བོད་མིའི་སྒྲིག་འཛུགས།
ད་ལྟའི་བོད་ཀྱི་གནས་སྟངས་དེ་ཆབ་སྲིད་དམ་བསྒྲགས་དང་དཔལ་འབྱོར་ལྷུག་ལྷུག་ཡིན་པ་གསུངས་འདུག
བོད་ནང་གི་ད་ལྟའི་གནས་སྟངས་ཞེས་པའི་བགྲོ་གླེང་ཚོགས་འདུའི་ཐོག་བདེ་སྲུང་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་ཆབ་སྲིད་དམ་བསྒྲགས་དང་དཔལ་འབྱོར་ལྷུག་ལྷུག་བཟོས་ཡོད་པ་གསུངས་སོང་། དེ་རིང་ཟླ་ ༩ ཕྱི་ཚེས་ ༢༩ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་ འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་སྲི་ཞུ་ལས་བྱེད་པ་དང་ས་གནས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་ཁག་སྐུ་ཚབ་ ༣༠ ཙམ་ཞིག་ལ་བོད་ནང་གི་ད་ལྟའི་གནས་སྟངས་ཞེས་པའི་བརྗོད་གཞིར་ཉིན་འཁྱོངས་རིང་གི་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད་པ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཚེ་རིང་དབྱངས་སྐྱིད་ལགས་ནས་ཚོགས་འདུའི་ངོ་སྤྲོད་གསུང་བཤད་སྐབས། དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་བོད་མི་སྤྱི་དང་ལྷག་པར་དུ་བོད་མིིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་བཅས་ཀྱི་ན་གཞོན་ལས་སྣེ་བ་རྣམས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་ཞུ་རྒྱུ་ཡིན་པ་གསུངས་སོང་། བགྲོ་གླེང་ཚོགས་འདུའི་མགྲོན་གཙོ་བོད་མིའི་སྒྲིག་འཛུགས་བདེ་སྲུང་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་རྒྱ་གཞུང་གིས་བོད་སྐོར་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་སྟངས་དང་། བོད་ནང་གི་བོད་རིགས་ལས་བྱེད་པ་དང་མང་ཚོགས་གྱི་བསམ་བློ་འཁུར་ཕྱོགས། དེ་བཞིན་ཕྱིར་སྡོད་རྒྱ་རིགས་ཤེས་ཡོན་ཅན་ཚོས་བོད་རིགས་ལ་ལྟ་སྟངས་བཅས་དོན་ཚན་གསུམ་གྱི་ཐོག་ནས་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་ལ་གཏམ་བཤད་གནང་པ་དང་སྦྲགས། དེང་སྐབས་བོད་རང་སྐྱོང་ལྗོངས་ནང་བོད་མིའི་ཞི་རྒོལ་རིགས་བྱུང་གི་མེད་པའི་རྒྱུ་མཚན་དང་ལྷག་པར་དུ་ས་གནས་སུ་ཆབ་སྲིད་དམ་བསྒྲགས་ཡོད་སྐོར་དཔེ་མཚོན་དང་བཅས་གསུངས་པ་མ་ཟད། ལྷག་དོན་ཁོང་གིས་མུ་མཐུད་གསུངས་དོན་ལ་ད་ལྟའི་བོད་ནང་གི་མི་རབས་གཞོན་པ་ཚོའི་སྙིང་སྟོབས་དང་བློས་གཏོང་དེ་དག་ལས་ཁོང་རྣམས་ནམ་ཡང་རྒྱ་གཞུང་གི་དཔལ་འབྱོར་སྲིད་བྱུས་འདིའི་མགོ་སྐོར་ནང་ཚུད་ས་མ་རེད་ཅེས་གསུངས་ཡོད་པ་རེད། སྐུ་མགྲོན་གཞན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ནས་ཀྱང་བརྗོད་གཞི་དེ་གའི་ཐོག་གཏམ་བཤད་གནང་པའི་ཁྲོད། ༢༠༠༨ ལོའི་བོད་ས་ཁྱོན་ཡོངས་ཀྱི་ཞི་རྒོལ་ལས་འགུལ་དེས་རྒྱ་གཞུང་དང་རྒྱལ་སྤྱིའི་གཞུང་དམངས་ཀུན་ནས་གཞིས་ལུས་རྒྱ་ཆེ་བོད་མི་རྣམས་ལ་དྲག་པོའི་སྟོབས་ཤུགས་ཀྱིས་གླགས་ཁེལ་མེད་པ་དང། དཔལ་འབྱོར་ཡར་རྒྱས་ཕྱིན་པ་དེས་བོད་མིའི་སེམས་ཉོ་ཐུབ་མེད་པ་ར་ཕྲོད་གསལ་ཤོས་ཤིག་ཆགས་ཡོད་པ་གསུངས་པ་མ་ཟད། ད་དུང་ཁོང་གིས་ད་ལྟ་རྒྱ་གཞུང་གིས་འགྲེལ་བརྗོད་བྱེད་བཞིན་པ་ལྟར། བོད་ནང་གི་དཔལ་འབྱོར་དང་འཛུགས་སྐྲུན་གྱི་ལས་གཞི་དེ་དག་ལ་དོན་དངོས་ཐོག་བོད་མི་ཚོས་མཉམ་ཞུགས་ཇི་ཙམ་གནང་ཐུབ་མིན་དེ་དྲི་བ་ཞིག་ཆགས་ཡོད་པར་གསུངས་སོང་། སྐུ་མགྲོན་གཙོ་བོའི་གསུང་བཤད་གྲུབ་རྗེས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདུན་ཚོགས་ཐུན་ཁག་བཞིར་བགོས་ནས། ཉེ་ཆར་ཚོགས་པའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་སྐོར་དང་། རྒྱ་ནག་དང་རྒྱ་ནག་གི་འགོ་ཁྲིད་ཚོའི་མ་འོངས་པའི་ཁ་ཕྱོགས་སྐོར། དེ་བཞིན་བོད་ནང་གི་འཛུགས་སྐྲུན་དང་འཁྱོག་བཤད་ཀྱི་དོན་འགྲེལ་ཞེས་སོགས་ཀྱི་བརྗོད་གཞི་བདུན་གྱི་ཐོག་ལ་གསུང་བཤད་དང་དྲི་བ་དྲི་ལན་བཅས་གནང་ཡོད་པ་རེད།
ལྡི་ལིར་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་མདུན་དུ་ཞི་རྒོལ་གནང་པ།
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་གསུམ་ནས་དམིགས་ཡུལ་གསུམ་དང་དགོས་འདུན་དོན་ཚན་ལྔ་ཅན་ཞུ་འབུལ་ཐོག་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་སྤེལ་བཞིན་པར་ལྡི་ལི་བོད་མི་ཚོས་ཁོང་པར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་མཚོན་ཕྱིར་ལྡི་ལི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་ཀྱི་མདུན་སར་ཞི་རྒོལ་སྐད་འབོད་གནང་པ་མ་ཟད། ལས་འགུལ་དེའི་ནང་དངོས་སུ་མཉམ་ཞུགས་གནང་མཁན་དབུས་རྒྱུན་གསུམ་གྱིས་རྒྱལ་ཚོགས་ཀྱི་འགན་འཛིན་གཞོན་པ་དངོས་སུ་མཇལ་འཕྲད་ཞུས་འདུག དེ་རིང་ལས་འགུལ་བས་ལས་འགུལ་སྤེལ་ནས་ཉིན་གྲངས་ ༡༩ སོང་ཟིན་པའི་མཚམས་འདིར་ལྡི་ལི་བསམ་ཡས་གླིང་བོད་མི་རྣམས་དང། ལ་དྭགས་དྷ་རྨ་ཤཱ་ལཱ་བོད་མི། དེ་བཞིན་ལྡི་ལིར་མཐོ་སློབ་ཁག་ཏུ་བསྐྱོད་བཞིན་པའི་རོ་ཧི་ཎཱི་བོད་ཁྱིམ་སློབ་མ་བཅས་ཁྱོམ་མི་ ༣༠༠ ལྷག་གིས་ཁོང་རྣམ་པའི་སྙིང་སྟོབས་དང་དགོས་འདོན་ཁག་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་བོད་ཀྱི་རྒྱལ་དར་དང་གཞོན་ནུའི་དར་ཆ། དེ་བཞིན་ཁོང་རྣམ་པའི་དགོས་འདུན་ཁག་འཁོད་པའི་ཕྲད་དར་སོགས་བསྣམས་ནས་ཁཱན་ཁྲོམ་ར་ནས་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་དབར་ཀི་ལོ་མི་ཊར་གཅིག་ལྷག་སར་གོམ་བགྲོད་གནང་ཡོད་ཀྱང་། ས་གནས་སྐོར་སྲུང་བས་བཀག་འགོག་བྱས་ཡོད་སྟབས། ལས་འགུལ་དེའི་སློབ་སྟོན་པ་ཀརྨ་ཡེ་ཤེས་ལགས་དང་གཞོན་ལྷན་ཚོགས་གཙོས་རྒྱུན་ལས་གསུམ་པོ་ཁྲིད་ནས་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་སུ་ཆེད་བཅར་ཞུས་ཏེ་འགན་འཛིན་གཞོན་པ་སྐུ་ཞབས་ R.K. Sharma མཆོག་དངོས་སུ་མཇལ་བ་དང་སྦྲགས་ཟས་བཅད་པ་རྒྱུན་ལས་གསུམ་གྱི་དམིགས་ཡུལ་གསུམ་དང་དགོས་འདུན་དོན་ཚན་ལྔ་བཅས་ཀྱི་ངོ་སྤྲོད་དང་ཞུ་འབུལ་ཡང་ཞུས་ཐུབ་པ་བྱུང་འདུག རྒྱལ་ཚོགས་ཀྱིའགན་གཞོན་ནས་ཀྱང་ཁོང་རྣམ་པར་གང་ཐུབ་ཕྱག་རོགས་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། དེ་བས་ཀྱང་གཞོན་ལྷན་ཚོགས་གཙོས་ཁོང་གསུམ་ནས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་ནས་ཉིན་གྲངས་ ༡༩ སོང་མཚམས་འདིར་ཁོང་རྣམ་པའི་ལུས་པོའི་ལྗིད་ཚད་དེ་ཡང་ཀི་ལོ་ ༡༢ ནས་ ༡༧ བར་ཆག་བཞིན་ཡོད་ཀྱང་ཆོད་སེམས་ལ་འགྱུར་བ་མེད་སྟབས། ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན་ཉིན་རེ་བཞིན་གང་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཁོང་གསུམ་ནས་ཀྱང་དགོས་འདུན་ཁག་མ་བསྒྲུབ་བར་དུ་མུ་མཐུད་ལས་འགུལ་སྤེལ་ངེས་ཡིན་པར་འགྲེལ་བརྗོད་གནང་སོང། རྩ་བའི་ཟླ་ ༩ ཕྱི་ཚེས་ ༡༠ ནས་འགོ་བཙུགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱུན་ལས་གསུམ་ནས་བོད་ཀྱི་མིག་སྔའི་ཛ་དྲག་གནས་སྟངས་དྲིལ་བསྒྲཊ་དང། རང་ལུས་མེར་སྲེག་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་ལ་རྒྱབ་སྐྱོར། གཞིས་ལུས་བོད་མིར་གདུས་སེམས་མཉམ་སྐྱེལ་བཅས་ཀྱི་སླད་དམིགས་ཡུལ་གསུམ་དང་དགོས་འདུན་དོན་ཚན་ལྔ་བཅས་རྒྱལ་ཚོགས་ལ་ཞུ་སྐུལ་ཆེད་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་ནས་ཉིན་གྲངས་ ༡༩ སོང་ཟིན་ཡོད་པ་རེད།
སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་བཅུ་པ་མཇུག་སྒྲིལ་གནང་པ།
བཞུགས་སྒར་རྡ་རམ་ས་ལར་ཟླ་འདིའི་ཕྱི་ཚེས་ ༡༥ ནས་དབུ་འཛུགས་ཀྱིས་དེ་རིང་བར་ཉིན་གྲངས་བཅུའི་རིང་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་བཅུ་པ་སྟེ་ལས་བསྡོམས་གྲོས་ཚོགས་ཚོགས་ཡོད་པ་ལྟར། དེ་རིང་ལས་རིམ་ཡོངས་སུ་མཇུག་སྒྲིལ་གནང་སོང་བ་དང་། དེ་རིང་ལས་ཉིན་མཐའ་མའི་སྔ་དྲོའི་ཚོགས་ཐུན་དང་པོའི་སྐབས་འོས་བསྡུའི་སྒྲིག་གཞི་དང་སྤྱི་འཐུས་རྣམ་པའི་ཐོབ་ཐང་སྐོར་སོགས་གནད་དོན་ཁག་ཅིག་གི་ཐོག་ལ་བརྗོད་པ་གསུམ་པ་གཏན་འབེབས་གནང་ཡོད་པ་རེད། དེའི་རྗེས་སུ་ཁ་སང་ཉིན་རྒྱབ་ཀྱི་ལས་རིམ་ཐོག་སྤྱི་འཐུས་ཁག་ཅིག་ནས་སྲིད་སྐྱོང་མཆོག་ལ་བཀའ་ཤག་གི་གསལ་བཤད་ཟིན་པ་དེའི་ཐོག་ལ་བོད་རྒྱ་འབྲེལ་མོལ་གནང་ཐུབ་མེད་པ་དང། སྲིད་འཛིན་ཞི་ཅིང་ཕིང་གི་དབུ་མའི་ལམ་གྱི་ཐ་སྙད་ཙམ་ཡང་བཤད་ཡོད་མེད། དེ་བཞིན་རྒྱབ་ཤ་དཀར་པོ་དེ་ཕྱི་དྲགས་ཡོད་པ་སོགས་བཀའ་འདྲི་ཞུས་པའི་དྲི་བ་ཁག་ཅིག་ལ་ལན་འདེབས་གནང་ཡོད་པ་རེད། གཞན་ཡང་སྲིད་སྐྱོང་མཆོག་ལ་སྤྱི་འཐུས་འགས་མ་འོངས་ལས་འཆར་ཇི་ཡོད་ཐད་དྲི་བ་ཞུས་ཡོད་སྟབས། སྲིད་སྐྱོང་མཆོག་གིས་དབྱིན་སྐད་ཐོག་ 4 S ཞེས་དོན་ཚན་བཞིའི་སྟེང་ནས་གྲ་སྒྲིག་ཡོད་སྐོར་སོགས་གསུངས་སོང་།
སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་བཅུ་པའི་ལས་རིམ་མཐའ་མ་དང་འབྲེལ། ཚོགས་གཙོའི་མཇུག་བསྡོམས་གསུང་བཤད་ཆེས་ཐོག་མར། གྲོས་ཚོགས་ཀྱི་ལས་ཉིན་དང་པོའི་དེའི་ཐོག་ནས་བོད་མི་རང་ལུས་མེར་སྲེག་གནང་མཁན་དབུས་པའི་རྒྱལ་གཅེས་དཔའ་དཔའ་མོ་ཚོའི་ཆེད་དུ་གཞུང་འབྲེལ་མྱ་ངན་རྗེས་དྲན་གྱི་གྲོས་ཆོད་དང་དེ་བཞིན་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་སྤྱི་མོས་སྒོ་ནས་གཏན་ལ་ཕབ་པའི་ཐོག་གྲོས་ཆོད་གྲོས་ཆོད་དེའི་ཐོག་ལ་གྲོས་ཚོགས་འཐུས་མི་རྣམ་པས་ཚོར་ཤུགས་ཆེན་པོས་དགོངས་ཚུལ་ལྷུག་པོ་དང་བགྲོ་གླེང་ཞིབ་ཚགས་གནང་ཡོད་པ་དེས་རྒྱ་ནག་ལ་བརྡ་ལན་ཞིག་ཡིན་པ་གསུངས་སོང། ལྷག་དོན་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཁྲོད་རྒྱ་གཞུང་གི་རྒྱབ་ཤ་དཀར་པོ་དེ་བཞིན་འཁྱོག་བཤད་ཅིག་ཆགས་ཡོད་པས་ངོས་ལེན་གནང་ཐབས་མེད་ཅེས་འཁོད་ཡོད་པའི་སྐོར་དང་འབྲེལ། དེ་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལན་འདེབས་གནང་ཡོད་རུང། འོན་ཀྱང་བཀའ་ཤག་གི་ལན་འདེབས་དེ་རྒྱལ་སྤྱིའི་གཞུང་དམངས་ཁྲོད་རྒྱ་ཆེ་སར་ཁྱབ་ཐུབ་པ་གནང་དགོས་གལ་ཆགས་ཀྱི་ཡོད་པ་གསུངས་སོང་། ཚོགས་གཙོ་མཆོག་གིས་མཇུག་བསྡོམས་གསུང་བཤད་འདིའི་ཐོག་ནས་ད་ལན་གྱི་གྲོས་ཚོགས་ལས་ཡུན་དེའི་རིང་ལ་ཇོ་ནང་ལས་འགུལ་བའི་གནད་དོན་དེ་མཐའ་མ་ཞི་འཇགས་བྱུང་ཡོད་སྐོར་གསུངས་པ་དང་སྦྲགས། སྤྱི་འཐུས་ལྷན་ཚོགས་ནས་ཁོང་རྣམ་པར་བདག་པོ་མ་རྒྱག་པ་ཞིག་མ་ཡིན་ཞིང། བདག་པོ་རྒྱག་པ་ལ་བརྟེན་ནས་རྒྱུན་ལས་ཚོགས་འདུ་ཐེངས་གསུམ་ཡོད་པ་དང་བཀའ་ཤག་ལྷན་རྒྱས་དང་ལྷན་དུའང་བཀའ་བསྡུར་སྔ་རྗེས་གནང་ཡོད་པའི་གསལ་བཤད་དང་། ཆབས་ཅིག་འབྱུང་འགྱུར་ཡང་རྒྱབ་སྐྱོར་འཚོལ་ཕྱོགས་ཐད་ལམ་སྟོན་གང་ཐུབ་གནང་ཡོད་པ་གསུངས་སོང། འོན་ཀྱང་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ནས་དེ་རིང་ཇོ་པ་ནང་པ་ཚོའི་ངོས་ནས། ལས་འགུལ་དེ་རེ་ཞིག་མཚམས་འཇོག་བྱ་དགོས་དོན་ནི། ཁ་སང་དགོང་དྲོ་བོད་པའི་ཇོ་ནང་བསྟན་བདག་འཇིགས་མེད་རྡོ་རྗེ་མཆོག་གི་བཀའ་ཡིག་གཙོས། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་གི་སློབ་དེབ་ནང་དུ། ཇོ་ནང་པ་ཅེས་བོད་ཀྱི་ཆོས་བརྒྱུད་ཆེན་པོའི་ཁོངས་སུ་འཇོག་རྒྱུ་དང། དེ་མིན་བོད་རྒྱལ་ཡོངས་ཛ་དྲག་ཚོགས་ཆེན་དང་བཞུགས་མོལ་ཚོགས་འདུ་ཐོག་ཆོས་བརྒྱུད་གཞན་ལྟར། ཞབས་སྟེགས་ཕུལ་རྒྱུ་དང་། དེ་བཞིན་ཆོས་རིག་ལས་ཁུངས་ནས་དེ་སྔ་ཇོ་ནང་པའི་ཆོས་བརྒྱུད་ལ་རིག་གཅིག་རྐང་འཛིན་ཐོག་ཆོས་བརྒྱུད་གཞན་ལྟར། སློབ་མ་གཉིས་ལ་སློབ་ཡོན་གནང་རྒྱུ་སོགས་ལ་བརྟེན་ནས་རེ་ཞིག་ལས་འགུལ་དེ་མཚམས་འཇོག་བྱས་པ་ཡིན་ཀྱང་ཇོ་ནང་པ་ཚོའི་ངོས་ནས་མ་འོངས་པའི་ཇོ་ནང་པར་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་མ་སྤྲོད་པའི་བར་དུ། གྲོས་ཚོགས་རིམ་པའི་ཐོག་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུ་ཡིན་ཅེས་གསུངས་ཡོད་པ་རེད།
ཨོ་སི་ཊི་ལི་ཡར་བོད་མི་ལས་འགུལ་བས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མེད་པའི་རྒྱལ་ཁ་ཐོབ་འདུག
འདི་ལོའི་ཟླ་ ༧ ནང་ཨོ་སི་ཊི་ལི་ཡའི་རྒྱ་ནག་གཞུང་ཚབ་ཁང་ལ་རྒོལ་མཆོང་བྱེད་མཁན་བོད་མི་རྣམས་ལ་ཁྲིམས་ཐོག་ནས་ནག་ཉེས་བསགས་མེད་པའི་ཁྲིམས་ཐག་བཅད་འདུག ཕྱི་ཟླ་ ༧ པའི་ཚེས་ ༢༢ ཉིན་རྒོལ་མཆོང་གི་ལས་འགུལ་སྤེལ་བའི་རྗེས་སུ་རྒྱ་ནག་གཞུང་ཚབ་ཁང་དང་སྒོ་སྲུང་ཉེན་རྟོགས་པ་མཉམ་རུབ་ཐོག་ནས་བོད་མི་ལས་འགུལ་བ་རྣམས་ནས་ཆོག་མཆན་མེད་པར་གཞུང་ཚབ་ར་བའི་ནང་ཞུགས་པ་དང། འཚེ་བའི་ལས་ལ་མཇུག་པའི་གྱོད་གཞིའི་འོག་ཁོང་རྣམ་པར་ཁ་མཆུ་བཙུགས་ཡོད་ཀྱང་། དེ་རིང་སྔ་དྲོ་ཨོ་སི་ཊོ་ལི་ཡའི་ཁྲིམས་ཁང་ནས་གྱོད་གཞི་དེའི་ཐོག་ཁྲིམས་ཐག་བཅད་སྐབས། བོད་མིའི་ལས་འགུལ་དེ་ཞི་བའི་ལས་འགུལ་ཡིན་པ་དང། བོད་མི་རྣམས་ནས་ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡང་སྤེལ་མེད་སྟབས། ཁོང་ཚོར་ཁྲིམས་ཐོག་ནས་ཉེས་ཆད་གང་ཡང་བཏང་རྒྱུ་མིན་པའི་ཐག་གཅོད་གནང་འདུག འོན་ཀྱང་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་བོད་མི་རྣམས་སླད་མར་ལས་འགུལ་དེའི་རིགས་གནང་ཚེ་སྲིད་གཞུང་ནས་ཁྲིམས་ཆད་གནང་རྒྱུ་ཡིན་པ་གསལ་བརྗོད་གནང་ཡོད་པ་རེད། གཏུགས་བཤེར་གྱི་བརྒྱུད་རིམ་དེའི་ཁྲོད་རྒྱ་རིགས་སློབ་མ་གཉིས་ཀྱིས་ཁོང་རྣམ་པས་ལས་འགུལ་སྤེལ་བཞིན་པའི་པར་དང་སྒྲ་བཅུག་སོགས་བྱས་པར་བརྟག་ནས་དེ་རིང་བོད་རིགས་ཚོས་རྒྱ་མི་གཉིས་པོ་ཉེན་རྟོག་པར་རྩིས་སྤྲོད་བྱེད་འདུག རྩ་བའི་འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༡༢ ཉིན་Australia འི་གྲོང་ཁྱེར་ Sydney ནང་རྟེན་གཞི་བྱས་པའི་བོད་མི་ཆབ་སྲིད་བཙོན་ཟུར་ཁག་ཅིག་དང་བོད་དོན་རྒྱབ་སྐྱོར་བ་སྐོར་ཞིག་གྱིས་ཁུལ་དེའི་རྒྱ་ནག་གཞུང་ཚབ་ཁང་དུ་རྒོལ་མཆོང་གིས་ལས་འགུལ་སྤེལ་རྗེས་བོད་མི་བདུན་འཛིན་བཟུང་བྱས་འདུག ལས་འགུལ་དེའི་སྐབས་དང་ཐོག་ངོ་རྒོལ་བ་རྣམས་ནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་གནང་ཡོད་ནའང། རྗེས་སུ་རླངས་འཁོར་ཞིག་གཞུང་ཚབ་ཁང་གི་ནང་དུ་འགྲོ་བཞིན་པའི་གོ་སྐབས་དང་བསྟུན། ལས་འགུལ་བ་རྣམས་གཞུང་ཚབ་ཁང་གི་ནང་དུ་རྒོལ་མཆོང་གིས་རྒྱ་ནག་གི་རྒྱལ་དར་མཁའ་དབྱིངས་སུ་འཕྱར་བ་དེ་མར་ཕབ་ཐུབ་པ་བྱུང་བའི་གནད་དོན་དང་འབྲེལ་ཡོད་ཞིག་ཆགས་འདུག
གཞོན་ནུ་རྒྱུན་ལས་གསུམ་ནས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ནུས་ཤུགས་ཇེ་ཆེར་འགྲོ་བཞིན་འདུག
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་གསུམ་ནས་དམིགས་ཡུལ་གསུམ་དང་དགོས་འདུན་དོན་ཚན་ལྔ་ཅན་ཞུ་འབུལ་ཐོག་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་སྤེལ་ནས་ཁ་ས་བར་ཉིན་ ༡༢ འཁོར་བའི་མཚམས་དེར། ལྡི་ལིར་མཐོ་སློབ་ཁག་ཏུ་བསྐྱོད་བཞིན་པའི་རོ་ཧི་ཎཱི་བོད་ཁྱིམ་སློབ་མ་
༧༠ ལྷག་གིས་ཁོང་རྣམ་པའི་སྙིང་སྟོབས་དང་དགོས་འདོན་ཁག་ལ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་ཉིན་གཅིག་རིང་མཉམ་ཞུགས་ཀྱིས་ཟས་བཅད་ངོ་རྒོལ་གནང་འདུག དེ་མཚུངས་གནས་ཡུལ་རྒྱ་གར་གྱི་གཞུང་སྒེར་གཉིས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་དང་ཚོགས་ཁག་གི་འཐུས་མི་མི་ཉུང་བ་ཞིག་ནས་ལས་འགུལ་བ་ཚོར་བསྔགས་བརྗོད་གནང་པ་དང་སྦྲགས། རྒྱབ་སྐྱོར་ཚུལ་དུ་ཐུག་འཕྲད་ཕེབས་པ་མ་ཟད། ས་གནས་བོད་མི་གཙོས་པའི་བོད་རིགས་རྒས་གཞོན་མང་དག་ཞིག་ཆེད་ཕེབས་གནང་མུས་ཡིན་པ་རེད་འདུག ཉེ་སྔོན་ཕྱི་ཚེས་ ༡༧ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་འཇིགས་མེད་ལགས་གཙོས་པའི་རྒྱུན་ལས་ཁག་ཅིག་ལྡི་ལི་རྒྱལ་ཚོགས་ཀྱི་ལས་ཁུངས་དང་ཡུ་རོབ་མཐུན་ཚོགས་སུ་ཆེད་བཅར་ཞུས་ཏེ་དགོས་འདོན་ལྔ་འཁོད་ཀྱི་ཞུ་སྙན་སླར་ཕུལ་ཐུབ་པ་བྱུང་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་འཇིགས་མེད་ལགས་ཀྱིས་གསུངས་དོན་ལ་རིང་མིན་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མ་ཡོད་ས་ Geneva དང། New York བཅས་སུ་ས་གནས་གཞོན་ནུར་འབྲེལ་ལམ་ཞུས་ནས་ངོ་བཅར་གྱིས་ལས་འགུལ་གྱི་དགོས་འདུན་ལྟར་ཞུ་གཏུགས་གནང་འཆར་ཡོད་སྐོར་སོགས་གསུངས་སོང། རྩ་བའི་ཟླ་ ༩ ཕྱི་ཚེས་ ༡༠ ནས་འགོ་བཙུགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱུན་ལས་གསུམ་ནས་བོད་ཀྱི་མིག་སྔའི་ཛ་དྲག་གནས་སྟངས་དྲིལ་བསྒྲཊ་དང། རང་ལུས་མེར་སྲེག་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་ལ་རྒྱབ་སྐྱོར། གཞིས་ལུས་བོད་མིར་གདུས་སེམས་མཉམ་སྐྱེལ་བཅས་ཀྱི་སླད་དམིགས་ཡུལ་གསུམ་དང་དགོས་འདུན་དོན་ཚན་ལྔ་བཅས་རྒྱལ་ཚོགས་ལ་ཞུ་སྐུལ་ཆེད་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་ནས་ཉིན་གྲངས་ ༡༢ སོང་ཟིན་འདུག
སྲིད་སྐྱོང་མཆོག་གིས་རྒྱ་མིའི་ཞུ་གཏུགས་ཚོགས་པ་དང་འབྲེལ་བ་མེད་པ་གསུངས་པ།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་གྲོས་ཚོགས་ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་ཡོད་པའི་ཞུ་གཏུགས་ཀྱི་ཚོགས་པ་དང་འབྲེལ་བ་ཡོད་མེད་ཀྱི་དྲི་བར་གསལ་བཤད་དང་འབྲེལ། བཀའ་ཤག་ནས་ ༢༠༡༡ རྗེས་ནས་བཟུང་ད་བར་ཞུ་གཏུགས་ཚོགས་པ་དེ་དང་འབྲེལ་བ་རྩ་བ་ནས་མེད་པ་མ་ཟད། དེར་དངུལ་སྤྲད་ཡོད་པའི་སྐྱོན་འཛུགས་བྱས་པ་དེ་ཡང་བདེན་པ་མིན་པའི་འགྲེལ་བརྗོད་གནང་སོང། དེ་རིང་ཉིན་རྒྱབ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་བའི་ཨ་རིིའི་དོན་གཅོད་ཀྱི་ལས་དོན་གནང་ཕྱོགས་སྐོར་ལས་འཕྲོད་དེ་ཉེ་སྔོན་ Washington times གསར་ཤོག་ཐོག་བོད་དོན་ཉམས་ཞིབ་པ་ལྕམ་ Maura Moynihan ལགས་ནས་སྲིད་སྐྱོང་མཆོག་གིས་རྒྱ་ནག་དང་འབྲེལ་བ་ཡོད་པའི་ཡོད་པའི་ sconset strategies ཞེས་པའི་ཞུ་གཏུགས་ཚོགས་པ་གླ་གཡར་བྱས་པ་མ་ཟད། ཚོགས་པ་དེ་ལ་གླ་ཆ་ཡང་སྤྲོད་ཡོད་སྐོར་འཁོད་པའི་རྩོམ་ཡིག་གཅིག་སྤེལ་བར་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་ངོས་ནས་ལན་འདེབས་བྱས་པ་དེ་འགྲིག་གི་ཡོད་མེད་ཐད་དྲི་བ་ཞིག་ཕུལ་ཡོད་པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་དེར་གཞི་རྩའི་ཞུ་གཏུགས་ཚོགས་པ་དེ་དང་ལྷན་སྐུ་ཉིད་སྲིད་སྐྱོང་གི་མཛད་འཁུར་མ་བཞེས་གོང་ལ་འབྲེལ་བ་བྱུང་ཡོད་ཀྱང། ༢༠༡༡ རྗེས་ནས་འབྲེལ་བ་མེད་པའི་གསལ་བཤད་གནང་སོང། དེ་མཚུངས་སྲིད་སྐྱོང་མཆོག་ལ་ཨ་རིའི་ནང་ཁང་པ་ཉོ་ཕྱོགས་དང་འབྲེལ་དྲི་བ་ཞིག་ཕེབས་པར་སྲིད་སྐྱོང་མཆོག་གིས་བཀའ་ལན་གནང་དོན་ལ་སྐུ་ཉིད་ནས་ཨ་རི་ནང་ཡོད་པའི་བོད་མི་ཚོས་ཉོ་ཐུབ་པའི་ཁང་པ་དཀྱུས་མ་འབུམ་གསུམ་དང་སྟོང་ཕྲག་དྲུག་ཅུ་རེ་ལྔ་ཅན་གཅིག་ལས་ས་ཡ་ཁ་ཤས་ཅན་ཞིག་མ་རེད། ཨ་རིའི་ནང་ཡོད་པའི་བོད་མི་སུ་འདྲ་ཞིག་ཡིན་རུང་ཁང་པ་དེ་འདྲ་རང་ཉོ་ཡི་ཡོད་པས་དེ་སྔ་གྲོས་ཚོགས་སུ་གསལ་བཤད་ཞུས་པ་ལྟར་སླར་དེ་དོན་རང་ཡིན་ཅེས་གསུངས་སོང། རྩའི་གྲོས་ཚོགས་སུ་ཁ་སང་ཉིན་རྒྱབ་ནས་དེ་རིང་ཉིན་སྔ་དྲོ་བར་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཆེ་ཤོས་ནང་སྲིད་ལས་ཁུངས་ཀྱི་རྩི་ལོ་ ༢༠༡༤་༡༥ ལོའི་ལོ་འཁོར་ལས་བསྡོམས་འགོད་འབུལ་དང་དེའི་ཐོག་གྲོས་ཚོགས་འཐུས་མི་རྣམ་པས་དྲི་བ་དྲི་ལན་དང་བགྲོ་གླེང་བཅས་ལེགས་གྲུབ་ཟིན་ཡོད་པ་རེད། ནང་སྲིད་བཀའ་བློན་རྒྱ་རི་སྒྲོན་མ་མཆོག་གིས་ལས་བསྡོམས་ཁྲོད་གཞིས་ཆགས་གསར་སྐྲུན་དང་གཞན་འཛུགས་སྐྲུན་དང་མཉམ་འབྲེལ་ཡར་རྒྱས་ལས་དོན། དེ་བཞིན་སོ་ནམ་ཡར་རྒྱས་ལས་དོན་དང་ངལ་སེལ་ལས་དོན། གཞན་ཡང་ན་གཞོན་རོགས་སྐྱོར་ལས་དོན་དང་བེུད་ནུས་སྟོབས་གོང་འཕེལ་ལས་གཞི་བཅས་དོན་ཚན་དྲུག་གི་ཐོག་ནས་ལོ་འཁོར་ལས་བསྡོམས་སྙིང་བསྡུས་འགོད་འབུལ་གནང་སོང་། ད་དུང་ནང་སྲིད་བཀའ་བློན་མཆོག་གིས་གཞིས་ཆགས་གསར་སྐྲུན་དང་གཞན་འཛུགས་སྐྲུན་སྐོར་ལས་གཞིས་ཁང་གསར་སྐྲུན་གང་འཐུས་ཞུ་ཡོད་སྐོར་གསུངས་པ་དང་། ཕྱོགས་མཚུངས་ན་གཞོན་རོགས་སྐྱོར་ལས་དོན་གྱི་དོན་ཚན་ཁྲོད། དམིགས་གསལ་ལས་དོན་ཁོངས་འདི་ལོ་ནང་སྲིད་ལས་ཁུངས་ནས་ Bangalore Nelamangla ལས་རིགས་སྦྱོང་བརྡར་ལྟེ་གནས་ཁང་གི་འཛིན་ཁང་དང་ཉལ་ཁང་། འཛིན་ཆས་སོགས་བཟོ་བཅོས་གནང་པ་སོགས་གསུངས་སོང། དེ་བཞིན་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་སྙིང་བསྡུས་འགོད་འབུལ་ཟིིན་པའི་ཁྲོད། ལས་རིགས་སྦྱོང་བརྡར་དང་ཟབ་སྦྱོང་གནང་པའི་ནང་། ན་གཞོན་ལས་མེད་ ༡༠༥ ལ་སྦྱོང་བརྡར་གོ་སྒྲིག་དང། ན་གཞོན་ ༢༢ ལ་སྐྱེད་ཀ་ཆུང་བའི་མ་དངུལ་བསྡོམས་སྒོར་འབུམ་ ༢༣ བུན་གཡར་སོགས་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་གྲུབ་བསྟུན། དེ་རིང་ལས་ཉིན་ལས་ཉིན་ལྔ་པ་འདིའི་ཐོག་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་དཔལ་འབྱོར་ལས་ཁུངས་ཀྱི་ལོ་གཅིག་གི་ལས་བསྡོམས་སྙིང་བསྡུས་ཤོག་གྲངས་གསུམ་ཅན་ཞིག་འགོད་འབུལ་ཞུས་གནང་སོང་། དེ་ཡང་དཔལ་འབྱོར་བཀའ་བློན་མཆོག་གིས་རོགས་དངུལ་གོ་སྒྲིག་ཚན་པའི་ཁྲོད་བཙན་བྱོལ་བོད་མིའི་བལྟ་སྐྱོང་གི་ལས་དོན་ཆེད་ཨ་རིའི་སྲིད་གཞུང་ནས་རོགས་དངུལ་ཧིན་སྒོར་ས་ཡ་ ༡༢༧ ལྷག་བྱུང་ཡོད་པ་ཁག བོད་ནས་གསར་དུ་འབྱོར་བ་རྣམས་ཀྱི་སྣེ་ལེན་བལྟ་སྐྱོང་དང་ཤེས་རབ་དགའ་ཚལ་སློབ་གླིང་གི་རྒྱུན་གྲོན་དང་ཤེས་ཡོན་ཆེད། དེ་བཞིན་སྦེལ་ཀོབ་སྲོལ་རྒྱུན་སོ་ནམ་ལལས་གཞིའི་སོགས་ཀྱི་ཐོག་བཏང་ཡོད་པ་གསུངས་སོང་། ལས་བསྡོམས་འགོད་འབུལ་ཟིན་མཚམས་དེར་དཔལ་འབྱོར་བཀའ་བློན་མཆོག་གིས་རྩིས་ལོ་འདིའི་ནང་དང་བླངས་དཔྱ་དངུལ་དང་ངེས་བསྡུ་དངུལ་ཁྱོན་བསྡོམས་སྔོན་རྩིས་ཚོད་དཔག་ལས་སྒོར་ས་ཡ་ ༡༢ ལྷག་གི་མང་བ་བྱུང་ཡོད་སྟབས། གྲོས་ཚོགས་འདིའི་ཐོག་ནས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་དང་སྦྲགས་རིམ་པས་བོད་མི་ཚང་མས་མཉམ་ཞུགས་དང་ལེན་ཐུབ་པའི་རེ་འབོད་གནང་སོང་། དཔལ་འབྱོར་བཀའ་བློན་མཆོག་གིས་མུ་མཐུད་གསུངས་དོན་ལ་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༣༡ བར་གྱི་རྩིས་ལོའི་ནང་ཁྱོན་བསྡོམས་པས་དང་བླངས་དཔྱ་དངུལ་ལག་དེབ་བཟོ་འགྲེམས་ཟིན་པ་དེ་འབུམ་གཅིག་དང་སྟོང་ཕྲག་ ༤༧ དང་ ༣༠ ཡིན་པ་དང་། ནོར་བཅོས་ཀྱིས་བསྐྱར་བཟོ་ཟིན་པ་ ༩༩༧༣ དང་། བོར་བརླགས་བསྐྱར་བཟོ་ཟིན་པ་གྲངས་ ༢༠༠ བཅས་གནང་འདུག དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་ཐོག་དྲི་བ་དྲི་ལན་དང་བགྲོ་གླེང་བཅས་གནང་པའི་སྐབས་དང་བླངས་དཔྱ་དངུལ་གྱི་གནད་དོན་སྐོར་ཤུགས་ཆེ་གསུངས་གནང་སོང་བ་དང་། དེའི་ཁྲོད་སྤྱི་འཐུས་འགས་ལག་དེབ་ལྗང་ཁུ་ནོར་ཁོངས་སུ་ལྷག་ཡོད་པ་དེ་དག་འོས་བསྡུའི་ལས་རིམ་གྱི་ཆ་རྐྱེན་ལེན་ཐུབ་མིན་ལ་དྲི་བ་ཞུས་སྐབས་དཔལ་འབྱོར་བཀའ་བློན་མཆོག་གིས་དེ་ཡིས་འོས་བསྡུའི་ལས་རིམ་ལ་འགོག་རྐྱེན་ཆགས་ཀྱི་མེད་པའི་བཀའ་ལན་གནང་སོང་།
ཇོ་ནང་གི་གནད་དོན་དེ་ད་ལན་གྱི་གྲོས་ཚོགས་ནང་བསྣམས་ཕེབས་རྒྱུ་མིན་པའི་ཐག་གཅོད་བྱུང་པ།
བོད་གཞིས་བྱེས་གཉིས་ཀྱི་ཇོ་ནང་པ་ ༡༥༠ ཡས་མས་ཞིག་གིས། ད་རེས་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཉིན་དང་པོ་ནས་དགོས་འདུན་དོན་ཚན་བཞི་ཅན་ཞིག་བཏོན་ནས། སྤྱི་འཐུས་ལྷན་ཚོགས་ཀྱི་སྒོ་ཁར་ཉིན་དང་པོ་ཁ་བཏགས་འཁུར་ནས་ཞུ་འབོད་དང་ཉིན་གཉིས་པར། ཐལ་མོ་སྦྱར་བའི་ཞུ་འབོད། དེ་བཞིན་ཁ་སང་ཉིན་གསུམ་པའི་ཐོག་ངག་ནས་ཞལ་འདོན་སྐྱོར་ནས་ཞུ་འབོད་བཅས་གནང་ཡོད་པ་རེད། འོན་ཀྱང་ཁ་སང་སྔ་ཐོག་དང་ཉིན་དགུང་བཅས་སུ་ས་སྐྱའི་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་ལགས་གྲོས་ཚོགས་སུ་ཕེབས་སྐབས། ལམ་བར་ན་ཕར་འཐེན་ཚུར་འཐེན་གྱི་གནས་ཚུལ་བྱུང་ཡོད་སྟབས། གྲོས་ཚོགས་ཀྱི་སྔ་དྲོའི་ཚོགས་ཐུན་རྗེས་མ་དང་། ཉིན་རྒྱབ་གསོལ་ཇའི་བར་གསེང་རྗེས་བཅས་སུ་སྤྱི་འཐུས་རྣམ་པ་བཞུགས་མོལ་ཚོགས་འདུ་ཚོགས་ཏེ། མཐའ་དོན་སྤྱི་འཐུས་ལྷན་ཚོགས་ནས་ཇོ་ནང་གི་གནད་དོན་དེ་ད་རེས་ཀྱི་གྲོས་ཚོགས་ནང་བསྣམས་ཕེབས་རྒྱུ་མིན་པའི་ཐག་གཅོད་བྱུང་འདུག ཕྱི་དྲོ་ཕྱག་ཚོད་༥༣༠ཡས་མས་ཙམ་ལ་བཞུགས་མོལ་ཚོགས་འདུ་སྒྲུབ་བསྟུན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བཅས་ནས་གྲོས་ཚོགས་ཀྱི་ཕྱི་ལོགས་ལས་འགུལ་བ་རྣམས་ལ་བཀའ་སྤྱི་གཉིས་ཀྱི་གསལ་བཤད་གནང་བ་སོང་བ་དང། དེ་ཡང་ཐོག་མར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཇོ་ནང་པའི་ཞུ་གཏུགས་སྐོར་གྱི་རྒྱབ་ལྗོངས་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་དང་འབྲེལ། རྐང་ད་ལན་གྱི་ཞུ་འབོད་ལས་འགུལ་བ་རྣམས་ནས་སྤྱི་འཐུས་ལྷན་ཚོགས་ལ་ཕུལ་བའི་དགོས་འདུན་དོན་ཚན་བཞི་ཅན་རེ་རེར་གསལ་བཤད་གནང་སོང། ལྷག་པར་དུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་ཀྱི་ཕྱི་ལོགས་སུ་བྱུང་བའི་གནས་ཚུལ་ཐད་སྤྱི་འཐུས་མང་ཆེ་བ་བློ་ཕམ་བྱུང་ཡོད་སྐོར་གསུངས་པ་དང་ཆབས་ཅིག ད་རེས་ཀྱི་གྲོས་ཚོགས་ནང་ཇོ་ནང་པའི་གནད་དོན་དེ་བསྣམས་ཕེབས་རྒྱུ་མིན་པའི་ཐག་གཅོད་བྱུང་ཡོད་པ་གསུངས་གནང་སོང། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མང་གཙོའི་འགྲོ་ལུགས་ལྟར་འཛིན་སྐྱོང་ནས་ཁྲིམས་བཟོ་ལྷན་ཚོགས་ནས་གང་ཐག་གཅོད་གནང་པ་ལ་ལག་བསྟར་གནང་གི་ཡོད་པའི་མང་གཙོའི་འགྲོ་ལུགས་སྐོར་གསུངས་པ་དང་སྦྲགས། བཀའ་ཤག་སྐབས་ ༡༤ པས་ཇོ་ནང་པའི་ཆོས་བརྒྱུད་འདི་བཞིན་ཆོས་བརྒྱུད་རང་སྐྱ་ཕེར་བ་ཞིག་ཏུ་ངོས་འཛིན་གནང་མུས་ཐོག་ཐུན་རྐྱེན་གང་ཐུབ་སྦྱོར་མུས་ཡིན་པ་གསུངས་གནང་སོང། འོན་ཀྱང་སྤྱི་འཐུས་ལྷན་ཚོགས་དང་འཛིན་སྐྱོང་བཀའ་ཤག་གི་ཐག་གཅོད་དང་གསལ་བཤད་གྲུབ་རྗེས་བོད་ནས་ཕེབས་པ་ཇོ་ནང་བསྟན་པའི་མངའ་བདག་སྤྲུལ་སྐུ་འཇིགས་མེད་རྡོ་རྗེའི་སྐུ་ཚབ་བཀྲིས་རྒྱལ་མཚན་ལགས་ནས་སྤྱི་འཐུས་ག་ཟི་ཚེ་རིང་པོ་ལགས་ཀྱིས་གང་གསུང་པ་ལ་སྤྱི་འཐུས་རྣམ་པའི་རྒྱབ་སྐྱོར་གནང་པར་བློ་ཕམ་དང་ཐག་གཅོད་འདི་ལྟ་བུ་ལ་ངོས་ལེན་རྩ་ནས་མེད་སྐོར་གསུངས་གནང་སོང། དེ་རིང་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚང་དབྱངས་རྒྱ་མཚོ་ལགས་ནས་ཁ་སང་བཀའ་ཤག་གི་གསལ་བཤད་ནང་ཇོ་ནང་ལ་ཐོབ་ཐང་ཆ་ཚང་སྤྲོད་ཀྱི་ཡོད་གསུངས་པ་ལུང་འདྲེན་གྱིས། དོན་དངོས་ཐོག་ཇོ་ནང་ལ་ཐོབ་ཐང་ཆ་ཚང་ཐོབ་ཀྱི་མེད་ཅེས་ལན་འདེབས་དང་སྦྲགས། སླར་ཡང་སྤྱི་འཐུས་ལྷན་ཚོགས་ལ་དགོས་འདུན་དོན་ཚན་བདུན་ཅན་ཞིག་ཕུལ་ནས་ལས་འགུལ་བ་ཟས་བཅད་ལས་འགུལ་དང་གཞན་རྣམས་སྔར་བཞིན་ཞི་འབོད་ལས་འགུལ་སྤེལ་མུས་ཡིན་པ་རེད། རྩ་བའི་ཁ་སང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་དབུས་སྲིད་སྐྱོང་མཆོག་བཅས་ནས་ལས་འགུལ་བ་རྣམས་ལ་དགོངས་པ་རྒྱ་ཆེ་བཞེས་དགོས་གལ་གྱིས་འབོད་སྐུལ་དང་། ལྷག་པར་དུ་གནད་དོན་ཅི་འདྲ་ཞིག་ཡིན་རུང་མང་གཙོའི་ལམ་ལུགས་ཀྱི་ཐོག་འགྲོ་དགོས་ཀྱི་ཡོད་སྐོར་གསུངས་ཡོད་པ་རེད། གཞི་རྩའི་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བཞི་པའི་དུས་ཡུན་མང་ཆེ་བ་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེད་བཙུགས་གནང་པའི་ཤེས་ཡོན་ཚོགས་ཆུང་གི་སྙན་ཐོའི་ཐོག་བགྲོ་གླེང་དང་འཛིན་སྐྱོང་ནས་གསལ་བཤད་བཅས་གནང་སོང།
ཞི་ཅིང་ཕིང་གི་དཔེ་དེབ་འགོ་འབྱེད་ཐོག་བོད་མིས་ངོ་རྒོལ་གནང་པ།
ཨ་རི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་གི་ཕྱི་སྲིད་ལྷན་ཁང་གི་སྐུ་ཚབ་ངོས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གི་མི་ཚེའི་ལོ་རྒྱུས་དང་བྱས་རྗེས་སོགས་འཁོད་པའི་དཔེ་དེབ་ཞིག་འགོ་འབྱེད་སྐབས་བོད་དོན་ལས་འགུལ་བསྟི་གནས་ཁང་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ངོ་རྒོལ་གནང་འདུག ཁ་སང་ཟླ་ ༩ ཕྱི་ཚེས་ ༡༧ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་རིང་མིན་ཟླ་འདིའི་ཕྱི་ཚེས་ ༢༢ ནས་བཟུང་གཟའ་འཁོར་གཅིག་ལྷག་ཙམ་རིང་ཨ་རིར་གཞུང་འབྲེལ་ཕྱོགས་བསྐྱོད་ཡོང་གཏན་འཁེལ་བ་དང་བསྟུན། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་དྲིལ་བསྒྲགས་སྡེ་ཚན་ནས་ཨ་རི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་སྲིད་དོན་དང་རྩོམ་རིགས་སྒྱུ་རྩལ་ ( Politics and Prose) ཞེས་རྒྱལ་སྤྱིའི་ཐོག་སྙན་གྲགས་ཡོད་པའི་དཔེ་དེབ་ཁང་དེའི་ནང་སྲིད་འཛིན་ཞི་ཅིང་ཕིང་གི་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་ཞིག་མགོ་འབྱེད་བྱས་འདུག སྐབས་དེར་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་དྲིལ་བསྒྲགས་སྡེ་ཚན་གྱི་འགན་ཛིན་གཞོན་པ་ Wagway Ming ནས་ཞི་ཅིང་ཕིང་སྲིད་གཞུང་གིས་རྒྱ་ནག་རྒྱབ་ཁབ་ཆེན་པོ་དེའི་ཆབ་སྲིད་དང་དཔལ་འབྱོར། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་ཕྱོགས་གང་ས་ནས་ཡར་རྒྱས་ཆེན་པོ་བཏང་ཡོད་སྐོར་གཏམ་བཤད་བྱས་འདུག ལས་རིམ་དེའི་ཐོག་བོད་དོན་ལས་འགུལ་ཁང་གི་ངེས་སྟོན་པ་ལྷ་སྒྲོན་བཀྲེས་མཐོང་ལགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་ངེས་སྟོན་པའི་ལས་ཚབ་ Pema Yoko ལགས་རྣམ་གཉིས་ཆེད་བཅར་ཀྱིས་ཡར་བཞེངས་ནས་རྒྱ་གཞུང་གིས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འགྲེལ་བརྗོད་བྱེད་བཞིན་པའི་གནད་དོན་དེ་དག་ལ་བདེན་པའི་ཆ་གང་ཡང་མེད་པ་མ་ཟད་། དངོས་ཡོད་གནས་སྟངས་ཀྱི་ཐོག་ལ་བལྟས་ན་རྒྱ་ནག་ཁྱོན་ཡོངས་ལ་མུ་མཐུད་དམ་དྲག་ཤུགས་ཆེ་ཡོད་པ་སོགས་གསུངས་ནས་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག དེ་བཞིན་སྐབས་དེར་ལྷ་སྒྲོན་བཀྲེས་མཐོང་ལགས་དང་པདྨ་ཡུ་ཀོ་ལགས་རྣམ་གཉིས་ཀྱིས་ད་བར་བོད་ནང་སློབ་ཕྲུག་དང་ཕ་མ། དེ་བཞིན་གྲྭ་བཙུན་སོགས་ཁྱོན་བོད་རིགས་ ༡༤༤ ལྷག་གིས་རང་ལུས་མེར་སྲེག་གནང་པ་དང་། ཉེ་ཆར་རྒྱ་གཞུང་གིས་བཙོན་ཁང་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་བཀྲོངས་པའི་གནད་དོན་གཙོས་པའི་རྒྱ་ནག་སྤྱི་དང་སྒོས་བོད་ཁྱོན་ཡོངས་ལ་འཕྲད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་གསལ་བཤད་གང་ཡང་བཀོད་མེད་པས་དེ་ནི་ཆབ་སྲིད་ཀྱི་གཡོ་བྱུས་ཞིག་ཡིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
ཤེས་ཡོན་སྲིད་བྱུས་ཇི་བཞིན་ལག་བསྟར་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་དགེ་རྒན་ཚད་ལྡན་མ་ཐོབ་པའི་རྒྱུ་མཚན་གྱི་ཡིན་པར་གསུང་པ།
དེ་རིང་ཟླ་ ༩ ཚེས་ ༡༦ སྟེ་གྲོས་ཚོགས་ཀྱི་ལས་ཉིན་གཉིས་པའི་ཐོག་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བསྐོ་འཛུགས་གནང་པའི་ཤེས་ཡོན་ཚོགས་ཆུང་ནས། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཇི་བཞིན་ལག་བསྟར་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་དགེ་རྒན་ཚད་ལྡན་མ་ཐོབ་པའི་དཀའ་ངལ་གྱིས་རེད་འདུག་ཅེས་གསུངས་ཡོད་པ་རེད། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་གྲོས་ཆོད་དགོངས་དོན། ཕྱི་ལོ་ ༢༠༠༤ ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེེས་ཡོན་སྲིད་བྱུས་གཏན་འབེབས་རྗེས་ལོ་མང་རིང་བོད་མིའི་སྒྲིག་འཛུགས་ཀྱི་སློབ་གྲྭ་ཡོངས་ལ་སྲིད་བྱུས་འདི་བཞིན་ལག་བསྟར་ཇི་ཙམ་གནང་ཐུབ་ཀྱི་ཡོད་མེད་དང། སྤྱི་ཡོངས་གནས་སྟངས་ལ་བསྐྱར་ཞིབ་མཐིལ་ཕྱིན་དང་འབྲེལ། ལྷག་པར་མ་འོངས་པ་ཤེས་ཡོན་གྱི་སྡེ་ཚན་ཡོངས་རྫོགས་སྲིད་བྱུས་གཅིག་གི་འོག་བསྐྱོད་ཐུབ་ཐབས་ཀྱི་ལམ་སྟོན་ཚད་ལྡན་ཞིག་ཡོང་སླད། སྤྱི་འཐུས་ལྔ་ལས་སྒྲུབ་པའི་ཤེས་ཡོན་ཚོགས་ཆུང་ཞིག་སྔ་ལོའི་ཕྱི་ཟླ་ ༡༠ ནང་ཆེད་བཙུགས་ཡོད་པ་ལྟར། འདས་པའི་དུས་ཡུན་དེའི་ནང་ཤེས་ཡོན་ཚོགས་ཆུང་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཡུལ་སློབ་གྲྭ་ཁག་ཅིག་ཏུ་ཞིབ་འཇུག་གནང་རྗེས་མཐའ་བསྡོམས་སྙན་ཐོ་དེ་རིང་གྲོས་ཚོགས་ནང་བསྣམས་ཕེབས་ཡོད་པ་རེད། ཚོགས་ཆུང་གི་སྙན་ཐོ་དེའི་ནང་དོན་གནད་ཆེ་བའི་དོན་ཚན་ ༧ པར་ཚོགས་ཆུང་གི་རྒྱབ་གཉེར་ནང་འཁོད།
༡༽ ཤེས་ཡོན་སྲིད་བྱུས་དགོངས་དོན་བསླབ་གཞི་རྩ་འཛིན་དང། གཏན་འབེབས་གནང་ཟིན་པའི་སློབ་དེབ་རྣམས་ཆ་རྐྱེན་ཚང་རིམ་བཞིན་སློབ་ཁག་ཡོངས་སུ་གཅིག་གྱུར་གྱིས་ལག་བསྟར་གནང་གལ། ༢༽ ཤེས་ཡོན་སྲིད་བྱུས་ཇི་བཞིན་ལག་བསྟར་མ་ཐུབ་པའི་རྐྱེན་གཙོ་བོ་ནི་ཨང་རྩིས་དང་། ཚན་རིག སྤྱི་ཚོགས་ཚན་རིག་སོགས་བོད་ཡིག་དང་བོད་སྐད་ཐོག་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་ཚད་ལྡན་མ་ཐོབ་པའི་དཀའ་ངལ་ལ་བརྟེན་ནས་རེད་འདུག་ན། ཤེས་རིག་ལས་ཁུངས་ནས་ད་ཡོད་ཀྱི་འོས་སྦྱོང་ཁག་ཙམ་མ་ཡིན་པར་ཛ་དྲག་ཐོག་དཀའ་སེལ་ཐབས་ལམ་ངེས་པར་དུ་ཚོད་དགོས་པ་དང་། དགེ་རྒན་རྒྱུན་གནས་ཐུབ་ཐབས་སུ་ཤེས་ཡོན་སྲིད་བྱུས་ནང་གསལ་དགེ་རྒན་གྱི་ཐུན་རྐྱེན་ཁག་ཀྱང་ངེས་པར་དུ་སྦྱར་དགོས་རྒྱུ། ༣༽གྲོས་ཚོགས་ཀྱི་གཏན་འབེབས་གནང་བའི་སྲིད་བྱུས་ཅི་འདྲ་ཞིག་ཡིན་ནའང་ཀ་ཀོར་མེད་པར་ལག་ལེན་བསྟར་དགོས་རྒྱུ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་བསྐུར་བའི་ལས་འགན་ཉག་ཅིག་ཡིན་པར་སོང་། འཛིན་སྐྱོང་བཀའ་ཤག་ནས་ཤེས་ཡོན་སྲིད་བྱུས་དེ་ཉིད་ལོ་དུས་རྒྱས་བཅད་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ཡོངས་སུ་ངེས་པར་ལག་བསྟར་ཐུབ་པ་དགོས་རྒྱུ། ༤༽ད་ལྟ་ཡོད་བཞིན་པའི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་སྟེང་ཤོད་གཉིས་ཀྱི་ཁོར་ཡུག་གི་གནས་བབ་ཐོག་ནས་དགེ་སློབ་ཡོངས་ལ་དཀའ་ངལ་ཤུགས་ཅེ་འཕྲད་བཞིན་པའི་གནས་སྟངས་ཤིག་རེད་འདུག་ན། སློབ་གྲྭ་དེ་ཉིད་གཞི་རིམ་གོང་འོག་བར་གསུམ་སོ་སོར་ཕྱེས་ཏེ་རྡ་སའི་གཡས་གཡོན་ས་གནས་འོས་འཚམས་ཤིག་ཏུ་གང་མགྱོགས་གནས་སྤོས་གནང་དགོས་རྒྱུ། ༥༽ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཆེད་དོན་འཆར་སྒྲིག་གནས་མཁན་གལ་ཆེ་ཤོས་ཤིག་ནི་ཤེས་ཡོན་ལྷན་ཚོགས་རེད་འདུག་ན། མ་འོངས་པར་ལོ་གཅིག་ནང་ཉུང་མཐར་ལྷན་ཚོགས་ཐེངས་གཉིས་གནང་སྟེ་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཕྱོགས་ཐད་སྔར་ལྷག་འགན་འཁུར་བཞེས་དགོས་རྒྱུ་བཅས་འཁོད་འདུག
དེ་རིང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་གཉིས་པ་ཉིན་འཁྱོངས་སྤྱི་འཐུས་ལྷན་ཚོགས་ནས་བསྐོ་འཛུགས་གནང་པའི་ཤེས་ཡོན་ཚོགས་ཆུང་གི་ཞིབ་འཇུག་སྙན་ཐོ་སྙན་སྒྲོན་དང་། སྙན་ཐོ་དེའི་ཐོག་བགྲོ་གླེང་གསལ་བཤད་བཅས་གནང་སོང།




