Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་པ་ནན་བརྗོད།

ཁ་སང་བཞུགས་སྒར་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་སྲུང་བརྩི་དང་བསྟུན། ཨ་ཕི་རི་ཀ་རྒྱལ་ཁབ་ Botswana སྲིད་འཛིན་ཟུར་པ་མཆོག་གིས་དབུས་པའི་འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༡༠ འི་གྲོས་ཚོགས་འཐུས་མི་རྣམས་དང། ཕྱི་བསྡོད་རྒྱ་རིག་མང་གཙོ་དོན་གཉེར་བའི་ཚོགས་པ་ཁག་གསུམ་གྱི་སྐུ་ཚབ་འཐུས་མི་བཅས་བཞུགས་སྒར་དུ་ཆེད་ཕེབས་གནང་སྟེ་བོད་མིའི་ཆེས་གནད་འགག་ཆེ་བའི་དུས་ཚིགས་ཐོག་མཉམ་ཞུགས་གནང་ཡོད་པ་མ་ཟད། དེ་རིང་རྒྱ་རིགས་ཚོགས་ཁག་གི་སྐུ་ཚབ་རྣམས་ནས་གསར་འགོད་ལྷན་ཚོགས་ཤིག་གནང་བའི་བརྒྱུད་བོད་མིའི་བོད་མིའི་འཐབ་རྩོད་དང་བོད་རྒྱའི་དཀའ་རྙོག་སེལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་དང་དེར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་པ་ནན་བརྗོད་གནང་སོང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིགས་འོག་སྔ་དྲོ་ཚོུད་ ༩༌༣༠ ཐོག་མེག་གྷན་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་གནང་བའི་ཐོག་ཨོ་སི་ཊོ་ལི་ཡ་དང་ཨ་རི། དེ་བཞིན་ཁེ་ན་ཌ་སོགས་ཀྱི་ནང་དུ་གནས་པའི་རྒྱ་རིག་མང་གཙོ་དོན་གཉེར་ཚོགས་པ་དང། བོད་དང་རྒྱ་ནག་ཉམས་ཞིབ་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་སོགས་སྐུ་ཚབ་མི་སྣ་ལྔས་དབུས་པའི་བོད་མི་དང་རྒྱ་གར། དེ་བཞིན་རྒྱལ་སྤྱིའི་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༥༠ ཡས་མས་ཤིག་འདུ་འཛོམས་གནང་འདུགསྐབས་དེར་བོད་དང་རྒྱ་ནག་ཉམས་ཞིབ་ཚོགས་པའི་ཚོགས་གཙོ་དང་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Qi Xue We ལགས་ཀྱིས་བོད་མི་རྣམས་ལ་ཆབ་སྲིད་ཀྱི་སྒྲིག་འཛུགས་ཇི་འདྲ་ཞིག་གི་འོག་ལ་རང་གི་མ་འོངས་མདུན་ལམ་གདམ་རྒྱུའི་ཐོབ་ཐང་ཡོད་པ་བཞིན་ང་ཚོས་ཀྱང་དེར་རྒྱབ་སྐྱོར་ཡོད་ཅེས་གསུངས་སོང་།དེ་བཞིན་ཨོ་སི་ཊོ་ལི་ཡ་ནང་རྟེན་གཞི་བྱས་པའི་ Qi རིག་གཞུང་ཐེབས་རྩ་ཁང་གསར་འཛུགས་གནང་མཁན་ལྕམ་ Qi Jia Zhen ལགས་ཀྱིས་འདི་ལོ་༸གོང་ས་མཆོག་དང་བོད་མི་རྣམས་བཙན་བྱོལ་དུ་ཕེབས་ནས་ལོ་ ༦༠ འཁོར་བ་དང་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་ནས་ལོ་ ༧༠ འཁོར་གྱི་ཡོད་པ་རེད། རྣམ་ཀུན་ནས་ཁྱེད་ཚོས་བཙན་དབང་གིས་མི་ཞིག་གི་མིག་བཙུམ་འཇུག་ཐུབ་ཀྱི་ཡོད་ཀྱང་བཙན་དབང་ཐོག་གཉིད་ཁུག་འཇུག་ཐུབ་རྒྱུ་མེད་ཅེས་བཤད་སྲོལ་ཡོད་པ་ལྟར། བོད་མི་རྣམས་བློ་སེམས་བརྟན་པོས་རང་ཉིད་ཀྱི་འཐབ་རྩོད་ཐོག་གནས་པར་བསྔགས་བརྗོད་དང་རྒྱ་རིགས་ཚོས་བོད་མིའི་ཁྲོད་ནས་བསླབ་བྱ་ལེན་རྒྱུ་མང་པོ་ཡོད་སྐོར་སོགས་གསུངས་ཡོད།དེ་བཞིན་ཁེ་ན་ཌ་ནང་གནས་བཞུགས་རྒྱ་ནག་མང་གཙོ་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གཞོན་པ་ལྕམ་ Sheng Xue ལགས་ཀྱིས་བོད་མིས་རང་གི་རང་དབང་དང་རྒྱལ་སྤྱིའི་ཁྲོད་བོད་ཀྱི་བདག་པོ་བོད་མི་ཡིན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དང། དེང་སྐབས་རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་དེ་ཡོངས་གྲགས་ཆགས་ཡོད་པ་དེ་ནི་༸གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མི་རྣམས་ཀྱི་བྱས་རྗེས་ཡིན་པར་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། ང་རང་ཕྱི་བསྡོད་རྒྱ་རིག་མང་གཙོ་དོན་གཉེར་ཚོགས་པའི་འགོ་ཁྲིད་ཡིན་པའི་ཆ་ནས་བོད་ལ་རང་དབང་མ་ཐོབ་བར་དུ་བོད་མིར་རྒྱབ་སྐྱོར་གནང་རྒྱུར་འབད་ངེས་ཡིན་ངེས་ཞེས་གསུངས་ཡོད། དེ་བཞིན་བོད་དང་རྒྱ་ནག་ཉམས་ཞིབ་ཚོགས་པའི་དྲུང་ཆེ་སྐུ་ཞབས་ Wang Xueli ལགས་ཀྱིས་མ་འོངས་པར་རྒྱ་ནག་ནང་མང་གཙོའི་འགྱུར་བ་ཞིག་ཡོང་ངེས་ཡིན་པ་ལྟར། བོད་མི་དང་རྒྱ་རིག་མང་གཙོ་དོན་གཉེར་ཚོགས་པ་གཉིས་མཉམ་ལས་ཐོག་རྒྱ་ནག་ནང་མང་གཙོའི་བཅོས་སྒྱུར་དང་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཆེད་ཕྱག་ལས་གནང་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད། གཞི་རྩའི་ཁ་སང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་རིགས་ཚོགས་སྡེ་གསུམ་གྱི་སྐུ་ཚབ་མི་གྲངས་ ༦༠ ཡོད་པ་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་པ་རེད།

རྒྱལ་སྤྱིའི་ཁྱོན་དུ་རྣམ་པ་འདྲ་མིན་བརྒྱུད་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི།

རྒྱལ་སྤྱིའི་ས་གནས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་གོམ་བགྲོད་དང་སྐད་འབོད། བོད་ཀྱི་ཉིན་མོ་སྲུང་བརྩི། དེ་བཞིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་སོགས་ལས་འགུལ་རྣམ་པ་འདྲ་མིན་བརྒྱུད་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་སྲུང་བརྩི་ཞུས་འདུགབྱང་ཨ་རིར་ཆ་མཚོན་ན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་ཇར་སི་མངའ་ཁུལ་གྱི་བོད་མི་རྣམས་སྔ་དྲོ་ཚོུད་ ༨ སྟེང་  Brooklyn ས་གནས་སུ་ལྷན་འཛོམས་ཀྱིས་ཁུལ་དེར་ཆགས་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་བར་རྔམ་སྟོན་ཁྲོམ་སྐོར་གནང་བ་དང་དེ་རྗེས་རྒྱ་ནག་གཞུང་ཚབ་ལས་ཁུངས་བར་སྐད་འབོད་དང་གོམ་བགྲོད་གནང་འདུགསྐབས་དེར་ཉེ་སྔོན་ཨ་རིའི་ Philadelphia རང་བཙན་ཚོགས་ཁང་ནས་དབུ་འཛུགས་གནང་བའི་བོད་རང་བཙན་གྱི་གོམ་བགྲོད་པ་རྣམས་ཁུལ་དེར་འབྱོར་བ་དང་བསྟུན། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་གཙོས་པའི་ཚོགས་པ་ཁག་གཅིག་གི་སྐུ་ཚབ་དང་མང་ཚོགས་ཚོས་རང་བཙན་དོན་གཉེར་བ་རྣམས་ལ་ཕེབས་བསུ་དང་འབྲེལ་ཏེ་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།ཨ་རིའི་རྒྱ་ས་མངའ་ཁུལ་གྱི་བོད་མི་རྣམས་ཁུལ་དེར་རྟེན་གཞིས་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ལྷན་འཛོམས་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གིས་གསུམ་བཅུའི་དུས་དྲན་ཐེངས་དྲུག་ཅུ་ཐོག་སྤེལ་བའི་བསྒྲགས་གཏམ་སྒྲོག་སྦྱང་དང་། དེ་ནས་རིམ་པས་རྒྱ་ནག་གཞུང་ལས་ཁུངས་དང་ཨ་རིའི་ཕོ་བྲང་དཀར་པོའི་མདུན་ཐང་བཅས་སུ་བོད་ཀྱི་རྒྱལ་དར་འཕྱར་ནས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་སོགས་གནང་ཡོད།ལྕམ་སྐུ་ Nancy Pelosi མཆོག་གི་བསྒྲགས་གཏམ་ནང་དེ་སྔ་གསུམ་བཅུའི་དུས་དྲན་སྐབས་སུ་སྙིང་སྟོབས་ཞུམ་པ་མེད་པར་རྒྱ་གཞུང་ལ་ཞི་རྒོལ་གནང་མཁན་ཚོར་རྗེས་དྲན་དང་སྦྲགས། ཨ་རིའི་གྲོས་ཚོགས་ནས་བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐོབ་ཐབས་སླད་ལས་དོན་སྔར་ལྷག་གནང་རྒྱུ་ཡིན་པ་བཀོད་འདུགཨ་རིའི་མི་ནི་སོ་ཊ་མངའ་སྡེའི་ནང་མི་ནི་སོ་ཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་ས་གནས་བོད་མི་དང་ལྷག་པར་དུ་གཞོན་སྐྱེས་ཚོ་ལ་བོད་མིའི་གསུམ་བཅུའི་སྒེར་ལངས་ཀྱིས་གཙོས་པའི་འཐབ་རྩོད་ཀྱི་གལ་ཆེའི་ལོ་ཚིགས་ཁག་ཤེས་རྟོགས་ཐུབ་ཐབས་སོགས་ལ་དམིགས་ཏེ་བོད་མིའི་ཆབ་སྲིད་བཙོན་ཟུར་ངག་དབང་གསང་སྒྲོན་ལགས་དང་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་ནག་གནད་དོན་ཐད་ཀྱི་དཔྱད་ཞིབ་པ་དང་རྒྱ་རིགས་འབྲེལ་མཐུད་པ་ཟུར་པ་ཀུན་དགའ་བཀྲིས་ལགས་གཉིས་གདན་ཞུས་ཀྱིས་བོད་དོན་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་མི་ནི་སོ་ཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་ཆབ་སྲིད་བཙོན་ཟུར་ངག་དབང་གསང་སྒྲོན་ལགས་སུ་ཆེ་བསྟོད་མཚོན་ཆེད་མུན་སེལ་སྒྲོན་མེ་ཞེས་པའི་གཟེངས་རྟགས་ཤིག་ཕུལ་འདུགཉིན་མོ་དེར་ས་གནས་མི་མང་ནས་ངོ་རྒོལ་སྐད་འབོད་ཙམ་མིན་པར་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་མཆོད་འབུལ་སྨོན་ལམ་གནང་འདུག ལྷག་པར་དུ་མི་ནི་སོ་ཊ་མངའ་སྡེའི་གྲོང་ཁྱེར་ New Baden དང་། Richfield Edina Rochester Columbia Heights དེ་བཞིན་ Minneapolis  དང་། Saint Paul བཅས་སུ་བོད་མིའི་སྒེར་ལངས་ཉིན་མོ་དེ་བཞིན་བོད་ཀྱི་ཉིན་མོར་སྲུང་བརྩི་ཞུས་ཡོད་པ་རེད།དེ་བཞིན་ California ལྷོ་བྱང་གཉིས་སུ་ས་གནས་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་བོད་མིར་དྲང་བདེན་དགོས་པ་དང་། བོད་ནང་ལ་སྐད་ཡིག་དང་ཆོས་དད་རང་དབང་དགོས། རྒྱ་ནག་གི་རྫུན་གཏམ་འོག་བོད་མིའི་ཚེ་སྲོད་ཤོར་བཞིན་ཡོད་པ་སོགས་ཀྱི་འབོད་ཚིག་སྒྲོག་ཐོག་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཤུགས་ཆེ་གནང་འདུགདེ་དང་ཕྱོགས་མཚུངས་ Canada གྲོང་ཁྱེར་ Toronto དང་། Victoria སོགས་སུ་བོད་མི་རྣམས་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་། དུས་དྲན་སྲུང་བརྩིའི་ཐོག་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་དང་སྐུ་ཞབས་ Randall Garrison ལགས་དངོས་སུ་ལྷན་ཞུགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་སྐུ་ཞབས་ Thanh Hai Ngo ལགས་ནས་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཀྱི་བསྒྲགས་གཏམ་ཡང་སྤེལ་འདུགགཞན་ཡང་ཡུ་རོབ་ Sweden ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཡུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་སོགས་གནང་ཡོད་སྟབས། རྒྱ་ནག་གཞུང་ཚབ་ཁང་ནས་བོད་མིའི་འབོད་སྒྲ་ལ་ཉན་འཇོག་མེད་པའི་ཁར་འབོད་སྒྲ་རྣམས་གོ་རྒྱུ་མེད་པ་བཟོ་ཐབས་སུ་རྒྱ་ནག་གི་གཞས་སྐད་སྒྲ་ཆེན་པོས་བཏང་པ་མ་ཟད། drones འཕྲུལ་པར་བརྒྱུད་སྐད་འབོད་ལ་ཕེབས་པའི་མི་མང་རྣམས་ཀྱི་འདྲ་པར་བླངས་པའི་གནས་སྟངས་སོགས་བྱུང་འདུགཨོ་སི་ཊོ་ལི་ཡའི་རྒྱལ་ས་ Canberra ནང་དུའང་གསུམ་བཅུའི་དུས་དྲན་གྱི་དུས་ཚིགས་དང་བསྟུན། ཀེན་བི་ར་དང་ཁུལ་དེའི་གཡས་གཡོན་དུ་གནས་བཞུགས་བོད་མི་ ༣༠༠ མན་ཙམ་མཉམ་འཛོམས་ཐོག་རྒྱལ་ས་ནས་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་བར་དུ་བོད་ཀྱི་རྒྱལ་དར་དང་བོད་ལ་རང་དབང་དགོས་པའི་འབོད་ཚིག་འདྲ་མིན་འཁོད་པའི་འཕྲེད་དར་བསྣམས་ཐོག་གོམ་བགྲོད་གནང་འདུགསྐབས་དེར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Michael Danby མཆོག་དང་ཨོ་སི་ཊོ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས། དེ་བཞིན་རྒྱལ་སྤྱིའི་ཉེ་ཡངས་ཚོགས་པའི་སྐུ་ཚབ། ཆབ་སྲིད་བཙོན་པ་དང་བོད་དོན་རྒྱབ་སྐྱོར་བའི་ཚོགས་མི་རྣམས་ནས་གསུང་བཤད་གནང་འདུག་པ་དང་། རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་བོད་མི་རྣམས་ནས་བདེན་ཚིག་སྨོན་ལམ་དང་། རྒྱ་སྐད་ཐོག་ནས་ཡང་གསུང་བཤད་སྙན་སྒྲོན་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ Sydney དང།  Melbourne དེ་བཞིན་  Queensland ནང་གནས་བཞུགས་བོད་མི་རྣམས་ནས་ས་གནས་སོ་སོར་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད། ཨོ་སི་ཊོ་ལི་ཡ་གྲོས་ཚོགས་འཐུས་མི་དང་ལྗང་ཁུ་ཚོགས་པའི་ཚོགས་མི་སྐུ་ཞབས་ Shane Rattenbury མཆོག་གིས་བོད་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཡོད་པའི་སྤྱི་བསྒྲགས་ཤིག་སྤེལ་འདུག་པ་དང། དེའི་ནང་ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པས་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་ཕ་ཡུལ་དང། རིག་གཞུང་། ཆོས་དད་རང་དབང་སོགས་རྩོད་པར་ཐོབ་ཐང་ཡོད་པར་ངོས་འཛིན་གནང་གི་ཡོད་པ་མ་ཟད་འདས་པའི་མི་ལོ་ ༦༠ ནང་རྒྱ་ནག་གི་དྲག་གནོོན་འོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཆེས་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་ཐོག་རྒྱལ་སྤྱིའི་གཞུང་དང་ལྷག་དོན་ཨོ་སི་ཊོ་ལི་ཡ་གཞུང་ནས་དེ་དག་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས་གལ་ཡིན་པ་གསུངས་པ་དང་ཆབས་ཅིག་ཏུ་བོད་མིའི་རང་སྲིད་རང་སྐྱོང་གི་གནས་བབས་ཐོག་ནས་ཀེན་བྷེ་རི་གནས་བཞུགས་བོད་མི་རྣམས་ནམ་ཞིག་རང་གི་ཕ་ཡུལ་སླར་མཇལ་ཐུབ་རྒྱུའི་རེ་བ་ཡོད་པ་གསུངས་འདུགད་དུང་ནིའུ་ཛ་ལན་ཌིའི་གྲོང་ཁྱེར་ཨོཀ་ལན་ཌི་ནང་གནས་བཞུགས་བོད་མི་ཁག་ཅིག་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཀྱང་ཨོཀ་ལན་ཌིའི་དྲན་རྟེན་རྡོ་རིང་མདུན་དུ་འདས་པའི་མི་ལོ་ ༦༠ ནང་འདས་གྲོངས་སུ་གྱུར་བའི་བོད་མི་དང། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་བསྲེགས་གནང་བ་རྣམས་ཀྱི་སྙིང་སྟོབས་ལ་རྗེས་དྲན་ཞུས་པའི་སྒོ་ནས་ཉིན་མོ་དེ་སྲུང་བརྩི་ཞུས་འདུག ཉི་ཧོང་དུའང་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་གཙོས་ཉི་ཧོང་གནས་བཞུགས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་རྒྱལ་ཀྱི་རྒྱལ་དར་དང་འབོད་ཚིག་འདྲ་མིན་འཁོད་པའི་འཕྲེད་དར་བསྣམས་ནས་གོམ་བགྲོད་བརྒྱུད་ཉིན་མོ་དེ་སྲུང་བརྩི་ཞུས་འདུགགོམ་བགྲོད་དེའི་ཁྲོད་ཡུ་གུར་བ་ཁག་གཅིག་ནས་མཉམ་ཞུགས་གནང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་བྱེས་བཞུགས་བོད་མིའི་གནས་ཡུལ་རྒྱ་གར་གཙོ་གྱུར་ཨེ་ཤ་ཡ་དང།  ནུབ་ཕྱོགས་རྒྱལ་ཁབ་བཅས་ཀྱི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ཀྱི་འཐབ་རྩོད་སླད་བོད་མི་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་མཛད་རྗེས་ལ་རྗེས་དྲན་དང། རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཆེས་མི་འདོད་པའི་ངོ་རྒོལ་སྐད་འབོད་སོགས་གནང་ནས་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།    

ཡོ་རོབ་ཁུལ་གྱི་བོད་མིས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ སྲུང་བརྩི་ཞུས་པ།  

འདི་ལོ་ནི་བོད་མི་ཚོ་བཙན་བྱོལ་དུ་གྱར་ནས་མི་ལོ་ ༦༠ འཁོར་བ་དང་དེ་བཞིན་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་གཞིས་ལུས་བོད་མི་རྣམས་ཀྱིས་མ་བགྲོས་བསམ་པ་གཅིག་མཐུན་གྱི་ཐོག་ནས་རྒྱ་དམར་གྱི་བཙན་འཛུལ་ལ་ཞི་བའི་སྒེར་ལངས་གནང་ནས་མི་ལོ་ ༦༠ ཧྲིལ་པོ་འཁོར་བ་དང་འབྲེལ་བོད་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཆེ་བའི་འདི་ལོའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་འདི་བཞིན་སྔར་དང་མི་འདྲ་བར་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོས་རྣམ་པ་འདྲ་མིན་བརྒྱུད་ནས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཏེ་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་སྲུང་བརྩི་ཞུས་ཡོད་པ་ལྟར། ཡོ་རོབ་རྒྱལ་ཁབ་ཁུལ་དུའང་ཁ་སང་ཕྱི་ཚེས་ ༡༠ ཉིན་ཡོ་རོབ་ཀྱི་མཐུན་ཚོགས་གནས་ཡུལ་རྒྱལ་ཁབ་བྷེལ་ཇམ་གྱི་རྒྱལ་ས་སྦར་སིལ་ནང་སུད་སི་དང་དབྱིན་ཡུལ། ཇར་མ་ནི། ཨི་ཊ་ལི། ཕ་རན་སི་སོགས་ཡོ་རོབ་རྒྱལ་ཁབ་ཁག་འདྲ་མིན་ ༡༦ ནང་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁྱོན་མི་གྲངས་ ༥༠༠༠ བརྒལ་བ་འདུ་འཛོམས་ཀྱིས་ Europe Stands with Tibet འམ་ཡོ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་བོད་དོན་ལས་འགུལ་རྒྱ་ཆེ་སྤེལ་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ སྲུང་བརྩི་ཞུས་ཡོད་པ་རེད།རྩ་བའི་ཡོ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་མིང་བྱང་འོག་ལོ་ཤས་སྔོན་ནས་འདི་གར་གནས་སྡོད་བོད་མི་ཚོས་ཡོ་རོབ་རྒྱལ་ཁབ་ཁག་ཏུ་རེ་མོས་ཐོག་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་ལས་འགུལ་ཞིག་འགོ་བཙུགས་ཡོད་པ་དང་། འདི་ལོའི་བྷེལ་ཇམ་གྱི་རྒྱལ་ས་སྦར་སིལ་ནང་ཡོ་རོབ་ནང་གི་བོད་མི་ཚོ་མཉམ་རུབ་ཀྱིས་བོད་མིའི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་ཐེངས་ ༤ པ་དེ་ཆགས་ཀྱི་ཡོད་པ་རེད།ཁ་སང་སྦར་སིལ་ནང་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པའི་ལས་འགུལ་ཆེན་མོའི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གཙོ་བཞུགས། ཕ་རན་སི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ Elisabth Toututpicard ལགས་དང་བྷེལ་ཇམ་གྲོས་ཚོགས་འཐུས་མི་སྐུ་ཞབས་ jan peumans ལགས། ཡོ་རོབ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Molly scotte Cato ལགས་ཕ་རན་སི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Jacqueline Eustache-Brinio ལགས་དང་། དེ་བཞིན་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས། ཡོ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམཔ་སོགས་ལྷན་ཞུགས་གནང་ཡོད་པ་རེད།ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ Molly scotte Cato ལགས་ཀྱིས་ཉེ་ཆར་ཡོ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་ལ་འབོད་སྐུལ་སྦྲགས་ཏེ་རྒྱ་གཞུང་ནས་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་བྱེད་དགོས་པ་དང་། བོད་ནང་གི་བོད་མིའི་ཐོག་སྤེལ་བཞིན་པའི་དྲག་གནོན་དང་དམ་དྲག་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་སྐོར་གསུངས་པ་མ་ཟད། བོད་མིའི་འཐབ་རྩོད་འདི་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་མང་གཙོའི་འཐབ་རྩོད་ཅིག་ཆགས་ཀྱི་ཡོད་པ་གསུངས་ཡོད།ལས་འགུལ་བ་རྣམས་ནས་བྷེལ་ཇམ་ནང་གི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་ཆེན་མོ་མ་སྤེལ་བའི་ཉིན་གཉིས་ཀྱི་སྔ་རོལ་དུ་ཡོ་རོབ་ཁུལ་གྱི་བོད་རིགས་ཚོགས་པ་ཁག་ ༡༥ དང་། ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། སུད་བོད་མཐུན་གྲོགས་བཅས་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་ཡོ་རོབ་ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་བཅས་ཀྱིས་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་དང་ལྷན་ཚོང་དོན་ལས་འགྲོ་བ་མིའི་ཐོབ་ཐང་གལ་ཆེ་བ་བརྩི་དགོས་པ་དང་། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཕྱིར་ཤུགས་སྣོན་བརྒྱབ་དགོས་པ་སོགས་ཀྱི་དོན་ཚན་འཁོད་པའི་ཐོག་མཚན་རྟགས་ཆེད་དུ་བཀོད་དེ་བོད་དོན་ཞུ་སྙན་ཞིག་ཀྱང་ཡོ་རོབ་གྲོས་ཚོགས་སུ་ཕུལ་འདུགདེ་བཞིན་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༣༣ ཐོུང་གིས་འདི་ལོའི་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་དང་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱིས་སྤྱིར་བསྒྲགས་ཤིག་སྤེལ་འདུག་པའི་ནང་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་འདས་པའི་ལོ་ངོ་ ༦༠ ནང་བོད་མིའི་ཆོས་དང་སྐད་ཡིག རིག་གཞུང་། ཁོར་ཡུག་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འདྲ་མིན་སྤེལ་དང་སྤེལ་མུས་ཡིན་པར་སྐྱོན་བརྗོད་དང་། འདས་པའི་མི་ལོ་ ༦༠ རིང་ལ་རྒྱ་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ཁག་ལམ་ལྷོངས་བྱུང་མེད་པ་ཐེར་འདོན་གནང་བ་དང་འབྲེལ། སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་དང་མངོན་འདོད་ལ་སྔར་ལྷག་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུ་ཡིན་ཞེས་གསུངས་འདུགསྤྱིར་ཁ་སང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་འདི་བྷེལ་ཇམ་རྒྱལ་ས་སྦར་སིལ་ཙམ་མ་ཟད་ཡོ་རོབ་རྒྱལ་ཁབ་ཅེཀ་སྤྱི་མཐུན་རྒྱལ་ཁབ་རྒྱལ་ས་ Prague ནང་གི་གྲོང་སྡེའི་ཚོགས་ཁང་ ༧༠༠ ལྷག་དང་། ཕ་ར་ན་སིའི་ས་གནས་གྲོང་སྡེ་ལྷན་ཁང་ ༡༠༠ ལྷག་དེ་བཞིན་དབྱིན་ཡུལ་གཙོས་ཡོ་རོབ་རྒྱལ་ཁབ་ཁག་གི་ས་གནས་ཁག་འདྲ་མིན་གྲོང་སྡེའི་ལྷན་ཁང་ ༡༠༠༠ མན་ཙམ་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་སྤེལ་ནས་བོད་མིའི་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་གནང་སྟེ་འདི་ལོའི་བོད་མིའི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད། ལྷག་པར་དུ་ཡོ་རོབ་རྒྱལ་ཁབ་ཁག་ཏུ་གནམ་གཤིས་གྲང་ངར་ཆེ་བ་དང་ཆར་རླུང་དྲག་པོར་ལྟོས་མེད་ཀྱིས་དབྱིན་རྒྱལ་ས་ལོན་ཊན་དང་། Austria གྲོང་ཁྱེར་ Vienna ཕ་རན་སི་རྒྱལ་ས་ Paris སུད་སི་གྲོང་ཁྱེར་ Zurich ཨི་ཊ་ལི་དང་ཇར་མ་ནི་སོགས་ཡོ་རོབ་རྒྱལ་ཁབ་ཏུ་གནས་སྡོད་བོད་མི་རྒན་གཞོན་དར་གསུམ་ནས་གསུམ་བཅུའི་དྲན་གླུ་བླངས་པ་དང་འབྲེལ། ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་མྱ་ངན་གུས་འདུད་དང་རྗེས་ཞུས་པའི་ཐོག་ནས་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་འཕྱར་ཞིང་། བོད་མིར་དྲང་བདེན་དགོས་པ་དང་། བོད་ལ་རང་དབང་དགོས་པ། རྒྱ་གཞུང་ནས་བོད་མིར་དམར་གསོད་དང་དྲག་གནོན་གྱི་དྲིད་བྱུས་ཁག་འཕྲལ་མར་མཚམས་འཇོག་བྱེད་དགོས་པ་སོགས་ཀྱི་འབོད་ཚིག་འཁོད་པའི་ཕྲེད་དར་འཕྱར་ནས་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་འདྲ་མིན་སྤེལ་ཏེ་ཁ་སང་ཡོ་རོབ་རྒྱལ་ཁབ་ནང་དུ་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་དེ་ཚ་ཚ་འུར་འུར་ངང་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།

བཞུགས་སྒར་དུ་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོ།

རྒྱ་ནག་གཞུང་ལ་བོད་མི་རིགས་ནམ་གནས་ཀྱི་བར་དུ་བོད་ཀྱི་བདེན་དོན་འཐབ་རྩོད་མུ་མཐུད་གནང་རྒྱུའི་བརྡ་ལན་དང་འབྲེལ། ཕྱི་ལོ་ ༢༠༡༩ ལོ་འདི་བཞིན་ལག་བསྟར་དམ་བཅའི་ལོར་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད།དེ་རིང་ཟླ་ ༣ ཚེས་ ༡༠ ཉིན་མོ་འདི་དེ་སྔ་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་ཁྲི་ཕྲག་བརྒལ་བས་རྒྱ་ནག་དབང་འཛིན་གྱི་དྲག་པོའི་བཙན་བཟུང་ལ་ཞི་བའི་ངོ་རྒོལ་གནང་ནས་ལོ་ངོ་ ༦༠ འཁོར་བའི་དུས་ཚིགས་གནད་ཆེ་ཞིག་ཆགས་ཀྱི་ཡོད་པ་ལྟར། དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་མགྲོན་གཙོ་བོ་ Botswana རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་བ་སྐུ་ཞབས་ Ian Khama མཆོག་དང་དམིགས་བསལ་སྐུ་མགྲོན་རྒྱ་གར་དང་ཇར་མ་ནི། ཁེ་ན་ཌ། ཨི་ཊ་ལི། སོ་ལོ་ཝ་ཀི་ཡ། ཐེ་ཝན། པེརུ། ལྷོ་ཨ་ཕི་རི་ཀ་བཅས་ཀྱི་བོད་དོན་རྒྱབ་སྐྱོར་བའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ལྷན་ཞུགས་ཐོག་ད་བར་བོད་དང་བོད་མིའི་རྩ་དོན་སླད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་རྣམས་ལ་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་ངག་བཅད་དང་སྦྲགས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་སྲུང་བརྩི་ཞུས་སོང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱིའི་རྒྱལ་ཁབ་ཁག་ནས་ཆེད་ཕེབས་གནང་བའི་སྐུ་སྒྲོན་རྣམ་པར་དམིགས་བསལ་གྱི་འཚམས་འདྲི་དང་སྦྲགས། དེ་རིང་གི་ཉིན་མོ་འདི་ནི་རྒྱ་གཞུང་གིས་བོད་ས་ཁྲིམས་འགལ་གྱི་ཐོག་ནས་བཙན་བཟུང་བྱས་པར་བོད་མིས་ཞི་བའི་སྒེར་ལངས་གནང་བའི་བོད་ཀྱི་ལོ་རྒྱུས་ཐོག་བརྗེད་དུ་མེད་པའི་ཉིན་མོ་ཞིག་ཡིན་པ་སོགས་ངོ་སྤྲོད་དང་སྦྲགས། བར་སྐབས་ནས་རྒྱ་ནག་གཞུང་གིས་ཨ་རི་སོགས་ལ་མཉམ་འབྲེལ་དང་གྲོས་མོལ་བྱེད་དགོས་སྐོར་བརྗོད་བཞིན་པ་དེ་ནི་ཁ་བཤད་ལག་ལེན་དང་མི་མཚུངས་པ་ཞིག་ཡིན་པ་དང་། གལ་སྲིད་རྒྱ་ནག་གིས་མཉམ་འབྲེལ་དང་གྲོས་མོལ་གྱི་ཐོག་ནས་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་ཁ་ཞེ་གཉིས་མེད་ལ་ཡིད་ཆེས་གནང་གི་ཡོད་ཚེ་བོད་དོན་ཐོག་ལ་དེ་དག་དངོས་སུ་ལག་བསྟར་གནང་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་གྲོས་མོལ་དབུ་འཛུགས་གནང་དགོས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚབ་རྣམས་རྒྱ་ནག་གཞུང་གི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་གནང་རྒྱུར་གྲ་སྒྲིག་ཡོད་ཅེས་ནན་བརྗོད་གནང་སོང་།སྲིད་སྐྱོང་མཆོག་ནས་རྒྱ་ནག་གཞུང་གིས་དུས་ཚོད་རིམ་སོང་ཁྲོད་བོད་ཀྱི་གནད་དོན་ཡང་རིམ་པས་ཡལ་འགྲོ་རྒྱུར་རེ་བ་བྱེད་ཀྱི་ཡོད་ཀྱང་། བོད་མི་ཚོས་བཙན་བྱོལ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་འོག་བོད་ཀྱི་ཆོས་དང་སྐད་ཡིག རིག་གཞུང་བཅས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་གནང་ཐུབ་པ་དང་། གཞིས་བཞུགས་རྒྱ་ཆེ་མི་མང་ནས་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་སྙིང་སྟོབས་ནམ་ཡང་ཞུམ་པ་མེད་པར་བོད་མི་རིགས་ཀྱི་ལ་རྒྱ་བརྟན་པོར་བཟུང་ནས་བཞུགས་ཡོད་སྟབས། བོད་མི་རིགས་ནམ་གནས་ཀྱི་བར་དུ་བོད་ཀྱི་བདེན་དོན་འཐབ་རྩོད་མུ་མཐུད་གནས་ཀྱི་རེད་ཅེས་རྒྱ་ནག་གཞུང་ལ་བརྡ་ལན་ནན་པོ་སྤྲད་ཡོད། ཐེངས་འདིའི་མཛད་སྒོའོ་ཐོག་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞིགས་ནས་ང་ཚོས་ལས་དོན་ཁག་བྱས་པ་ལས་བྱེད་རྒྱུ་མང་བ་བསྡད་ཡོད་སྟབས་འཛིན་སྐྱོང་བཀའ་ཤག་གིས་ཕྱི་ལོ་ ༢༠༡༩ ལོ་འདི་བཞིན་ལག་བསྟར་དམ་བཅའི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་ཞེས་ཡོངས་བསྒྲགས་གནང་ཡོད་པ་རེད།བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་རྒྱ་ནག་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བཟང་ཤོས་དེ་གྲོས་མོལ་གྱི་ལམ་ནས་ཡིན་པ་བསམ་ཤེས་ཐུབ་པའི་ཐོག་ཕྱོགས་གཉིས་ཀྱི་གྲོས་མོལ་གྱི་ཁོར་ཡུག་སླར་བསྐྲུན་དགོས་པའི་ནན་སྐུལ་ཞུས་ཡོད་པ་མ་ཟད། འདས་པའི་ལོ་ངོ་ ༦༠ རིང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་གངས་ཅན་ལྗོངས་འདི་བཞིན་འཛམ་གླིང་གི་ས་ཁྲའི་ནང་ནས་མཐོང་རྒྱུ་མེད་པ་བཟོ་ཐབས་བྱེད་ཡོད་ཀྱང་། བཙན་བྱོལ་ནང་འདས་པའི་ལོ་ངོ་ ༦༠ ནང་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་འོག་བོད་མི་ཤེས་ཡོན་ཅན་མང་པོ་འཚར་ལོངས་ཐུབ་རྒྱུ་དང་། བོད་ཀྱི་བདེན་མཐའ་བསལ་ཐབས་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐུབ་པ་སོགས་ཀྱི་དགེ་མཚན་ཆེན་པོ་བྱུང་ཡོད་པ་དེ་དག་ལོ་ ༦༠ འི་རྒྱལ་ཁ་ཞིག་ཏུ་གསུངས་ཡོད། མཛད་སྒོའི་སྐུུ་མགྲོན་གཙོ་བོ་ Botswana རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ Ian Khama མཆོག་གིས་ད་རེས་ཁོང་བོད་མིའི་ལྷན་དུ་དུས་ཚིགས་འདི་དྲན་གསོ་གནང་རྒྱུའི་གོ་སྐབས་བྱུང་བར་དགའ་སྤྲོ་དང་། དུས་དྲན་འདིའི་ཐོག་བོད་ཀྱི་རྒྱལ་དར་འཁོད་པའི་བོད་ཕྲུག་ལྷན་དུ་པར་རྒྱབ་ཏེ་ངས་པར་འདི་རྒྱ་ནག་གཞུང་ཚབ་ལས་ཁུངས་ལ་གཏང་གི་ཡིན་ཞེས་གསུངས་ཡོད།དེ་བཞིན་ཁོང་གིས་དེ་སྔ་ཁོང་ Botswana རྒྱལ་ཁབ་ཀྱི་སྲིད་བློན་ཡིན་སྐབས་༸གོང་ས་མཆོག་ཡུལ་དེར་གདན་ཞུ་གནང་ཚེ་རྒྱ་ནག་གཞུང་གི་གནོན་ཤུགས་འདྲ་མིན་སྤྲད་ཀྱང་མགོ་བོ་རྩ་བ་ནས་གུག་མེད་པ་དང་། ད་ཆ་ Botswana གཙོས་པའི་རྒྱལ་ཁབ་མང་པོའི་ནང་རྒྱ་ནག་གི་གནོན་ཤུགས་འོག་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་ཆེན་པོ་གཏོང་བཞིན་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་ནས་དོན་དམ་པའི་ Republic འམ་སྤྱི་མཐུན་ཞེས་པའི་ཐ་སྙད་ཀྱི་གོ་དོན་ཤེས་ཀྱི་ཡོད་ན་དང་ཐོག་མི་སེར་སྤྱི་ལ་གུས་བརྩི་དང་། འགྲོ་བ་མིའི་ཐོབ་རྣམས་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།མཛད་སྒོའི་ཐོག་གཞན་ཡང་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Shanta Kumar མཆོག་དང་ཡོ་རོབ་མཐུན་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Thomas Mann ལགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་འདྲ་མིན་རྣམས་ཀྱིས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་དེས་བོད་ཙམ་མ་ཟད་རྒྱ་ནག་སྤྱི་ལ་ཕན་པ་དང་དེ་བཞིན་རྒྱལ་སྤྱིའི་འཐབ་རྩོད་པ་རྣམ་ཀྱི་མིག་དཔེ་ཞིག་ཏུ་གྱུར་བ་མ་ཟད། བོད་མི་སྤྱི་དང་ལྷག་པར་དུ་གཞོན་སྐྱེས་རྣམས་ནས་རང་ཉིད་ཀྱི་འཐབ་རྩོད་ལ་རེ་བ་ནམ་ཡང་བརླག་རྒྱུ་ཡོད་མ་རེད་ཅེས་ལམ་སྟོན་སོགས་གནང་ཡོད།དེ་རིང་སྔ་དྲོ་གཞུང་འབྲེལ་གྱི་མཛད་སྒོ་ལེགས་པར་གྲུབ་མཚམས་སུ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བེུད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་བོད་མའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་ཐུན་མོང་གིས་གོ་སྒྲིག་གནང་བའི་ཐོག་ས་གནས་མི་མང་ཚོས་གཙུག་ལག་ཁང་ནས་དྷ་ཤོད་རྒྱ་གར་ཉེན་རྟོག་ལས་ཁུགས་ཀྱི་ཐང་ཆེན་བར་སྐད་འབོད་དང་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

བོད་རང་བཙན་སླར་གསོ་མ་བྱུང་གི་བར་རྩ་དོན་རྒྱུན་འཁྱོངས་གནང་རྒྱུའི་དམ་བཅའ་བརྟན་པོ་ཡོད།

དེ་རིང་ཟླ་ ༣ ཚེས་ ༡༠ ཉིན་མོ་འདི་ནི་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་བཙན་གནོན་ལ་མ་བཟོད་པར་བོད་མི་ཚོས་ཞི་བའི་སྒེར་ལངས་གནང་ནས་མི་ལོ་ ༦༠ ཐམ་པ་འཁོར་བའི་དུས་ཚིགས་ཡིན་པ་ལྟར། བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། རྒྱ་གར་གྱི་མངའ་སྡེ་འདྲ་མིན་ཁག་དང་བལ་ཡུལ་སོགས་ཀྱི་ས་གནས་ཁག་སུམ་ཅུ་ལྷག་ནས་ཕེབས་པའི་ལས་འགུལ་བ་དང་ས་གནས་ཀྱི་བོད་མི་བཅས་ཁྱོན་བོད་མི་ ༢༠༠༠ ལྷག་གིས་དེ་རིང་སྔ་དྲོ་རྒྱལ་ས་ལྡི་ལིའི་རཱམ་ལི་ལ་ཐང་ཆེན་ནས་ཀི་ལོ་མི་ཊར་གཉིས་ལྷག་ཞི་བའི་གོམ་བགྲོད་དང་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། ཇན་ཏར་མན་ཏར་དུ་བོད་མིར་གདུང་སེམས་མཉམ་བསྐྱེད་གནང་མཁན་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ནས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པའི་གསུང་བཤད་སོགས་ཀྱང་གནང་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ཀྱིས་ལས་འགུལ་འདི་ནི་བོད་མི་ཚོར་ཆ་མཚོན་ན་ལོ་རྒྱུས་ནང་བརྗེད་ཐབས་མེད་པའི་ཟིན་ཐོ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་བོད་རང་བཙན་སླར་གསོ་ཞུ་རྒྱུའི་ལས་འགན་ཞིག་ཡོད་སྟབས། དུས་ཚིགས་འདི་གནད་ཆེའི་རང་བཞིན་ལ་ངོས་འཛིན་ཞུས་ཏེ་ད་རེས་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་ཡོད་པ་དང་། ལས་འགུལ་འདི་བརྒྱུད་རྒྱ་ནག་གཞུང་ལ་བོད་འདི་ཁོ་ཚོས་ཧམ་བཤད་ཀྱིས་བཙན་འཛུལ་བྱས་པ་ཞིག་ཡིན་པའི་བརྡ་ལན་སྤྲོད་རྒྱུ་མ་ཟད།གཞིས་བྱེས་བོད་མི་ཚོས་བོད་རང་བཙན་སླར་གསོ་མ་བྱུང་གི་བར་རྩ་དོན་རྒྱུན་འཁྱོངས་གནང་རྒྱུ་ཡིན་སྐོར་སོགས་གསུངས་ཡོད།རྒྱ་གར་གྱི་མངའ་སྡེ་འདྲ་མིན་དང་བལ་ཡུལ་བཅས་ཕྱོགས་མཐའ་ཁག་ ༣༠ ལྷག་ནས་ཕེབས་པའི་ལས་འགུལ་བ་མི་གྲངས་ ༡༥༠༠ ལྷག་དང་ལྡི་ལིའི་ས་གནས་མི་མང་སོགས་ལས་འགུལ་བ་ཁྱོན་ ༢༠༠༠ ལྷག་གིས་ཕྱག་ཏུ་བོད་ཀྱི་རྒྱལ་དར་དང་འབོད་ཚིག་འདྲ་མིན་འཁོད་པའི་ཕྲེད་དར་བསྣམས་ནས་བོད་ཀྱི་བདག་པོ་བོད་མི་ཡིན།  རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག་སོགས་འབོད་ཚིག་སྒྲོག་བཞིན་ཇན་ཏར་མན་ཏར་བར་ངོ་རྒོལ་སྐད་འབོད་གནང་བ་མ་ཟད། ལོ་མང་རིང་གཞོན་ནུའི་ས་གནས་རྒྱུན་ལས་མུ་མཐུད་གནང་མཁན་རང་ལོ་ ༧༤ ལ་ཕེབས་པའི་ས་ལུ་ག་ར་ས་གནས་གཞོན་ནུའི་ཚོགས་གཙོ་ཟླ་བ་རྒྱལ་པོ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་ཡོངས་ཀྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་དེ་ཞི་བའི་གྲོས་མོལ་གནང་བའི་ཐོག་ནས་སེལ་ཐབས་མཛད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་ནས་དེར་ཡ་ལན་བྱེད་ཀྱི་མེད་སྟབས་ད་ཆ་ང་ཚོས་ཐབས་ལམ་གཞན་ཞིག་བརྒྱུད་ནས་དགོངས་བཞེས་གནང་དགོས་པ་དང་། དེ་ལྟར་གནང་ཚེ་རྒྱ་ནག་ལ་གྱོང་གུད་ཆེན་པོ་ཕོག་རྒྱུའི་ཉེན་བརྡ་སོགས་ཀྱང་བཏང་ཡོད།བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱལ་ས་ལྡི་ལིར་གོ་སྒྲིག་གནང་བའི་ལས་འགུལ་དེའི་སྐབས་རྒྱ་གར་གྱི་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ Bharat Tibbat Sayog Manch ལ་སོགས་པའི་ཚོགས་པ་ཁག་གཅིག་ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཇན་ཏར་མན་ཏར་གྱི་ལས་འགུལ་དེའི་ཐོག་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ BJP དང་ Aam Aadmi དེ་བཞིན་ JDU Congress ཚོགས་པ་སོགས་ཀྱི་སྐུ་ཚབ་རྣམས་དང་། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་ཁག་བཅས་ནས་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཡོད་པའི་གསུང་བཤད་སོགས་ཀྱང་གནང་ཡོད་པ་རེད།  གནས་ཚུལ་ཤེས་རྟོགས་བྱུང་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སང་ཉིན་རྒྱལ་ས་ལྡི་ལིའི་  Khan Market  ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་མ་ཟད་གནངས་ཉིན་ལས་འགུལ་ཁག་གཅིག་སྤེལ་འཆར་ཡོད་པ་རེད།

ཤེས་འཇོན་གཉིས་ལྡན་གྱི་བོད་པའི་བེུད་ཁག་ཅིག་ལ་ཆེ་བསྟོད་ཞུ་ཐོག་རྒྱལ་སྤྱིའི་བེུད་ཉིན་མོ་སྲུང་བརྩི།

བཞུགས་སྒར་དུ་བོད་པའི་སྤྱི་ཚོགས་ཁྲོད་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ཤེས་འཇོན་གཉིས་ལྡན་གྱི་བེུད་ཁག་ཅིག་གི་པར་རིས་དང་ལོ་རྒྱུས་འགྲེམས་སྟོན་བརྒྱུད་རྒྱལ་སྤྱིའི་བེུད་ཉིན་མོ་སྲུང་བརྩི་ཞུས་སོང་།དེ་རིང་ཕྱི་ཟླ་ ༣ ཚེས་ ༨ ཉིན་ International Women’s Day འམ་རྒྱལ་སྤྱིའི་བེུད་ཉིན་མོ་ཡིན་པ་དང་། དེ་རིང་ཉིན་མོ་འདིར་འཛམ་གླིང་ས་ཕྱོགས་གང་སར་གཞུང་སྒེར་ཚོགས་པ་ཁག་གིས་མང་ཚོགས་ཁྲོད་ཉིན་མོ་འདི་དང་འབྲེལ་བའི་གོ་རྟོགས་ཀྱི་གནང་སྒོ་འདྲ་མིན་སྤེལ་བཞིན་ཡོད་པ་ལྟར། བཞུགས་སྒར་དུ་སྔ་དྲོ་ཚོུད་ ༡༠ ཐོག་དྷ་ས་མེག་གྷན་ཁྲོམ་གཞུང་བཞི་མདོར་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདི་ལོའི་བེུད་ཉིན་མོའི་བརྗོད་གཞི་གཙོ་བོ་ Balance for Better འམ་ཕོ་མོ་སྤྱི་སྙོམ་ཡོང་ཐུབ་ཚེ་འཛམ་གླིང་ཇེ་ལེགས་ཡོང་ཞེས་པ་གཏན་འབེབས་གནང་དོན་ལྟར་གོ་རྟོགས་ལས་འགུལ་སྤེལ་ཡོད།སྐབས་དེར་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་བོད་མིའི་སྤྱི་ཚོགས་ཁྲོད་ཆབ་སྲིད་དང་ཤེས་ཡོན། ཆོས་ལུགས་དང་སྒྱུ་རྩལ། དེ་བཞིན་སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་ཐོག་ནས་ད་བར་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ཤེས་འཇོན་གཉིས་ལྡན་གྱི་བེུད་ཁག་ཅིག་གི་བྱས་རྗེས་ལ་ངོས་འཛིན་དང་ཆེ་བསྟོད་ཞུས་ཏེ་ཁོང་རྣམས་ཀྱི་པར་རིས་དང་ལོ་རྒྱུས་འགྲེམས་སྟོན་གནང་ཡོད། བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་སུ་དེ་རིང་གི་ཉིན་མོའི་གལ་གནད་སྐོར་བཅར་འདྲི་ཞུས་པར་ཁོང་གིས་དེ་རིང་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་རྒྱལ་ཚོགས་ཀྱིས་འདི་ལོའི་བརྗོད་གཞི་གཏན་འབེབས་གནང་བ་ལྟར་ལས་འགུལ་སྤེལ་ཡོད་པ་དང་། ལྷག་དོན་སྤྱི་ཚོགས་གང་ཞིག་ལ་མཚོན་ན་ལས་དོན་གང་གི་ཐད་ཕོ་མོ་གཉིས་སྤྱི་སྙོམ་ཡོང་ཐུབ་ཚེ་ཁྱིམ་ཚང་དང་ཚོགས་སྡེ་གང་དུའང་རྩོད་རྙོག་རིགས་ཇེ་ཉུང་སོང་ནས་འཛམ་གླིང་ཡོངས་ལ་བདེ་སྐྱིད་ལྡན་པ་ཡོང་ཐུབ་ངེས་ཡིན་སྟབས། བོད་ཀྱི་བེུད་ལྷན་ཚོགས་ནས་དེ་རིང་གི་ཉིན་མོ་དང་བསྟུན་སྤྱི་ཚོགས་ཁྲོད་བེུད་ལ་གུས་བརྩི་དང་གོ་སྐབས་གང་ཐུབ་བསྐྲུན་དགོས་པའི་རེ་འདུན་ཞུ་ཐོག་སྲུང་བརྩི་ཞུས་ཡོད་སྐོར་གསུངས་སོང་།གཞི་རྩའི་བོད་ཀྱི་བུད་མེད་ལྷན་ཚོགས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ནང་རང་དབང་སྒེར་ལངས་བྱུང་རྗེས་ཚེས་ ༡༢ ཉིན་ཆོས་གསུམ་བེུད་སྟོང་ཕྲག་མང་པོས་ཕོ་བྲང་པོ་ཏ་ལའི་མདུན་དུ་རྒྱ་གཞུང་ལ་ཞི་བའི་རྔམ་སྟོན་གནང་བ་དང་སྦྲགས། བོད་ཀྱི་བེུད་ལྷན་ཚོགས་ཐོག་མར་བཙུགས་གནང་བ་ཞིག་ཡིན་པ་དང་། ཕྱིས་སུ་ཕྱི་ལོ་ ༡༩༨༤ ཟླ་ ༩ ཚེས་ ༡༠ ཉིན་ས་གནས་ཡན་ལག་ ༡༢ ཡོད་པའི་བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་སླར་གསོ་གནང་ཞིང་ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༡༢ སྟེ་བེུད་སྒེར་ལངས་ཀྱི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་རེད། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༡༧ ལོར་བེུད་སྒེར་ལངས་ཉིན་མོ་དེ་བོད་ཀྱི་བེུད་ཉིན་མོར་སྲུང་བརྩི་གནང་རྒྱུའི་ཐག་གཅོད་གནང་ཡོད་ཀྱང་བེུད་ལྷན་ཚོགས་ནས་བཀའ་ཤག་གིས་ཉིན་མོ་དེ་བཞིན་གཞུང་འབྲེལ་གྱི་སྲུང་བརྩི་ཞུ་དགོས་པ་ལས་བེུད་ཉིན་མོ་ཞེས་སྲུང་བརྩི་ཞུ་དགོས་གལ་མེད་པར་འགྲེལ་བརྗོད་གནང་མཁན་བྱུང་ཡོད་པ་རེད།

ལྷ་སར་དྲག་པོའི་བཀའ་རྒྱ་བསྡམས་ནས་མི་ལོ་ ༣༠ འཁོར་བའི་རྗེས་དྲན་གྱི་མཆོད་འབུལ།

བོད་མིའི་སྒྲིག་འཛུགས་ཀྱིས་དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་དང་འབྲེལ། དེ་སྔ་ ༡༩༨༩ ལོར་རྒྱ་ནག་གིས་བོད་ཀྱི་རྒྱལ་ས་ལྷ་སར་དྲག་པོའི་བཀའ་རྒྱ་བསྡམས་པའི་དུས་ཚིགས་རྗེས་དྲན་དང་། མི་ལོ་ ༣༠ གོང་གི་དུས་ཚིགས་དེའི་ཁྲོད་ཚེ་སྲོག་ཤོར་བའི་བོད་ཆོལ་གསུམ་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་ལ་གདུང་སེམས་མཉམ་བསྐྱེད་དང་། རྒྱལ་གཅེས་པ་དག་གི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུས་གནང་སོང་།དེའང་ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བས་རྒྱ་ནག་གཞུང་ལ་ཞི་བའི་ཁྲོམ་སྐོར་གནང་རྗེས་རྒྱ་གཞུང་གིས་ལྷ་སར་དམག་མི་ཕོན་ཆེ་འགྲེམས་འཇོག་གིས་དྲག་པོའི་ཁྲིམས་གཞི་བསྡམས་ནས་དེ་རིང་མི་ལོ་ཧྲིལ་པོ་ ༣༠ འཁོར་བ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་ལོ་ལྟར་བཞིན་དེ་རིང་སྔ་དྲོ་ཚོུད་ ༩ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་གྲྭ་སློབ་དཔོན་ངག་དབང་སྟོབས་རྒྱལ་ལགས་དབུ་བཞུགས་ཐོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམས་ཀྱིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཙོས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། དེ་བཞིབ་དྷ་སའི་སེར་སྐྱ་མང་ཚོགས་བཅས་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་ཡོད་པ་རེད།གཞི་རྩའི་ཕྱི་ཟླ་ ༣ ཚེས་ ༨ ཉིན་མོ་ནི་དེ་སྔ་ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་རྒྱ་གཞུང་གི་དྲག་པོའི་དབང་སྒྱུར་སྲིད་བྱུས་ལ་མ་བཟོད་པར་ཞི་བའི་རྔམ་སྟོན་གནང་སྐབས་རྒྱ་གཞུང་གིས་ལྷ་སའི་ཕྱོགས་བཞི་དང་མཚམས་བརྒྱད་ལ་དྲག་པོའི་བཀའ་རྒྱ་བསྡམས་ཏེ་བོད་མིར་བསམ་ཡུལ་ལས་འདས་པའི་སྡུག་རྩུབ་དང། ཆེས་དྲག་གནོན་གྱི་སྟོབས་ཤུགས་ལག་བསྟར་འོག་བོད་མི་མང་པོའི་ཚེ་སྲོག་ཤོར་བ་དང་བོད་མི་མང་དག་ཅིག་བཙོན་དུ་དཀའ་སྡུག་མྱངས་ཡོད་པ་རེད། ཞི་བའི་རྔམ་སྟོན་དེ་ཡང་སྐབས་དེར་ལྷ་སའི་ནང་གྲྭ་བཙུན་དང་སྐྱ་བོ་ཕོ་མོའི་རུ་ཁག་ཅིག་ནས་བོད་མིའི་རང་དབང་སྒེར་ལངས་བྱུང་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩི་གནང་བའི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད།

ཐེ་ཝན་ནང་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཚོགས་པ།

ཐེ་ཝན་ནང་རྟེན་གཞི་བྱས་པའི་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་ནས་བོད་མིའི་གསུམ་བཅུའི་དྲན་ཐེངས་ ༦༠ པ་བསླེབ་ལ་ཉེ་བ་དང་བསྟུན། དེ་རིང་སྔ་དྲོ་ཐེ་ཝན་གྱི་ཆུ་ཚོད་ ༡༠ ཐོག་རྒྱལ་ས་ Taipei ནང་ཆགས་པའི་གྲོས་ཚོགས་ལྷན་ཁང་གི་རྒྱལ་སྒོ་ཨང་གཉིས་པའི་མདུན་དུ་གསར་འགོད་ལྷན་ཚོགས་ཤིག་ཚོགས་འདུགལྷན་ཚོགས་དེའི་ཐོག་ཐེ་ཝན་གྱི་ད་ལྟའི་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པའི་དྲུང་ཆེ་ Luo Wen-jia ལགས་ཀྱིས་གཙོས་པའི་ཐེ་ཝན་ལྗང་ཁུ་ཚོགས་པ་དང་། New Power Party སོགས་ཐེ་ཝན་གྱི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་དང་། ས་གནས་གྲོས་ཚོགས་འཐུས་མི། དེ་བཞིན་ཐེ་ཝན་གཞི་རིམ་སྤྱི་ཚོགས་ཁྲོད་ཚོགས་པ་ཁག་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚིགས་གཙོ་སོགས་ནས་ལྷན་ཞུགས་གནང་ཡོད་པ་རེད།སྐབས་དེར་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་དྲུང་ཆེ་ Luo Wen-jia ལགས་གཙོས་པའི་ཆབ་སྲིད་ཚོགས་པའི་སྐུ་ཚབ་རྣམས་ནས་བོད་དོན་བདེན་མཐའ་མ་གསལ་བར་དུ་ཐེ་ཝན་གཞུང་མང་དང་ཚོགས་པ་ཡོངས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཐེ་ཝན་གྱི་གྲོས་ཚོགས་སུ་མུ་མཐུད་བོད་དོན་གླེང་སློང་གནང་དགོས་པ་སོགས་ཀྱི་གསུང་བཤད་གནང་འདུགལྷག་པར་དུ་སྐབས་དེར་བཅར་བའི་གསར་འགོད་པའི་དྲི་རྩད་སོགས་ཀྱི་སྐབས་ལ། ད་ལྟའི་གཞུང་འཛིན་ཚོགས་པའི་དྲུང་ཆེས་ Luo Wen-jia ལགས་ནས། གཞུང་འཛིན་ཚོགས་པའི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་ནང་ལ་གདན་ཞུ་གནང་འདོད་ཡོད་པ་མ་ཟད། གནད་དོན་དེར་འགག་པ་བརྒྱབ་མཁན་སུ་ཅིག་ལ་ཡང་འཇིགས་སྣང་བྱེད་དགོས་དོན་མེད་སོགས་གསུངས་འདུགབོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་བཀྲིས་ཚེ་རིང་ལགས་ཀྱིས་འདི་ལོའི་གསུམ་བཅུའི་དུས་དྲན་དངོས་ཀྱི་སྐབས་སུ་ས་གནས་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ། ལྷག་པར་དུ་ཐེ་ཝན་གྲོས་ཚོགས་འཐུས་མི་སོགས་མང་ཚོགས་གང་མང་ཞིག་ལྷན་འཛོམས་ཐོག་ནས་ཐེ་ཝན་གྱི་རྒྱལ་ས་ Taipei ནང་གི་ ༢༢༨ ཞེས་པའི་དྲན་རྟེན་སྐྱེད་མོས་ཚལ་ནས་གོམ་བགྲོད་ལས་འགུལ་སྤེལ་རྒྱུ་ཡིན་པ་གསུངས་སོང་། གཞི་རྩའི་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་ནས་བསླེབ་ལ་ཉེ་བའི་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་དང་འབྲེལ། ཕྱི་ཟླ་ ༡ ཚེས་ ༡༣ ནས་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་སྤེལ་ཡོད་པ་དང་། ལས་འགུལ་དབུ་འབྱེད་ཐོག་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Freddy Lim ལགས་དང་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ Mei Lin ལགས་གཉིས་ནས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་པ་རེད།

སྐུ་ཞབས་ཇོར་ཇི་ཕར་ནན་ཌི་སི་མཆོག་ནི་༸གོང་ས་མཆོག་གི་དོན་དམ་གྲོགས་པོ་དང་བོད་དོན་ལ་ཤ་ཚ་ཡོད་མཁན་ཞིག་ཀྱང་རེད།

ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ George Fernandes  དམ་པ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་མཛད་རྗེས་བཅས་ཀྱི་ཐོག་གསུང་བཤད་ཀྱི་ལས་རིམ་ཞིག་ཚོགས་ཡོད་པ་དང་། ཁོང་དང་ཐུགས་ཉེ་ཡོད་པའི་གནད་ཡོད་ཀྱི་གྲོགས་ཕོ་མོ་ཁག་གཅིག་གི་གསུང་བཤད་གནང་རྒྱུའི་ལས་རིམ་དེའི་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་བཀའ་ཟུར་རྒྱ་རི་སྒྲོལ་མ་རྣམ་གཉིས་ནས་གསུང་བཤད་གནང་ཡོད་པ་རེད།  Institute of Social Science འམ་སྤྱི་ཚོགས་རིག་གི་ལྟེ་གནས་ཁང་ཞིག་གིས་གོ་སྒྲིག་ཞུས་པའི་མཛད་རིམ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་  George Fernandes མཆོག་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དོན་དམ་པའི་གྲོགས་པོ་ཞིག་ཡིན་པ་དང་། ཁོང་ནི་བོད་ཀྱི་བདེན་པའི་འཐབ་རྩོད་ལ་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་སྐོར་སོགས་གསུངས་པ་མ་ཟད་བོད་མིར་དཀའ་ངལ་ནམ་འཕྲད་ལ་སྐུ་ཞབས་ George མཆོག་གི་གཟིམ་སྒོ་ཕྱེ་ཕྱེ་པ་ཡིན་པ་དང་། ཁོང་རང་ཉིད་གཞོན་ནུའི་རྒྱུན་ལས་གནང་སྐབས་སུ་སྐུ་ཞབས་ George Fernandes མཆོག་གིས་གཞོན་ནུའི་ཡན་ལག་ལས་ཁུངས་ཤིག་ཁོང་སྐུ་སྒེར་གྱི་གཟིམ་ཤག་ཏུ་ཕྱེ་ན་འགྲིག་གི་རེད་ཅེས་གསུངས་ཡོད་སྐོར་དྲན་གསོ་དང་སྦྲགས། བོད་མི་ཚོར་ཁོང་ནི་ཤིན་ཏུ་ནས་བཀྲིན་ཆེན་པོ་ཡིན་སྟབས། བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་ཁོང་གི་བཀྲིན་རྗེས་དྲན་ཞུ་རྒྱུ་དང་། སྐུ་ཞབས་ George མཆོག་ད་ལྟ་དགོངས་པ་རྫོགས་ཡོད་ཀྱང་། དམ་པ་ཁོང་གི་རྣམ་དཔྱོད་དང་གཞན་ཕན་གྱི་ཀུན་སློང་དེ་ང་ཚོས་དྲན་གསོ་ཞུ་དགོས་པ་ཙམ་མ་ཟད་ལོ་རྒྱུས་ནང་མུ་མཐུད་གནས་རྒྱུའི་ཡིད་ཆེས་ཡོད་ཅེས་སོགས་གསུངས་ཡོད།Institute of Social Science  གོ་སྒྲིག་ཞུས་པའི་གསུང་བཤད་ཀྱི་ལྷན་ཚོགས་དེའི་ཐོག་རྒྱ་གར་གྱི་ཇཱ་མུ་ཀ་ཤྨིར་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་  Farooq Abdulah མཆོག་དང་གྲོས་ཚོགས་གོང་མའི་ཚོགས་མི་སྐུ་ཞབས་ KC Tyagi མཆོག།གྲགས་ཅན་གསར་འགོད་པ་  Neerja Choudhary མཆོག རྒྱ་གར་གྱི་ཚོང་ལས་དང་མཁའ་ལམ་བློན་ཆེན་སྐུ་ཞབས་  Suresh Prabhu མཆོག་གིས་དབུས་པའི་མཁས་དབང་། སྤྱི་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་སོགས་གནད་ཡོད་མི་སྣ་མང་དག་ཅིག་ནས་གསུང་བཤད་གནང་ཡོད་པ་རེད།སྐབས་དེར་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་ཟུར་པ་རྒྱ་རི་སྒྲོལ་མ་མཆོག་ནས་ཀྱང་སྐུ་ཞབས་  George Fernandes དམ་པ་ཁོང་རྒྱ་ནག་གིས་བོད་ནང་ཕྱི་ལོ་ ༡༩༥༩ ཐོག་མར་བཙན་འཛུལ་བྱེད་སྐབས་མུམ་བའེ་གྲོང་ཁྱེར་དུ་རྒྱའི་གཞུང་ཚབ་མདུན་དུ་ངོ་རྒོལ་གནང་མཁན་རྒྱ་གར་བ་ཆེས་ཐོག་མ་དེ་ཡིན་སྐོར་སོགས་གསུངས་ཡོད།རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་  George Fernandes  མཆོག་ནི་འདི་ལོའི་ཕྱི་ཟླ་ ༡ ཚེས་  ༢༩ ཉིན་དགོངས་པ་རྫོགས་ཡོད་པ་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་དབུས་པའི་འབྲེལ་ཡོད་བོད་མིའི་དཔོན་རིགས་ཁག་དང་ལྡི་ལིའི་བོད་མི་རྣམས་ནས་དམ་པ་ཁོང་གི་སྐུ་ཕུང་ཞུགས་འབུལ་དང་། ས་སྦེད་བཅས་ཀྱི་འདས་རྗེས་ཀྱི་གནང་སྒོ་ཡོངས་རྫོངས་ཐོག་ལྷན་ཞུགས་གནང་ཡོད་པ་མ་ཟད། ཁ་སང་དམ་པ་ཁོང་གི་རྗེས་དྲན་གསུང་བཤད་ལས་རིམ་ཐོག་ཏུའང་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་དབུས་པའི་ལྡི་ལི་ས་གནས་འགོ་འཛིན་དང་བོད་མིའི་ཚོགས་སྐྱིད་ཁག་གི་འཐུས་མི་བཅས་ཁྱོན་བོད་མི་ ༥༠ ལྷག་ཙམ་ཞིག་གསུང་བཤད་ཀྱི་ལས་རིམ་ཐོག་ཆེད་བཅར་ཞུས་འདུག

Latest news