བོད་མིའི་སྒྲིག་འཛུགས།
༸གོང་ས་མཆོག་བོད་ལ་གདན་ཞུ་དང་བོད་ལ་རང་དབང་བྱུང་ན་བོད་ནང་ཕུལ་བྱུང་གི་དུས་རབས་ངོ་མ་དེ་འཆར་ངེས་ཡིན་གསུང་འདུག
བོད་མིའི་སྒྲིག་འཛུགས་བཀའ་ཤག་ངོས་ནས་རྒྱ་གཞུང་གིས་ཉེ་ལམ་བོད་རང་སྐྱོང་ལྗོངས་ཟེར་བའི་ཐོག་ཡིག་ཆ་དཀར་པོ་ཞིག་འདོན་སྤེལ་བྱས་པ་དེ་བཞིན་དངོས་ཡོད་གནས་ཚུལ་དང་རྩ་བ་ནས་མ་འཚམ་པ་ཞིག་ཡིན་པའི་འགྲེལ་བརྗོད་དང་འབྲེལ། ༸གོང་ས་མཆོག་བོད་ལ་གདན་ཞུ་དང་བོད་ལ་རང་དབང་བྱུང་ན་གཞི་ནས་བོད་ནང་ཕུལ་བྱུང་གི་དུས་རབས་ངོ་མ་དེ་འཆར་གྱི་རེད་ཅེས་གསུངས་འདུག དེའང་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་ཆེན་སྲུང་བརྩི་དང་འབྲེལ། རྒྱ་གཞུང་གིས་ཟླ་བ་འདིའི་ཚེས་ ༦ ཉིན་ཁུལ་དེའི་ཐོག་ཡིག་ཆ་དཀར་པོ་ཞིག་འདོན་སྤེལ་བྱས་ཡོད་པ་དང། དེའི་ནང་བོད་དེ་ད་ཆ་ཕུལ་བྱུང་གི་དུས་རབས་ཤིག་ཏུ་བསྒྱུར་ཡོད་པའི་འགྲེལ་བརྗོད་བྱས་ཡོད་ཀྱང། ཁ་སང་ཕྱི་ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ ནང།ཇི་སྲིད་བོད་ནང་རང་དབང་ཅན་གྱི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པ་ཁག་ལ་ཆ་རྐྱེན་གང་ཡང་མེད་པར་འགྲོ་བསྐྱོད་ཀྱི་ཆོག་མཆན་མ་སྤྲད་པ་དེ་སྲིད་དུ་རྒྱ་ནག་གཞུང་གིས་ཡིག་ཆ་འདི་ལྟ་བུ་འདོན་སྤེལ་བྱས་ཏེ་བོད་རྒྱའི་འབྲེལ་ལམ་ལ་འཁྱོག་བཤད་བྱེད་པ་དང། བོད་ལ་དྲག་པོའི་བཙན་བཟུང་བྱས་པ་དེ་དག་འགེབས་སྲུང་བྱེད་བཞིན་པ་དེས་དོན་དག་བསྒྲུབ་རྒྱུ་མེད་པ་ཞིག་རེད་ཅེས་གསུང་འདུག མ་ཟད་རྒྱ་གཞུང་གི་ད་ཐེངས་ཡིག་ཆ་དཀར་པོ་འདིའི་ནང་། བོད་ནང་འཛུགས་སྐྲུན་དང་། སྤྱི་ཚོགས་དང་རིག་གཞུང་གོང་སྤེལ་གྱི་ལས་གཞི་མང་པོ་ཞིག་སྤེལ་ཡོད་པ་འགྲེལ་བརྗོད་བྱས་ཡོད་ཀྱང་། དོན་དངོས་སུ་བོད་མི་ཚོར་ཆོས་དད་མཚོན་པའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་ཆོག་པའི་རང་དབང་རྩ་བ་ནས་སྤྲད་མེད་ཅེས་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་གཞིས་བྱེས་གཉིས་ཀྱི་བོད་མིའི་མངོན་འདོད་༸གོང་ས་མཆོག་བོད་ལ་གདན་ཞུ་དང་བོད་ལ་རང་དབང་དགོས་པའི་དགོས་འདུན་མ་གྲུབ་པ་དེ་སྲིད་བར་དུ་བོད་དོན་ལ་སེམས་ཁུར་ཡོད་ཁུལ་བྱས་པ་དེ་དོགས་གཞི་ཅན་ཞིག་ཆགས་ཡོད་པའི་ལན་འདེབས་དང་སྦྲགས་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱའི་དཀའ་རྙོག་སེལ་པར་ཐབས་ལམ་བཟང་ཤོས་ཡིན་པར་བསྐྱར་ནན་གནང་འདུག གཞི་རྩའི་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཐོག་ཡིག་ཆ་དཀར་པོ་དེ་འདོན་སྤེལ་བྱས་མ་ཐག འདི་ག་རླུང་འཕྲིན་ཁང་གི་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བཀྲིས་ཕུན་ཚོགས་ལགས་སུ་བཅར་དྲི་ཞུས་པར་ཁོང་གིས་ཀྱང་སྐབས་དེར་རྒྱ་གཞུང་ནས་རྒྱབ་དཀར་པོ་བསྟུད་མར་བཏོན་ནས་བསྐྱར་བཤད་ཡང་བཤད་ཀྱི་འགྲེལ་བརྗོད་བྱས་ཡོད་པ་འདི་ནི་གཞན་གྱི་དགའ་མོས་ཐོབ་ཐབས་ཙམ་ཤིག་ལས། རང་སྐྱོང་དང་ཡར་རྒྱས་བཤད་བཞིན་པ་དེ་དག་དོན་དངོས་བོད་མི་རྣམས་ལ་ཕན་ཐོགས་མེད་པ་གསལ་པོ་ཡིན་པ་གསུངས་ཡོད་པ་རེད།
ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས་གནང་པ།
ཇོ་ནང་པའི་ཚོགས་ཆེན་ཐེངས་བདུན་པའི་ཐོག་ཇོ་ནང་པའི་ངོས་ནས་ཆོས་བརྒྱུད་ཀྱི་ཐོབ་ཐང་རྩོད་ལེན་འདི་དུས་རབས་ནས་དུས་རབས་བར་མཚམས་འཇོག་བྱེད་ཀྱི་མ་རེད་ཅེས་གསུངས་སོང། དེ་རིང་ཟླ་ ༩ ཕྱི་ཚེས་ ༡༡ ཉིན་མེ་གྷན་སཱུར་ཡཱ་གསོལ་མགྲོན་ཁང་དུ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དབུ་བཞུགས་ཐོག་ ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་དབུས་པའི་རྒྱ་བལ་འབྲུག་གསུམ་དང་། ཨ་རི། ཡོ་རོབ། ར་ཤི་ཡ། སོག་པོ། མ་ལེ་ཤི་ཡ་དང་ བོད་བཅས་ཀྱི་ནང་ཇོ་ནང་ཆོས་བརྒྱུད་འཛིན་མཁན་གྱི་དགོན་པ་དང་ཆོས་ཚོགས་ཁག་གི་འཐུས་མི་ ༡༤༠ ལྷག་ཆེད་བཅར་ཐོག་ཚོགས་འདུ་དབུ་འཛུགས་གནང་སོང། སྐབས་དེར་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་ཐོག་མར་ཕྱི་ལོ་ ༡༩༩༧ ལོ་ནས་ད་བར་འདས་པའི་ལོ་ ༡༨ རིང་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་སུ་ཇོ་ནང་པ་ལ་ཆོས་བརྒྱུད་གཞན་དང་གཅིག་མཚུངས་ཀྱི་ཐོབ་ཐང་སྤྲོད་རོགས་ཅེས་ཞུ་སྙན་ཕུལ་བའི་བརྒྱུད་རིམ་དང་འབྲེལ། ད་ལན་གྱི་ཚོགས་ཆེན་དེ་བསྐོང་དོན་སོགས་ངོ་སྤྲོད་གནང་གྲུབ་རྗེས། ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་སློབ་སྟོན་པ་མཁན་པོ་ངག་དབང་རྡོ་རྗེ་ལགས་ཀྱིས་ཚོགས་ཆེན་ཐོག་བཙན་བྱོལ་བོད་མིའི་ཁྲིམས་ཡིག་ལུང་འདྲེན་དང་འབྲེལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དགོངས་པ་ཆེ་བཞེས་ཀྱིས་སྔར་གྱི་རྒྱུ་འབྲས་ལ་གཟིགས་ནས་ཐག་གཅོད་གནང་མ་མྱོང་བ་ཞིག་གནང་རྒྱུའི་དུས་ལ་བབ་ཡོད་པ་གསུངས་པ་མ་ཟད། ཇོ་ནང་པའི་ངོས་ནས་ཆོས་བརྒྱུད་ཀྱི་ཐོབ་ཐང་རྩོད་ལེན་འདི་དུས་རབས་ནས་དུས་རབས་བར་མཚམས་འཇོག་བྱེད་ཀྱི་མ་རེད་ཅེས་གསུངས་སོང། དེ་བཞིན་ཇོ་ནང་རྒྱལ་ཚབ་རིན་པོ་མཆོག་གིས་འདས་པའི་ལོ་ ༡༨ རིང་བོད་གཞིས་བྱེས་གཉིས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་བསྟན་བདག་བླ་ཆེན་རྣམ་པ་དང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སོགས་སོ་སོར་ཕུལ་སྙན་དང་བཀའ་ལན་བཅས་ཀྱི་ཡིག་ཆ་ཁག་ཚོགས་ཆེན་ཐོག་དཔང་པོའི་ཚུལ་དུ་བསྣམས་པ་དང་། ལྷག་དོན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཐེངས་འདིའི་ཇོ་ནང་ཚོགས་ཆེན་ཐོག་ཕེབས་པའི་བཀའ་ཡིག་སྒྲོག་སྦྱང་གནང་ཡོད་པ་རེད།སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་མཆོག་གིས་དེ་སྔ་ ༢༠༡༡ ལོའི་ཆོས་བརྒྱུད་ཆེན་མོའི་ཚོགས་ཆེན་ཐོག ཇོ་ནང་པའི་ཆོས་བརྒྱུད་དེ་བཞིན་ལྟ་གྲུབ་དང་ཆོས་བརྒྱུད་ཐོག་རང་ཁ་གསོན་པའི་ཆོས་བརྒྱུད་ལ་ངོས་ལེན་ཐོབ་པ་གཞི་བཟུང། ཆོས་རིགས་ལས་ཁུངས་ནས་ངོས་ལེན་ཞུ་མུས་ཐོག་ཇོ་ནང་པའི་དགེ་འདུན་ཚོར་འཚོ་སྣོན་དང། སློབ་ཡོན། ཆོས་ལུགས་ཚོགས་ཆེན་ཐོག་ཇོ་ནང་པའི་སྐུ་ཚབ་ལ་ཞབས་སྟེགས་ཕུལ་པ་མཚོན་འདས་པའི་ལོ་ངོ་ ༥༠ ལྷག་རིང་ནང་པ་སངས་རྒྱས་པའི་ཆོས་འདི་ལ་བརྟེན་ནས་བོད་མི་རིགས་འདི་འཛམ་གླིང་སྤྱི་ལ་ངོམ་ཆོག་པ་ཞིག་ཆགས་ཡོད་སྟབས། ཇོ་ནང་པའི་ཆོས་བརྒྱུད་འཛིན་མཁན་ཚོས་ཀྱང་རང་ཉིད་ཀྱི་ལྟ་གྲུབ་ལ་ཚད་མཐོ་པོའི་སློབ་གཉེར་གནང་དགོས་པ་སོགས་གསུངས་སོང་། རྩ་བའི་ད་ལན་གྱི་དམིགས་བསལ་ཚོགས་ཆེན་དེ་དེ་རིང་དང་སང་བཅས་ཉིན་གཉིས་རིང་ད་བར་ཇོ་ནང་པའི་ངོས་ནས་རང་གཞུང་ལ་ཞུ་གཏུགས་བྱས་པའི་བརྒྱུད་རིམ་ལ་བསྐྱར་ཞིབ་དང། ཡོང་ལ་ཉེ་བའི་གྲོས་ཚོགས་ལ་ཞུ་གཏུག་ཇི་ལྟར་བྱ་དགོས་མིན་སོགས་ཀྱི་ཐད་བགྲོ་གླེང་གནང་རྒྱུ་ཡིན་འདུག གཞན་ཡང་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་དབུས་རྒྱུན་གསར་འདེམས་བཅས་གནང་རྒྱ་རེད་འདུག
གཞོན་ནུ་རྒྱུན་ལས་གསུམ་ནས་དུས་ཚོད་ངེས་མེད་ཀྱི་མེད་ཟས་བཅད་ངོ་རྒོལ་དབུ་འཛུགས་གནང་པ།
གཞིས་ལུས་བོད་མིར་གདུས་སེམས་མཉམ་སྐྱེལ་བཅས་ཀྱི་སླད་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་ཞིག་སྤེལ་འདུག དེ་རིང་ཟླ་ ༩ ཕྱི་ཚེས་ ༡༠ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་རྒྱུན་ལས་གསུམ་ནས་བོད་ཀྱི་མིག་སྔའི་ཛ་དྲག་གནས་སྟངས་དྲིལ་བསྒྲཊ་དང། རང་ལུས་མེར་སྲེག་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་ལ་རྒྱབ་སྐྱོར། གཞིས་ལུས་བོད་མིར་གདུས་སེམས་མཉམ་སྐྱེལ་བཅས་ཀྱི་སླད་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་དབུ་འཛུགས་གནང་འདུག མཉམ་འབྲེལ་རྒྱལ་ཚོགས་དེ་ཡང་བོད་ཀྱི་གནད་དོན་དང་ཐད་ཀར་འབྲེལ་ཡོད་ལ་ངོས་འཛིན་ཞུས་ནས་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཚོགས་ལ་ཉེ་བ་དང་བསྟུན་ཏེ་ཁོང་རྣམས་ནས་རྒྱལ་ཚོགས་ལ་བོད་དོན་གྱི་དགོས་འདོན་དོན་ཚན་ལྔ་ཅན་གྱི་ཞུ་བསྐུལ་སྤེལ་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ནས་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་དོན་གླེང་སློང་དགོས་པ་དང་། རྒྱ་ནག་སྲིད་གཞུང་ལ་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་མཁན་བོད་མིའི་དགོས་འདུན་ཁག་ལ་འགན་འཁུར་ཡ་ལན་དགོས་པ་ནན་བསྐུལ་མཐའ་འཁྱོལ་བྱ་དགོས་པ། རྒྱ་ནག་སྲིད་གཞུང་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཀྱི་བདེན་དབང་གསལ་སྟོན་དགོས་པ་ནན་བསྐུལ་བྱ་དགོས་པ། བོད་ཀྱི་དངོས་ཡོད་གནས་ཚུལ་རྟོགས་ཞིབ་ཆེད་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་ངེས་པར་དུ་གཏོང་དགོས་པ་དང་དེ་བཞིན་རྒྱ་ནག་སྲིད་གཞུང་ལ་བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་དགོས་པ་ནན་བསྐུལ་བྱ་དགོས་པ་བཅས་དགོས་འདུན་ལྔ་བཏོན་གནང་འདུག
རྒྱ་གཞུང་གི་རྒྱབ་ཤ་དཀར་པོ་ཞེས་པ་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་ནུས་སྟོབས་ལ་ཁ་གཏད་གཅོག་ཆེད་ཀྱི་འཁྱོག་བཤད་ཅིག་ཡིན་པ་གསུང་པ།
རྒྱ་ནག་གཞུང་ནས་ཟླ་ཤས་གོང་བོད་སྐོར་རྒྱབ་ཤ་དཀར་པོ་ཞིག་འདོན་སྤེལ་བརྒྱུད། ༸གོང་ས་མཆོག་གི་ལམ་སྟོན་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་ནི་རྒྱ་གཞུང་གི་རྩ་ཁྲིམས་དང་ཡོངས་སུ་འགལ་གྱི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེ་བྱས་རྗེས། ཁ་སང་ཕྱི་ཟླ་ ༩ ཚེས་ ༦ ཉིན་སླར་ཡང་རྒྱབ་ཤ་དཀར་པོ་ཞིག་འདོན་སྤེལ་བརྒྱུད། བོད་ནང་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་འོག་ཕྱོགས་ཡོངས་ནས་ཡར་ཐོན་གོང་འཕེལ་གཏོང་མུས་ཡིན་སྐོར་བཤད་འདུག དེ་ཡང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ལས་ཁང་གི་གསར་འགྱུར་ཚན་པས། ཁ་སང་རྒྱལ་ས་པེ་ཅིང་དུ་བོད་སྐོར་སླར་ཡང་རྒྱབ་ཤ་དཀར་པོ་ཞིག་འདོན་སྤེལ་བྱེད་པ་དང་ཆབས་ཅིག རྒྱ་གཞུང་གིས་འདས་པའི་ལོ་ངོ་ ༥༠ དེའི་ནང་བོད་ལྗོངས་ཀྱི་སྤྱི་ཚོགས་རྙིང་པའི་མུན་ནག་དང་རྗེས་ལུས་དེ་བཞིན་མདུན་སྐྱོད་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་བཞིན་ཡོད་སྐོར་དང་། དམངས་ཀྱི་བདེ་སྐྱིད་འཚོ་བ་གོང་སྤེལ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ། ཆོས་ལུགས་དད་མོས་རང་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ། བོད་ནང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་གནད་དོན་ཁག་ཅིག་སྐོར་ལ་བརྒྱུད་བསྒྲགས་བྱེད་འདུག ལྷག་པར་དུ་ཁ་སང་གི་ཚོགས་འདུ་དེའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་གཞོན་པ་རྡོ་རྗེ་འགྲུབ་ཀྱིས་བོད་ནང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་རྒྱུ་ནི་བོད་ལྗོངས་ཀྱི་ལོ་རྒྱུས་གོང་འཕེལ་དང་སྤྱི་ཚོགས་ཡར་རྒྱས་ཡོང་བའི་ཕྱི་རོལ་ཡུལ་གྱི་བླང་བྱར་བཤད་པ་དང་།བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འཚམ་ཞེས་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་རྒྱུ་ནི། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་བོད་ལྗོངས་ས་གནས་ཀྱི་དོན་དངོས་གནས་ཚུལ་དང་ཁྱོན་ཡོངས་ནས་འཚམ་སྟེ། བོད་ལྗོངས་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་གདམ་ག་ཡང་དག་ཡིན་ཞེས་བརྗོད་འདུག འོན་ཀྱང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བཀྲིས་ཕུན་ཚོགས་ལགས་ཀྱིས་གསུངས་པར། རྒྱ་གཞུང་ནས་རྒྱབ་དཀར་པོ་བསྟུད་མར་བཏོན་ནས་འགྲེལ་བཤད་བསྐྱར་བཤད་ཡང་བཤད་བྱེད་ཀྱི་ཡོད་པ་འདི་ནི་གཞན་གྱི་དགའ་མོས་ཐོབ་ཐབས་ཙམ་ཤིག་ལས། རང་སྐྱོང་དང་ཡར་རྒྱས་བཤད་བཞིན་པ་དེ་དག་དོན་དངོས་བོད་མི་རྣམས་ལ་ཕན་ཐོགས་མེད་པ་གསལ་པོ་ཡིན་པ་གསུངས་ཀྱི་འདུག དེ་དེ་བཞིན་རྒྱ་ནག་ཉམས་ཞིབ་པ་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུངས་པར། རྒྱ་ནག་གཞུང་ནས་ད་བར་རང་སྐྱོང་གི་ཁྲིམས་ལུགས་ཤིག་བཟོ་ཐུབ་མེད་པའི་དུས་སྐབས་འདིར། རང་སྐྱོང་གི་ཁྲིམས་ལུགས་ལག་བསྟར་བྱེད་ཐུབ་ཡག་ཡོད་མ་རེད་ཅེས་དང། ལྷག་པར་དུ་རྒྱ་ནག་ནང་གི་བློ་གཟུ་བོར་གནས་པའི་ཉམས་ཞིབ་པ་ཚོས་བོད་ནང་གི་རང་སྐྱོང་གི་ཐོབ་ཐང་དེ་རྒྱ་ནག་གི་སྤྱི་སྟངས་མངའ་སྡེ་ལས་ཆུང་བ་ཡོད་པ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་ཀྱི་འདུག ཁོང་གིས་མུ་མཐུད་གསུངས་པར་རྒྱ་ནག་གཞུང་ནས་ཤིང་ཅང་དང་སོག་པོ། གཞན་ཡང་མང་གཙོ་དོན་གཉེར་ཅན་གྱི་ཐོག་ལ་རྒྱབ་ཤ་དཀར་པོ་དེ་ལྟར་བཏོན་གྱི་མེད་ནའང། བོད་སྐོར་ཉུང་མཐར་ལོ་གཅིག་ལ་རྒྱབ་ཤ་དཀར་པོ་ཚར་གཅིག་བཏོན་དགོས་དོན་གཙོ་བོ་ནི། གཞིས་ལུས་བོད་མིའི་སྙིང་སྟོབས་དང་ཕྱི་ཕྱོགས་བོད་མིའི་སྒྲིག་འཛུགས་ཀྱི་ནུས་སྟོབས་ཁ་གཏད་གཅོག་ཆེད་ཀྱི་ཡ་ལེན་མ་བྱེད་ཀ་མེད་ཅིག་ཏུ་ངོས་འཛིན་གནང་གི་འདུག ཁ་སང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ལས་ཁང་ནས་བོད་སྐོར་རྒྱབ་ཤ་དཀར་པོ་འདོན་སྤེལ་བྱས་པ་དེའི་ཐོག་ནས། བོད་རང་སྐྱོང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་ཚོགས་མི་ནོར་བུ་དོན་འགྲུབ་ཀྱིས་པཎ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་སྐོར་ལ་ལན་འདེབས་བྱས་པའི་ཁྲོད། པཎ་ཆེན་རིན་པོ་ཆེ་རྒྱུན་གཏན་གྱི་འཚོ་བ་སྐྱེལ་ཞིང་བདེ་ཐང་ངང་འཚར་ལོངས་བྱེད་་བཞིན་ཡོད་པས། ཁོང་བསུན་པོ་ཆགས་འདོད་བྱེད་ཀྱི་མི་འདུག་བཅས་བཤད་པ་སྦྲགས། ནོར་བུ་དོན་འགྲུབ་ཀྱིས་ཏཱ་ལའི་བླ་མས་པཎ་བླ་མའི་ཡང་སྲིད་ངོས་འཛིན་བྱས་པ་དེ་ནི་ལོ་རྒྱུས་ལ་སྣང་མེད་དང་ཆོས་ཕྱོགས་ཀྱི་ལམ་ལུགས་སྲོལ་ལ་རྩིས་མེད་བཏང་པ་ཞིག་ཏུ་འགྲེལ་བརྗོད་བྱས་འདུག རྩ་བའི་རྒྱ་ནག་གཞུང་ནས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛིན་བཟུང་བཙན་ཁྲིད་བྱས་ནས་ད་བར་ལོ་ངོ་༢༠སོང་ཡོད་པ་འདིའི་ཁྲོད། གཞུང་གི་འགོ་ཁྲིད་ཚོས་རིན་པོ་བདེ་ཐང་ངང་ཡོད་སྐོར་བཤད་པ་ཙམ་ལས་མང་ཚོགས་ཀྱི་མིག་ལམ་དུ་བསྟན་མེད་པ་རེད། གཞི་རྩའི་རྒྱ་ནག་གཞུང་ནས་ཕྱི་ལོ་༡༩༩༢ནས་ད་བར་བོད་སྐོར་འཁོད་པའི་རྒྱབ་ཤ་དཀར་པོ་ཐེངས་༡༢་འདོན་སྤེལ་བརྒྱུད། བོད་ལྗོངས་ཀྱི་སྤྱི་ཚོགས་རྙིང་པ་མུན་ནག་དང་རྗེས་ལུས་དེ་བཞིན་རྒྱ་ནག་གུང་བྲན་ཏང་གི་ཡར་ཐོན་ཅན་གྱི་སྤྲོ་སྣང་ལྡན་པའི་བོད་ལྗོངས་གསར་པ་ཞིག་ཏུ་སྐྲུན་བཞིན་པའི་གནས་ཚུལ་བརྒྱུད་བསྒྲགས་དང། ལྷག་པར་དུ་བརྒྱུད་ལམ་འདིའི་ཐོག་ནས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་རྒྱལ་ཁབ་ཁ་བྲལ་གཏོང་མཁན་དུ་ངོས་འཛིན་གྱིས་མཚན་སྨས་ཞུ་ས་དང་༸གང་ཉིད་ཀྱི་ལམ་སྟོན་གནང་པའི་གཉིས་སྨན་དབུ་ལམ་ལ་སྐྱོན་བརྗོད་སྔ་རྗེས་བྱེད་ས་ཤིག་ཡིན་པ་རེད།
བོད་ཀྱི་བུ་མེད་ལྷན་ཚོགས་ཀྱི་ངོས་ནས་མང་ཚོགས་ཚོར་མང་གཙོ་དང་འོས་བསྡུའི་སྐོར་ཟབ་སྦྱོང་སྤྲོད་པ།
ཁ་སང་ཟླ་ ༩ ཕྱི་ཚེས་ ༦ ཉིན་བོད་ཀྱི་བུ་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་དངོས་གཞི་ལས་རིམ་བསླེབ་ལ་ཉེ་བ་དང་བསྟུན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་བསམ་ཡས་གླིང་དུ་ས་གནས་བུ་མེད་ ༢༠ ལྷག་ལ་འོས་བསྡུ་དང་འབྲེལ་བའི་གོ་རྟོགས་རྒྱ་མི་ཆུང་བ་ཞིག་སྤེལ་བཞིན་ཡོད་འདུག རྩ་བའི་གོ་རྟོགས་ཀྱི་ཟབ་སྦྱོང་དེ་བོད་ཀྱི་བུ་མེད་གཅིག་པུ་མིན་པར་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ཚོར་མང་གཙོའི་ཁེ་ཕན་དང་འོས་བསྡུའི་རིན་ཐང་སྐོར་གོ་རྟོགས་སྤེལ་བཞིན་ཡོད་པ་རེད།
བཞུགས་སྒར་དུ་རྒྱལ་གཅེས་པ་བཀྲིས་སྐྱིད་ལགས་ཀྱི་ཆེད་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་གནང་པ།
ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་བོད་མདོ་སྨད་ཀན་ལྷོ་ཁུལ་སངས་ཆུ་རྫོང་བསང་ཁོག་ཡུལ་ཚོའི་དངུལ་རྭ་སྡེ་བའི་ནང་དུ་བཀྲིས་སྐྱིད་ལགས་ཀྱི་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ནས་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བཞུགས་སྒར་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་གནང་སོང། དེ་རིང་ཟླ་ ༩ ཕྱི་ཚེས་ ༤ ཉིན་རྒྱབ་ཚོུད་ ༤།༠༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག ལས་ཁུངས་ཁག་ལས་མཚམས་བཞག་སྟེ་ཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་ཕྱྭར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་ཆེ་མཆོག་ཚོགས་མགོན་དུ་དབུ་གཞུགས་ཐོག་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུས་པའི་སྲི་ཞུ་བ་དང་དྷ་ས་བཅའ་བཞུགས་བོད་མི་སེར་སྐྱ་མང་ཚོགས་ལྷན་འཛོམས་ཐོག་སྨོན་ལམ་གསུང་དོན་གནང་ནས་རྒྱལ་གཅེས་པ་བཀྲིས་ལགས་དམ་པ་དེ་ཉིད་གཙོས་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་བོད་མི་སྐུ་སྲོག་ཤོར་བ་དང། ད་ལྟ་རྒྱ་གཞུང་གི་མནར་སྤྱོད་འོག་བཙོན་ཁང་སོགས་ཀྱི་ནང་སྡུག་སྦྱོང་མྱང་དང་མྱོང་བཞིན་པ་ཡོད་པ་དེ་དག་ལ་རྗེས་དྲན་གྱི གདུང་སེམས་མཉམ་བསྐྱེད་ཞུས་སོང། སྐབས་དེར་སྲིད་སྐྱོང་ལས་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་བཀའ་ཤག་ཚབ་ཞུས་ནས་བཀྲིས་སྐྱིད་ལགས་དམ་དེ་ཉིད་གཙོས་པའི་ཉེ་འབྲེལ་ནང་མི་ཡོངས་ལ་གདུངས་སེམས་མཉམ་བསྐྱེད་ཞུས་པ་དང་སྦྲགས། དམ་དེ་སླར་བོད་གངས་ཅན་ལྗོངས་ལ་མི་ལུས་ཐོབ་པའི་བསྔོ་སྨོན་ཞུས་པ་མ་ཟད། རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་གཅེས་པ་དེ་དག་གིས་ཞུམ་མེད་བློས་བཏང་གནང་བ་ཡིད་ལ་དྲན་དགོས་པ་གསུངས་སོང། རྩ་བའི་ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་བོད་མདོ་སྨད་ཀན་ལྷོ་ཁུལ་སངས་ཆུ་རྫོང་བསང་ཁོག་ཡུལ་ཚོའི་དངུལ་རྭ་སྡེ་བའི་ནང་དུ་རང་ལུས་མེར་སྲེག་བཏང་མཁན། ཕྲུག་གུ་ལྔའི་ཨ་མ་བཀྲིས་སྐྱིད་ལགས་ཀྱི་བཟའ་ཟླའི་མིང་ལ་སངས་རྒྱས་སྐྱབས་དང་ཁོང་གཉིས་ལ་བུ་བཞི་དང་བོུ་གཅིག་བཅས་ཡོད་པ་ལས་བརྩོན་འགྲུས་རྒྱ་མཚོ་དང་། སངས་རྒྱས་རྒྱ་མཚོ། སྐལ་བཟང་རྒྱ་མཚོ་གསུམ་ནི་གྲྭ་པ་ཡིན་པ་དང། གཞན་ཡོན་ཏན་རྒྱ་མཚོ་དང་བུ་མོ་ཀུན་བཟང་སྐྱིད་བཅས་ཡིན་འདུག ཁོང་དེ་སྔ་རྒྱ་གར་ནང་ཕྱི་ལོ་ ༢༠༡༢ ལོའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་མཚོན་པའི་ཐེངས་གཉིས་ཕེབས་མྱོང་ཡོད་པ་ཞིག་རེད་འདུག
བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༥ སྲུང་བརྩི་ཞུས་པ།
དེ་རིང་ཕྱི་ཟླ་ ༩ པའི་ཚེས་ ༢ ཉིན་སྔ་དྲོ་ཚོུད་ ༡༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུ་གཡབ་ཏུ་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཤན་ཏ་ཀུ་མཱར་ (Shri Shanta Kumar) མཆོག་གིས་དབུ་བཞུགས་ཐོག་དམིགས་བསལ་སྐུ་མགྲོན་རྒྱ་གར་གྱི་བློན་ཆེན་ལྕམ་མེ་ནི་ཀ་གཱན་དྷི་ (Maneka Gandhi) མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། མི་དམངས་དང་སློབ་ཕྲུག དེ་བཞིན་སེར་སྐྱ་མང་ཚོགས་བཅས་ལྷན་འཛོམས་ཐོག་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༥ པ་སྲུང་བརྩིའི་ཞུས་ཡོད། མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་ལ་བརྟེན་ནས་བོད་མིའི་མང་གཙོའི་ལམ་ལུགས་སྲོལ་གཏོད་མཛད་ནས་རིམ་བཞིན་ཡར་རྒྱས་གོང་འཕེལ་བྱུང་ཞིང་། བོད་མིའི་མང་གཙོའི་ལམ་སྲོལ་འདི་ནི་མི་མང་གིས་འཐབ་རྩོད་ལ་བརྟེན་ནས་བྱུང་བ་ཞིག་མ་ཡིན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་འཕྲལ་ཕུགས་ཀྱི་བདེ་དོན་ལ་དགོངས་ཏེ་གསོལ་སྩལ་གནང་བ་ཞིག་ཡིན་པས་རང་ཅག་རྣམས་ནས་རྒྱུན་དུ་བཀའ་དྲིན་རྗེས་དྲན་ཞུ་དགོས་པའི་མཛད་འཕྲིན་རླབས་པོ་ཆེ་ཞིག་ཡིན་པ་གསུངས་གནང་ཡོད་པ་རེད།
ལྷག་དོན་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་དམ་སྲིད་སྐྱོང་ལ་༸གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་བ་ནས་བཟུང་རྒྱ་ཆེའི་མི་མང་གིས་མང་གཙོའི་ལམ་ལུགས་ལ་ཡིད་ཆེས་བློ་གཏད་དང་རྒྱབ་སྐྱོར་གནང་བ་བཅས་ལ་བརྟེན་ནས་ད་བར་ལྷིང་འཇགས་པོའི་ངང་འགྲོ་བཞིན་ཡོད་པ་མ་ཟད། བཙན་བྱོལ་ནང་ང་ཚོས་མང་གཙོའི་ལམ་ལུགས་ཡང་དག་པ་ཞིག་ལག་བསྟར་བྱེད་བཞིན་པ་འདིས་ནང་ཆོས་དང་མང་གཙོའི་ལྟ་གྲུབ་གཉིས་མཉམ་གནས་ཐུབ་པ་གསལ་བཏོན་བྱས་ཡོད་སྐོར་གསུངས་སོང། དེ་བཞིན་ཁོང་གིས་རིང་མིན་མང་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་གནང་ལ་ཉེ་བ་དང་བསྟུན་ནས་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་གཉན་འཕྲང་ཆེ་བ་དང་། བཙན་བྱོལ་བོད་མིའི་གནས་བབ། རང་ཅག་རྣམས་ཀྱི་བསྒྲུབ་བྱ་ཇི་ཡིན་སོགས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་བསམ་ཞིབ་ཀྱིས་བོད་མིའི་མངོན་འདོད་བསྒྲུབ་པར་བྱེད་མཁན་འགོ་ཁྲིད་འོས་བསྡུ་བྱ་རྒྱུའི་ཐོབ་ཐང་དང་འགན་འཁུར་གཉིས་ཀ་མི་མང་ལ་ཡོད། དེས་ན་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་བཞུགས་མཁན་དང་རྒྱབ་སྐྱོར་གནང་མཁན་ཀུན་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ཀྱི་ཁྱད་རྣམས་མ་དོར་བའི་སྒོ་ནས་གཏམ་བཤད་དང་བསྒྲགས་གཏམ་སོགས་གནང་དགོས་ཞེས་གལ་ཆེ་ནན་ཏན་གྱི་འབོད་བསྐུལ་ཞུ་གནང་སོང། ད་དུང་ཁོང་གིས་ང་ཚོའི་འཐབ་རྩོད་ཀྱི་དམིགས་ཡུལ་ངོ་སྤྲོད་དང་སྦྲགས་ཏེ་རང་ལུས་མེར་སྲེག་གནང་མཁན་བོད་མི་ ༡༤༢ བྱུང་བ་རྣམས་ཀྱི་འཆི་ཁའི་རེ་འདུན་དང་། གཞིས་བཞུགས་བོད་མིའི་མངོན་འདོད་ད་ལྟ་ཡང་འགྲུབ་རྒྱུ་ཡིན་སྐོར་སོགས་གསུངས་སོང། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བཅས་སུ་ཆིབས་བསྒྱུར་སྐབས་རྒྱ་གར་གྱི་རང་དབང་མང་གཙོའི་ཆབ་སྲིད་ཀྱི་ལམ་ལུགས་ལ་ཐུགས་ཡིད་ཕྲོགས་ཏེ་བོད་ལྗོངས་འདི་ཡང་དེང་རབས་རང་དབང་མང་གཙོའི་འགྲོ་ལུགས་ཀྱི་ལམ་བཟང་དང་མཐུན་པའི་སྤྱི་ཚོགས་ཤིག་ཏུ་ལེགས་བཅོས་མཛད་འགོ་བརྩམས་པ་ནས་བཟུང་བཙན་བྱོལ་ཕེབས་མ་ཐག་བོད་ཕྱི་ནང་གཉིས་ཀྱི་ངོ་ཚབ་ཡོངས་སུ་མཚོན་པའི་བོད་མི་མང་སྤྱི་འཐུས་འོས་བསྡུས་གནང་སྲོལ་གཙོས་ད་བར་ཡང་དག་པའི་མང་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་མར་གསོལ་རས་སྩལ་གནང་མཛད་པ་ཞིག་ཡིན་པ་གསུངས་སོང། ད་དུང་མུ་མཐུད་གསུངས་དོན་ལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གི་དབུ་འཁྲིད་སྲིད་སྐྱོང་དང། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་སྤྱི་འཐུས་རྣམས་ཀྱི་འོས་བསྡུ་ཆེན་མོ་གཉིས་སླེབས་ལ་ཉེ་བའི་སྐབས་འདིརམང་ཚོགས་ཚོས་འོས་བསྡུའི་དེབ་སྐྱེལ་དང་། དངོས་སུ་མཉམ་ཞུགས་ངེས་པར་གནང་དགོས་ཤིན་ཏུ་གལ་ཆེ་བས་གཞན་གྱི་བརྒྱུད་སྐུལ་དང། ཟེར་རྗེས་ཙམ་གྱི་རྗེས་སུ་མི་འབྲང་པར་སོ་སོའི་རྣམ་དཔྱོད་ཀྱི་རང་དབང་གི་ཐོག་ནས་འོས་འཕེན་དགོས་པའི་འབོད་སྐུལ་ནན་པོ་གནང་སོང། ད་ཕན་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་བོད་མི་སེར་སྐྱ་ཕོ་མོ་གྲངས་ ༡༤༢ བྱུང་ཡོད་པ་དང་། ལོ་འདི་ཁོ་ནར་མི་གྲངས་ ༧ བྱུང་ཡོད་པ་འདིས་བོད་ནང་བོད་མི་ཚོར་རང་དབང་མེད་པ་གསལ་པོར་མཚོན་གྱི་ཡོད། དེར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་གཙོས་མང་གཙོ་དང་། རང་དབང་། དྲང་བདེན་བཅས་གཙིགས་ཆེར་འཛིན་པའི་རྒྱལ་ཁབ་ཚང་མས་རྒྱ་དམར་གྱི་བྱ་སྤྱོད་ངན་པ་འདི་རིགས་འཕྲལ་མར་མཚམས་འཇོག་དགོས་པའི་གནོན་ཤུགས་ནན་ཏན་སྤྲོད་གནང་ཡོང་བའི་འབོད་སྐུལ་ཡང་ཞུ་གནང་སོང། སྐུ་མགྲོན་གཙོ་བོ་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་དང་དམིགས་བསལ་རྒྱ་གར་གཞུང་གི་བྱིས་པ་དང་བེུད་ནུས་སྟོབས་གོང་འཕེལ་གྱི་བློན་ཆེན་ལྕམ་སྐུ་མེ་ནི་ཀ་གཱན་དྷི་མཆོག གཞན་ཡང་རྒྱ་གར་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་གི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་འཐུས་མི་བཞི་བཅས་ཕེབས་ཡོད་རྣམས་ནས་དེ་རིང་མཛད་སྒོར་ཕེབས་ཐུབ་པ་ནི་དགའ་ཚོར་ཆེན་པོ་ཡོད་པ་དང་ཁྱད་པར་དུ་གོ་སྐབས་འདིའི་བརྒྱུད་༸གོང་ས་མཆོག་གི་མཇལ་ཁ་དང་བྱིན་རླབས་ཐོབ་པར་དགའ་ཚོར་དཔག་མེད་བྱུང་ཡོད་པ་སོགས་གསུངས་པ་མ་ཟད། སྐུ་མགྲོན་གཙོ་བོ་སྐུ་ཞབས་ཤན་ཏཀུ་མཱར་མཆོག་གིས་༸གོང་ས་མཆོག་ལ་ཆེ་བསྟོད་དང་སྦྲགས་གང་ཉིད་ནི་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རླབས་ཆེན་ཞིག་དང་འཛམ་གླིང་མང་ཚོགས་ནས་གང་ཉིད་ལ་དགའ་མོས་ཧ་ཅང་ཆེན་པོ་ཞུ་ཡུལ་ཡིན་པ་རེད། བོད་མི་རྣམས་ནས་༸གོང་ས་ཏཱ་ལའི་བླ་མའི་བཀའ་དགོངས་བཞིན་བསྒྲུབ་ནས་བོད་དོན་འཐབ་རྩོད་མུ་མཐུད་གནང་དགོས་གལ་དང། ལྷག་པར་དུ་བོད་མི་འཐབ་རྩོད་ལ་ང་ཚོ་རྒྱ་གར་གཞུང་མ་གཉིས་དང་གྲོས་ཚོགས་ནས་རྒྱབ་སྐྱོར་ཞུ་རྒྱུའི་ཞལ་བཞེས་སོགས་གནང་སོང། གཞན་ཡང་དེ་རིང་མཛད་སྒོའི་ཐོག་གཏན་ཉིན་སློབ་གྲྭ་ཁག་གི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་སྡེ་ཚན་ཁག་གསུམ་ནས་རྒྱུགས་སྤྲོད་ནང་ཨང་རིམ་རྩིས་ཕུད་སོན་མཁན་སློབ་མ་ཁག་ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་བསྟོད་བྱ་དགའ་དང། གཏན་ཉིན་སློབ་གྲྭ་ཁག་གི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་སྤྲོད་ནང་བརྒྱ་ཆ་ ༩༥ ཡན་སོན་པར་སྲིད་སྐྱོང་སློབ་ཡོན་གཟེངས་རྟགས་དང། དེ་བཞིན་འདི་ལོ་འབུམ་རམས་པ་སློབ་ཐོན་སློབ་མ་གཉིས་ལ་གཟེངས་བསྟོད་བྱ་དགའ་གནང་བ་མ་ཟད། དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ཚན་པའི་ལས་གཞིའི་འོག་ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་སོགས་གནང་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ནས་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་མིན་ཞེས་ཡིག་ཆ་དཀར་པོར་ལན་འདེབས།
དེ་རིང་ཕྱི་ཟླ་༩ཚེས་༡སྟེ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་༥༠འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་བའི་སྐབས་འདིར། བོད་མིའི་སྒྲིག་འཛུགས་ནས་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་མིན། འོན་ཀྱང་དབུ་མའི་ལམ་ནི་བོད་རྒྱའི་གནད་དོན་སེལ་བའི་ཐབས་ལམ་ཡག་ཤོས་དེ་རེད་ཅེས་གསུངས་གནང་ཡོད། དེ་ཡང་དེ་རིང་སྔ་དྲོ་ཚོུད་༩:༣༠ ཐོག་འདི་ག་བཞུགས་སྒར་ཕྱི་དྲིལ་ལས་ཁུངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་དྲིལ་བསྒྲགས་དྲུང་ཆེ་དང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་གཅིག་ལྕོགས་བཀྲིས་ཕུན་ཚོགས་ལགས་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་བཅས་ལྷན་འཛོམས་ཐོག་ཡོངས་ཁྱབ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ། རྒྱ་གཞུང་གི་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་པའི་ཉིན་མོ་སྲུང་བརྩི་ཞུ་བའི་དུས་སྐབས་དང་བསྟུན།
འདི་ལོའི་ཕྱི་ཟླ་༤ཚེས་༡༥ཉིན་བཏོན་པའི་ཡིག་ཆ་དཀར་པོར་ལན་འདེབས་གནང་ཡོད་པ་རེད། རྩ་བའི་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ལས་ཁང་ནས་འདི་ལོའི་ཕྱི་ཟླ་༤པའི་ཚེས་༡༥ཉིན། བོད་ལྗོངས་འཕེལ་རྒྱས་ཀྱི་ལམ་བུ་ནི་ལོ་རྒྱུས་ཀྱི་གདམ་ཀ་ཡིན་ཞེས་བོད་རང་སྐྱོང་ལྗོངས་ཀྱི་གནད་དོན་ཐོག་གི་ཡིག་ཆ་དཀར་པོ་ཞིག་བཏོན་པ་དང་ཆབས་ཅིག ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་འཛིན་དང་༸གོང་ས་མཆོག་གི་ཡང་སྲིད་ཀྱི་འགན་དབང་དང་བདག་དབང་རྒྱ་གཞུང་ལ་ཡོད་སྐོར། དེ་བཞིན་དབུ་མའི་ལམ་ནི་རྒྱ་ནག་གི་རྩ་ཁྲིམས་དང་འགལ་ཞིང་། བོད་རྒྱ་འབྲེལ་མོལ་ཡོངས་རྫོགས་ལ་བོད་མིའི་ཕྱོགས་ནས་ལྷག་བསམ་འདང་མེད་པའི་སྐྱོན་བརྗོད་སོགས་བྱེད་ཡོད་སྟབས། དེ་རིང་གི་དུས་སྐབས་འདིའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ནས་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་མིན་པ་དང། ༸གོང་ས་མཆོག་གི་ཡང་སྲིད་ཀྱི་འགན་དབང་༸གང་ཉིད་མཆོག་ལ་མ་གཏོགས་གཞན་སུ་གཅིག་ལའང་མེད་པ། དབུ་མའི་ལམ་ནི་རྒྱ་བོད་གཉིས་ཀར་སྨན་པའི་སྲིད་བྱུས་ཡིན་པ་དང། འཛུགས་སྐྲུན་ཡར་རྒྱས་ཀྱི་དོན་དངོས་ཁེ་ཕན་བོད་མིར་ཐོབ་ཀྱི་མེད་པ་བཅས་དོན་ཚན་བཞིིའི་ཐོག་ནས་ཡིག་ཆ་དཀར་པོར་ལན་འདེབས་གནང་ཡོད་པ་རེད།
སྲིད་སྐྱོང་མཆོག་ལྡི་ལི་དང་ལ་དྭགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཟླ་ ༨ ཚེས་ ༢༠ ནས་ ༢༩ བར་ལྡི་ལི་དང་ལ་དྭགས་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག དེ་རིང་ཟླ་ ༨ ཕྱི་ཚེས་ ༢༡ ཉིན་དྷ་ས་ནས་ཕེབས་ཐོན་གནང་སྟེ་ལྡི་ལིར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ཤར་ཨེ་ཤེ་ཡ་མཚན་པ། དེ་བཞིན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Foundation for Non-Violent Alternatives ཞེས་པའི་ཚོགས་པ་གསུམ་གྱིས་མཉམ་འབྲེལ་ཐོག་ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་དུ་ Only one Tibet to Quench Asia’s growing thirst ཞེས་ཨེ་ཤི་ཡ་གླིང་ཆེན་གྱི་སྐོམ་ཁ་གསོལ་ཆེད་བོད་གཅིག་ལས་མེད་ཅེས་པའི་ཁོར་ཡུག་གི་ཚོགས་འདུར་ལྷན་ཞུགས་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ཀྱི་གནད་དོན་དེ་བོད་མི་རིགས་གཅིག་གི་གནད་དོན་ཙམ་མིན་པར་ཨེ་ཤེ་ཡའི་འཛུགས་བསྐྲུན་གྱི་ལས་གཞི་དང་འབྲེལ་བའི་གནད་དོན་ཞིག་ཆགས་ཡོད་སྟབས། ཨེ་ཤེ་ཡའི་རྒྱལ་ཁབ་ཚང་མའི་གནད་དོན་གཙོ་ཆེ་ཡིན་སྐོར་སོགས་གསུངས་འདུག ཚོགས་འདུ་ཐོག་སྙན་གྲགས་ཆེ་བའི་ཁོར་ཡུག་ལས་འགུལ་བ་དང་མཁས་དབང་མང་དག་ཅིག་ཕེབས་ཡོད་པ་དང། དེའི་སྐབས་བོད་དེ་རྒྱ་གར་དང་ཉེ་བའི་གླིང་ཆེན་གནད་ཆེ་ཞིག་ཆགས་ཡོད་སྐོར་ཐོག་གྲོས་བསྡུར་གཙོ་བོ་གནང་ཡོད་པ་རེད་འདུག མཛད་རིམ་ལྟར་ན། སང་ཚེས་ ༢༢ ཉིན་སྲིད་སྐྱོང་མཆོག་ནས་ལྡི་ལིའི་བསམ་ཡས་གླིང་བོད་མིའི་གཞིས་སྒར་དུ་བཅའ་བཞུགས་བོད་མི་གཙོས་པའི་ས་གནས་བོད་མི་རྣམས་ལ་དབུ་མའི་ལམ་གྱི་ཐོག་ལ་ཟབ་སྦྱོང་གསུང་བཤད་གནང་རྒྱུ་དང། དེ་བཞིན་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གྲུབ་བསྟུན། ཕྱི་ཚེས་ ༢༤ ཉིན་ལ་དྭགས་ཕྱོགས་སུ་ཕེབས་ཐོན་གྱིས་ཚེས་ ༢༥ ཉིན་ལ་དྭགས་རྒྱལ་སྤྱིའི་ལྟེ་གནས་ཁང་གི་ཆེ་སྟོད་འགན་འཛིན་དང་གཞུང་ཚབ་ཟུར་པ་སྐུ་ཞབས་ P. Stobten ལགས་ཀྱིས་ Environment of Tibet and Its impact on Asia ཞེས་བོད་ཀྱི་ཁོར་ཡུག་དང་དེས་ཨེ་ཤེ་ཡའི་ཐོག་ཤུགས་རྐྱེན་ཞེས་པའི་ཚོགས་འདུའི་ཐོག་དབུ་བཞུགས་ཀྱི་དབུ་བྱེད་གསུང་བཤད་གནང་རྒྱུ་རེད་འདུག མཛད་རིམ་ལྟར་ན། ཕྱི་ཚེས་ ༢༦ ཉིན་སྲིད་སྐྱོང་མཆོག་ལ་དྭགས་ནས་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༧ དང་ ༢༨ བཅསསུ་རྒྱ་གར་གཞུང་གི་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་དང། ཕྱི་ཚེས་ ༢༩ ཉིན་ཕྱིར་བཞུགས་སྒར་དུ་འབྱོར་གནང་རྒྱུ་རེད་འདུག




