Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ལ་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཕྱི་ཟླ་ ༥ པའི་ཚེས ༢༢ ཉིན་ཡུ་ཤུ་འབྲིང་རིམ་མི་མང་ཁྲིམས་ཁང་ནས་བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ལ་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག དེ་ཡང་དེ་རིང་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་ LiangXiaojun ལགས་ཀྱིས་རང་ཉིད་ཀྱི་ Twitter དྲ་གནས་ཐོག་བཀྲིས་དབང་ཕྱུག་ལགས་ལ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་སྤེལ་འདུག འདི་གའི་གསར་འགོད་པས་ཁོང་ལ་བཅར་འདྲི་ཞུས་སྐབས། རྩ་བའི་ཁྲིམས་ཐག་བཅད་པའི་སྐབས་སུ་སྐུ་ཞབས་LiangXiaojun ལགས་ཁོང་ཁྲིམས་ཁང་ནང་མེད་པ་དེ་ལྟར་ཡང། བཀྲིས་དབང་ཕྱུག་ལགས་ཀྱི་སྤུན་ཉེ་འབྲེལ་ཞིག་གི་སར་ནས་ཁོང་གི་ཁྲིམས་ཐག་དུས་ཡུན་སྐོར་ཤེས་རྟོགས་བྱུང་ཡོད་པ་དང། སྐུ་ཞབས་ Liang ལགས་རང་ཉིད་ཀྱི་ངོས་ནས་བཀྲིས་དབང་ཕྱུག་ལགས་ཀྱི་ནག་ཉེས་གང་ཡང་བསགས་མེད་པར་ངོས་འཛིན་གནང་གི་ཡོད་སྟབས། ད་རེས་ཀྱི་ཁྲིམས་ཐག་དེར་ངོས་ལེན་མེད་སྐོར་གསུངས་པ་དང་འབྲེལ། ཁོང་ནས་ཁྲིམས་ཁང་གོང་མའི་ནང་དུ་གཞུ་གཏུགས་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་འདུག རྩ་བའི་འདི་ལོའི་ཕྱི་ཟླ་ ༡ པོའི་ཚེས་ ༤ ཉིན་ཡུ་ཤུ་འབྲིང་རིམ་མི་མང་ཁྲིམས་ཁང་ནང་དུ་བཀྲིས་དབང་ལགས་ཀྱི་གྱོད་གཞིའི་ཐད་ཁྲིམས་བཤེར་བྱས་ཟིན་ཡང། ད་བར་དཔྱད་ཁྲ་གང་ཡང་མ་བཏང་བར་བཞག་ཡོད་པ་རེད། སྐབས་དེ་དུས་རྒྱ་ནག་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཨ་རི་དང་ཁེ་ན་ཌ། ཨིན་ཡུལ། འཇར་མ་ནི། དེ་བཞིན་ཡུ་རོབ་མཐུན་ཚོགས་བཅས་ཀྱི་གཞུང་ཚབ་མི་སྣ་ཡུ་ཤུ་ཁྲིམས་ཁང་དུ་ཆེད་མངགས་བསྐྱོད་ཡོད་ཀྱང། ཁོང་རྣམས་ལ་ཁྲིམས་གཏུགས་སྐབས་ཁྲིམས་ཁང་ནང་བཞུགས་རྒྱུའི་ཆོག་མཆན་སྤྲད་མེད་པ་རེད། དེ་རིང་ཁོང་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཏང་བའི་གནས་ཚུལ་ཐོན་མ་ཐག་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། བཀྲིས་དབང་ཕྱུག་ལགས་ཀྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་རྣམས་ལ་རང་གི་སྐད་དང་ཡི་གེ་སྲུང་སྐྱོབ་བྱེད་རྒྱུའི་ཐོབ་ཐང་འཁོད་པ་དེ་རྩོད་པར། ཁ་བྲལ་གྱི་ཉེས་མིང་བཙུགས་ནས་ཁྲིམས་ཐག་དེ་ལྟར་བཅད་པ་ནི་ཧ་ཅང་གི་མ་འོས་པ་ཞིག་དང་བློ་ཕམ་དགོས་པའི་གནད་དོན་ཞིག་ཡིན་པ་གསུངས་སོང་།   མ་ཟད་དེ་རིང་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་བརྒྱུད། སྲིད་སྐྱོང་བློ་བཟང་སེང་མཆོག་གིས། ད་རེས་བཀྲིས་དབང་ཕྱུག་ལགས་ལ་རྒྱལ་ཁབ་ཁ་བྲལ་བཏང་ཐབས་ཀྱི་ནག་ཉེས་འོག་ཁྲིམས་ཐག་བཅད་པ་དེ་ནི་དྲང་བདེན་མིན་པའི་བྱ་སྤྱོད་ཞིག་དང། བཀྲིས་དབང་ཕྱུག་ལགས་ནས་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་འཁོད་པའི་བོད་མིའི་སྐད་ཡིག་རང་དབང་རྩོད་བཞིན་པ་ཙམ་གྱི་བོད་ནང་བོད་མི་རྣམས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པ་གསལ་པོ་བསྟན་གྱི་ཡོད་པ་མ་ཟད། ད་རེས་ཀྱི་དཔྱད་ཁྲ་དེས་ཁྲིམས་ཀྱི་དབང་སྒྱུར་ལ་ཡིད་ཆེས་བྱེད་མཁན་རྣམས་ལ་ཡིད་སྐྱོ་བའི་ཉིན་མོ་ཞིག་ཆགས་ཡོད་པ་དང། ང་ཚོའི་ངོས་ནས་བཀྲིས་དབང་ཕྱུག་ལགས་གློད་བཀྲོལ་ཆེད་དུ་འབད་བརྩོན་མུ་མཐུད་བྱེད་རྒྱུ་ཡིན་པ་གསུངས་འདུག

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ནས་འཛིན་སྐྱོང་བཀའ་ཤག་ཁྲིམས་ཞིབ་ཁང་ལ་གཏུགས་འདུག

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པོ་ཚེ་རིང་ལགས་ཀྱིས་མ་ཉེས་ཁ་གཡོག་གི་གྱོད་གཞིའི་འོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས་སོང་། དེ་ཡང་དེ་རིང་སྔ་དྲོ་ཚོུད་༩ པའི་ཐོག་ཞུ་འབྱོར་བ་བྱང་ཨ་རིའི་སྐུ་འཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་དང་ཁོང་གི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ལགས་བཅས། བཞུགས་སྒར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་ཀྱི་ཞུ་སྙན་ཕུལ་བར་ཆེད་བཅར་ཞུས་ཡོད་པ་དང་བསྟུན། འདི་ག་རླུང་འཕྲིན་ཁང་ནས་ཞུ་འབྱོར་བ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཁྲིམས་ཁང་དུ་མ་འཛུལ་བའི་སྔོན་བཅར་འདྲི་ཞུ་སྐབས། ཁོང་གིས་ད་རེས་ཁྲིམས་ཁང་ལ་ཞུ་གཏུགས་རྒྱབ་རྒྱུའི་གྱོད་གཞི་ནི་མ་ཉེས་ཁ་གཡོག་ཐོག་ནས་ཁྲིམས་གཏུགས་བྱ་རྒྱུ་ཡིན་པ་དང། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་གང་བྱུང་བ་དེའི་བརྒྱུད་མང་ཚོགས་ཁྲོད་ལྷིང་འཇགས་ཡོང་རྒྱུའི་རེ་བ་ཡོད་པ་གསུངས་སོང་། ཡང་འདི་ག་རླུང་འཕྲིན་ཁང་ནས། དེ་རིང་སྔ་དྲོ་བཞུགས་སྒར་བཀའ་ཤག་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོ་བཞུགས་ཐོག་ཚོགས་པའི་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གསར་འགོད་ལྷན་ཚོགས་གྲོལ་མཚམས་སུ་སྲིད་སྐྱོང་མཆོག་གིས་ད་ལན་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱི་ཁྲིམས་གཏུགས་ཀྱི་གནད་དོན་དང་འབྲེལ་བཀའ་འདྲི་ཞུས་པར་བཅར་བའི་སྐབས། སྲིད་སྐྱོང་མཆོག་གིས་གནད་དོན་དེའི་ཐོག་ད་ལྟའི་ཆར་གསུངས་རྒྱུ་གང་ཡང་མེད་ཅེས་གསུངས་སོང་།

བཞུགས་སྒར་དུ་དཔལ་དུས་ཀྱི་འཁོར་ལོ་དང་འབྲེལ་བའི་བགྲོ་གླེང་ཆེས་ཐོག་མ་ཚོགས་པ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་༸སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་ཐུན་མིན་ཕྱག་ལེན་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་དང་འབྲེལ་བའི་བགྲོ་གླེང་ཆེས་ཐོག་མ་ཚོགས་གནང་སོང་། ༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་ཕྱི་ལོ་ ༡༧༥༢ ལོར་རྣམ་རྒྱལ་གྲྭ་ཚང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་བའི་ཐོག་ནས་གར་སྟེགས་དབྱངས་གསུམ་དང་བཅས་པའི་ཕྱག་ལེན་གསར་འཛུགས་གནང་བ་ལྟར། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་ཆོ་ག་ཕྱག་ལེན་དུ་མ་ཡོད་པ་ལས་དཔལ་དུས་ཀྱི་འཁོར་ལོའི་ཆོ་ག་ཕྱག་ལེན་ནི་གྲྭ་ཚང་དེའི་ཐུན་མིན་གྱི་ཕྱག་ལེན་ཞིག་ཡིན་པ་རེད། འདས་པའི་མི་ལོ་ ༢༦༠ ལྷག་རྒྱུན་འཛིན་གནང་བཞིན་པའི་དཔལ་དུས་ཀྱི་འཁོར་ལོའི་ཕྱག་ལེན་དང་འབྲེལ་ཏེ་རྣམ་གྲྭ་ཤེས་ཡོན་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་སློབ་དཔོན་ཟུར་པ་ཐུབ་བསྟན་ཆོས་འཕེལ་ལགས་རྣམ་གཉིས་དབུས་པའི་རྣམ་རྒྱལ་གྲྭ་ཚང་གི་འཛིན་རིམ་དགུ་པ་ཡན་གྱི་དགེ་འདུན་པ་རྣམས་ལྷན་འཛོམས་ཀྱིས་རྣམ་རྒྱལ་གྲྭ་ཚང་གི་ཕྱག་ལེན་དང་འབྲེལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་ཐོག་མར་མཆོད་པ་བཞེངས་སྟངས་ནས་དབུ་འཛུགས་ཐོག་སྒྲུབ་མཆོད་དངོས་གཞི་སྐབས་དང་པོ་ས་ཆོག་དང་དཀྱིལ་འཁོར་བཞེངས་སྐྲུན་གྱིས་མཚོན་པའི་གར་སྟེགས་དབྱངས་གསུམ་དང་། དཀྱིལ་འཁོར་བསྡུ་ཆོག་དང་ཀླུ་ཆོག་གནང་སྟངས་སོགས་དང་འབྲེལ་བའི་དགེ་འདུན་པ་ཚོས་ཞིབ་འཇུག་གནང་བའི་བརྗོད་གཞི་ཁག་མི་འདྲ་བ་ཉི་ཤུའི་རྩོམ་ཤོག་ཐད་ལ་བགྲོ་གླེང་གནང་གི་འདུག ཐེངས་འདིའི་བགྲོ་གླེང་གོ་སྒྲིག་གནང་མཁན་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་བགྲོ་གླེང་གི་དགོས་དམིགས་གཙོ་བོ་ནི་འདས་པའི་མི་ལོ་༢༦༠ ལྷག་རིང་༸སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་གླིང་གིས་རྒྱུན་སྐྱོང་གནང་བཞིན་པའི་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་ཆོ་ག་ཕྱག་ལེན་ཁག་ཉམས་ཞིབ་ཀྱི་ལམ་ནས་དར་ཐེར་ཡོང་ཐབས་དང་། འདས་པའི་དུས་ཡུན་ནང་ཕྱག་ལེན་གནང་སྟངས་ལ་འགྱུར་ལྡོག་དང་ཉམས་རྒུད་གང་དག་ཕྱིན་ཡོད་མེད། བསྟན་པ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་སོགས་ལ་དམིགས་ནས་ཆེད་མངགས་གོ་སྒྲིག་ཞུས་སྐོར་གསུངས་ཡོད། རྩ་བའི་རྣམ་གྲྭ་ཤེས་ཡོན་ལྷན་ཚོགས་ཀྱི་ངོས་ནས་དཔལ་དུས་ཀྱི་འཁོར་ལོ་དང་འབྲེལ་བའི་བགྲོ་གླེང་འདི་རྣམ་རྒྱལ་གྲྭ་ཚང་ནང་ཁུལ་གྱི་སྔོན་འགྲོ་བགྲོ་གླེང་གནང་བ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་དང། ཤེས་རྟོགས་བྱུང་བར་ཕྱི་ལོ་ ༢༠༡༩ ལོའི་བོད་ཟླ་ ༣ ཚེས་ ༡ ནས་ ༣ བར་བཞུགས་སྒར་དུ་རྣམ་གྲྭ་ཤེས་ཡོན་ལྷན་ཚོགས་ཀྱི་ངོས་ནས་རྐང་འགན་བཞེས་ཐོག་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་གསུམ་གྱི་དུས་ཆེན་དང་འབྲེལ་ནས་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་ཞིག་ཀྱང་འཚོགས་འཆར་འདུག

སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་འཇར་མན་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཚོགས་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་འཇར་མན་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཞིག་ཚོགས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ཚེ་ Germany ནང་རྟེན་གཞི་བྱས་པའི་བོད་ཀྱི་ཁང་པ་དང་བོད་རིགས་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག་ཟླ་ ༥ ཚེས་ ༡༢ ཉིན་ཕྱི་དྲོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་ཡུལ་དེའི་ Hesse མངའ་སྡེའི་ Frankfurt གྲོང་ཁྱེར་ནང་དུ་ Germany གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཞིག་ཚོགས་འདུག་པ་དང་། དེའང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཕྱི་ལོ་ ༢༠༡༨ ལོ་འདི་རྒྱ་གར་གཙོ་གྱུར་འཛམ་གླིང་གཞུང་མང་ཡོངས་ནས་ད་བར་བོད་དོན་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་གནང་རྒྱུར་ལམ་སྟོན་གནང་བ་བཞིན་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་སྔོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་བོད་མི་མང་ཚོགས་ཀྱི་དཀའ་སྡུག་མྱངས་པའི་གནད་དོན་རྣམས་དྲན་གསོ་དང་སྦྲགས། བཙན་བྱོལ་ནང་ཐོག་མར་འབྱོར་བ་ནས་བཟུང་ད་བར་སྐྱབས་བཅོལ་དུ་རང་གི་ཆོས་དང་རིག་གཞུང་རྣམས་བསྐྱར་གསོ་གནང་བའི་བརྒྱུད་བོད་མི་རྣམས་ལོ་ངོ་ ༦༠ ཙམ་གྱི་རིང་འཚོ་གནས་ཐུབ་ཡོད་པ་དང་། དེའང་གཙོ་བོ་འཛམ་གླིང་མི་མང་གིས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་བརྟེན་ནས་འཚོ་གནས་ཐུབ་ཡོད་སྟབས། ད་རེས་འཛམ་གླིང་མི་མང་དང་འཇར་མ་ནི་གཞུང་མང་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད། ལས་རིམ་དེའི་ཐོག་ Frankfurt གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Uwe Becker ལགས་དང་ German གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་སྐུ་ཞབས་ Michael Brand ལགས་རྣམ་གཉིས་ཆེད་ཕེབས་གནང་ཡོད་པ་ལྟར། ཁོང་གཉིས་ཀྱིས་བོད་མི་དང་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་གནང་བ་དང། ལྷག་པར་དུ་སྐུ་ཞབས་ Michael Brand ལགས་ཀྱིས་སྐབས་དེར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཕྱུག་པོ་ཡོད་པ་དེ་དག་རྩ་བརླག་འགྲོ་ཉེན་ཡོད་པར་བློ་འཚབ་ཡོད་པ་དང་། Hesse མངའ་སྡེ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབར་དམིགས་བསལ་གྱི་འབྲེལ་བ་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༩ པའི་ནང་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་གནང་གཏན་ཁེལ་བར་དགའ་ཚོར་ཆེན་པོ་བྱུང་སྐོར་འགྲེལ་བརྗོད་གནང་འདུག རྩ་བའི་སྲིད་སྐྱོང་མཆོག་ནས་ཐེངས་འདིའི་ Germany ནང་འཚམས་གཟིགས་ཀྱི་གོ་སྐབས་དང་བསྟུན་ཚེས་ ༡༡ སྔ་དྲོ་ Hesse མངའ་སྡེའི་རྒྱལ་ས་ Weisbaden ནང་མངའ་སྡེའི་གྲོས་ཚོགས་སུ་ཆེད་ཕེབས་ཀྱིས་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Norbert Kartmarnn ལགས་དང་། ཧེ་སེ་མངའ་སྡེའི་བློན་ཆེན། གྲོས་ཚོགས་འཐུས་མི་དང་ཆབ་སྲིད་ཚོགས་པ་ཁག་གི་འཐུས་མི་བཅས་དང་ལྷན་དུ་མཇལ་འཕྲད་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གི་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ངོ་སྤྲོད་དང་འབྲེལ། ཨ་རིའི་གཞུང་གི་ངོས་ནས་ཡོངས་བསྒྲགས་ཐོག་རྒྱབ་སྐྱོར་མངོན་གསལ་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱ་ནག་གཅིག་གི་སྲིད་བྱུས་དང་ཡོངས་སུ་མཐུན་སྐོར་གསུངས་པ་མ་ཟད་རྒྱ་ནག་གཞུང་གིས་དཔལ་འབྱོར་སྟོབས་ཤུགས་ངོམ་ནས་གནོན་ཤུགས་ཇེ་ཆེར་འགྲོ་བ་བཞིན་པའི་ཁྲོད་རྒྱལ་སྤྱིའི་གཞུང་ཚོགས་ཁག་ནས་བཞེངས་ཕྱོགས་བརྟན་པོ་གནང་དགོས་གལ་ཡིན་པ་གསུངས་འདུག

བཙན་བྱོལ་བོད་མིའི་ལག་ཤེས་སྦྱོང་བརྡར་ཁང་ཁག་གི་ཚོགས་འདུ་ཐེངས་དང་པོ་སྐོང་ཚོགས་གནང་སོང།

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ཚན་པའི་གོ་སྒྲིག་འོག དེ་རིང་བཞུགས་སྒར་དུ་རྒྱ་གར་དང་བལ་ཡུལ་ཁུལ་གྱི་བཙན་བྱོལ་བོད་མིའི་ལག་ཤེས་སྦྱོང་བརྡར་ཁང་ཁག་འདུ་སྐོང་གི་ཚོགས་འདུ་ཐེངས་དང་པོ་དབུ་འཛུགས་གནང་བ་དང་འབྲེལ། ནང་སྲིད་བཀའ་བློན་མཆོག་གིས། འབྲེལ་ཡོད་ཁག་ནས་དེང་དུས་ཀྱི་དུས་ཚོད་མཐུན་པའི་ཚད་མཐོའི་ལག་ཤེས་སྦྱོང་བརྡར་སྤྲོད་རྒྱུའི་དགོངས་པ་བཞེས་དགོས་ཞེས་གསུངས་སོང། ཐེངས་འདིའི་བཙན་འབྱོལ་བོད་མིའི་ལག་ཤེས་སྦྱོང་བརྡར་ཁང་ཁག་གི་ཚོགས་འདུ་ཐེངས་དང་པོའི་དེའི་ཐོག་ལ། རྡ་ས་བོད་ཕྲུག་ཁྱིམ་སྡེ་འཁྱབས་ཁོངས་ཀྱི་བལ་ཡུལ་ Pokhra ལག་ཤེས་སློབ་གཉེར་ཀང་དང་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་ཁུལ་གྱི་ཡོད་པའི་ Selakui ལག་ཤེས་སློབ་གཉེར་ཁང། བདེ་སྐྱིད་གླིང་རུམ་ཐག་བཟོ་གྲྭ། རྡ་ས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང། ར་སྤུར་བེུད་ཚོགས་པའི་བཟོ་གྲྭ ཤེས་རབ་དགའ་ཚལ་སློབ་གླིང། མ་སུ་རི་བོད་ཁྱིམ་ལག་ཤེས་སློབ་གཉེར་ཁང། སྦེང་ལོར་ནི་ལ་མངྒ་ལ་ལས་རིགས་སྦྱོང་བརྡར་ལྟེ་གནས་ཁང། རྡ་ས་མདུན་ལམ་སློབ་སྟོན་ཁང། དེ་བཞིན་འབྲེལ་ཡོད་མོན་གྷོ་དང། སྦེལ་ཀོབ་བདེ་སླར། མེའོ་ཆོས་འཕེལ་གླིང་དང། དེ་བཞིན་རྡ་ས་བཅས་ཀྱི་སྤྱི་མཐུན་མཉམ་འབྲེལ་བཅས། རྒྱ་གར་དང་བལ་ཡུལ་གྱི་ས་གནས་ཁག་༡༠ནས་འབྲེལ་བའི་ལག་ཤེས་སྦྱོང་བརྡར་ཁང་ཁག་དང་ཚོགས་པ་ཁག་གི་འགན་འཛིན་དང་སྐུ་ཚབ་༡༤་དང། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ཚན་པའི་ལས་བྱེད་བཅས་ཁྱོན་ཚོགས་བཅར་བ༡༨ཕེབས་འདུག

ཡོ་རོབ་དང་བོད་མིའི་དབར་མུ་མཐུད་གྲོས་བསྡུར་སྦྱང་བཤད་གནང་གལ་ཡིན་པ་གསུངས་སོང་།

དེ་རིང་ཟླ་ ༥ ཚེས་ ༡༠ ཉིན་སྔ་དྲོ་ཆུ་ཚོད་ ༩༌༣༠ ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ་ཉེ་ཆར་ཕྱི་ཚེས་ ༧ ཉིན་ནས་ཞུགས་སྒར་དྷ་རྨ་ས་ལར་འཚམས་གཟིགས་གནང་བཞིན་པའི་ཡོ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་རྣམས་ནས་ཐེངས་འདིའི་འཚམས་གཟིགས་དང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བའི་བརྒྱུད་ཡོ་རོབ་དང་བོད་མིའི་དབར་རང་སྲིད་རང་སྐྱོང་གི་གནད་དོན་གཙོས་གནད་དོན་མང་དག་ཐོག་མུ་མཐུད་གྲོས་བསྡུར་སྦྱང་བཤད་གནང་དགོས་གལ་དུ་གཟིགས་སྐོར་གསུངས་སོང་། དེ་ཡང་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་པ་ཡོ་རོབ་གྲོས་ཚོགས་འཐུས་མི་དང་ཡོ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Thomas Mann ལགས་ནས་འདས་པའི་ཉིན་ཤས་ཁྲོད་ཁོང་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་གཙོ་གྱུར་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་དང་ཉེ་འཁོར་གྱི་སློབ་གྲྭ་སོགས་ལ་འཚམས་གཟིགས་གནང་བ་དང་དེ་བཞིན་གྲོས་བསྡུར་ལྷུག་པོ་བྱུང་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ད་ལྟའི་ཆར་ཡོ་རོབ་ཁུལ་དུ་བོད་མི་ནང་བཞིན་རང་སྲིད་རང་སྐྱོང་གི་གནས་བབ་དང་། རང་དབང་གཙང་མའི་གནས་བབ། གྲངས་ཉུང་མི་རིགས་ཀྱི་རང་དབང་སོགས་རྩོད་ལེན་གནང་མཁན་མི་ཉུང་བ་ཞིག་ཡོད་སྟབས། ཡོ་རོབ་དང་བོད་མིའི་དབར་ཆབ་སྲིད་ཀྱི་གནད་དོན་སྤྱི་དང་སྒོས་རང་སྲིད་རང་སྐྱོང་གི་གནས་བབ་དང་འབྲེལ་དོན་དམ་པའི་རང་སྲིད་རང་སྐྱོང་གི་རྩ་འཛིན་དང་ལྟ་གྲུབ་གང་འདྲ་དགོས་མིན། ད་བར་རང་སྐྱོང་རྩོད་ལེན་གནང་མཁན་ཁག་ཅིག་ལ་གྲུབ་འབྲས་མ་སོན་པའི་རྒྱུ་རྐྱེན་གང་ཡིན་སོགས་ཀྱི་གནད་དོན་མང་དག་ཐོག་མུ་མཐུད་གྲོས་བསྡུར་སྦྱང་བཤད་གནང་རྒྱུ་གནད་ཆེར་གཟིགས་སྐོར་གསུངས་སོང་། གཞན་ཡང་སྐབས་དེར་ཡོ་རོབ་རྒྱལ་ཁབ་ Romania ནས་ཡིན་པའི་ཡོ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Csaba Sogor མཆོག་ནས་རིན་བཞིན་མ་འོངས་པར་རྒྱ་ནག་དམར་པོའི་སྲིད་གཞུང་ལ་འགྱུར་བ་ཞིག་འགྲོ་རྒྱུ་ངེས་ཡིན་པ་རེད། རྒྱ་ནག་རང་དུ་འགྱུར་བ་ཕྱིན་པའི་དུས་སྐབས་དེར་བོད་མི་ཚོའི་ངོས་ནས་གྲ་སྒྲིག་དང་གོ་སྐབས་དམ་འཛིན་གནང་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་གསུངས་སོང་། ཡོ་རོབ་ Barcelona ནས་ཡིན་པའི་ཡ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ramon Tremosa ལགས་ཀྱིས་ཁ་སང་བོད་ཀྱི་འགྲེམས་སྟོན་ཁང་དུ་གཟིགས་སྐོར་གནང་སྐབས་རྒྱ་ནག་གཞུང་གིས་བོད་མིར་མནར་གཅོད་བཏང་སྟངས་དང་། བོད་མིའི་རང་སྲེག་གི་གནད་དོན་སོགས་རྒྱུས་ལོན་བྱུང་བར་བརྟེན་ཁོང་སྒེར་ལ་རང་དབང་ཡོད་པ་དེ་རང་དབང་མེད་མཁན་ཚོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་མུ་མཐུད་འབད་བརྩོན་བྱ་རྒྱུའི་ཆོད་སེམས་འཕར་མ་ཞིག་སྐྱེས་བྱུང་ཞེས་གསུངས་ཡོད། གཞི་རྩའི་ཡོ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པ་གསུམ་ནས་འདས་པའི་ཉིན་གྲངས་བཞིའི་རིང་བཞུགས་སྒར་ཁུལ་དུ་འཚམས་གཟིགས་གནང་བ་ཙམ་མ་ཟད།  ཁ་སང་ཁོང་རྣམས་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་དང་མཇལ་མོལ་ཞུས་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་ཁོང་རྣམས་ལ་ཡོ་རོབ་མཐུན་ཚོགས་ཀྱི་ལས་དོན་ལ་བསྔགས་བརྗོད་དང་སྦྲགས་ཏེ་འགྲོ་བ་མིའི་སེམས་ཀྱི་ཞི་བདེ། རྒྱལ་སྤྱིའི་ཐོག་ཞི་བདེ་བསྐྲུན་ཐབས་གནང་གལ་ཡིན་པ་སོགས་ཀྱི་ལམ་སྟོན་རྒྱ་ཆེ་མཛད་འདུག གསར་འགོད་ལྷན་ཚོགས་གྲུབ་མཚམས་སུ་ཐེངས་འདིའི་འཚམས་འཟིགས་གོ་སྒྲིག་ཞུ་མཁན་ Brussel སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་སུ་བཅར་འདྲི་ཁག་ཅིག་ཞུས་པར་སྐུ་ཚབ་རྣམས་ཆེད་མངགས་བཞུགས་སྒར་དུ་ཕེབས་ནས་༸གོང་ས་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་མཀའ་མོལ་གནང་བ་དེས་རྒྱ་ནག་གི་སྟོབས་ཤུགས་རྒྱལ་སྤྱིའི་ཐོག་རྒྱ་སྐྱེད་འགྲོ་མིན་ལ་ལྟོས་མེད་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་མུ་མཐུད་འབྱུང་བཞིན་པའི་རྣམ་པ་མངོན་གསལ་ཞིག་མཚོན་གྱི་ཡོད་པ་གསུངས་སོང་།

འབྱུང་འགྱུར་བོད་ཀྱི་མདུན་ལམ་དང་འབྲེལ་བའི་གཞོན་སྐྱེས་ལྔ་དང་ལྔ་བཅུའི་ཚོགས་འདུ་འཚོགས་རྒྱུ།

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་འདི་ལོ་ཟླ་ ༨ ནང་བཞུགས་སྒར་དྷརྨ་ས་ལར་རྒྱ་བལ་འབྲུག་གསུམ་གཙོ་གྱུར་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མིའི་ཁྲོད་ནས་བོད་རིགས་གཞོན་སྐྱེས་གྲངས་ ༡༠༠ འདེམས་སྒྲུབ་ཀྱིས་ ‘Five-Fifty Youth Forum: Shaping Tibet’s Future’ འམ་འབྱུང་འགྱུར་བོད་ཀྱི་མདུན་ལམ་ཞེས་པའི་གཞོན་སྐྱེས་ལྔ་དང་ལྔ་བཅུའི་ལྷན་ཚོགས་ཤིག་འཚོགས་གནང་རྒྱུ་རེད་འདུག རླུང་འཕྲིན་ཁང་ནས་རིང་མིན་འཚོགས་རྒྱུའི་གཞོན་སྐྱེས་ལྔ་དང་ལྔ་བཅུའི་ཚོགས་འདུ་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་སུ་བཅར་འདྲི་ཞུས་ཡོད།

ང་ཚོས་བོད་ཀྱི་གནད་དོན་ཐོག་དུས་ནམ་ཡང་ཁུ་སིམ་པོར་བསྡད་ཀྱི་མ་རེད།

བོད་མིའི་སྒྲིག་འཛུགས་ཀྱིས་བཞུགས་སྒར་དུ་ཆེད་ཕེབས་གནང་བའི་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Thomas Mann མཆོག་དང་ Csaba Sogor མཆོག དེ་བཞིན་ Ramon Tremosa མཆོག་རྣམ་པ་གསུམ་གྱིས་གཙོས་འབྲེལ་ཡོད་ལས་བྱེད་བཅས་ལ་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་བ་དང་། སྐུ་ཞབས་ Thomas Mann མཆོག་གིས་སྐབས་དེར་ང་ཚོའི་ངོས་ནས་བོད་མིའི་རང་དབང་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད་པ་མ་ཟད་དུས་ནམ་ཡང་བོད་ཀྱི་གནད་དོན་ཐོག་ཁུ་སིམ་པོར་བསྡད་ཀྱི་མ་རེད་ཅེས་གསུངས་སོང་། ཁ་སང་ཟླ་ ༥ ཚེས་ ༧ ཉིན་རྒྱབ་ཚོུད་ ༤༌༣༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་ཚོགས་ཁང་གསར་པར་ཚོགས་པའི་སྣེ་ལེན་མཛད་སྒོ་དེའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲིད་ཞུ་བ། དེ་བཞིན་དྷ་ས་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ཕེབས་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་དེར་སྐུ་མགྲོན་རྣམ་པ་གཉིས་ལ་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་རེ་རེ་བཞིན་ངོ་སྤྲོད་དང་འབྲེལ། ད་བར་ཡོ་རོབ་གྲོས་ཚོགས་དང་ཡོ་རོབ་མཐུན་ཚོགས་ནས་བོད་ཀྱི་གནད་དོན་ཐོག་ལ་རྒྱུན་ཆད་མེད་པར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་སོང་བ་དང་། ཡོ་རོབ་གྲོས་ཚོགས་སུ་ད་བར་བོད་ཀྱི་གནད་དོན་དང་འབྲེལ་བའི་གྲོས་ཆོད་འཇོག་གནང་ཐུབ་པ་ནི་གཙོ་བོ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བརྟེན་ནས་ཡིན་པ་དང་། མ་འོངས་པར་ཡོ་རོབ་གྲོས་ཚོགས་ནས་བོད་ཀྱི་གནད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་དང་གྲོས་ཆོད་གང་མང་འཇོག་གནང་ཡོང་བར་འབོད་སྐུལ་ཞུས་པ་དང་ཆབས་ཅིག དེ་བཞིན་ཨ་རི་གཞུང་དང་ཕོ་བྲང་དཀར་པོའི་ངོས་ནས་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བ་ལྟར། ཡོ་རོབ་གྲོས་ཚོགས་ནས་གཞུང་འབྲེལ་ཐོག་རྒྱབ་སྐྱོར་གྱིས་༸གོང་ས་མཆོག་དང་རྒྱ་ནག་དབར་འབྲེལ་མོལ་འམ་བོད་རྒྱའི་བཀའ་རྙོག་སེལ་རྒྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བར་རེ་སྐུལ་ཞུས་ཡོད་པ་རེད། སྐབས་དེར་ཡོ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Thomas Mann མཆོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ལས་དོན་ཁག་ལ་ཡི་རང་བསྔགས་བརྗོད་གནང་བ་དང་འབྲེལ། ད་རེས་ཁོང་རྣམས་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་པ་འདི་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཞུ་བའི་ཐོག་ནས་མ་འོངས་པར་བོད་མི་ཚོའི་སེམས་ནང་ཡོ་རོབ་མཐུན་ཚོགས་དང་ཡོ་རོབ་གྲོས་ཚོགས་ལ་ཡིད་ཆེས་དང་རེ་བ་བརྟན་པོ་ཡོང་བའི་ཐུགས་རེ་ཡོད་ཅེས་གསུངས་སོང་། ལྷག་པར་དུ་ཁོང་གིས་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་འབྲེལ་ཏེ་བོད་མི་ཚོར་རང་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་། དེ་བཞིན་བོད་དོན་འཐབ་རྩོད་ཆེད་འཚོ་གནས་ཐུབ་རྒྱུའི་ཐོབ་ཐང་ཡོད་སྐོར་གསུངས་པ་དང་ཆབས་ཅིག ང་ཚོའི་ངོས་ནས་བོད་མིའི་རང་དབང་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད་པ་དང་དུས་ནམ་ཡང་བོད་ཀྱི་གནད་དོན་ཐོག་ཁུ་སིམ་པོར་བསྡད་ཀྱི་མ་རེད་ཅེས་གསུངས་སོང་། གཞུང་འབྲེལ་དགའ་བསུའི་མཛད་སྒོ་གྲུབ་མཚམས་སུ་ཡོ་རོབ་རྒྱལ་ཁབ་ Romania ནས་ཡིན་པའི་ཡོ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Csaba Sogor མཆོག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་པར་ད་རེས་ཁོང་འདིར་ཕེབས་དོན་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་ལ་ཡི་རང་བསྔགས་བརྗོད་དང་བོད་མི་ཚོའི་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་དང་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་མཚོན་ཆེད་དུ་ཕེབས་པ་ཞིག་ཡིན་སྐོར་གསུངས་སོང་། དེ་སྔ་དུས་སྐབས་ཤིག་ལ་ང་ཚོ་ Romania མི་རིགས་ལ་བོད་མི་ཚོ་ལྟར་དམར་པོའི་གཞུང་གིས་དབང་ཆ་གཅིག་བསྡུས་རིང་ལུགས་འོག་དྲག་གནོན་དང་། སྐད་ཡིག རིག་གཞུང་ཚང་མ་མེད་པ་བཟོས་ཡོད་པ་མ་ཟད། མང་ཚོགས་ཚོར་དཀའ་སྡུག་ཚད་མེད་བཏང་ཡོད་པ་སོགས་གསུངས་པ་དང་འབྲེལ། མ་འོངས་པར་རྒྱ་ནག་གི་འགོ་ཁྲིད་ཚོའི་བསམ་བློ་ལ་འགྱུར་བ་ཞིག་འགྲོ་རྒྱུར་རེ་བ་ཡོད་པ་དང་། རྒྱ་ནག་ནང་དུ་འགྱུར་བ་ཕྱིན་པའི་དུས་སྐབས་དེར་བོད་མི་ཚོའི་ངོས་ནས་གྲ་སྒྲིག་དགོས་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་གསུངས་ཡོད། དེ་བཞིན་ཡ་རོབ་གྲོས་ཚོགས་འཐུས་མི་སི་པན་གྱི་དཔལ་འབྱོར་རིག་པའི་མཁས་དབང་སྐུ་ཞབས་ Ramon Tremosa ལགས་ཀྱིས་འདས་པའི་ལོ་རྒྱུས་ཁྲོད་ནས་སློབ་གསོ་མང་པོ་ཞིག་ལེན་རྒྱུ་ཡོད་པ་རེད། དྲག་གནོན་དང་དམག་ཤུགས་ཀྱིས་སྐྱོང་བའི་དུས་ཚོད་དེ་ཡོལ་ཟིན་པ་རེད། དེས་ན་བོད་མི་ཚོས་གདེང་ཚོད་ལྡན་པའི་ཐོག་དྲག་གནོན་ལ་ཞི་བའི་སྒོ་ནས་གདོང་ལེན་གནང་སྟེ་གོམ་སྟབས་མུ་མཐུད་རྒྱུན་སྐྱོང་གནང་དགོས་ཞེས་གསུངས་ཡོད་པ་མ་ཟད། ནམ་ཞིག་ཞི་བའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ངེས་ཡིན་པ་དང་། དམག་ཤུགས་དང་དྲག་གནོན་ལ་བརྟེན་པའི་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་དེར་རྒྱུན་སྐྱོང་དང་ཕུགས་ཀྱི་རྒྱལ་ཁ་ཐོབ་ཀྱི་མ་རེད་ཅེས་གསུངས་ཡོད་པ་རེད། གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་སྐུ་ཚབ་ཚོ་ད་རེས་བཞུགས་སྒར་དུ་ཕེབས་པའི་གལ་གནད་སྐོར་བཀའ་འདྲི་ཞུས་པར་ད་རེས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་འདིར་དངོས་སུ་ཕེབས་པ་འདིས་བོད་ཀྱི་གནད་དོན་ཐོག་ལ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། ལྷག་དོན་བོད་ནང་གི་བོད་མི་ཚོར་རེ་བའི་བརྡ་ལན་ཞིག་དང་རྒྱ་གཞུང་ལ་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་དགོས་གལ་ཡིན་པའི་བརྡ་ལན་ཞིག་མཚོན་གྱི་ཡོད་པ་གསུངས་སོང་།

རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་ཧི་མཱ་ལ་ཡའི་ས་མཚམས་ཁུལ་དུ་རྩོད་རྙོག་ཆེན་པོ་འབྱུང་བཞིན་པ།

ཁ་སང་ཟླ་ ༥ ཕྱི་ཚེས་ ༧ ཉིན་རྒྱབ་ཆུ་ཚོད་ ༣༌༣༠ ཐོག་བཞུགས་སྒར་དྷ་རྨ་ས་ལའི་བདེ་དོན་ཚོགས་ཁང་དུ་ཧི་མཱ་ལ་ཡའི་ཁྱིམ་ཚང་ཚོགས་པས་གོ་སྒྲིག་འོག་བོད་དང་རྒྱ་གར་གྱི་རིག་གཞུང་འབྲེལ་ལམ་དང་ཧི་མཱ་ལ་ཡའི་བདེ་འཇགས་ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་པ་རེད། ཚོགས་འདུའི་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་ RSS རྒྱལ་ཞེན་ཚོགས་པའི་དབུ་ཁྲིད་དང་འཕགས་བོད་འབྲེལ་མཐུད་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ Indresh Kumar ལགས་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས། བཞུགས་སྒར་ཉེ་འཁོར་གྱི་བོད་དོན་རྒྱབ་ཚོགས་པའི་ཚོགས་མི་དང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་ས་གནས་མི་མང་ཁག་ཅིག་བཅས་ནས་མཉམ་ཞུགས་གནང་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་སྐུ་ཞབས་ Indresh Kumar ལགས་ནས་ཁོང་ད་རེས་བཞུགས་སྒར་ཁུལ་དུ་ཕེབས་དགོས་དོན་གཙོ་བོ་ནི་ས་གནས་མི་མང་གི་དཀའ་ངལ་ཤེས་རྟོགས་ཐུབ་ཐབས་དང་རྒྱ་གར་དང་ཧི་མཱ་ལ་ཡ་སྤྱི་ཡོངས་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་ཡིན་སྐོར་འགྲེལ་བརྗོད་དང་སྦྲགས། དེ་སྔ་བོད་དང་རྒྱ་གར་ཙམ་མ་ཟད་ཧི་མཱ་ལ་ཡིའི་རྒྱལ་ཁབ་ཕན་ཚུན་དབར་སྤུན་མཆེད་ལྟར་འབྲེལ་བ་དམ་ཟབ་ཡོད་ཁར་ཧི་མཱ་ལ་ཡའི་ས་མཚམས་ས་ཁུལ་དུ་ཉེན་རྟོག་མི་སྣ་ ༧༨ ལས་མེད་ཀྱང་རྩོད་རྙོག་དང་ཟང་ཟིང་། དེ་བཞིན་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་གང་ཡང་ཡོང་གི་མེད་པ་གསུངས་སོང་། འོང་ཀྱང་རིམ་པས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་འཕགས་བོད་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དམར་གྱི་དམག་མི་འབུམ་གཉིས་ཙམ་ཆེད་གཏོང་བྱས་ཡོད་སྟབས། རྒྱ་གར་གཞུང་ནས་ཀྱང་རང་ཉིད་ཀྱི་ས་མཚམས་སྲུང་སྐྱོབ་གནང་ཆེད་དུ་དམག་མི་འབུམ་གཉིས་ཙམ་དང་མ་དངུལ་སྒོར་ས་ཡ་མང་པོ་གཏོང་དགོས་པའི་གནང་སྟངས་འབྱུང་བཞིན་ཡོད་པ་མ་ཟད། ཧི་མཱ་ལ་ཡིའི་ཁྱིམ་མཚེས་རྒྱལ་ཁབ་སྤྱི་ཡོངས་ཀྱི་ས་མཚམས་ས་ཁུལ་དུ་རྩོད་རྙོག་ཆེན་པོ་འབྱུང་བཞིན་ཡོད་པ་སོགས་གསུངས་ཡོད། དེ་བཞིན་ཁོང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པ་བྱུང་ཚེ་རྒྱ་དཀར་ནག་གཉིས་དང་བོད་བཅས་ཀྱི་ས་མཚམས་ཁུལ་ཙམ་མ་ཟད། ཧི་མཱ་ལའི་བདེ་འཇགས་སྲུང་སྐྱོབ་དང་ཞི་བདེ་ལྷིང་འཇགས་ཡོང་ངེས་ཡིན་སྟབས། རྒྱ་ནག་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་མིའི་སྒྲིག་འཛུགས་དང་ངེས་པར་དུ་གྲོས་མོལ་གནང་དགོས་པའི་སྐུལ་མ་གནང་བ་དང་ཆབས་ཅིག མ་འོངས་པར་ཁོང་ནས་རིམ་བཞིན་བོད་དོན་ཆེད་རྒྱ་གར་རྒྱལ་ཡོངས་ནང་ལ་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དང་། རྒྱལ་སྤྱིའི་སྟེང་བོད་དོན་ཚོགས་ཆེན། དེ་བཞིན་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཚོགས་ཆེན་སོགས་བསྐོང་ཚོགས་གནང་འཆར་ཡོད་པ་གསུངས་ཡོད། གཞི་རྩའི་སྐུ་ཞབས་ Indresh Kumar ལགས་ཉེ་ཆར་ཟླ་བ་འདིའི་ཚེས་ ༥ དང་ ༦ བཅས་སུ་རྒྱ་གར་གྱི་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེ་ནང་རྟེན་གཞི་བྱས་པའི་མཾཌཱི་ཁུལ་དུ་ Bharat Tibet Sahyog Manch འམ་འཕགས་བོད་འབྲེལ་མཐུད་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་ཆེད་ཕེབས་གནང་བ་དང་བསྟུན། ཚོགས་ཆེན་དེ་གྲུབ་མཚམས་སུ་བཞུགས་སྒར་གཙོས་པའི་མཚོ་པདྨ་དང་སྦིར་སོགས་བོད་མིའི་གནས་སྡོད་ཀྱི་ས་གནས་སོ་སོར་འཚམས་གཟིགས་དང་བོད་མི་གཙོས་བོད་དོན་རྒྱབ་སྐྱོར་བ་ཚོར་གསུང་བཤད་གནང་གི་ཡོད་པ་རེད།

Latest news