་སློབ་གླིང་ནས་ཡིན་པའི་དངོས་སྒྲུབ་རྒྱལ་མཚན་ལགས་སུ་ཚོགས་འདུར་བཅར་དོན་གང་ཡིན་བཅར་འདྲི་་ཞུས་པར་ཁོང་གཉིས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་གོ་རྟོགས་འཕེལ་ཆེད་དང་གཞོན་སྐྱེས་ཕན་ཚུན་དབར་ལ་བསམ་བློ་བརྗེ་རེས་གནང་ཆེད་ཡིན་སྐོར་གསུངས་སོང་། རྩ་བའི་ཐེངས་འདིའི་ཟབ་སྦྱོང་ནང་རྒྱ་གར་ནང་གི་ས་གནས་མི་འདྲ་བ་ ༡༡ གི་སྐུ་ཚབ་ ༥༠ ལྷག་འཛོམས་ཏེ་ཉིན་གཉིས་ཀྱི་རིང་དུ་འཚོགས་འཆར་ཡོད་པ་དང་། གསུང་བཤད་པ་ལྔ་ཙམ་ཡོད་པའི་ཁྲོད་༸སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་དང་རྒྱལ་ཁབ་གཅིིག་ལ་ལམ་ལུགས་གཉིས་ཀྱི་སྐོར་ནས་གསུང་བཤད་གནང་རྒྱུ་དང་། ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ནས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་གལ་ཆེའི་རང་བཞིན་སོགས་ཀྱི་སྐོར་གསུང་བཤད་གནང་རྒྱུ་ཡིན་པ་རེད།

Latest news