Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

༸གོང་ས་མཆོག་ལ་འཁྲུངས་སྐར་གྱི་ཕྱག་རྟགས་ཡག་ཤོས་དེ་བཀའ་སྒྲུབ་རྒྱུ་རེད།

ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ངོས་ནས་རྒྱལ་སའི་ཁུལ་དུ་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་དང་འབྲེལ་ཡོད་རྒྱ་གར་གྱི་གནད་ཡོད་དཔོན་རིགས་བཅས་ལ་༸སྐུའི་འཁྲུངས་སྐར་དང་བསྟུན་དགོང་དྲོའི་གསོལ་སྟོན་ཞིག་འདེགས་འབུལ་ཞུ་སྲོལ་ཡོད་པ་ལྟར། རེས་གཟའ་སྤེན་པའི་ཕྱི་དྲོ་རྒྱལ་ས་ལྡི་ལིའི་ India Habitat ལྟེ་གནས་ཁང་དུ་གོ་སྒྲིག་ཞུས་པའི་གསོལ་སྟོན་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེའི་མཛད་རྣམ་སྙིང་བསྡུས་ཤིག་ངོ་སྤྲོད་གནང་བ་མ་ཟད། མགོན་པོ་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་ཡོད་པའི་ནང་ནས་ད་ལྟའི་གནས་སྐབས་གལ་གནད་ཆེ་ཤོས་དང་ཆེས་ཛ་དྲག་ཅན་ནི་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ནཱ་ལེནྡྲའི་རིག་པའི་གཞུང་ལུགས་དེ་བསྐྱར་གསོ་གནང་ཐབས་ཡིན་པ་ལྟར། ཚང་མས་རྒྱབ་སྐྱོར་ཞུ་དགོས་པའི་འབོད་སྐུལ་ཞུས་པ་དང་། དེ་ནི་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་ཕྱག་རྟགས་ཡག་ཤོས་ཤིག་དང་། ལྷག་པར་དུ་༸གོང་ས་མཆོག་ཐུགས་དགྱེས་པའི་མཆོད་པ་གནད་སྨིན་ཞིག་ཀྱང་ཡིན་སྐོར་སོགས་གསུངས་སོང་།   ལྡི་ལི་སྐུ་ཚབ་དོན་གཅོད་ཁང་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་གསོལ་སྟོན་དེའི་སྐབས་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་པ་ཁག་གཅིག་དང་། ཡོ་རོབ་མཐུན་ཚོགས་ལ་སོགས་པའི་རྒྱལ་སྤྱིའི་ཚོགས་པ་ཁག་གི་སྐུ་ཚབ། ལྷག་པར་དུ་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་གི་སྐུ་ཚབ། མཁས་དབང་། དེ་བཞིན་སྙན་གྲགས་ཅན་གྱི་ལས་འགུལ་བ་སོགས་ཁྱོན་མི་གྲངས་བརྒྱ་སྐོར་ཞིག་འདུ་འཛོམས་བྱུང་འདུགགཞི་རྩའི་རྒྱལ་ས་ལྡི་ལིའི་ཁུལ་གྱི་མི་མང་གི་གཞུང་འབྲེལ་མཛད་སྒོ་དེ་བོད་སྒར་བསམ་ཡས་གླིང་དུ་ཚོགས་ཡོད་པ་དང་། ༸སྐུའི་འཁྲུངས་སྐར་གྱི་མི་མང་མཛད་སྒོ་དེ་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེའི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་བཞི་པོ་ལས་ཆོས་ལུགས་མཐུན་འབྲེལ་གྱི་དགོངས་གཞི་གཞིར་བཟུང་ལྡི་ལི་ནང་ཡོད་པའི་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་གདན་ཞུ་དང་འབྲེལ་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོ་སྲུང་བརྩི་ཞུས་ཡོད་པ་རེད།མཛད་སྒོའི་ཐོག་ས་གནས་ཀྱི་སློབ་ཕྲུག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་མ་ཟད། ཆོས་ལུགས་སོ་སོའི་སྐུ་ཚབ་ཚོའི་ངོས་ནས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་ཟབ་མོ་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་ཐུགས་སྨོན་སོགས་ཀྱང་གནང་ཡོད་པ་རེད།ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་གཞན་ཡང་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དབུས་པའི་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་དང་ཕྱོགས་བཞུགས་སྤྱི་འཐུས་ཁག་གཅིག ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ། དེ་བཞིན་ས་གནས་ཀྱི་འབྲེལ་ཡོད་དཔོན་རིགས་དང་མི་མང་བཅས་ཁྱོན་མི་གྲངས་ལྔ་བརྒྱ་ལྷག་འདུ་འཛོམས་གནང་ཡོད་པ་རེད།  

ཡོ་རོབ་ཁུལ་དུ་རྣམ་པ་འདྲ་མིན་ཐོག་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི།

ཕྱི་ཟླ་ ༧ ཚེས་ ༦ ཉིན་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་དྷ་རྨ་ས་ལ་གཙོ་གྱུར་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་འབངས་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་གྱི་ངང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་ལྟར། ཉིན་དེར་འདི་ག་ཡོ་རོབ་རྒྱལ་ཁབ་ཁུལ་དུ་གནས་གནས་སྡོད་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཀྱང་རྣམ་པ་འདྲ་མིན་བརྒྱུད་ནས་མགོན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།ཡོ་རོབ་རྒྱལ་ཁབ་བྷེལ་འཇམ་ཁུལ་དུ་བྷེལ་འཇམ་ས་གནས་བོད་རིགས་ཚོགས་པ་དང་ཤེས་རབ་སྣང་བྱེད་སློབ་གྲྭའི་དགེ་ལས་སློབ་མ་དང་ས་གནས་བོད་མི་ཐོུང་གིས་གོ་སྒྲིག་ཞུས་ཐོག་ཡུལ་དེའི་གནས་མང་ཚོགས་ལ་བོད་ཀྱི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་དང་། ཁ་ཟས་འགོད་འགྲེམས། ལྷག་པར་དུ་དུས་ཁྱད་དང་བསྟུན་ནས་བྷེལ་འཇམ་གཞུང་མང་གཉིས་ལ་ད་བར་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད། ཡོ་རོབ་རྒྱལ་ཁབ་ཕ་རན་སི་ནང་ལའང་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དང་བསྟུན་ནས་ས་གནས་སུ་ཕྱི་ཚེས་ ༥ ནས་ཁ་སང་ཕྱི་ཚེས་ ༧ བར་ཉིན་གྲངས་གསུམ་གྱི་རིང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་འགྲེམས་སྟོན་གོ་སྒྲིག་གནང་སྟེ་ས་གནས་མང་ཚོགས་ལ་བོད་ཀྱི་ཐོུང་མ་ཡིན་པའི་གཞན་སྣ་འཁྲབ་སྟོན་གཟིགས་འབུལ་དང་། བོད་ཀྱི་ཁ་ཟས་ངོ་སྤྲོད། དེ་བཞིན་ཐང་བྲིས་སྒྱུ་རྩལ་བཤམ་སྟོན་སོགས་གནང་སྟེ་རྣམ་པ་འདྲ་མིན་བརྒྱུད་ནས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་འདུགདེ་དང་ཕྱོགས་མཚུངས་ཨི་ཊ་ལི་ནང་ཁ་སང་ཕྱི་ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཁུལ་དེའི་ནང་གཞུང་འབྲེལ་ཕྱོགས་ཕེབས་འབྲེལ་ནས་ཁུལ་དེར་རྟེན་གཞི་བྱས་པའི་བླ་མ་ཙོང་ཁ་པའི་ཆོས་ཚོགས་སུ་བོད་མི་དང་དད་ལྡན་མང་ཚོགས་ནས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུགཡོ་རོབ་རྒྱལ་ཁབ་སུད་སི་དང་འཇར་མ་ནི། ཨིན་ཡུལ། ཅེཀ་སྤྱི་མཐུན་རྒྱལ་ཁབ་བཅས་སོ་སོའི་ནང་གནས་སྡོད་བོད་མི་ཚོས་ཉིན་དེར་༸གོང་ས་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་ཆོས་ཕྱོགས་ཀྱི་གནང་སྒོ་དང་། དེ་མིན་རིག་གཞུང་འཁྲབ་སྟོན། གསོལ་སྟོན། རྐང་རྩེད་སྤོ་ལོ་རྩེད་འགྲན་སོགས་རྣམ་པ་འདྲ་མིན་བརྒྱུད་ནས་དགའ་སྐྱིད་དཔལ་ལ་རོལ་བཞིན་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པ་མ་ཟད། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཉིན་དེར་རང་རང་སོ་སོའི་ཚོགས་པ་དང་སྒེར་ཀྱི་ངོ་དེབ་སོགས་ཀྱི་སྟེང་མགོན་པོ་མཆོག་གི་༸སྐུ་པར་འཇོག་པ་དང་འདི་བཞིན་བརྙན་པར་གྱི་ལམ་ནས་དགའ་བསུའི་བཀྲིས་པའི་སྨོན་ཚིག་འདྲ་མིན་ཆེད་བཀོད་ཀྱིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག

བལ་ཡུལ་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུར་བཀག་འགོག་གནང་འདུག

དེ་རིང་ཕྱི་ཟླ་ ༧ ཚེས་ ༥ ཉིན་བལ་ཡུལ་དོན་གཅོད་ཁང་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་བལ་ཡུལ་རྒྱལ་ས་དང་འཕགས་པ་ཤིང་ཀུན་གྱི་ས་གནས་ཀྱི་འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་ནས་གློ་བ་དགོན་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུར་གྲ་སྒྲིག་སྔར་རྒྱུན་བཞིན་འཐུས་གཙང་ཞུས་ཡོད་ནའང་། ཉིན་ཤས་གོང་བལ་ཡུལ་གཞུང་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ན་མི་འགྲིག་པའི་བཀའ་ནན་བྱུང་བ་བཞིན། འདི་ལོའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུར་དམ་དྲག་ཡོང་ངེས་ལ་གཟིགས་ཏེ། གཞུང་འབྲེལ་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུ་བཀག་འགོག་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་བལ་ཡུལ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ་ཞལ་པར་བརྒྱུད་གནད་དོན་དེ་འབྲེལ་བཀའ་འདྲི་ཁག་ཅིག་ཞུས་སྐབས་ཁོང་གིས་༸རྒྱལ་བའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་སླད་གོ་སྒྲིག་ཚོགས་ཆུང་དང་དོན་གཅོད་ལས་ཁུངས་ནས་གྲ་སྒྲིག་འཐུས་གཙང་ཞུས་ཟིན་ཡོད་ནའང་། ཉིན་གཉིས་ཀྱི་གོང་དུ་བལ་ཡུལ་གཞུང་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ན་མི་འགྲིག་པ་ངག་ཐོག་ནས་བརྡ་ལན་འབྱོར་བ་དང་། དེ་བཞིན་ཉེན་རྟོག་པའི་ལས་ཁུངས་ནང་ཁུལ་ལའང་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ན་མི་འགྲིག་པ་དང་འཛིན་བཟུང་དགོས་པ་སོགས་ཀྱི་བཀའ་མོལ་ཞིག་གྱར་བཞིན་པ། ཕྱོགས་གཞན་ཞིག་ནས་ད་སྐབས་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་རྒྱ་ནག་ལ་སླེབས་ཡོད་པ་དང་།  ཕྱིས་སུ་ཁོང་དང་ལྷན་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བལ་ཡུལ་ལ་ཡོང་རྒྱུ་གོ་སྒྲིག་ཞུ་བཞིན་པ་དེའི་རྐྱེན་ཞིག་ཡིན་པ་གསུངས་འདུག རྩ་བའི་དེ་སྔ་ཕྱི་ལོ་ ༢༠༡༨ ལོར་བལ་ཡུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུ་ཐུབ་པ་ཞིག་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༧ ལོར་བལ་ཡུལ་གཞུང་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཕྱོགས་ཀྱི་ཐད་ལ་གླེང་གཞི་མང་དག་ཅིག་བྱུང་ཡོད་ནའང་། གཞུང་འབྲེལ་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུ་དེ་ཉིན་གཅིག་སྔ་སྣུར་གནང་ཏེ་སྲུང་བརྩི་ཞུས་ཡོད་པ་རེད་འདུག      

བུད་མེད་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་མཐའ་མ་དེ་དོན་གྲུབ་གླིང་རུ་ཁག་དང་བལ་ཡུལ་གཉིས་དབར་གནང་རྒྱུ།

བཞུགས་སྒར་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་བོད་པའི་སྤྱི་ཚོགས་ཁྲོད་གློ་ནད་ཊི་སྦི་ནད་གཞིར་གདོང་ལེན་ཆེད་དུ་བུད་མེད་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་ཐོག་མ་དེ་གནང་བཞིན་པ་ལྟར།  དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠།༣༠ ཙམ་ལ་བཞུགས་སྒར་དྷ་རྨ་ས་ལ་དང་།  དོན་གྲུབ་གླིང་གཞིས་ཆགས།   དེ་བཞིན་བལ་ཡུལ་དང་།  སྦིར་སུ་ཇཱ་བོད་ཁྱིམ་དབར་མཐའ་མའི་འགྲན་བསྡུར་རིམ་པ་གཉིས་པ་གནང་འདུག   སྐབས་དེར་མཐའ་མའི་འགྲན་བསྡུར་རིམ་པ་གཉིས་པའི་རྩེད་འགྲན་དང་པོ་དེ་དྷ་རྨ་ས་ལ་དང་།  དོན་གྲུབ་གླིང་རུ་ཁག་གཉིས་དབར་དུས་ཡུན་སྐར་མ་ ༤༠ ལྷག་ཙམ་ནང་རྩེད་འགྲན་གནང་ཏེ།    དྷ་རྨ་ས་ལ་རུ་ཁག་ལ་ཨང་ ༣༤ དང་དོན་གྲུབ་གླིང་རུ་ཁག་ལ་ཨང་ ༣༩ ཐོབ་ཏེ།  རྕེད་འགྲན་དང་པོ་དེ་དོན་གྲུབ་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ་པ་དང་།  དེ་བཞིན་རྩེད་འགྲན་གཉིས་པ་དེ་བལ་ཡུལ་དང་།   སྦིར་སུ་ཇཱ་བོད་ཁྱིམ་དབར་གནང་ཡོད་པ་དང་།   བལ་ཡུལ་རུ་ཁག་ལ་ཨང་ ༢༠ དང་།  སྦིར་སུ་ཇཱ་བོད་ཁྱིམ་རུ་ཁག་ལ་ཨང་ ༡༩ ཐོབ་ཏེ་རྕེད་འགྲན་གཉིས་པའི་རྒྱལ་ཁ་བལ་ཡུལ་ལ་ཐོབ་པའི་ཐོག   དོན་གྲུབ་གླིང་དང་བལ་ཡུལ་རུ་ཁག་གཉིས་དབར་མཐའ་མའི་འགྲན་བསྡུར་དེ་སང་ཉིན་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་དུས་ཚིགས་དང་བསྟུན་ཉིན་རྒྱབ་ཕྱག་ཚོད་ ༢ པའི་ཐོག་གནང་རྒྱུ་རེད་འདུག རྕ་བའི་ད་རེས་བུད་མེད་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་དེ་གཙོ་བོ་བོད་པའི་སྤྱི་ཚོགས་ཁྲོད་ཊི་སྦིའི་ནད་གཞི་ཁྱབ་བརྡལ་འགྲོ་བཞིན་པས་དེ་འབྲེལ་གོ་རྟོག་སྤེལ་རྒྱུ་དང་།  དེ་བཞིན་བུད་མེད་ན་གཞོན་རྣམས་རྩེད་རིགས་ལ་དོ་དབྱིངས་བསླེབ་རྒྱུ་དང་།  ཡང་སྒོས་རང་ཉིད་ཀྱི་འཕྲོད་བསྟེན་ལ་དོ་སྣང་ཡོང་སླད་གོ་སྒྲིག་ཞུས་པ་ཞིག་དང་།    ད་རེས་ཀྱི་རྩེད་འགྲན་དེའི་ཐོག་བལ་ཡུལ་དང་།  དོན་གྲུབ་གླིང་། དེ་བཞིན་སྦིར་སུ་ཇཱ་བོད་ཁྱིམ་དང་།  བཞུགས་སྒར་དྷ་རྨ་ས་ལ།  སྦེལ་ཀོབ་བོད་མིའི་གཞིས་ཆགས།  དྷ་སྟེང་བོད་ཁྱིམ།  བོད་ཀྱི་སྨན་རྩིས་ཁང་བཅས་རུ་ཁག་བདུན་ནས་མཉམ་ཞུགས་གནང་ཡོད་པ་རེད།

ཕ་རན་སི་གྲོས་ཚོགས་སུ་༸སྐུའི་འཁྲུངས་སྐར་སྔ་སྣུར་ཐོག་སྲུང་བརྩི།

ཁ་སང་ ༣ ཉིན་ཕ་རན་སི་ནང་བྷར་སེལ་བོད་ཀྱི་སྐུ་ཚབ་དོན་ཁང་གིས་རྐང་འགན་བཞེས་ཐོག་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྔ་སྣུར་གྱིས་སྲུང་བརྩི་ཞུས་འདུགམཛད་སྒོའི་ཐོག་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Michal Raison ལགས་ཀྱིས་གཙོས་པའི་གྲོས་ཚོགས་གོང་མའི་འཐུས་གཉིས་དང་ཕ་རན་སི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ Elisabeth Toutut-Picard ལགས། དེ་བཞིན་ཡུལ་དེའི་གྲོས་ཚོགས་འོག་མའི་འཐུས་མི་གཅིག་དང་ཨ་རི་དང་ཐེ་ཝན་བཅས་ཀྱི་གཞུང་ཚབ་མི་སྣ། བོད་རིགས་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་སོགས་ཁྱོན་མི་གྲངས་  ༧༠ ལྷག་མཉམ་འཛོམས་གནང་འདུགསྐབས་དེར་ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་ Michal Raison ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཙམ་མིན་པར་འགྲོ་བ་མི་རིགས་སྤྱི་ལ་བདེ་སྡུག་གི་ཐབས་ལམ་སྟོན་མཁན་ཞིག་ཡིན་སྟབས་ཕ་རན་སི་ནང་མགོན་པོ་༸གང་ཉིད་མཆོག་ལ་དད་གུས་ཞུ་མཁན་ཧ་ཅང་མང་པོ་ཡོད་པ་གསུངས་པ་དང་སྦྲགས་ཏེ་༸གོང་ས་མཆོག་༸སྐུ་ཁམས་གསལ་ཐང་ངང་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུས་འདུགད་ཆ་བོད་མི་རྣམས་གཙོ་གྱུར་རྒྱལ་སྤྱིའི་མི་མང་གི་ཁྲོད་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་དང་སྦྲགས་ནས་སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་འདྲ་མིན་ཐོག་མགོན་པོ་༸གང་ཉིད་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུ་བཞིན་པའི་ཁྲོད་འདིར་ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Mark DeSaulnier ལགས་ཀྱིས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞིག་གནང་བའི་ནང་༸གོང་ས་མཆོག་ལ་དགའ་གུས་དད་གསུམ་ཡོད་པའི་ངང་ནས་མགོན་པོ་མཆོག་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་གཤེགས་བསྐལ་བརྒྱར་བརྟན་ཅིང་། བོད་ཀྱི་བདེན་མཐའ་མྱུར་དུ་སེལ་བའི་སྨོན་འདུན་སོགས་ཞུས་འདུགལྷག་དོན་དུ་མགོན་པོ་༸གང་ཉིད་མཆོག་གིས་༸སྐུ་ཚེ་ཧྲིལ་པོའི་རིང་བྱམས་བརྩེ་དང་ཞི་བདེ། དེ་བཞིན་ཆོས་ལུགས་མཐུན་འབྲེལ། གོ་ལ་གཅིག་གྱུར་གྱི་ཐུགས་འགན་བཞེས་མུས་ཀྱི་དགོངས་པ་དེ་ནི་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ལ་བློ་སྤོབས་སྐྱེས་གཞི་ཡིན་པས་དེར་ཆེ་བསྟོད་ཞུས་པ་དང་། ཐེངས་འདིའི་༸སྐུའི་འཁྲུངས་དེ་དོན་སྙིང་ལྡན་པ་ཞིག་དང་༸གང་ཉིད་མཆོག་གི་དགོངས་གཞི་ཁག་བསྒྲུབ་ཐུབ་པའི་སྨོན་འདུན་ཞུས་འདུག༸སྐུའི་འཁྲུངས་སྐར་དང་བསྟུན་ནས་ཁ་སང་ཞི་བདེ་ཀུན་ཁྱབ་གླིང་གིས་གོ་སྒྲིག་འོག་ཨ་རིའི་ནིའུ་ཡོག་དང་རྒྱ་གར། བལ་ཡུལ་བཅས་ཀྱི་དབུལ་ཕོངས་ཉམ་ཐག་ཚོར་ཟས་ཀྱི་སྦྱིན་གཏོང་བྱ་རྒྱུའི་ལས་གཞི་སྤེལ་འདུག ལས་གཞི་དེའི་ཁྲོད་རྒྱ་གར་ལ་མཚོན་ན་ལྷོ་ཕྱོགས་སྦེལ་ཀོབ་དང་ཀ་སྦུག བཞུགས་སྒར་དྷ་རྨ་ས་ལ་བཅས་ཀྱི་ནང་ཡོད་པའི་ཉམ་ཐག་དང་མཛེ་ནད་ཕོག་པ་རྣམས་ལ་འབྲས་དང་གྲོ་ཞིབ་སོགས་ཀྱི་ཟས་སྦྱིན་གནང་འདུག དེ་བཞིན་བལ་ཡུལ་ས་ཁུལ་དུ་ཡོད་པའི་ཇོར་པ་ཊི་དང་མཆོད་རྟེན་རིན་པོ་ཆེའི་ཉེ་འགྲམ་དུ་ཡོད་པའི་དབང་པོ་སྐྱོན་ཅན་དང་ཉམ་ཐག་རྣམས་ལ་མཁོ་གནད་ཆེ་བའི་ཟས་སྦྱིན་གནང་ཐོག་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་པའི་སྨོན་འདུན་ཞུས་འདུགརྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ དང་བོད་ལུགས་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་གནས་བཞུགས་བོད་རིགས་ཡོད་དོ་ཅོག་ནས་རྣམ་པ་འདྲ་མིན་གྱི་སྒོ་ནས་༸སྐུའི་འཁྲུངས་སྐར་སྲུང་སྔ་སྣུར་གྱིས་སྲུང་བརྩི་ཞུས་ཞུ་ཡོད་པ་མ་ཟད། ཕྱི་རྒྱལ་རྒྱལ་ཁབ་ཁག་ཅིག་གི་ནང་གཟའ་འཁོར་འདིའི་རེས་གཟའ་སྤེན་པ་དང་ཉི་མའི་ཉིན་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་རེད་འདུག

རྒྱ་གཞུང་གིས་བོད་དུའང་ཤིན་ཅང་ས་ཁུལ་གྱི་བཀག་སྐྱིལ་ཁང་གི་སྲིད་བྱུས་ལག་བསྟར་བྱས་ཡོད།

སྲིད་སྐྱོང་མཆོག་གིས་རྒྱ་ནག་གིས་སྔ་མོ་ནས་བོད་ཁུལ་དུ་ད་ལྟའི་ཤིན་ཅང་ས་ཁུལ་གྱི་བཀག་སྐྱིལ་ཁང་གི་སྲིད་བྱུས་དེ་ལག་བསྟར་གྱིས་བོད་མི་མང་ཚོགས་ལ་གནོན་ཤུགས་སྤྲོད་བཞིན་ཡོད་པ་གསུངས་ཏེ་འདི་ལོ་ཨ་རིའི་སྲིད་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་གཞི་གཏན་འབེབས་བྱས་པ་ལྟར་ཨ་རིའི་སྐུ་ཚབ་ཆེད་དུ་བོད་ནང་སྐྱོད་ཐུབ་ཡོད་པ་བཞིན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་གཞན་རྣམས་ཀྱིས་དེ་ལྟ་བུའི་ཁྲིམས་གཞི་ལག་བསྟར་བྱས་ཏེ་དངོས་སུ་བོད་དུ་རྟོག་ཞིབ་གནང་བར་ཕེབས་དགོས་པའི་ཞུ་སྐུལ་གནང་འདུག ཨིན་ཡུལ་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་སྟེང་གི་གསར་ཁང་གྲགས་ཅན་བྷེ་བྷེ་སིའི་ གསར་འགོད་པ་ Zeinab Badawi ལགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པའི་འདས་མ་ད་གསུམ་གྱི་གནས་བབས་དང་འཐབ་རྩོད་སོགས་ཀྱི་སྐོར་ལ་བཅར་འདྲི་གནང་ཡོད་པ་རེད། གསར་འགོད་པས་སྲིད་སྐྱོང་མཆོག་ལ་རྒྱ་ནག་གིས་ཡུ་གུར་མི་རིགས་མང་པོ་བཀག་སྐྱིལ་ཁང་དུ་བཀག་འགོག་བྱས་ཏེ་དེ་ནི་ཤེས་ཡོན་དང་ལག་ཤེས་སྦྱོང་བརྡར་ལྟེ་གནས་ཁང་ཡིན་པར་འགྲེལ་བརྗོད་བྱེད་བཞིན་ཡོད་པ་ལུང་འདྲེན་གྱིས་བོད་ནང་དུའང་དེ་ལྟ་བུའི་གནས་སྟངས་བྱུང་གི་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་ད་ལྟའི་རྒྱ་ནག་དམར་གཞུང་གི་དྲུང་ཆེ་ཤིན་ཅང་གི་འགོ་གཙོ་དེ་ནི་སྔོན་ཆད་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་གི་དྲུང་ཆེ་ཡིན་པ་མངོན་གསལ་གནང་སྟེ། བོད་ནང་རྒྱ་ནག་གིས་ད་ལྟའི་ཤིན་ཅང་ས་ཁུལ་དུ་ལག་བསྟར་བྱེད་བཞིན་པའི་མི་མང་བཀག་སྐྱིལ་གྱི་སྲིད་བྱུས་དེ་ལག་བསྟར་བྱས་མྱོང་ཡོད་ཀྱང་། གྲངས་ཚད་ངེས་ཅན་ཞིག་བརྗོད་ཁག་པོ་རེད་ཅེས་ངོ་སྤྲོད་གནང་འདུགདེ་བཞིན་རྒྱལ་སྤྱིའི་སྟེང་ནས་རྒྱ་ནག་དེ་དཔལ་འབྱོར་དང་ཆབ་སྲིད་སྤྱི་ཡོངས་ཀྱི་ཐད་ནས་དབང་ཤུགས་རྒྱས་བཞིན་པའི་ཆ་ནས་ད་ཆ་བོད་དོན་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཉུང་དུ་འགྲོ་བཞིན་ཡོད་སྐོར་བརྗོད་ཡོད་པར་གསུངས་ཏེ། བོད་དོན་རྒྱབ་སྐྱོར་གོང་མཐོར་གཏོང་ཕྱོགས་ཀྱི་སྐོར་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་གནས་སྟངས་དེ་འདྲ་ཡོང་གི་འདུག ཐ་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ངོས་ནས་རྒྱ་ནག་གི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཐད་ནས་ཐག་གཅོད་ཅིག་གནང་བ་ཡིན་ནའང་། ཡོ་རོབ་ཀྱི་རྒྱལ་ཁབ་བཅུ་དྲུག་ལྷག་གི་ནང་ནས་མང་ཤོས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་འོས་ཤོག་བླུག་གི་མེད་པའི་གནས་སྟངས་ངོ་སྤྲོད་དང་སྦྲགས། ང་ཚོས་མང་གཙོའི་རྒྱལ་ཁབ་ཡོངས་ལ་རེ་སྐུལ་ཞུས་ཏེ་མང་གཙོ་རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་ཐོབ་ཐང་དང་འཚེ་མེད་ཞི་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་ཡོངས་གྲགས་གནང་ཡོད་པ་ལྟར་རྒྱལ་ཁབ་ཅིག་གི་བཟང་སྤྱོད་ཀྱི་ཐོག་ནས་ཀྱང་རྒྱབ་སྐྱོར་བྱེད་འོས་པ་ཞིག་ཡིན་པ་འབོད་སྐུལ་ཞུ་བཞིན་ཡོད་ཅེས་བཀའ་ལན་གནང་ཡོད།ཨིན་ཡུལ་གྱི་ཞིབ་འཇུག་ཚོགས་པ་ཞིག་གིས་བརྟག་དཔྱད་བྱས་པའི་གྲུབ་དོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་བོད་མིའི་སྒྲིག་འཛུགས་རྒྱ་གར་དུ་གནས་ཡོད་ཀྱང་། དེང་སྐབས་རྒྱ་དཀར་ནག་གི་འབྲེལ་ལམ་ཇེ་བཟང་དུ་འགྲོ་བཞིན་པར་བརྟེན་རྒྱ་གར་གྱིས་ཀྱང་བོད་དོན་སྣང་མེད་ལ་གཏོང་གི་ཡོད་པ་བཀོད་ཡོད་པ་ལུང་འདྲེན་གྱིས་བོད་མི་ལོ་རྒྱུས་སྨྲ་བ་ཚེ་རིང་ཤཱཀྱ་ལགས་ཀྱིས་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བོད་དོན་རྒྱབ་སྐྱོར་བ་ཉུང་དུ་འགྲོ་བཞིན་ཡོད་སྟབས། རྒྱ་གར་གྱིས་ཀྱང་བོད་དོན་རྒྱབ་སྐྱོར་ཇེ་ཞན་དུ་འགྲོ་བཞིན་ཡོད་སྐོར་བྲིས་ཡོད་པ་དྲི་བ་བཏང་པར་སྲིད་སྐྱོང་མཆོག་གིས་དེ་འདྲ་མ་རེད། རྒྱ་ནག་གིས་རྒྱ་གར་ལ་གནོད་ཤུགས་མང་པོ་སྤྲོད་བཞིན་ཡོད་ཀྱང་། རྒྱ་གར་གྱིས་གནོན་ཤུགས་ཅི་ཡོད་ལ་མ་བལྟས་པར་བོད་ཀྱི་ཆོས་རིག་འཛིན་སྐྱོང་སོགས་ཀྱི་ཐད་ནས་རོགས་རམ་རྒྱ་ཆེར་གནང་བཞིན་ཡོད་པ་མ་ཟད། ཉེ་བའི་ལོ་ཤས་རིང་རྒྱ་གར་གྱིས་རྒྱ་ནག་གཅིག་གི་སྲིད་བྱུས་ཀྱི་གྲོས་ཆོད་དེར་མཚན་རྟགས་བཀོད་མེད་པར་བརྗོད་དེ་གནད་དོན་ཁ་ཤས་ཀྱི་ཐོག་ནས་རྒྱ་གར་གྱིས་རྒྱབ་སྐྱོར་དེ་ཙམ་མེད་ནའང་། སྤྱི་ཡོངས་ཀྱི་ཆ་ནས་རྒྱ་གར་ནི་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པའི་བཀའ་ལན་གནང་བ་དང་ཆབས་ཅིག ལོ་ཤས་གོང་ནས་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་མང་དུ་འགྲོ་བཞིན་ཡོད་སྐོར་ལན་འདེབས་གནང་སྟེ་ཉི་ཧོང་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་སོགས་ནི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཡིན་པ་ལུང་འདྲེན་དང་འབྲེལ། སྲིད་སྐྱོང་མཆོག་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོའི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་ནས་གྲོས་ཚོགས་སུ་ཉན་ཞིབ་ཀྱི་གསུང་བཤད་གནང་གི་ཡོད་པ་མངོན་གསལ་གནང་འདུག དེ་བཞིན་གསར་ལམ་ཁག་ཏུ་རྒྱ་ནག་གིས་བོད་ཁུལ་དུ་དབུལ་སྐྱོབ་ཀྱི་བྱ་འགུལ་སྤེལ་ནས་མི་མང་གི་འཚོ་བ་ཡར་རྒྱས་གཏོང་བཞིན་པ་མ་ཟད། བོད་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་མང་དུ་གཏོང་བཞིན་ཡོད་པ་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་དེ་བདེན་པ་མ་རེད། རྒྱ་ནག་གིས་བོད་ཁུལ་དུ་ཡ་ང་བའི་དྲག་གནོན་བྱེད་ཀྱི་ཡོད་སྟབས་བོད་ཁུལ་དུ་ཞིང་འབྲོག་མང་ཚོགས་མང་པོས་སྲིད་གཞུང་ལ་ངོ་རྒོལ་གནང་བ་མ་ཟད་ལྷག་དོན་དུ་བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་བསྲེགས་གནང་ཡོད་པ་གསུངས་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་ད་དུང་བོད་མིའི་སྒྲིག་འཛུགས་ཀྱིས་ཁ་བྲལ་རྩོད་ཀྱི་མེད་པར་མངོན་གསལ་གནང་སྟེ། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་གསལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་རྩོད་ཀྱི་ཡོད་སྟབས་རྒྱ་ནག་སྲིད་གཞུང་གིས་བོད་མིར་དྲག་གནོན་བྱས་ནས་བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་ཐུབ་མེད་པ་ཤེས་དགོས་ཞེས་བརྗོད་དེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་ངོས་ནས་ཡུལ་དུས་གང་ཡིན་ལ་ལྟོས་མེད་རྒྱ་ནག་དང་ལྷན་དུ་གྲོས་མོལ་གནང་རྒྱུར་གྲ་སྒྲིག་ཨང་གསར་ཡོད་ཅེས་བཀའ་ལན་གནང་འདུག

བེུད་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་ཆེས་ཐོག་མ་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༧ ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩༌༣༠ ཐོག་བཞུགས་སྒར་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་བོད་མིའི་སྤྱི་ཚོགས་ཁྲོད་གློ་ནད་ཊི་སྦི་ནད་གཞི་ཁྱབ་བརྡལ་འགྲོ་བཞིན་སྐོར་གོ་རྟོགས་སོགས་སྤེལ་བའི་ཐོག་ནས་ནད་གཞི་དེར་ཁ་གཏད་གནང་ཕྱིར་བོད་པའི་བེུད་མེད་རྒྱལ་ཡོངས་སིལ་སྤོལ་འགྲན་སྡུར་ཐེངས་དང་པོ་དབུ་འཛུགས་གནང་སོང་།སིལ་སྤོལ་རྩེད་འགྲན་འདི་༸གོང་ས་མཆོག་གི་ཡིད་ཆེས་དགེ་རྩས་དཔལ་འབྱོར་རོགས་རམ་གནང་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། ཐེངས་འདིའི་རྩེད་འགྲན་ནང་བལ་ཡུལ་དང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས། དོན་གྲུབ་གླིང་གཞིས་ཆགས། བཞུགས་སྒར་དྷ་རྨ་ས་ལ། དེ་བཞིན་སྦིར་སུ་ཇཱ་བོད་ཁྱིམ། དྷ་སྟེང་བོད་ཁྱིམ། བོད་ཀྱི་སྨན་རྩིས་ཁང་བཅས་ཁྱོན་རུ་ཁག་བདུན་ནས་མཉམ་ཞུགས་གནང་འདུགརྩེད་འགྲན་དབུ་འབྱེད་སྐབས་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཐེངས་འདིའི་རྩེད་འགྲན་གྱི་དགོས་དམིགས་གཙོ་བོ་བོད་པའི་སྤྱི་ཚོགས་ཁྲོད་གློ་ནད་ཊི་སྦི་ནད་གཞི་ཁྱབ་བརྡལ་འགྲོ་བཞིན་པའི་ཐད་ལ་གོ་རྟོགས་སྤེལ་རྒྱུ་དང་རྩེད་མོའི་ལམ་ནས་མིའི་གཟུགས་པོའི་བདེ་ཐབས་གོང་མཐོར་གཏོང་རྒྱུ། སྤྱི་ཚོགས་ཁྲོད་མྱོས་རྫས་ངན་གོམས་སྤྱོད་མཁན་མི་ཉུང་བ་ཞིག་ཡོད་པ་དེ་དག་ཉུང་དུ་གཏོང་རྒྱུ་སོགས་ཡིན་པ་འགྲེལ་བརྗོད་དང་སྦྲགས། རྩེད་མོ་བ་རྣམས་ནས་དེའི་ཐོག་ནུས་པ་མཉམ་སྤུངས་གནང་དགོས་པའི་སྐུལ་མ་སོགས་གནང་སོང་།  རྩེད་འགྲན་དབུ་འབྱེད་ཀྱི་གསུང་བཤད་གྲུབ་མཚམས་སུ་སྦེལ་ཀོབ་སིལ་སྤོལ་རུ་ཁག་དང་ Clement Town དོན་གྲུབ་གླིང་སིལ་སྤོལ་རུ་ཁག་དབར་རྩེད་འགྲན་ཆེས་ཐོག་མ་དེ་གནང་སྟེ་དོན་གྲུབ་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།གཞི་རྩའི་ཆེས་ཐོག་མའི་བེུད་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་འདི་དེ་རིང་ནས་དབུ་འཛུགས་ཀྱིས་རུ་ཁག་བདུན་པོ་རྣམས་སྡེ་ཚན་གཉིས་སུ་འཆར་འགོད་ཐོག་རྩེད་འགྲན་གནང་སྟེ། རྩེ་ཕུད་སོན་པའི་རུ་ཁག་གཉིས་དབར་མཐའ་མའི་འགྲན་སྡུར་དེ་ཕྱི་ཚེས་ ༦ སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་གནང་གི་ཡོད་པ་རེད། ཨང་དང་པོར་སོན་པའི་རུ་ཁག་ལ་ཧིན་སྒར་སྟོང་ཕྲག་བཞི་བཅུ་དང་། ཨང་གཉིས་པར་སོན་མཁན་ལ་སྟོང་ཕྲག་སུམ་ཅུ། དེ་བཞིན་རྩེད་མོ་བ་ཡག་ཤོས་ལ་ཧིན་སྒོར་ ༢༥༠༠ དང་ Fair Play ཞེས་དྲང་བདེན་ངང་རྩེད་མོ་རྩེད་མཁན་གྱི་རུ་ཁག་ལ་ཧིན་སྒོར་ ༧༥༥ བཅས་ཀྱི་བྱ་དགའ་གནང་གི་ཡོད་པ་རེད།

བོད་དང་རྒྱ་ནག་གི་གནད་དོན་ཐོག་སྐྱོན་བརྗོད་ཀྱི་གནས་ཚུལ་སྤེལ་བར་དམ་དྲག་བྱེད་པ།

བལ་ཡུལ་ནང་གི་ Kathmandu Post ཞེས་པའི་གསར་ཁང་གིས་ཕྱི་སྲིད་དང་འབྲེལ་བའི་ས་གནས་གསར་འགོད་པ་སྐུ་ཞབས་ Anil Giri ལགས་ཀྱིས་དེང་སྐབས་བལ་ཡུལ་གཞུང་གི་ངོས་ནས་བོད་དང་རྒྱ་ནག་གི་གནད་དོན་ཐོག་སྐྱོན་བརྗོད་ཀྱི་གནས་ཚུལ་སྤེལ་བར་དམ་དྲག་བྱེད་བཞིན་པ་གསུངས་འདུགཉེ་ཆར་ཨ་རི་རླུང་འཕྲིན་ཁང་གི་ཨིན་སྐད་དྲྭ་བའི་ཐོག་གནས་ཚུལ་སྤེལ་བར་སྐུ་ཞབས་ Anil Giri ལགས་ཀྱིས་ཟླ་བ་སྔོན་མའི་ཚེས་ ༢༨ ཉིན་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གསལ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཚོང་འབྲེལ་ལས་གཞིའི་ཁྲོད་དེང་སྐབས་རྒྱ་ནག་དང་བལ་ཡུལ་གཉིས་དབར་འབྲེལ་ལམ་ཇེ་ཆེར་འགྲོ་བཞིན་པའི་ཁྲོད། བལ་ཡུལ་ཆབ་སྲིད་མི་སྣ་རྣམས་ནས་རྒྱ་ནག་དང་འབྲེལ་བའི་གནད་དོན་ཐོག་གསར་འགོད་པའི་དྲི་བར་དང་ལེན་གནང་གི་མེད་པ་མ་ཟད། ཉེ་ལམ་བལ་ཡུལ་གྱི་ Samajbadi ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Pradip Yadav ལགས་ཤར་ཡོ་རོབ་ཀྱི་རྒྱལ་ཁབ་ལཊ་ཝི་ཡའི་རྒྱལ་ས་རི་གྷ་ནང་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པའི་ཐོག་མཉམ་ཞུགས་གནང་བའི་རྐྱེན་གྱིས་ཁོང་ཆབ་སྲིད་ཚོགས་པའི་ལས་དོན་ནས་ཟླ་བ་དྲུག་རིང་གནས་དབྱུང་བཏང་བ་དང་། དེ་བཞིན་ཟླ་བ་སྔོན་མའི་ནང་ Rastriya Samachar Samiti ཞེས་བལ་ཡུལ་རྒྱལ་ཡོངས་གསར་ཁང་གི་ཨིན་ཇི་སྡེ་ཚན་གྱི་གསར་འགོད་པ་གསུམ་ནས་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་སྐོར་ལ་གནས་ཚུལ་སྤེལ་བར་བརྟེན་གསར་འགོད་པ་གསུམ་པོར་བལ་ཡུལ་གཞུང་གིས་འདྲི་རྩད་ནན་པོ་བྱས་ཡོད་པ་བཅས་ཀྱི་གནད་དོན་ལུང་འདྲེན་དང་སྦྲགས་ཏེ་དེང་སྐབས་བལ་ཡུལ་གཞུང་གི་ངོས་ནས་བོད་དང་རྒྱ་ནག་གི་གནད་དོན་ཐོག་སྐྱོན་བརྗོད་ཀྱི་གནས་ཚུལ་སྤེལ་བར་དམ་དྲག་བྱེད་བཞིན་པ་མངོན་གསལ་གནང་འདུགདེ་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པའི་ཨེ་ཤ་ཡ་སྡེ་ཚན་གྱི་ངེས་སྟོན་པ་སྐུ་ཞབས་ Cedric Alviani ལགས་ཀྱིས་ཀྱང་བལ་ཡུལ་གཞུང་དང་རྒྱ་ནག་གཉིས་དབར་ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༥ པའི་ནང་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་ཐོག་གྱན་རྒྱ་བཞག་ཐོག་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༥ ནས་མགོ་འཛུགས་ཀྱིས་ ༢༠༡༨ བར་བལ་ཡུལ་གཞུང་ལ་འཛུགས་སྐྲུན་ལས་གཞི་ཆེད་ཁྱོན་ཨ་སྒོར་ས་ཡ་ ༥༥༠ ལྷག་གི་རོགས་དངུལ་སྤྲད་ཡོད་པ་ལུང་འདྲེན་དང་འབྲེལ། རོགས་སྐྱོར་དེ་ལྟར་ཐོབ་པར་ཆ་རྐྱེན་ཆེན་པོ་ཡོད་ངེས་ཡིན་སྟབས། རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་རྒྱ་ནག་དང་ཚོང་འབྲེལ་བྱེད་མཁན་རྒྱལ་ཁབ་ཁག་གི་ནང་དྲི་བ་དང་དོགས་ཟོན་ཤུགས་ཆེན་པོ་ཡོང་ངེས་ཡིན་པར་བརྟེན་འབྲེལ་ལམ་འདི་ལམ་ལྷོང་ཡོང་བར་རྒྱལ་ཁབ་དེ་དག་ནང་གསར་འགྱུར་བརྒྱུད་ལམ་ཁག་ལ་དམ་དྲག་འམ་ཡང་ན་རྒྱ་གཞུང་གི་བཀོད་སྒྲིག་ལྟར་གནས་ཚུལ་སྤེལ་མཁན་བཟོ་བཞིན་པ་མངོན་གསལ་གནང་འདུགདེ་བཞིན་ Human Rights Watch འམ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ལྷོ་ཨེ་ཤ་ཡ་སྡེ་ཚན་གྱི་ངེས་སྟོན་པ་ལྕམ་ Meenakshi Ganguli ལགས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་འོག་རྒྱལ་ཁབ་མང་པོ་ཞིག་ནས་རྒྱ་ནག་གི་དངུལ་གྱི་རོགས་སྐྱོར་ཤུགས་ཆེན་པོ་འཐོབ་བཞིན་པའི་ཚབ་ཏུ་རང་རྒྱལ་ཁབ་ནང་རྒྱ་ནག་ལ་སྐྱོན་བརྗོད་རིགས་སྤེལ་ཚེ་བཀག་སྡོམ་བྱེད་དགོས་པའི་གནོན་ཤུགས་ཤིག་སླེབས་ཡོད་སྐོར་གསུངས་པ་དང་འབྲེལ། བལ་ཡུལ་གཞུང་ནས་ལོ་མང་ནས་ཡུལ་དེའི་ནང་བོད་མིས་ཞི་བའི་ལས་འགུལ་རིགས་སྤེལ་ཁག་ལ་དམ་དྲག་བྱེད་བཞིན་ཡོད་པ་གསུངས་འདུག འོན་ཀྱང་སྐུ་ཞབས་ Anil Giri ལགས་ཀྱིས་བལ་ཡུལ་ནང་བོད་མིར་དམ་དྲག་དེ་ལྟར་བྱས་པ་ནི་བལ་ཡུལ་མང་ཚོགས་ཀྱི་བོད་དོན་ལ་སྣང་མེད་བཞག་པ་ཞིག་མིན་པ་ལས་དེ་ནི་བལ་ཡུལ་གཞུང་ལ་རྒྱ་ནག་གིས་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པའི་ཁྲོད་བལ་ཡུལ་གཞུང་གི་དམ་དྲག་བྱེད་བཞིན་ཡོད་པ་གསུངས་འདུག

UWC སློབ་ཡོན་གྱི་གོ་སྐབས་ཐོབ་པ་དེ་ཆུད་ཟོས་སུ་མི་གཏོང་བའི་དམ་བཅའ།

ཚེ་རིང་ལྷ་མོ་ལགས་ནི་བོད་ཁམས་འབའ་བ་ནས་ཡིན་ཞིང་། དེ་སྔ་ལོ་ ༦ ཐོག་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་རྗེས་སུ་ཇཱ་བོད་ཁྱིམ་དུ་འཛིན་རིམ་བཅིུག་བར་སློབ་སྦྱོང་བྱས་ནས་ཕྱི་ལོ་ ༢༠༡༧ ལོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་བརྒྱུད་ UWC སློབ་ཡོན་ཐོབ་ནས་ Thailand  གྱི་གཙུག་ལག་སློབ་གྲྭར་ཆབ་སྲིད་དང་སྐྱེས་དངོས་ཚན་རིག དེ་བཞིན་ཨིན་ཇིའི་སློབ་ཚན་བཅས་ཀྱི་ཐོག་ལོ་གཉིས་སློབ་སྦྱོང་བྱས་ཏེ་ཉེ་ཆར་སློབ་མཐར་སོན་ཡོད་པ་ལྟར་བཞུགས་སྒར་དུ་ཕྱིར་ཕེབས་ཡོད་པ་རེད།དེ་རིང་ཁོང་དང་ལྷན་སློབ་མཐར་སོན་པའི་འཛིན་རོགས་གཅིག་དང་སློབ་ཡོན་དེའི་ཐོག་ལོ་རིམ་གཉིས་པར་སློབ་གཉེར་གནང་བཞིན་པ་ཁག་གཅིག སློབ་ཞུགས་གསར་པ་གནང་མཁན་བཅས་སློབ་མ་ ༡༥ ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་ཁ་ཞུས་ཡོད་པ་རེད།༸གོང་ས་མཆོག་གི་མཇལ་ཁ་ཞུ་བར་བཅར་མཁན་ཁོངས་སུ་ཡོད་པ་ཚེ་རིང་ལྷ་མོ་ལགས་སུ་བཅར་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་ནས་དམིགས་བསལ་བཀའ་སློབ་བསྩལ་མེད་ཀྱང་མགོན་པོ་མཆོག་གི་གསེར་ཞལ་མཇལ་བ་ཙམ་གྱིས་ཁོ་མོའི་སེམས་ནང་རང་ཉིད་བོད་ཕྲུག་ཞིག་ལ་ UWC སློབ་ཡོན་བརྒྱུད་ཕྱི་རྒྱལ་ལ་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཐོབ་པ་དེ་ཆུད་ཟོས་སུ་མི་གཏོང་བར་དམ་འཛིན་གནང་རྒྱུའི་དམ་བཅའ་བཞག་པ་ཡིན་ཞེས་གསུངས་སོང་བ་དང་། སློབ་ཕྲུག་ཁག་ཅིག་གིས་༸གོང་ས་མཆོག་ད་ཆ་དགུང་ལོ་བགྲེས་པོར་ཕེབས་ཟིན་པའི་མཚམས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་དངོས་སུ་མཇལ་རྒྱུ་བྱུང་བར་དགའ་ཚོར་དང་རང་ཉིད་བསོད་ནམས་ཅན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་སོང་། ལྷག་དོན་ཨ་རི་མཐོ་སློབ་ཞིག་ཏུ་ལོ་རིམ་གཉིས་པར་སློབ་སྦྱོང་གནང་བཞིན་པའི་སློབ་མ་ཞིག་གིས་༸མགོན་པོ་མཆོག་གིས་རྣམ་ཀུན་ནས་གཞན་ཕན་གྱི་ཀུན་སློང་ལྡན་པའི་ཐོག་ནས་མང་ཚོགས་ཀྱི་ཞབས་འདེགས་ཞུ་དགོས་གལ་ཡིན་པའི་བཀའ་སློབ་བསྩལ་བ་དེས་རང་ཉིད་ལ་ཕན་ཐོགས་ཆེན་པོ་བྱུང་ཞེས་གསུངས་སོང་།གཞི་རྩའི་༸གོང་ས་མཆོག་གི་མཇལ་ཁ་ཞུ་བར་བཅར་མཁན་ཁོངས་སུ་ UWC སློབ་ཡོན་ཐོག་ནས་རྒྱ་གར་གཙོས་ཨ་རི་དང་ནི་ཐར་ལན་ཌི། ཐཱ་ལན་ཌི་སོགས་ནས་སློབ་མ་གྲངས་ ༡༥ ཡོད་པ་དང་། ཁོང་རྣམས་སོ་སོའི་མཐོ་སློབ་ཏུ་ལོ་གཉིས་རིང་སློབ་སྦྱོང་གནང་རྒྱུ་མ་ཟད། ད་རེས་ལྷོ་ཤར་ Bosnia རྒྱལ་ཁབ་ཀྱི་རྒྱལ་ས་ Mostar ཡི་ UWC མཐོ་སློབ་ཏུ་བོད་རིགས་སློབ་མར་སློབ་ཡོན་ཐོབ་པ་དེ་ནི་ཆེས་ཐོག་མ་ཆགས་ཡོད།

Latest news