Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

རྒྱ་གར་གྱིས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་མ་རེད།

ཁ་སང་ཟླ་ ༡༠ ཚེས་ ༡༦ ཉིན་རྒྱལ་ས་ལྡི་ལིའི་ནང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་བོད་དོན་དང་འབྲེལ་བའི་མཁས་པའི་བགྲོ་གླིེང་ཞིག་ཚོགས་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་གཞུང་འཛིན་ BJP ཆབ་སྲིད་ཚོགས་པའི་མགྲིན་ཚབ་པ་ལྕམ་སྐུ་ Meenakshi Lekhi  མཆོག་ནས་རྒྱ་གར་གྱིས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཏུ་ངོས་འཛིན་གནང་གི་མེད་པ་དང་བོད་དེ་མངའ་ཁོངས་གཞན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་རེད་ཅེས་གསུངས་སོང་། དེ་ཡང་རྒྱལ་ས་ལྡི་ལིའི་ India International  ལྟེ་གནས་ཁང་དུ་གོ་སྒྲིག་ཞུས་པའི་བགྲོ་གླེང་གི་ལྷན་ཚོགས་དེའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་རྒྱ་གར་གཞུང་གི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ Kanwal Sibal མཆོག།རྒྱ་ནག་སྲིད་བྱུས་ཉམས་ཞིབ་བལྟེ་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་  Jayadeva Ranade མཆོག།ཨ་རི་ནིའུ་ཡོག་གྲོང་ཁྱེར་གཙུག་ལག་སློབ་གྲའི་སློབ་དཔོན་ Ming Xia མཆོག  BJP ཆབ་སྲིད་ཚོགས་པའི་གྲོས་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་ Meenakshi Lekhi མཆོག་བཅས་ནས་ལྷན་ཞུགས་གནང་ཡོད་པ་རེད། སྐབས་དེར་ལྕམ་སྐུ་  Meenakshi Lekhi  མཆོག་ནས་རྒྱ་གར་གི་ངོས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཏུ་ངོས་འཛིན་གནང་གི་མེད་པ་དང་། བོད་དེ་མངའ་ཁོངས་གཞན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་གསུངས་པ་མ་ཟད། ལྷག་པར་དུ་རྒྱ་གར་གཞུང་གི་ངོས་ནས་བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ཁབ་གཅིག་གི་དབུ་ཁྲིད་ལ་ངོས་འཛིན་ཞུ་མུས་ཡིན་པ་དང་། ༸གང་ཉིད་མཆོག་ཕྱིའི་རྒྱལ་ཁབ་གཞན་ཁག་ཏུ་༸ཞབས་སོར་འཁོད་སྐབས་རྒྱ་གར་གྱི་གཞུང་ཚབ་པ་ཚོའི་ངོས་ནས་རྒྱལ་ཁབ་གཞན་ཁག་དང་མི་འདྲ་བར་དམིགས་བསལ་ལས་བྱེད་ཆེད་གཏོང་གིས་ཕྱི་འབྲེལ་སྲིད་བྱུས་ཀྱི་གདན་ཐོབ་གཞིར་བཟུང་དགོས་ངེས་ཀྱི་ཆ་རྐྱེན་ཁག་ཞུ་མུས་ཡིན་སྐོར་སོགས་གསུངས་ཡོད་པ་རེད། ད་དུང་ཁོང་གིས་ཆབ་སྲིད་པ་ཞིག་གིས་རྒྱུན་དུ་གཞུང་གི་སྲིད་བྱུས་གཏན་འབེབས་བྱེད་སྐབས་བཟང་ཕྱོགས་དང་ངན་ཕྱོགས་གཉིས་ཀར་དཔྱད་པ་གནང་ནས་སྲིད་བྱུས་གཏན་འེབབས་གནང་གི་ཡོད་པ་དང་། ཁོང་གི་ངོས་ནས་བོད་མི་རིགས་དེ་དཀའ་སྡུག་ཅན་གྱི་མི་རིགས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་སུས་གཞུང་འཛིན་བྱེད་མིན་ལ་ལྟོས་མེད་བོད་མིར་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་འགྲོ་གྱི་མ་རེད་ཅེས་གསུངས་སོང་། དཔལ་འབྱོར་གྱི་སྟོབས་ཤུགས་ཐོག་ནས་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ལ་གནོན་ཤུགས་སྤྲོད་པའི་ནུས་པ་ལྡན་ཡོད་ཀྱང་། དབང་ཆ་ལྡན་པའི་དབུ་ཁྲིད་ཁག་ཅིག་ནས་རྒྱ་གར་གྱི་བོད་ཐོག་འཛིན་པའི་སྲིད་བྱུས་གསལ་པོ་ཤེས་ཀྱི་ཡོད་པ་རེད། འོན་ཀྱང་ཨེ་ཤ་ཡ་དང་ནུབ་ཕྱོགས་རྒྱལ་ཁབ་ཚོས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་དེ་གསལ་པོ་ཤེས་ཀྱི་མེད་པ་མ་ཟད་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་མཉམ་དུ་ཚོང་པ་ཕན་ཚུན་གྱི་འབྲེལ་བ་ལྟ་བུ་ལས་གནད་དོན་གཞན་ཐོག་བསམ་བློ་གཏོང་གི་ཡོད་མ་རེད་ཅེས་ནན་བརྗོད་གནས་སོང་། དེ་བཞིན་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ Kanwal Sibal མཆོག་ནས་རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག མི་རིགས་བཅས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་སྐོར་བཀའ་མོལ་གནང་ཡོད་པ་དང་། རྒྱ་ནག་སྲིད་བྱུས་མཉམ་ཞིབ་ལྟེ་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་ Jayadeva Ranade མཆོག་ནས་སྐབས་དེར་རྒྱ་ནག་གི་ཉེ་བའི་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ལྟེ་བ་གསུམ་ཡོད་པ་ལས་དང་པོ་རྒྱ་ནག་གི་རྒྱུན་དུ་༸གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་ཁག་ལ་གཏོར་རྒོལ་དང་འཛམ་གླིང་ཐོག་ཏུ་གྲགས་ཆེ་བའི་༸གང་ཉིད་མཆོག་གི་ཆེ་མཐོང་དེ་ཉམས་གུད་གཏོང་ཐབས། གཉིས་པ་བོད་ནང་གི་གྲྭ་བཙུན་ཁག་ལ་སྟངས་འཛིན་ཐུབ་ཐབས། གསུམ་པ་རྒྱ་ནག་གི་ཉེ་བའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་རྒྱ་ནག་ནང་དང་ཕྱིའི་རྒྱལ་ཁབ་ཁག་ཏུ་ཤུགས་རྐྱེན་ཇི་འདྲ་སྤྲོད་དགོས་ཀྱི་ཡོད་མེད་སྐོར་བཀའ་མོལ་གནང་ཡོད་པ་མ་ཟད། ལྷག་དོན་རྒྱ་ནག་གི་སྲིད་འཛིན་ Xi Jinping མ་འོངས་པར་ད་ལྟ་ལས་སྟོབས་ཤུགས་ཆེ་རུ་འགྲོ་རྒྱུ་དང་། བོད་དང་གྲངས་ཉུང་མི་རིགས་ལ་སྟངས་འཛིན་བྱེད་མཁན་ལྟ་བ་མཁྲེགས་འཛིན་པ་ Yu Zhengsheng  ལ་སོགས་པའི་དཔོན་རིགས་ཁག་ཅིག་རྒས་ཡོལ་དུ་འགྲོ་སྲིད་ཀྱང་། བོད་ཀྱི་སྲིད་བྱུས་ཐོག་དམིགས་བསལ་གྱི་འགྱུར་བ་འགྲོ་རྒྱུའི་རྣམ་འགྱུར་མེད་སྐོར་གསུངས་པ་དང་ཆབས་ཅིག རྒྱ་ནག་གི་ཕྱོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་ལྷན་དུ་གྲོས་མོལ་སླར་གསོ་བྱེད་རྒྱུའི་རེ་བ་ཡོད་རེད་ཅེས་གསུངས་ཡོད། དེ་རྗེས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གཙུག་ལག་སློབ་གྲྭའི་སློབ་དཔོན་ Xia Ming མཆོག་ནས་རྒྱ་ནག་ནང་རྩ་བའི་དབང་ཆ་འཐབ་རྩོད་ལ་སོགས་པའི་ནང་ཁུལ་ཆབ་སྲིད་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཀྱང་། བོད་དོན་ཐོག་འཛིན་པའི་སྲིད་བྱུས་ལ་གནས་སྐབས་འགྱུར་བ་འགྲོ་རྒྱུ་ཁག་པོ་ཡིན་སྐོར་གསུངས་པ་དང་སྦྲགས། མ་འོངས་པའི་ལོ་བཅུ་དང་ཉི་ཤུའི་ནང་རྒྱ་ནག་མང་གཙོའི་རྒྱལ་ཁབ་ཞིག་ཏུ་འགྱུར་ངེས་ཡིན་སྐོར་སོགས་གསུངས་ཡོད་པ་རེད། རྩ་བའི་བགྲོ་གླེང་དེ་དང་བསྟུན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་རིག་གཞུང་རྩ་མེད་བཟོ་བའི་སྲིད་བྱུས་ཞེས་པའི་སྙན་ཐོ་ཞིག་དབུ་འབྱེད་འགྲེམས་སྤེལ་གནང་ཡོད་པ་ལྟར། འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་སུ་སྙན་ཐོ་དེའི་ནང་དོན་དང་རྒྱལ་ས་ལྡི་ལིར་སྙན་ཐོ་དེ་དབུ་འབྱེད་གནང་པའི་དགོས་དམིགས་གང་ཡོད་སོགས་ཀྱི་སྐོར་བཅར་འདྲི་ཞུས་ཡོད།

བཞུགས་སྒར་དུ་ཆེས་ཐོག་མའི་བོད་ཀྱི་མཛངས་པའི་འགྲན་བསྡུར་གནང་རྒྱུ་རེད་འདུག

བཞུགས་སྒར་རྡ་རམ་ས་ལར་ཆེས་ཐོག་མའི་བཙན་བྱོལ་ནང་གི་བོད་ཀྱི་མཛངས་པའི་འགྲན་བསྡུར་ཚོགས་གནང་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་པ་དང་འབྲེལ། ཐེངས་འདིའི་འགྲན་བསྡུར་ནང་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་ནས་བོད་པའི་སྐྱེས་པ་ལྔ་མཉམ་ཞུགས་གནང་གི་འདུག བོད་ཀྱི་མཛངས་པའི་འགྲན་བསྡུར་གོ་སྒྲིག་གནང་མཁན་ Yak Event འམ་གཡག་རྩེད་རིགས་ཚོགས་པས་དེ་རིང་སྔ་དྲོ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་མཛངས་པའི་འགྲན་བསྡུར་ཐེངས་དང་པོའི་ཚོགས་རྒྱུ་ཡིན་པའི་ཡོངས་ཁྱབ་ཀྱི་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སོང་། སྐབས་དེར་གཡག་རྩེད་རིགས་ཚོགས་པའི་འགན་འཛིན་བསྟན་འཛིན་བཀྲིས་ལགས་ཀྱིས་འགྲན་བསྡུར་དེའི་ནང་ཐོག་མའི་འཆར་བོད་པའི་སྐྱེས་པ་ ༡༧ ནས་མཉམ་ཞུགས་གནང་མཁན་བྱུང་ཡོད་པ་དང་། འགྲན་བསྡུར་ནང་གི་དགོས་ངེས་ཀྱི་ཆ་རྐྱེན་སྒྲིག་གཞི་ལྟར་མཐར་བོད་པའི་སྐྱེས་པ་ལྔ་འདེམས་སྒྲུབ་གནང་ཐོག་འགྲན་བསྡུར་ནང་ཨང་པོ་ཐོབ་མཁན་ལ་ཧིན་སྒོར་ ༡,༡༠༠༠༠ དང། ཨང་གཉིས་པར་ ༧༠༠༠༠ ཐམ་པ་དང་དེ་བཞིན་ཨང་གསུམ་པར་ ༤༠༠༠༠ བཅས་གནང་རྒྱུ་རེད་འདུག ད་རེས་ཀྱི་མཛངས་པའི་འགྲན་བསྡུར་དེའི་ནང་སྦེང་ལོར་ནས་ཉི་མ་ལགས་དང་། སྦིར་ནས་ཀརྨ་མཐུ་སྟོབས་ལགས། ཧུན་སུར་ནས་བསྟན་འཛིན་བློ་ལྡན་ལགས། སྦེང་ལོར་ནས་ཚེ་རིང་ཆོས་འཕེལ་ལགས། དེ་བཞིན་རྡ་ས་ནས་བློ་བཟང་ཆོས་འཕེལ་ལགས་བཅས་སྐྱེས་པ་ལྔ་ནས་འགྲན་བསྡུར་དངོས་གཞི་ནང་མཉམ་ཞུགས་གནང་གི་ཡོད་པ་རེད། འགྲན་བསྡུར་དངོས་གཞི་དེ་ཟླ་ ༡༠ ཚེས་ ༢༤ ཉིན་ནས་ ༢༨ བར་གནང་རྒྱུ་ཡིན་པ་དང་བོད་ཀྱི་མཛངས་པའི་འགྲན་བསྡུར་དེའི་ནང་གཙོ་བོ་སྐྱེས་པ་ཚོའི་རྩེད་རིགས་འདྲ་མིན་དང་བདེ་ཐང། ཆུ་རྐྱལ། རིགས་རྩལ་སོགས་འགྲན་བསྡུར་གནང་གི་ཡོད་པ་རེད། གོ་སྒྲིག་གནང་མཁན་བསྟན་འཛིན་བཀྲིས་ལགས་ཀྱིས་འགྲན་བསྡུར་དེ་ལྟ་བུ་གོ་སྒྲིག་ཞུ་རྒྱུ་ནི་རང་ཉིད་ཀྱི་དབྱིངས་དང་མི་ཚེའི་མདུན་ལམ་ཞིག་ཡིན་ཞེས་གསུངས་སོང་། གཞི་རྩའི་སྦེང་ལོ་ནང་རྟེན་གཞི་བྱས་པའི་ Yak Events Bangalore ཞེས་གཡག་རྩེད་རིགས་ཚོགས་པ་དེ་ནི་མཚན་ཚོགས་དང་རོལ་དབྱངས་འདུ་འཛོམས། དུས་སྟོན་སོགས་གོ་སྒྲིག་གནང་གི་ཡོད་པ་མ་ཟད། འདི་ལོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དུ། Tibet got Talents ཞེས་བོད་ཀྱི་རིགས་རྩལ་འགྲན་བསྡུར་ཐེངས་དང་པོ་དེ་གོ་སྒྲིག་གནང་ཡོད་པ་རེད།

བོད་ཀྱི་གློག་བརྙན་དུས་སྟོན་ཐོག་དུས་ཐུང་གློག་བརྙན་ཨང་དང་པོའི་བྱ་དགའ་ཤ་བོ་རྡོ་རྗེ་ལགས་ལ་ཐོབ་པ།

དེའང་ཟླ་བ་འདིའི་ཚེས་ ༡༤ དང་ ༡༥ བཅས་ཉིན་གྲངས་ཉིན་གི་རིང་སུད་སི་གྲོང་ཁྱེར་ཛུ་རེག་ནང་རྟེན་གཞི་བྱས་པའི་བོད་དོན་གློག་བརྙན་བཟོ་སྐྲུན་ཁང་གི་གོ་སྒྲིག་འོག སུད་སི་དང་དེ་བཞིན་རྡ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་ ༨ པ་དབུ་འཛུགས་གནང་ཡོད་པ་དང་། འདི་ལོའི་དུས་སྟོན་ཐོག་སྐར་མ་ ༥ ཅན་གྱི་དུས་ཐུང་གློག་བརྙན་ཨང་དང་པོའི་བྱ་དགའ་ཤ་བོ་རྡོ་རྗེ་ལགས་ལ་ཐོབ་སོང་། ཐེངས་འདིའི་བོད་ཀྱི་གློག་བརྙན་དུས་སྟོན་ཐོག་བོད་གཞིས་བྱེས་གཉིས་ཀྱི་བོད་མིའི་ཁྲོད་ནས་བཟོ་སྐྲུན་གནང་པའི་གློག་བརྙན་དྲུག་གཟིགས་འབུལ་ཞུས་པ་མ་ཟད། རྨི་ལམ་ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་ཁབ་གསུམ་ནས་ཡོང་བའི་དུས་ཐུང་འགྲན་ཞུགས་པའི་གློག་བརྙན་དགུ་བཅས་གཟིགས་འབུལ་ཞུས་པ་ལྟར་དེའི་ཁོངས་ནས་དུས་ཐུང་གློག་བརྙན་རྩེད་ཕུད་གསུམ་འདེམས་ཐོན་གནང་ཐོག་ཨང་དང་པོ་ཤ་བོ་རྡོ་རྗེ་ལགས་ཀྱིས་བཟོས་པའི་མཐའ་མའི་དྲན་ཐོར་ཨ་སྒོར་ ༥༠༠ དང་། ཨང་གཉིས་པ་རྣམ་རྒྱལ་ལྷ་མོ་ལགས་ཀྱིས་བཟོས་པའི་རྨི་ལམ་ལ་ཨ་སྒོར་ ༣༠༠ དེ་བཞིན་ཨང་གསུམ་པ་གྲྭ་ཀུན་དགའ་རིན་ཆེན་ལགས་ཀྱིས་བཟོས་པའི་མི་ཚེ་ཇ་ཕོར་པ་གང་ལ་ཨ་སྒོར་ ༢༠༠ ཐམ་པ་བཅས་བྱ་དགའ་གནང་ཡོད་པ་རེད། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་ཀྱི་ལོ་རྒྱུས་མཁས་དབང་བཀྲིས་ཚེ་རིང་ལགས་ཀྱིས་ཐོག་མར་བོད་ཀྱི་རྒྱལ་ས་ལྷ་སར་བདེ་སྐྱིད་འོད་སྣང་ཞེས་པའི་གློག་བརྙན་ཁང་ཞིག་གསར་འཛུགས་གནང་པའི་སྐོར་དང་ལྷག་པར་བོད་མི་ཚོ་བཙན་བྱོལ་དུ་ཐོག་མ་འབྱོར་སྐབས་རྡོ་རྗེ་གླིང་གི་ Ritz Cinema གློག་བརྙན་ཁང་དུ་དངུལ་བསྡུ་རུབ་ཀྱིས་ལྟད་མོ་ལྟ་བར་འགྲོ་བའི་དུས་ཚོད་དྲན་གསོ་གནང་སོང། གཞི་རྩའི་བོད་ཀྱི་གློག་བརྙན་དུས་སྟོན་དེ་ནི་ filming for Tibet ཞེས་པའི་ཚོགས་པ་ནས་ཕྱི་ལོ་ ༢༠༠༨ ལོར་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་བསྐྲུན་གནང་རྐྱེན་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པའི་བོད་མི་དོན་འགྲུབ་དབང་ཆེན་ལགས་ཀྱི་གནས་སྟངས་གོ་རྟོགས་དང་ལྷག་པར་བོད་མིའི་ཁྲོད་གློག་བརྙན་གྱི་སྒྱུ་རྩལ་གོང་འཕེལ་སླད་ཆེད་བཙུགས་གནང་པ་ཞིག་ཡིན་པ་དང། འདི་ལོའི་དུས་སྟོན་ཐོག་བོད་མིའི་ཁྲོད་ནས་དུས་ཐུང་གློག་བརྙན་གསར་པ་དགུ་དང་དེ་བཞིན་བོད་ནས་བཟོས་པའི་གློག་བརྙན་གསུམ་གྱིས་གཙོས་གློག་བརྙན་ཁྱོན་དྲུག་གཟིགས་འབུལ་ཞུས་པ་མ་ཟད། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་མས་བཟོ་བསྐྲུན་ཞུས་པའི་དུས་ཐུང་གློག་བརྙན་ཞིག་ཀྱང་གཟིགས་འབུལ་ཞུས་སོང། འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་གློག་བརྙན་གཟིགས་འབུལ་ཞུ་མཁན་ཁོངས་སུ་ཡོད་པའི་བསྟན་འཛིན་དོན་འགྲུབ་ལགས་སུ་ད་རེས་ཀྱི་དུས་སྟོན་དེའི་སྐོར་བཀའ་འདྲི་ཁག་ཅིག་ཞུས་ཡོད།

བསྟན་འཛིན་བསམ་འགྲུབ་ལགས་ལ་སྒོ་རགས་པ་རྩེད་ཕུད་ཀྱི་བྱ་དགའ་ཐོབ་འདུག

འདི་ལོའི་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་གི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༧ ཐོག་བོད་ཀྱི་རྐང་སྤོལ་རུ་ཁག་གི་སྒོ་རགས་པ་བསྟན་འཛིན་བསམ་འགྲུབ་ལགས་ལ་ Best goal Keeper འམ་སྒོ་རགས་པ་རྩེད་ཕུད་ཀྱི་བྱ་དགའ་ཐོབ་འདུག ཟླ་བ་འདིའི་ཕྱི་ཚེས་ ༥ ནས་རྒྱ་གར་བྱང་ཤར་འབྲང་ལྗོངས་མངའ་སྡེའི་ནང་དུ་ Sikkim Governors Gold Cup ཞེས་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་གི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༧ པ་དེ་ཚོགས་ཡོད་པ་དང། འདི་ལོའི་འགྲན་བསྡུར་ནང་དུ་བོད་ཀྱི་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་རྐང་སྤོལ་རུ་ཁག་ནས་མཉམ་ཞུགས་བྱས་ཡོད་པ་ལྟར། ཐེངས་དེའི་རྩེད་འགྲན་ཁྲོད་བོད་ཀྱི་རྐང་སྤོལ་རུ་ཁག་གི་སྒོ་རགས་པ་བསྟན་འཛིན་བསམ་འགྲུབ་ལགས་ལ་སྒོ་རགས་རྩེད་ཕུད་ཀྱི་བྱ་དགའ་ཐོབ་འདུག འདི་ག་རླུང་འཕྲིན་ཁང་ནས་བསྟན་འཛིན་བསམ་འགྲུབ་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར་ཁོང་གིས་བྱ་དགའ་འདི་ནི་ཁོང་རང་ཉིད་གཅིག་པོ་མ་ཡིན་པར་བོད་ཀྱི་རྐང་སྤོལ་རུ་ཁག་དང་བོད་མི་ཡོངས་ལ་ཐོབ་པ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་སོང། རྩ་བའི་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ནས་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་གི་རྐང་སྤོལ་རྩེད་འགྲན་ནང་ཐེངས་གསུམ་འཛུལ་ཞུགས་གནང་པ་ཡོད་པ་དང་། ཐེངས་འདིའི་རྩེད་འཁྲོད་མཐའ་མའི་རིམ་པ་གསུམ་པའི་ནང་ཚུད་ནས་རྩེད་འགྲན་ཐེངས་ ༩ ཐོབ་མྱོང་ཡོད་པའི་རྒྱ་གར་གྱི་རུ་ཁག་ཆེ་གྲས་ Mohun Bagan དང་ལྷན་དུ་རྩེད་འགྲན་གནང་པ་ལས་རུ་ཁག་དེས་སྤོ་ལོ་གཅིག་མ་གཏོགས་བླུགས་ཐུབ་མེད་པ་རེད། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་པ་སངས་རྡོ་རྗེ་ལགས་ཀྱིས་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ནས་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་གི་རྐང་སྤོལ་རྩེད་འགྲན་ནང་ཐེངས་གསུམ་འཛུལ་ཞུགས་གནང་པའི་ཁྲོད་ཐེངས་འདིའི་གྲུབ་འབྲས་དེ་ཚད་མཐོ་ཤོས་ལ་ངོས་འཛིན་གནང་ཆོག་པ་དང་། མི་མང་པོ་ཞིག་གིས་ཆེད་ལས་རྩེད་འགྲན་རུ་ཁག་མུ་ཧཱན་རུ་ཁག་གིས་སྤོ་ལོ་མང་པོ་བླུགས་རྒྱུའི་ཚོད་དཔག་གནང་ཡོད་ཀྱང་དོན་དངོས་ཐོག་དེ་ལྟར་བྱུང་མེད་སྐོར་གསུངས་སོང་། ཁ་སང་ཕྱི་ཚེས་ ༡༥ ཉིན་མུ་ཧཱན་རུ་ཁག་དང་། Calcutta Customs རུ་ཁག་གཉིས་དབར་མཐའ་མའི་འགྲན་རྩོད་གནང་སྟེ། སྤོ་ལོ་གཅིག་གིས་ Mohun Bagan རུ་ཁག་ལ་འདི་ལོའི་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་གི་རྐང་སྤོལ་རྩེད་འགྲན་བྱ་དགའ་ཨང་དང་དེ་ཐོབ་ཡོད་པ་རེད།

ལྔ་དང་ལྔ་བཅུའི་འཆར་སྣང་ཚོགས་འདུ་དང་བོད་རིགས་འདྲེས་མའི་ཚོགས་འདུ་སྐོར།

འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་དབང་གྲགས་ལགས་ཀྱིས་ལྔ་དང་ལྔ་བཅུའི་འཆར་སྣང་ཚོགས་འདུ་སྐོར་དང་འབྲེལ་དྲིལ་བསྒྲགས་དྲུང་ཆེ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་སུ་དམིགས་བསལ་བཅར་འདྲི་ཞུས་པ་དང་འདི་བཞིན་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བོད་རིགས་འདྲེས་མའི་ཚོགས་འདུ་སྐོར་ཆེད་སྒྲིག་ཞུས་པའི་ལེ་ཚན།

བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་ལས་དོན་དང་འབྲེལ་བའི་ཚོགས་འདུ་ཐེངས་ ༥ དབུ་འཛུགས།

བཞུགས་སྒར་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་ལས་དོན་འབྲེལ་བའི་ཚོགས་འདུ་ཐེངས་ལྔ་པ་དབུ་འཛུགས་དང་འབྲེལ། སྲིད་སྐྱོང་མཆོག་གིས་རྒྱ་རིགས་གཞུང་འབྲེལ་ལས་བྱེད་ཚོ་དང་འབྲེལ་བ་གནང་སྐབས་དོགས་ཟོན་དང་གཟབ་ནན་གནང་དགོས་པ་གསུངས་སོང། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་དང་དེ་ནས་ཕྱི་ལོ་ ༢༠༡༠ ལོ་ནས་བོད་རྒྱ་གཉིས་དབར་ལ་འབྲེལ་མོལ་ཆད་པ་བཅས་ལ་བརྟེན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱ་གཉིས་དབར་ལ་གནས་སྐབས་འབྲེལ་མོལ་མ་བྱུང་ཡང། རྒྱ་བོད་མི་རིགས་དབར་འཆམ་མཐུན་གནང་དགོས་པ་དང་རྒྱ་རིགས་མང་ཚོགས་དང་འབྲེལ་བ་བྱ་རྒྱུ་གལ་ཆེན་པོ་ཡིན་པར་ལམ་སྟོན་བཀའ་སློབ་བསྩལ་བ་ལྟར། དབུས་བོད་མིའི་སྒྲིག་འཛུགས་ནས་བྱང་ཨ་རི་དང་ཨོ་སི་ཊོ་ལི་ཡ། དེ་བཞིན་ཡོ་རོབ་བཅས་སུ་གཞུང་འབྲེལ་གྱི་རྒྱ་རིགས་འབྲེལ་མཐུད་པ་བསྐོ་གཞག་དང། དེ་བཞིན་ཕྱི་ལོ་ ༢༠༡༣ ལོ་ནས་དམིགས་བསལ་གྱི་རྒྱ་རིགས་ལས་དོན་དང་འབྲེལ་བའི་ཚོགས་འདུ་ཚོགས་རྒྱུ་དབུ་འཛུགས་གནང་ཡོད་པ་རེད། འདི་ལོའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་ལས་དོན་འབྲེལ་བའི་ཚོགས་འདུ་ཐེངས་ལྔ་པ་འདི་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་རྒྱ་སྐད་ཚན་པས་གོ་སྒྲིག་འོག་དེ་རིང་སྔ་དྲོ་བཞུགས་སྒར་ཉེ་འཁྲིས་དབུས་སྣེ་ལེན་ཁང་དུ་བསྐོང་ཚོགས་གནང་སོང་བ་དང། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་མི་རིགས་ལ་འབྲེལ་ལམ་བྱེད་ཕྱོགས་སྐོར་ལམ་སྟོན་གནང་པ་དང་འབྲེལ་རྒྱ་རིགས་ལས་དོན་དང་འབྲེལ་བའི་ཚོགས་འདུ་དེ་གལ་ཆེའི་ནང་གི་དོན་ཆེན་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་དང། རྒྱ་རིགས་འབྲེལ་མཐུད་པ་ཚོའི་ངོས་ནས་ཀྱང་རྒྱུན་དུ་རྒྱ་ནག་ནང་གི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་སྲིད་བྱུས་ཁག་ལ་དོ་སྣང་གནང་སྟེ། རྩོམ་ཡིག་གང་མང་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་སོགས་གསུངས་སོང་བ་མ་ཟད། ལྷག་པར་དུ་རྒྱ་རིགས་མང་ཚོགས་དང་འབྲེལ་བ་གནང་རྒྱུ་གལ་ཆེན་པོ་ཡིན་ནའང། རྒྱ་རིགས་གཞུང་འབྲེལ་ལས་བྱེད་ཚོ་དང་འབྲེལ་བ་གནང་སྐབས་བེད་སྤྱོད་ལོག་པ་མི་ཡོང་བའི་ཆེད་དུ་དོགས་ཟོན་དང་གཟབ་ནན་གནང་དགོས་པ་གསུངས་སོང། རྩ་བའི་ད་རེས་ཀྱི་ཚོགས་འདུ་དེའི་ཐོག་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། ཕྱི་དྲིལ་རྒྱ་ཡིག་ཚན་པའི་ལས་བྱེད། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས། ཡོ་རོབ་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་པ་བློ་བཟང་ཉིན་མ་ལགས། ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། གཞན་ཡང་ཨ་རི་དང་ཡུ་རོབ་སོགས་ནས་རྒྱ་ཡིག་དང་རྒྱ་སྐད་ཤེས་མཁན་མི་སྣའི་སྐུ་ཚབ་ཁག་ཅིག བཞུགས་སྒར་དུ་རྟེན་གཞི་བྱས་པའི་འབྲེལ་ཡོད་ཚོགས་ཁག་གི་སྐུ་ཚབ། དེ་བཞིན་རྒྱ་གར་གིས་གཙོས་པའི་རྒྱ་ཁབ་མི་འདྲ་བ་ ༢༠ ནས་ཚོགས་བཅར་མི་གྲངས་ ༤༠ སྐོར་ཞིག་འདུ་འཛོམས་བྱུང་ཡོད་རེད། རྩ་བའི་ཉིན་གྲངས་གསུམ་རིང་གི་ཚོགས་འདུའི་ཐོག་ཕེབས་པའི་ཚོགས་བཅར་བ་རྣམས་ལ་མ་འོངས་པར་རང་སར་ཕེབས་རྗེས་རྒྱ་རིགས་མང་ཚོགས་དང་འབྲེལ་བ་བྱེད་ཕྱོགས་དང། རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་ཚོ་དང་འབྲེལ་བ་གོང་འཕེལ་གཏོང་ཕྱོགས། ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་སྐད་ཚན་པའི་ལས་དོན་ནུས་པ་ཇི་ཆེ་གཏོང་ཐབས་སོགས་བརྗོད་ཁག་འདྲ་མིན་ཐོག་གཏམ་བཤད་དང་གོ་བསྡུར་སོགས་གནང་གི་འདུག དེ་རྗེས་ཕྱི་རྒྱལ་ཁག་ནས་རྒྱ་སྐད་ཤེས་མཁན་བོད་པའི་གཞོན་སྐྱེས་ཚོགས་བཅར་བ་ཚོར་རྒྱ་སྐད་རང་གི་ཐོག་ནས་ཉིན་གཉིས་རིང་རྒྱ་རིགས་དང་འབྲེལ་བ་གནང་ཕྱོགས་སྐོར་ཟབ་སྦྱོང་ཞིག་ཀྱང་གནང་རྒྱུ་རེད་འདུག

བེུད་ལྷན་ཚོགས་ཀྱི་དབུས་ས་གཉིས་ཟུང་འབྲེལ་གྱིས་༸གོང་ས་མཆོག་ལ་བྱམས་བརྩེའི་སློབ་དཔོན་གྱི་གཟེངས་རྟགས་ཕུལ་བ།

དེ་རིང་ཟླ་ ༡༠ ཚེས་ ༡༣ ཉིན་བོད་ཀྱི་བེུད་ལྷན་ཚོགས་ཀྱི་དབུས་ས་གཉིས་ཟུང་འབྲེལ་གྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸གང་ཉིད་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་བྱམས་བརྩེའི་སློབ་དཔོན་གྱི་གཟེངས་རྟགས་ཤིག་ཕུལ་གནང་སོང་། དེ་ཡང་འདི་ལོ་ཕྱི་ཟླ་ ༨ ཚེས་ ༨ ཉིན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཧུན་སུར་རབ་རྒྱས་གླིང་དུ་ཚོགས་པའི་བོད་ཀྱི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༢ ཐོག་མ་འོངས་པའི་ལས་དོན་གནང་ཕྱོགས་དང་འབྲེལ་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་ཁོངས་གྲོས་ཆོད་གཙོ་བོ་གཅིག་ནི་༸གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས༌༸གང་ཉིད་མཆོག་༸སྐུ་ཚེ་ཡུན་དུ་བརྟན་ཐབས་སླད་ཆེ་བསྟོད་གཟེངས་རྟགས་ཤིག་འབུལ་རྒྱུར་གཏན་འབེབས་བྱུང་ཡོད་པ་རེད། དེ་རིང་དངོས་སུ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བེུད་ལྷན་ཚོགས་ཀྱི་དབུས་ས་གཉིས་ཟུང་འབྲེལ་གྱིས་༸གོང་ས་མཆོག་ལ་བྱམས་བརྩེའི་སློབ་དཔོན་གྱི་ཆེ་བསྟོད་གཟེངས་རྟགས་ཕུལ་གནང་སོང་། མགོན་པོ་༸གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་རྒྱུའི་མཛད་རིམ་དེའི་ཐོག་ནས་༸གོང་ས་མཆོག་གིས་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་དབུས་རྒྱུན་གཙོས་ས་གནས་ཁག་གི་རྒྱུན་ལས། དབུས་རྒྱུན་ཟུར་པ་ཚོར་བཀའ་སློབ་བསྩལ་བ་དང་འབྲེལ། བཙན་བྱོལ་དུ་བོད་ཀྱི་བེུད་ལྷན་ཚོགས་ཉམས་གསོ་ཐུབ་པར་བསྔགས་བརྗོད་གནང་པ་དང་ཆབས་ཅིག ད་ལྟའི་ཆར་འཛམ་གླིང་འདིའི་ཐོག་དཀའ་ངལ་དུ་མ་ཞིག་འཕྲད་བཞིན་པ་དེ་ནི་གཙོ་བོ་བྱམས་བརྩེ་མི་གདང་བ་དང་བྱམས་བརྩེ་དང་འབྲེལ་བའི་ལྷག་བསམ་མེད་པར་བརྟེན་ནས་བྱུང་གི་ཡོད་སྐོར་བཀའ་བསྩལ་བ་དང་འབྲེལ། བེུད་ཚོར་རང་བཞིན་ལྷན་སྐྱེས་ཀྱི་བྱམས་དང་སྙིང་རྗེའི་རིན་ཐང་གོང་འཕེལ་གཏོང་རྒྱུའི་ནུས་པ་ཆེ་བ་ཡོད་སྟབས་བེུད་ཚོས་མིའི་གཞི་རྩའི་རིན་ཐང་དེ་དག་གོང་འཕེལ་ཡོང་བར་འགན་འཁུར་ཆེ་བ་གནང་དགོས་པའི་ལམ་སྟོན་བསྩལ་བ་མ་ཟད། ༸རྒྱལ་བའི་ཡུམ་ཆེན་དམ་པ་མཆོག་ནས་༸སྐུ་ཉིད་མཆོག་ལ་ཁོང་ཁྲོའི་རྣམ་འགྱུར་རྩ་བ་ནས་བསྟན་མྱོང་མེད་སྟབས་མགོན་པོ་མཆོག་གི་བྱམས་སྙིང་རྗེའི་ཉམས་ལེན་གྱི་དགེ་རྒན་ཆེས་ཐོག་མ་དེ་༸རྒྱལ་ཡུམ་དམ་པ་དེ་ཉིད་ཡིན་པ་དཔེ་མཚོན་དུ་གསུངས་ཏེ་བེུད་ཚོས་སོ་སོའི་ཁྱིམ་ཚང་ནས་འགོ་འཛུགས་ཀྱིས་སྤྱི་ཚགས་དང་། འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས་པར་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་ལ་བཀྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་གྲུབ་མཚམས་སུ་བེུད་ལྷན་ཚོགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྣམ་ཐར་དང་རྐང་བྲོ་གླུ་གཞས་འཁྲབ་སྟོན་དང་དེ་རྗེས་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་ནས་ལམ་སྟོན་གསུང་བཤད་གནང་འདུག གཞི་རྩའི་བོད་ཀྱི་བེུད་ལྷན་ཚོགས་ལ་རྒྱ་གར་གཙོས་པའི་ཨ་རི། ཡུ་རོབ་སོགས་འཛམ་གླིང་ཡུལ་གྲུ་གང་སར་ས་གནས་ཡན་ལག་ཁག་ ༥༧ དང་ཚོགས་མི་ ༡༧༠༠༠ ལྷག་ཡོད་པ་ལྟར་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་རིམ་ཐོག་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་གཙོས་ཨ་རི་དང་ཁེ་ན་ཊ། བལ་ཡུལ། དེ་བཞིན་རྒྱ་གར་ལྷོ་ཕྱོགས་དང་བྱང་ཤར་ས་གནས་ཁག་ ༣༩ ནས་ཆེད་བཅར་ཞུས་པའི་རྒྱུན་ལས་དང་དབུས་རྒྱུན་ཟུར་པ་བཅས་ཚོགས་བཅར་བ་ཁྱོན་མི་གྲངས་ ༡༠༠ ལྷག་ལྷན་འཛོམས་གནང་འདུག  

ཉི་ཧོང་དུ་ང་ཚོ་བོད་ཀྱི་འབྲོག་པ་ཞེས་པའི་མིང་བྱང་འོག་ཀི་ཀི་བསྭོ་བསྭོ་བོད་ཀྱི་དུས་སྟོན་ཐེངས་ ༣ དབུ་འཛུགས།

དེ་རིང་ཕྱི་ཚེས་ ༡༣ ནས་འགོ་འཛུགས་ཀྱིས་ཉི་ཧོང་གི་མངའ་སྡེ་ Nagano ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་ Komoro གྲོང་ཁྱེར་ནང་ང་ཚོ་བོད་ཀྱི་འབྲོག་པ་ཞེས་པའི་མིང་བྱང་འོག་ཀི་ཀི་བསྭོ་བསྭོ་བོད་ཀྱི་དུས་སྟོན་ཐེངས་ ༣ དབུ་འཛུགས་གནང་འདུག གཞི་རྩའི་ཀི་ཀི་བསྭོ་བསྭོ་བོད་ཀྱི་དུས་སྟོན་ཞེས་པ་དེ་ནི་ཉི་ཧོང་དུ་བཅའ་བཞུགས་བོད་རིགས་བསྟན་འཛིན་དགེ་བསྙེན་ལགས་དང་ཉི་ཧོང་གི་མི་སེར་ཡིན་པའི་ཁོང་གི་བཟའ་ཟླ་ Shoko ལགས་གཉིས་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། དུས་སྟོན་དེའི་ཐོག་གཙོ་བོ་ཁུལ་དེར་ཡོད་པའི་བོད་རིགས་དང་ས་གནས་ཡུལ་མི། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པ་སོགས་མི་རིགས་འདྲ་མིན་མཉམ་འཛོམས་ཐོག་བོད་ཀྱི་ཐུན་མིན་རྐང་བྲོ་གླུ་གཞས་གཟིགས་འབུལ་ཞུ་ཐོག་དགའ་སྤྲོའི་དཔལ་ལ་རོལ་རྒྱུ་ཙམ་དུ་མ་ཟད། སྐབས་དེར་སྒྱུ་རྩལ་བ་དང་བོད་ཀྱི་རིག་གནས་མཁས་པ་ཁག་ཅིག་ནས་བོད་ཀྱི་རིག་གཞུང་འདྲ་མིན་ཐོག་གོ་རྟོགས་དང་རྒྱུས་མངའ་སྤེལ་རེས་སོགས་གནང་སྲོལ་ཡོད་པ་རེད། འདི་ལོ་ཁོང་རྣམས་ནས་དུས་སྟོན་གྱི་མིང་བྱང་གཙོ་བོ་ང་ཚོ་བོད་ཀྱི་འབྲོག་པ་ཞེས་བཞག་ནས་ས་གནས་ཡུལ་མི་དང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་བོད་ནང་གི་འབྲོག་པའི་སྲོལ་རྒྱུན་ངོ་སྤྲོད་གནང་རྒྱུ་དང་། ལྷག་པར་དུ་རྒྱ་གཞུང་གིས་བོད་བཙན་འཛུལ་བྱས་རྗེས་བོད་ཀྱི་འབྲོག་པའི་འཚོ་ཐབས་ལ་དོ་ཕོག་ཤུགས་ཆེ་བཏང་ཁག་པར་རིས་འགྲེམས་སྟོན་དང་བརྙན་ཐུང་སོགས་གཟིགས་འབུལ་བརྒྱུད་མང་ཚོགས་ལ་གོ་རྟོགས་སྤེལ་གནང་གི་འདུག

རྒྱ་བོད་མི་རིགས་གཉིས་ཀྱི་ཐོུང་གི་ཁེ་ཕན་ལ་བལྟས་ནས་རང་དབང་རྩོད་དགོས་པ་གལ་ཆེ་བ་རེད།

ཨ་རིའི་ནིའུ་ཡོག་གཙུག་ལག་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཚན་ཁག་དགེ་རྒན་ཆེན་མོ་རྒྱ་རིགས་སྐུ་ཞབས་ཤ་མིང་ལགས་ཀྱིས་ད་ལྟའི་དུས་སྐབས་འདིར་རྒྱ་བོད་མི་རིགས་གཉིས་ཀྱི་ཐོུང་གི་ཁེ་ཕན་ལ་བལྟས་ནས་རང་དབང་རྩོད་དགོས་པ་གནད་ཆེ་རེད་ཅེས་གསུངས་སོང། ནིའུ་ཡོག་གཙུག་ལག་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཚན་ཁག་དགེ་རྒན་ཆེན་མོ་རྒྱ་རིགས་སྐུ་ཞབས་ཤ་མིང་ལགས་ནི། ཕྱི་ལོ་ ༢༠༠༨ བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་ནས་བོད་དོན་ལ་དོ་སྣང་སླེབས་པའི་རྒྱ་རིགས་ཤེས་ཡོན་ཅན་ཞིག་ཡིན་པ་དང། ད་བར་ཁོང་གིས་བོད་དོན་དང་འབྲེལ་རྩོམ་ཡིག་མང་དག་སྤེལ་བ། དེ་བཞིན་ལས་འགུལ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་རིམ་ཁག་ནང་མཉམ་ཞུགས་གནང་མྱོང་ཡོད་པ་ཞིག་ཡིན་པ་རེད། བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་མཁན་དང་ཡིད་སྨོན་གནང་མཁན་ཞིག་ཀྱང་ཡིན་པ་རེད། ཁ་སང་ཟླ་ ༡༠ ཚེས་ ༡༡ ཕྱི་དྲོ་བཞུགས་སྒར་ཁུལ་གྱི་ཆོལ་ཁ་གསུམ་གྱི་སྐྱིད་སྡུག་དང་བེུད། དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང། དེ་བཞིན་ཆིག་སྒྲིལ་ཚོགས་པ། ཚོང་ཁང་སྐྱིད་སྡུག་བཅས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ནས་རྒྱ་རིགས་དགེ་རྒན་ཆེན་མོ་སྐུ་ཞབས་ཤ་མིང་ལགས་གདན་ཞུས་ཐོག་རྡ་ས་ཡོངས་གླིང་སློབ་གྲྭའི་རྩེད་ཐང་དུ་ས་གནས་མང་ཚོགས་ལ་དབུ་མའི་ལམ་གྱིས་རྒྱ་རིགས་མི་མང་ཁྲོད་བཞག་པའི་ཤུགས་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་གོ་སྒྲིག་གནང་སོང། སྐབས་དེར་སྐུ་ཞབས་ཤ་མིང་ལགས་ཀྱིས་རྒྱ་གཞུང་གིས་ཁུལ་དེའི་རྒྱ་རིགས་སློབ་ཕྲུག་ཚོར་བོད་ཀྱི་ཐོུང་མ་ཡིན་པའི་བོད་བརྒྱུད་ནང་བསྟན་དང་རིག་གཞུང་དེ་དག་ལ་ཕན་ནུས་ལྡན་པའི་ལེགས་ཆ་ཁག་གི་ཐོག་སློབ་གསོ་མ་སྤྲད་པར་ཆུང་དུས་ནས་བོད་དེ་ཆེས་རྗེས་ལུས་དང་ཆེས་མུན་ནག ཀླ་ཀློ་ཡིན་པ་དང། དེ་བཞིན་ཆབ་སྲིད་ཀྱི་ཆ་ནས་མི་མང་ཚོར་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོ་ཏཱ་ལའི་རུ་ཚོགས་དང་ཁ་བྲལ་བ་ཡིན་པའི་སློབ་གསོ་སྤྲོད་བཞིན་ཡོད་པ་ཐེར་བཏོན་གནང་སོང་། ལྷག་པར་དུ་ཁོང་གིས་བོད་མིས་རྩོད་བཞིན་པའི་དབུ་མའི་ལམ་དེ་ནི་དོན་དངོས་ཐོག་ད་ལྟའི་རྒྱ་གཞུང་གིས་བོད་ནང་འཛིན་བཞིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་པ་མ་གཏོགས། རྒྱ་མི་རིགས་དང་རྒྱ་ནག་རྒྱལ་ཁབ་ལ་ངོ་རྒོལ་གནང་གི་མེད་སྟབས། ད་ལྟའི་རྒྱ་རིགས་སྤྱི་ཚོགས་ནང་ལ་ཤུགས་རྐྱེན་དང་བག་ཆགས་ཆེན་པོ་བཞག་ཡོད་པ་གསུངས་སོང། དེ་བཞིན་ཁོང་གིས་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཡོད་པར་བརྟེན་ད་ལྟའི་ཆར་ཁོང་དང་ཁོང་འདྲ་བའི་རྒྱ་ནག་ཕྱི་ནང་གཉིས་སུ་ཡོད་པའི་རྒྱ་རིགས་ཚོས་བོད་དོན་ལ་རྒྱབ་སྐྱོར་དང། ལྷག་པར་དུ་རྒྱ་རིགས་ཤེས་ཡོན་ཅན་དང་རྩོམ་པ་པོ་སོགས་མང་པོ་ཞིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་དེར་རྒྱབ་སྐྱོར་གནང་པ་མ་ཟད། སྲིད་བྱུ ས་དེ་ནི་རྒྱུ་མཚན་ལྡན་པར་ངོས་འཛིན་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་གསུངས་སོང་། ཁྱད་པར་དུ་ད་ལྟའི་ཆར་བོད་མི་ཚོས་སྲིད་བྱུས་དེའི་འོག་རང་སྐྱོང་རྩོད་ཀྱི་ཡོད་པ་དང། རྒྱ་རིགས་ཚོ་ནི་རང་དབང་རྩོད་ཀྱི་ཡོད། མ་འོངས་པར་རང་དབང་ཆ་ཚང་བྱུང་བའི་དུས་སྐབས་དེར་ལོ་རྒྱུས་ཁྲོད་རྒྱ་བོད་མི་རིགས་གཉིས་ལམ་ཁ་གང་འདྲ་ཞིག་ལ་བཞག་མིན། རང་མི་རིགས་སོ་སོར་རག་ལས་ཡོད་པ་ལས་བཙན་དབང་འོག་འགྲོ་དགོས་ཀྱི་མེད་པ་གསུངས་ཏེ། ད་ལྟའི་དུས་སྐབས་འདིར་རྒྱ་བོད་མི་རིགས་གཉིས་ཀྱི་ཐོུང་གི་ཁེ་ཕན་ལ་བལྟས་ནས་རང་དབང་རྩོད་དགོས་པ་གནད་ཆེ་རེད་ཅེས་གསུངས་སོང། སྐུ་ཞབས་ཤ་མིང་ལགས་ཀྱིས་རང་ཉིད་ཐོག་མར་ཕྱི་ལོ་ ༢༠༠༨ ལོར་༸གོང་ས་མཆོག་དང་མཇལ་མོལ་བྱུང་རྗེས་བོད་ཀྱི་གནད་དོན་ཐོག་དབུ་མའི་ལམ་གྱི་སྲིད་བྱུས་དེ་གང་ཡིན་གསལ་པོ་ཤེས་པ་དང། དེ་སྔ་དང་མི་འདྲ་བར་བོད་དོན་ཐོག་ལ་ལྟ་སྟངས་འགྱུར་སོང་ཞེས་དང་། ད་བར་ཁོང་ནས་༸གོང་ས་མཆོག་དང་མཇལ་མོལ་ཐེངས་ ༡༥ ཞུས་པ་མ་ཟད། བོད་དོན་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་རྐྱེན་རྒྱ་གཞུང་གི་གསང་དབང་བའི་ལས་ཁུངས་ནས་ཉེན་བརྡ་བཏང་པ་དང་། ཕྱི་ལོ་ ༢༠༠༩ ལོར་ནས་ད་བར་རྒྱ་ནག་ཏུ་ཕྱིར་ལོག་གནང་མ་ཐུབ་ནས་ལོ་ ༩ འགྲོ་གྱི་ཡོད་པ་རེད་འདུག ཁྱད་པར་རྒྱ་རིགས་དགེ་རྒན་ཆེན་མོ་ཤ་མིང་ལགས་ཀྱིས་ད་ལྟའི་ཆར་ཁོང་རང་ནས་རྒྱ་ནག་གཞུང་གིས་བཀག་འགོག་བྱས་པའི་ལམ་ཁ་དེ་དང་མེས་རྒྱལ་བློས་བཏང་གིས་༸གོང་ས་མཆོག་གིས་ལམ་སྟོན་མཛད་པའི་ལམ་ཁ་འདིའི་ཐོག་ཕྱིན་པ་ནི་འགྲིག་འདུག་བསམ་པ་དང། རིན་ཐང་དང་ལྡན་པ་ཞིག་མ་གཏོགས་དེར་བློ་ཕམ་དང་འགྱོད་པའི་རིགས་གང་ཡང་ཡོང་གི་མི་འདུག་ཅེས་གསུངས་ཡོད། ལྷག་པར་དུ་ད་ལྟའི་ཆར་དབུ་མའི་ལམ་གྱི་སྲིད་བྱུས་འདིས་རྒྱ་ནག་མང་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པ་དང། དེས་རྒྱ་རིགས་མང་པོ་ཞིག་གྱི་བསམ་བློར་འགྱུར་བ་གཏོང་བཞིན་ཡོད་པས་རྒྱ་ནག་གཞུང་གི་ངོས་ནས་སྲིད་བྱུས་དེ་བཀག་རྒྱུ་དང་། རྒྱ་རིགས་མང་ཚོགས་ཁྲོད་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ནང་དོན་རྣམས་འཁྱོག་བཤད་སྤེལ་བཞིན་ཡོད།  སྲིད་བྱུས་དེ་རང་བཙན་ཡིན་པ་དང་ཁ་བྲལ་ཡིན་པ། དེ་བཞིན་སྐྱག་རྫུན་ཡིན་པ། ༸གོང་ས་མཆོག་གི་དགོངས་གཞི་དང་མཛད་འཕྲིན་ཁག་བཀག་སྡོམ་དང་ལོག་འགྲེལ་གྱིས་རྒྱ་རིགས་མང་ཚོགས་ཁྲོད་ལ་སྲིད་བྱུས་དེ་རྩ་བ་ནས་ཤེས་བཅུག་ཀྱི་མེད་པ་བཅས་ནི་ད་ལྟའི་ཆར་རྒྱ་གཞུང་ནས་སྲིད་བྱུས་དེའི་ཐོག་འཛིན་བཞིན་པའི་བྱ་ཐབས་གཉིས་པོ་དེ་རེད་ཅེས་ནན་གསུངས་གནང་སོང། རྩ་བའི་རྒྱ་རིགས་དགེ་རྒན་ཆེན་མོ་སྐུ་ཞབས་ཤ་མིན་ལགས་ད་རེས་བཞུགས་སྒར་དུ་ཕེབས་དོན་གཙོ་བོ་ནི་ཉེ་སྔོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་ཚོགས་འདུ་དང། དེ་བཞིན་རིང་མིན་བཞུགས་སྒར་དུ་ཚོགས་རྒྱུའི་རྒྱ་རིགས་འབྲེལ་མཐུད་པའི་ཚོགས་འདུ་ཆེད་ཕེབས་ཡོད་པ་རེད།

Latest news