Tibetan Royal Year of 2151 | Year of the Wood Dragon

བོད།

རྒྱ་གཞུང་གི་ཆབ་སྲིད་སློབ་གསོའི་ལྟེ་གནས་ཁང་དུ་བོད་མི་ཚོར་བཙན་གཡེམ་དང་མནར་གཅོད་གཏོང་བཞིན་པ་མངོན་གསལ།

རྒྱ་ནག་གཞུང་གིས་བོད་ནང་ཆབ་སྲིད་སློབ་གསོའི་མིང་ཐོག་ནས་སློབ་གསོ་ཡོ་བསྲང་ལྟེ་གནས་ཁང་མང་པོ་ཆེད་འཛུགས་བྱས་ཡོད་པའི་ནང་བོད་མི་ཚོར་འཇིགས་སྐུལ་གྱིས་མནར་གཅོད་དང་བཙན་གཡེམ་གཏོང་བཞིན་པ་མངོན་གསལ་གནང་འདུག དེ་ཡང་ཉེ་ཆར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་མཚན་བརྗོད་འདོད་མེད་པའི་དགེ་འདུན་པ་ཞིག་གིས་བོད་ནང་གི་དངོས་ཡོད་གནས་སྟངས་བྲིས་པའི་ཁོང་གི་ཉིན་ཐོ་བརྒྱུད་སྤྲོད་གནང་བའི་ནང་འདས་པའི་ལོ་ཤས་ནང་རྒྱ་གཞུང་གིས་བོད་ནང་ཁྲིམས་མེད་ལུགས་མེད་ཀྱི་ཆབ་སྲིད་སློབ་གསོའི་ལྟེ་གནས་ཁང་མང་དག་ཞིག་ཆེད་འཛུགས་བྱས་ཡོད་པ་དང་དེ་དག་གི་ནང་བོད་མི་ཚོར་བཙན་གཡེམ་དང་མནར་གཅོད་གཏོང་བཞིན་པ་སོགས་ཀྱི་གནས་སྟངས་སྐོར་མངོན་གསལ་གནང་འདུག དགེ་འདུན་པ་ཁོང་གིས་གནས་ཚུལ་བརྒྱུད་སྤྲོད་གནང་བའི་བརྒྱུད་དེ་སྔ་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ནས་བོད་ཀྱི་ས་ཁུལ་གཞན་ནང་སློབ་གཉེར་གནང་བར་ཕེབས་མཁན་དགེ་འདུན་པ་དང་བཙུན་མ་རྣམས་བཙན་དབང་ཐོག་རང་གི་ཕ་ཡུལ་དུ་ཕྱིར་ལོག་བྱེད་དུ་བཅུག་པ་དང། ཕྱིར་ལོག་གནང་རྗེས་ཁོང་རྣམས་ལ་ཆབ་སྲིད་སློབ་གསོའི་ལྟེ་གནས་ཁང་དུ་བཞུགས་བཅུག་པ་མ་ཟད། ལྟེ་གནས་ཁང་དེ་དག་ནས་གློད་བཀྲོལ་ཐོབ་རྗེས་གྲྭ་ཆས་གྱོན་མི་ཆོག་པ་དང། དགོན་པ་དང་སློབ་གཉེར་ཁང་གཞན་གྱི་ནང་དུ་ཞུགས་མི་ཆོག་པའི་དམ་དྲག་བྱེད་མུས་ཀྱི་གནས་ཚུལ་ཐོན་པ་རྣམས་བདེན་དཔང་ར་སྤྲོད་བྱུང་འདུག དགེ་འདུན་པ་དེས་ཁོང་དེ་སྔོན་ཟླ་བ་ ༤ ཙམ་རིང་བོད་ནག་ཆུ་ཁུལ་སོག་རྫོང་དུ་རྒྱ་གཞུང་གི་ཆེད་འཛུགས་བྱས་པའི་ཆབ་སྲིད་སློབ་གསོ་ལྟེ་གནས་ཁང་དུ་བཙན་དབང་ཐོག་བཞུགས་རིང་རང་གི་མྱོང་བ་རྣམས་ཉིན་ཐོར་བཀོད་ཡོད་པ་རེད་འདུག རྩ་བའི་དགེ་འདུན་པ་ཁོང་ནི་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནག་ཆུ་ཁུལ་སོག་རྫོང་ནས་ཡིན་ཞིང། འདས་པའི་ལོ་ཤས་ནང་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་གྲྭ་བཙུན་རྣམས་བོད་ཀྱི་ས་ཁུལ་གཞན་གྱི་དགོན་སྡེ་ཁག་ཏུ་སློབ་གཉེར་གནང་མི་ཆོག་པའི་བཙན་བཀའ་བཏང་རྐྱེན་བོད་མཚོ་སྔོན་ཁུལ་ནས་ཕྱིར་ལོག་གནང་གྲས་ཆགས་ཀྱི་འདུག ཁོང་གི་ཉིན་ཐོའི་ནང་ཁོང་ནས་མཚོ་སྔོན་ནང་དུ་སློབ་གཉེར་གནང་ཆེད་དུ་བསྐྱོད་པ་ལས་ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡང་སྤེལ་མེད་ཀྱང་། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༣ ཉིན་རྒྱགཞུང་ཉེན་རྟོག་པས་ཁོང་རང་གི་ཕ་ཡུལ་དུ་བཙན་ཁྲིད་བྱས་ཡོད་པ་དང། སྐབས་དེར་རྒྱ་གཞུང་གི་བཀོད་ཁྱབ་ནང་ཁོང་ཕྱིར་ལོག་མ་གནང་ཚེ་ཁོང་གི་ཕ་མ་དང་སྤུན་མཆེད། ནང་མི་སོགས་འཛིན་བཟུང་བྱ་རྒྱུའི་བཙན་བཀའ་བཏང་ཡོད་པ་མ་ཟད་ནང་མིའི་བྱིས་པ་རྣམས་སློབ་གྲྭར་འགྲོ་མི་ཆོག་པ་དང་། དབྱུར་རྩ་དགུན་བུ་བརྐོ་མི་ཆོག་པ་བཟོ་རྒྱུའི་ཉེན་བརྡ་བཏང་ཡོད་པ་ལྟར་ཁོང་ཕྱིར་ལོག་མ་གནང་ཐབས་མེད་ཀྱི་གནས་སྟངས་བྱུང་ཡོད་པ་གསུངས་འདུག

རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ་འདོན་སྤེལ་གནང་སོང་།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གི་ངོས་ནས། རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་བ་དང་འབྲེལ། ཁོང་རྣམས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་ཐོག་རོགས་རམ་གནང་བར་རྗེས་དྲན་དང་གདུང་སེམས་མཉམ་སྐྱེ་ཞུས་གནང་སོང་། ལྟེ་གནས་ཁང་འདིའི་ངོས་ནས་ད་རེས་རྒྱ་ཡིག་ཐོག་འཁོད་པའི་རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ་འདིའི་ནང་། གཙོ་བོ་ཕྱི་ལོ་༢༠༠༨ལོར་བོད་ལ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་རྗེས། རྒྱ་རིགས་ཁྲིམས་རྩོད་པ་ ༡༦ ནས་དྭང་བླངས་ཀྱིས་བོད་མིའི་གྱོད་དོན་ཁྲིམས་རྩོད་ལ་རོགས་རམ་གནང་བ་དང་། དེའི་རྐྱེན་པས་ཁྲིམས་རྩོད་པ་དེ་དག་ལ་ཕྱིས་སུ་རྒྱ་གཞུང་གིས་གནོན་ཤུགས་དང་ཁྲིམས་རྩོད་པ་ཁག་ཅིག་གི་ཁྲིམས་རྩོད་པ་བྱེད་ཆོག་པའི་ལག་འཁྱེར་ཕྱིར་བསྡུས་དང་ཁག་ཅིག་གི་ལག་འཁྱེར་དེབ་སྐྱེལ་མ་བྱས་པ། དེ་བཞིན་ཁག་ཅིག་བཙོན་འཇུག་དང་བཀག་ཉར་བྱས་པའི་སྐོར་དང་། གཞན་ཡང་རྒྱ་གཞུང་གིས་རང་རྒྱལ་ཁབ་རྩ་ཁྲིམས་ལ་རྩི་བཀུར་བྱེད་ཀྱི་མེད་པ་དང་། སྲིད་འཛིན་ཞི་ཅིང་ཕིང་གི་རྒྱལ་ཁབ་ཁྲིམས་ཀྱི་སྐྱོང་གི་ཡོད་ཞེས་པའི་དེ་དངོས་ཡོད་ཡིན་མིན་དག་ཐེར་བྱས་ཡོད་པ་སོགས་སྡེ་ཚན་ལྔ་རུ་དབྱེ་ནས་ཞིབ་ཕྲ་འཁོད་ཡོད་འདུག འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་ད་རེས་ཀྱི་སྙན་ཐོ་དེ་དང་འབྲེལ་ནས་ཞིབ་ཕྲ་བཅར་འདྲི་ཞུས་པའི་སྐབས། ཁོང་གིས་ཕྱི་ལོ་༢༠༡༨ལོ་དེ་བཞིན་བོད་ལ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་བཅུ་འཁོར་བ་དང་། དེ་བཞིན་རྒྱ་རིགས་ཁྲིམས་རྩོད་པ་རྣམས་ནས་དྭང་བླངས་ཐོག་བོད་མིའི་གྱོད་དོན་ཁྲིམས་རྩོད་ལ་རོགས་རམ་གནང་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ ༡༠ འཁོར་བ་བཅས་ཀྱི་དུས་དྲན་དང་བསྟུན་དམིགས་བསལ་སྙན་ཐོ་དེ་འདོན་སྤེལ་གནང་བ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་སྙན་ཐོ་འདི་བརྒྱུད་ནས། རྒྱ་རིགས་ཁྲིམས་རྩོད་པ་རྣམས་ནས་བོད་མིིའི་དྲང་བདེན་ལ་རྒྱབ་སྐྱོར་བྱས་པའི་རྐྱེན་གྱིས། རྒྱ་གཞུང་གིས་ཁོང་ཚོར་ཉེས་ཆད་བཅད་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་རྗེས་དྲན་ཞུས་ཡིན་པ་གསུངས་སོང་བ་དང་ཆབས་ཅིག རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པའི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་རྣམས་འཕྲལ་མར་གློད་དགོས་པའི་རེ་འདུན་ཡང་བསྟན་གནང་སོང་།

བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ལ་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཕྱི་ཟླ་ ༥ པའི་ཚེས ༢༢ ཉིན་ཡུ་ཤུ་འབྲིང་རིམ་མི་མང་ཁྲིམས་ཁང་ནས་བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ལ་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག དེ་ཡང་དེ་རིང་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་ LiangXiaojun ལགས་ཀྱིས་རང་ཉིད་ཀྱི་ Twitter དྲ་གནས་ཐོག་བཀྲིས་དབང་ཕྱུག་ལགས་ལ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་སྤེལ་འདུག འདི་གའི་གསར་འགོད་པས་ཁོང་ལ་བཅར་འདྲི་ཞུས་སྐབས། རྩ་བའི་ཁྲིམས་ཐག་བཅད་པའི་སྐབས་སུ་སྐུ་ཞབས་LiangXiaojun ལགས་ཁོང་ཁྲིམས་ཁང་ནང་མེད་པ་དེ་ལྟར་ཡང། བཀྲིས་དབང་ཕྱུག་ལགས་ཀྱི་སྤུན་ཉེ་འབྲེལ་ཞིག་གི་སར་ནས་ཁོང་གི་ཁྲིམས་ཐག་དུས་ཡུན་སྐོར་ཤེས་རྟོགས་བྱུང་ཡོད་པ་དང། སྐུ་ཞབས་ Liang ལགས་རང་ཉིད་ཀྱི་ངོས་ནས་བཀྲིས་དབང་ཕྱུག་ལགས་ཀྱི་ནག་ཉེས་གང་ཡང་བསགས་མེད་པར་ངོས་འཛིན་གནང་གི་ཡོད་སྟབས། ད་རེས་ཀྱི་ཁྲིམས་ཐག་དེར་ངོས་ལེན་མེད་སྐོར་གསུངས་པ་དང་འབྲེལ། ཁོང་ནས་ཁྲིམས་ཁང་གོང་མའི་ནང་དུ་གཞུ་གཏུགས་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་འདུག རྩ་བའི་འདི་ལོའི་ཕྱི་ཟླ་ ༡ པོའི་ཚེས་ ༤ ཉིན་ཡུ་ཤུ་འབྲིང་རིམ་མི་མང་ཁྲིམས་ཁང་ནང་དུ་བཀྲིས་དབང་ལགས་ཀྱི་གྱོད་གཞིའི་ཐད་ཁྲིམས་བཤེར་བྱས་ཟིན་ཡང། ད་བར་དཔྱད་ཁྲ་གང་ཡང་མ་བཏང་བར་བཞག་ཡོད་པ་རེད། སྐབས་དེ་དུས་རྒྱ་ནག་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཨ་རི་དང་ཁེ་ན་ཌ། ཨིན་ཡུལ། འཇར་མ་ནི། དེ་བཞིན་ཡུ་རོབ་མཐུན་ཚོགས་བཅས་ཀྱི་གཞུང་ཚབ་མི་སྣ་ཡུ་ཤུ་ཁྲིམས་ཁང་དུ་ཆེད་མངགས་བསྐྱོད་ཡོད་ཀྱང། ཁོང་རྣམས་ལ་ཁྲིམས་གཏུགས་སྐབས་ཁྲིམས་ཁང་ནང་བཞུགས་རྒྱུའི་ཆོག་མཆན་སྤྲད་མེད་པ་རེད། དེ་རིང་ཁོང་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཏང་བའི་གནས་ཚུལ་ཐོན་མ་ཐག་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། བཀྲིས་དབང་ཕྱུག་ལགས་ཀྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་རྣམས་ལ་རང་གི་སྐད་དང་ཡི་གེ་སྲུང་སྐྱོབ་བྱེད་རྒྱུའི་ཐོབ་ཐང་འཁོད་པ་དེ་རྩོད་པར། ཁ་བྲལ་གྱི་ཉེས་མིང་བཙུགས་ནས་ཁྲིམས་ཐག་དེ་ལྟར་བཅད་པ་ནི་ཧ་ཅང་གི་མ་འོས་པ་ཞིག་དང་བློ་ཕམ་དགོས་པའི་གནད་དོན་ཞིག་ཡིན་པ་གསུངས་སོང་།   མ་ཟད་དེ་རིང་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་བརྒྱུད། སྲིད་སྐྱོང་བློ་བཟང་སེང་མཆོག་གིས། ད་རེས་བཀྲིས་དབང་ཕྱུག་ལགས་ལ་རྒྱལ་ཁབ་ཁ་བྲལ་བཏང་ཐབས་ཀྱི་ནག་ཉེས་འོག་ཁྲིམས་ཐག་བཅད་པ་དེ་ནི་དྲང་བདེན་མིན་པའི་བྱ་སྤྱོད་ཞིག་དང། བཀྲིས་དབང་ཕྱུག་ལགས་ནས་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་འཁོད་པའི་བོད་མིའི་སྐད་ཡིག་རང་དབང་རྩོད་བཞིན་པ་ཙམ་གྱི་བོད་ནང་བོད་མི་རྣམས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པ་གསལ་པོ་བསྟན་གྱི་ཡོད་པ་མ་ཟད། ད་རེས་ཀྱི་དཔྱད་ཁྲ་དེས་ཁྲིམས་ཀྱི་དབང་སྒྱུར་ལ་ཡིད་ཆེས་བྱེད་མཁན་རྣམས་ལ་ཡིད་སྐྱོ་བའི་ཉིན་མོ་ཞིག་ཆགས་ཡོད་པ་དང། ང་ཚོའི་ངོས་ནས་བཀྲིས་དབང་ཕྱུག་ལགས་གློད་བཀྲོལ་ཆེད་དུ་འབད་བརྩོན་མུ་མཐུད་བྱེད་རྒྱུ་ཡིན་པ་གསུངས་འདུག

བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་གཏུགས་ཀྱི་གྲུབ་འབྲས་སང་ཉིན་གསལ་བསྒྲགས་བྱ་རྒྱུ་རེད་འདུག

བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་ LiangXiaojun  ལགས་ཀྱིས་ཁ་ས་རང་ཉིད་ཀྱི་ Twitter དྲ་ལམ་བརྒྱུད་གནས་ཚུལ་སྤེལ་བར་གཞིགས་ན། སང་ཉིན་ཕྱི་ཟླ་ ༥ པའི་ཚེས་ ༢༢ སྔ་དྲོ་པེ་ཅིང་གི་ཆུ་ཚོད་ ༩།༣༠ ཐོག་ཡུ་ཤུ་ཁྲིམས་ཁང་ནས་དེ་སྔོན་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་གཏུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་བྱ་རྒྱུ་རེད་འདུག རྩ་བའི་བཀྲིས་དབང་ཕྱུག་ལགས་ནས་རང་མི་རིགས་ཀྱི་སྐད་ཡིག་རང་དབང་རྩོད་པར་ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༡ པོའི་ཚེས་ ༢༧ ཉིན་རྒྱ་གཞུང་ཉེན་རྟོག་པའི་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ལོ་གཉིས་ཙམ་བཙོན་འཇུག་བཀག་ཉར་བྱས་རྗེས། འདི་ལོའི་ཕྱི་ཟླ་ ༡ པོའི་ཚེས་ ༤ ཉིན་ཁོང་ལ་རྒྱལ་ཁབ་ཁ་བྲལ་བཏང་ཐབས་ཀྱི་ཉེས་མིང་འོག་ཡུ་ཤུ་འབྲིང་རིམ་མི་མང་ཁྲིམས་ཁང་ནང་དུ་ཁྲིམས་གཏུགས་བྱས་ཡོད་ཀྱང། ད་བར་དཔྱད་ཁྲ་གང་ཡང་མ་བཏང་བར་ལུས་ཡོད་པ་རེད། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་ལ་སོགས་པའི་ནག་ཉེས་བཙུགས་པ་མི་སུ་འདྲ་ཞིག་ཡིན་རུང་ནག་ཉེས་བསགས་ཡོད་མིན་ལ་མ་ལྟོས་པར་ད་བར་གནད་དོན་བརྒྱ་ཆ་ ༩༩་༩ ཙམ་ཉེས་ཅན་པར་ངོས་འཛིན་བྱས་པ་ཤ་སྟག་ཆགས་ཀྱི་ཡོད་སྟབས། ད་རེས་བཀྲིས་དབང་ཕྱུག་ལགས་ལ་རྒྱལ་ཁབ་ཁ་བྲལ་བཏང་ཐབས་ཀྱི་ནག་ཉེས་བཙུགས་པ་བཞིན་ཉེས་ཅན་པ་ཡིན་པའི་ཐག་གཅོད་བྱས་པ་ཡིན་ན། ཁོང་ལ་ལོ་ ༡༥ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་སྲིད་པའི་ཉེན་ཁ་ཡོད་པ་རེད། གནད་དོན་དེ་དང་འབྲེལ། International Tibet Network འམ་རྒྱལ་སྤྱི་བོད་དོན་འབྲེལ་མཐུད་ལས་ཁང་ནས། འབྲེལ་ཡོད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ། སང་ཉིན་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་གཏུགས་དང་འབྲེལ། རྒྱ་ནག་རྒྱལ་ས་པེ་ཅིང་ནང་དུ་ཡོད་པའི་རྒྱལ་ཁབ་འདྲ་མིན་གྱི་གཞུང་ཚབ་པ་རྣམས་ལ། བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་སྐབས། ཁྲིམས་ཁང་ནང་དུ་བཞུགས་རྒྱུའི་འབད་བཙོན་གནང་དགོས་པའི་འབོད་སྐུལ་གྱི་ལས་རིམ་ཞིག་དབུ་འཛུགས་གནང་འདུག དེའི་སྐོར་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་རྒྱལ་སྤྱིའི་འབྲེལ་མཐུད་པ་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས་དེ་རིང་ཞལ་པར་བརྒྱུད་འདི་གར་འགྲེལ་བརྗོད་གནང་དོན། རྩ་བའི་ད་བར་རྒྱལ་ཚོགས་དང་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་དང་ཆེད་ལས་མི་སྣ། དེ་བཞིན་རྒྱལ་སྤྱིའི་གཞུང་ཚོགས་ཁག་ནས་བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་ཐོག་ལ་རྒྱ་ནག་ལ་འབོད་སྐུལ་རིམ་པ་བྱས་ཀྱང་ད་བར་གཞུང་གི་དང་ལེན་གྱི་རྣམ་པ་གང་ཡང་བསྟན་མེད་པ་མ་ཟད། འདི་ལོ་ཕྱི་ཟླ་ ༡ པོའི་ནང་ཡུ་ཤུ་འབྲིང་རིམ་མི་མང་ཁྲིམས་ཁང་ནང་ཁོང་ལ་ཁྲིམས་བཤེར་བྱས་སྐབས། པེ་ཅིང་དུ་གནས་སྡོད་ཕྱི་རྒྱལ་གཞུང་ཚབ་ཁག་གི་སྐུ་ཚབ་ཁག་ཅིག་ཁུལ་དེར་ཆེད་མངགས་བཅར་ཡང་ཁྲིམས་ཁང་ནང་དུ་བཏང་མེད་པ་རེད།

རྒྱ་གཞུང་གིས་༸གོང་ས་མཆོག་གི་ཕྱག་དེབ་དང་འོས་སྡེར་ཉར་ཚགས་གནང་བའི་རྐྱེན་གྱིས་བོད་མི་གང་རྒྱས་ལགས་འཛིན་བཟུང་བྱས་འདུག

༸གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་ཕྱག་དེབ་དང་དུས་ཁོར་དབང་ཆེན་གནང་བའི་འོས་སྡེར་ཉར་ཚགས་གནང་བའི་རྐྱེན་གྱིས། ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་རྒྱ་ནག་གཞུང་གིས་རང་ལོ་ ༥༠འི་ནང་ཡིན་པའི་བོད་མི་གངས་རྒྱས་ལགས་ཞུ་བ་ཞིག་འཛིན་བཟུང་བཙན་ཁྲིད་བྱས་འདུག དེ་ཡང་ཁ་ས་ཚེས་ ༡༨ ཉིན་ཨིན་ཡུལ་ནང་དུ་རྟེན་གཞི་བྱས་པའི་ FreeTibet དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གི་དབྱེ་བའི་བོད་རང་སྐྱོང་ཟེར་བ་དེའི་ནག་ཆུ་ས་ཁུལ། སོག་རྫོང། ཁྲི་རྡོ་གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་བོད་མི་གང་རྒྱས་ལགས་ཀྱི་ཁྱིམ་དུ་ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་གློ་བུར་དུ་རྒྱ་གཞུང་ཉེན་རྟོག་པ་སླེབས་ཏེ། སྔོག་གཤེར་བྱས་རྗེས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་གནང་བའི་ཕྱག་དེབ་ཁག་ཅིག་དང་༸གོང་ས་མཆོག་གིས་དུས་ཁོར་དབང་ཆེན་གནང་བའི་འོས་སྡེར་ཞིག་རྙེད་སོན་བྱུང་བར། གང་རྒྱས་ལགས་འཛིན་བཟུང་དང་ཁོང་གི་སར་ནས་ལག་སོན་བྱུང་བའི་ཅ་དངོས་རྣམས་གཞུང་བཞེས་བཏང་ཡོད་པ་རེད་འདུག རྩ་བའི་ཁོང་གློ་བུར་དུ་འཛིན་བཟུང་བྱས་པར་ནང་མི་ཉེ་འབྲེལ་རྣམས་ནས་སེམས་ཚབ་ཆེན་པོ་བྱེད་བཞིན་ཡོད་ཀྱང། ཉེ་སྔོན་གང་རྒྱས་ལགས་ཁོང་དང་ཁོང་གི་བུ་གཉིས་ཉེན་རྟོག་ཁང་དུ་ཐེངས་ཁ་ཤས་སྐད་བཏང་ནས་དྲི་རྩད་བྱས་ཡོད་པ་ལ་བལྟས་ན། ཁོང་དུས་ཡུན་གང་ཙམ་ཞིག་གི་རིང་ལ་ཉེན་རྟོག་པའི་ལྟ་སྲུང་བྱས་རྗེས་འཛིན་བཟུང་བྱས་ཡིན་པའི་ཚོད་དཔག་གནང་བཞིན་འདུག དེ་སྔོན་ཁོང་ཐེངས་ཁ་ཤས་ཉེན་རྟོག་ཁང་དུ་འབོད་ནས་དྲི་རྩད་བྱས་པའི་རྗེས་སུ་དེ་མ་ཐག་གློས་བཀྲོལ་བཏང་ཡོད་ཀྱང། ད་ལན་ཚེས་ ༨ ཉིན་འཛིན་བཟུང་བྱས་པའི་རྗེས་སུ་ད་བར་གློས་བཀྲོལ་བཏང་མེད་པ་མ་ཟད། གར་ཡོད་ཅི་བྱུང་སོགས་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད་འདུག རྩ་བའི་དུས་ཡུན་རིང་པོ་ཞིག་ནས་བོད་ཀྱི་ས་ཁུལ་མང་དག་ཞིག་གི་ནང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་ཁོང་གི་ཆོས་འབྲེལ་དང་གསུང་ཡོད་པའི་འོས་སྡེར་རིགས་གང་ཡང་ཉར་ཚགས་བྱེད་མི་ཆོག་པར་དམ་དྲག་བྱེད་བཞིན་ཡོད་པའི་ཁྲོད། ད་བར་བོད་ནང་བོད་མི་ ༡༥༢ ཙམ་ནས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་ཡོད་པའི་ནང་དུ། བོད་མི་ཕལ་མོ་ཆེ་ནས་རང་བསྲེགས་བཏང་སྐབས་བོད་ལ་རང་དབང་དགོས་པ་དང་༸གོང་ས་མཆོག་བོད་ལ་ཕྱིར་ལོག་དགོས་པའི་འབོད་སྒྲ་བསྒྲགས་ཡོད་པ་རེད།

ཕྱི་ལོ་༢༠༠༨ལོར་འཛིན་བཟུང་བྱས་པའི་ཟླ་ཤར་ལགས་བཙོན་གྲོལ་ཐོབ་འདུག

ཕྱི་ཟླ་༥ཚེས་༡༥ ཉིན་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་ནས་ཡིན་པའི་ཟླ་ཤར་ལགས་ལོ་བཅུ་རིང་གི་བཙོན་འཇུག་བྱས་རྗེས་བཙོན་གྲོལ་ཐོབ་འདུག ཟླ་ཤར་ལགས་ནི་དེ་སྔ་ཕྱི་ལོ་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུ་རྒྱ་གཞུང་ལ་ངོ་རྒོལ་རྔམ་སྟོན་གྱི་གཞི་རྒྱ་ཆེ་བའི་ལས་འགུལ་ནང་བཞུགས་ཡོད་པའི་ཉེས་མིང་འོག་ལོ་དེ་གའི་ཕྱི་ཟླ་༣ ཚེས་༡༥ ཉིན་ལ་འཛིན་བཟུང་གིས་རྒྱལ་ཁབ་ཁ་བྲལ་དང་རྒྱལ་ཚོང་པའི་ལས་ལ་འཇུག་པའི་ཉེས་མིང་བཏགས་ནས་མི་ལོ་༡༠འི་བཙོན་འཇུག་ཁྲིམས་ཐག་བཅད་པ་ཞིག་ཡིན་པ་རེད། ཨོ་སི་ཊོ་ལི་ཡའི་Brisbane ནང་གནས་བཞུགས་ཟླ་ཤར་ལགས་ཀྱི་བོུ་བསྟན་འཛིན་ཉི་སྒྲོན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་དོན། ཁོང་གི་པ་ལགས་ཟླ་ཤར་ལགས་ཁ་ཉིན་བཙོན་གྲོལ་གྱི་དུས་ཡུན་ཚང་ནས་ལྷ་སའི་གྲྭ་བཞི་བཙོན་ཁང་ནས་ཀློད་གྲོལ་བཏང་སྟེ་རང་གི་བཟའ་ཟླ་དང་ལྷན་འཛོམས་བྱུང་ཡོད་པ་གསུངས་སོང་། ཉི་སྒྲོན་ལགས་ཀྱིས་མུ་མཐུད་གསུངས་དོན། སྤྱིར་ཁོང་གི་པ་ལགས་ཕྱི་ཟླ་ ༣ ཚེས་ ༡༥ ལ་ལོ་བཅུའི་དུས་བཀག་ཚང་གི་ཡོད་ཀྱང་དུས་ཡུན་ཟླ་བ་གཉིས་འཕར་མ་བཀག་ཉར་གྱིས་ཁ་ཉིན་གཞི་ནས་ཀློད་གྲོལ་བཏང་འདུག་པ་དང་། ཁོང་གི་པ་ལགས་རང་ཁྱིམ་དུ་འབྱོར་ཟིན་པའི་རྗེས་ཉི་སྒྲོན་ལགས་ལགས་དང་ལྷན་དུ་སྐར་མ་གཉིས་ཙམ་རིང་ཞལ་པར་ཐོག་བཀའ་མོལ་བྱུང་བས་ཁོང་བདེ་པོ་ཡིན་ཞེས་དང་ཁོང་གི་རྐྱེན་པས་ནང་མིར་སེམས་འཚབ་ཆེན་པོ་བྱུང་བར་དགོངས་སེལ་ཞུས་པ་ཙམ་ལས་དེ་མིན་གང་ཡང་གསུངས་མིན་འདུག འོན་ཀྱང་ཁོང་གི་པ་ལགས་ཀྱི་ངོ་མདོག་ལ་བལྟས་དུས་སྐྱོ་པོ་འདུག་ཅེས་སེམས་འཚབ་ཆེན་པོའི་ངང་གསུངས་སོང་། གཞི་རྩའི་ཟླ་ཤར་ལགས་ནི་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་དབོན་པོ་གྲོང་བརྡལ་ནས་ཡིན་ཞིང་ཚོང་ལས་གཉེར་གྱི་ཡོད་པ་དང་། ཁོང་དང་ཁོང་གི་བཟའ་ཟླ་གཉིས་ལ་བོུ་མཚེ་མ་གཉིས་དང་བུ་གཅིག་ཅེས་ཕྲུ་གུ་གསུམ་ཡོད་པ་དང་ཁོང་གསུམ་དེ་སྔ་ཕྱི་ལོ་༢༠༠༦ ལོར་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་ནས་ད་ཆ་ཕྲུ་གུ་རྒན་ཤོས་ཉི་སྒྲོན་ལགས་ཨོས་ཀྲེ་ལི་ཡ་ནང་དང་གཞན་ཕྲུ་གུ་ཆུང་བ་གཉིས་རྒྱ་གར་ནང་སློབ་གཉེར་གནང་བཞིན་ཡོད་རེད།

ཕྲུ་གུ་དང་ཕ་མ་ཚོས་ས་ག་ཟླ་བའི་རིང་ཆོས་ལུགས་བྱེད་སྒོ་བཞུགས་མི་ཆོག་པའི་བསྒྲགས་གཏམ་སྤེལ་འདུག

ཁ་སང་ནས་བཟུང་བོད་མི་ཚོས་གལ་ཆེར་བརྩི་བའི་སྲོལ་རྒྱུན་ཆོས་ཕྱོགས་ཀྱི་དུས་ཆེན་ཁྱད་པར་ཅན་ཏེ་ས་ག་ཟླ་བའི་དུས་ཚེས་ཡིན་ཞིང་ས་ག་ཟླ་བའི་རིང་བོད་མི་ཚོས་དམིགས་བསལ་དགོན་པར་ཆོས་མཇལ་ཞུ་བ་དང་ཕྱག་འཚལ་སྐོར་སྦྱོང་སོགས་ཚོགས་གསག་སྒྲིབ་སྦྱང་གི་ལས་ལ་འབད་ཀྱི་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་ཤེས་རྟོགས་ཡོད་མཁན་འབྲེལ་ཡོད་བོད་མི་ཞིག་གིས་བརྗོད་དོན། རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་ལ་ཡང་བོད་མི་ཚོར་ཆོས་དད་རང་དབང་ཡོད་ལུགས་གསལ་བ་མ་ཟད་དེ་ལུགས་ཁྱབ་སྒྲགས་ཀྱང་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད་། འོན་ཀྱང་ཉེ་ལམ་ས་ག་ཟླ་བ་མ་ཤར་བའི་གོང་ཏེ་ཟླ་བ་འདིའི་ཕྱི་ཚེས་ ༡༤ ཉིན་ཆབ་མདོ་གྲོང་ཁྱེར་བྱིས་གསོ་ཁང་གཉིས་པ་ཟེར་བ་ཞིག་གིས་སློབ་ཕྲུག་གི་ཁྱིམ་བདག་ཚོར་ས་ག་ཟླ་བ་ཟིན་སྐབས་ཁྱིམ་བདག་དང་ཕ་མ་ཚོས་ཆོས་ལུགས་བྱེད་སྒོ་སྤེལ་མི་ཆོག་པའི་བཀའ་བརྒྱ་བཏང་ཡོད་པ་དང་བོད་རང་སྐྱོང་ཁུལ་དུ་ས་ག་ཟླ་བའི་གོང་དུ་བཀའ་རྒྱ་དེ་ལོ་ལྟར་གཏོང་གི་ཡོད་པ་གསུངས་སོང་། ད་དུང་གནས་ཚུལ་ངོ་སྤྲོད་པས་མུ་མཐུད་དུ་བརྗོད་གསལ་བོད་ནང་གི་བོད་མི་ཚོར་ཆོས་དད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་མེད་པ་མ་ཟད་ས་ག་ཟླ་བར་ཆོས་ཕྱོགས་ཀྱི་བྱེད་སྒོ་བཞུགས་མི་ཆོག་པའི་བཀའ་རྒྱ་བཏང་བ་དེ་ནི་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་འགལ་བ་ཡོད་པ་གསུངས་ཀྱི་འདུག ཕྱོགས་མཚུངས་ཆབ་མདོ་གྲོང་ཁྱེར་བྱིས་གསོ་ཁང་གཉིས་པ་ཟེར་བ་དེས་སྤེལ་བའི་དོན་ཚན་ལྔ་ཅན་གྱི་གསལ་བསྒྲགས་ཤིག་ཀྱང་འདི་གར་འབྱོར་བའི་ནང་འཁོད་དོན་ བྱིས་པ་རྣམས་བསམ་བློ་སྐུལ་འདེད་གཏོང་ཆེད་བྱིས་པ་རྣམས་དགོན་པ་དང་ཆོས་ལུགས་ཀྱི་བྱེད་སྒོ་སོགས་ལ་འཁྲིད་མི་ཆོག་པ་དང་གཉིས་པ་ཁྱིམ་བདག་བྱིས་པའི་ལྟ་སྐྱོང་མཁན་ཡིན་སྟབས་ཁྱིམ་བདག་ཀྱང་དགོན་པ་དང་ཆོས་ལུགས་བྱེད་སྒོ་སོགས་ལ་འགྲོ་མི་ཆོག གསུམ་པ་གོང་རིམ་སྡེ་ཁག་གིས་ལྐོག་ལ་ལྟ་ཞིབ་བྱས་ནས་སྒྲིག་སྲོལ་འགལ་མཁན་ལ་ཐག་གཅོད་བྱ་རྒྱུ། ཕྲུག་གུ་ལྐོག་ཏུ་དགོན་པ་དང་ཆོས་ལུགས་བྱེད་སྒོ་སོགས་ལ་འཁྲིད་པ་ཧ་གོ་ན་ཐད་ཀར་གྲོང་ཁྱེར་སློབ་གསོ་ཅུས་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་པ་བཅས་འཁོད་ཡོད་པ་མ་ཟད་ད་དུང་གོང་དུ་བརྡ་ཁྱབ་དེ་ནི་བོད་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན ཁང་དང་། གྲོང་ཁྱེར་མི་མང་སྲིད་གཞུང་གི་བཀོད་ཁྱབ་ཡིན་ལུགས་ཀྱང་འཁོད་ཡོད་པ་རེད།

རྒྱ་གཞུང་གིས་ཁམས་འབྲི་རྫོང་ནས་དོགས་ཡོད་བོད་མི་ ༣༠ ཙམ་གང་བྱུང་བཀག་ཉར་བྱས་པ།

ཟླ་བ་སྔོན་མའི་ཚེས་ ༢ ཡས་མས་ཤིག་ལ་ཁམས་འབྲི་རུ་རྫོང་ཤག་ཆུ་གྲོང་བརྡལ་གྱི་ས་གནས་མང་ཚོགས་ནས་ཡུལ་དེའི་གནས་རི་སེབ་ཁྲ་རྫ་རྒན་གྱི་གཏེར་ཁ་སྔོག་འདོན་ལས་གཞིར་ཞི་རྒོལ་གནང་བར་བརྟེན་རྒྱ་གཞུང་གིས་དོགས་ཡོད་བོད་མི་ ༣༠ ཙམ་གང་བྱུང་བཀག་ཉར་བྱས་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་གནས་ཚུལ་སྤེལ་བར་རྒྱ་གཞུང་གིས་ཕྱི་ཟླ་ ༢ པའི་ཟླ་མཇུག་ཙམ་ནས་ཁམས་འབྲི་རུ་རྫོང་ཤོང་ཆུ་གྲོང་བརྡལ་དང་ཐག་ཉེ་བའི་སེབ་ཁྲ་རྫ་རྒན་ཞེས་པའི་གནས་རི་ནས་ས་གནས་མང་ཚོགས་ཀྱི་འདོད་པ་ཡོད་མེད་ལ་མ་ལྟོས་པར་བཙན་ཤེད་ཀྱིས་གཏེར་ཁ་སྔོག་འདོན་བྱ་རྒྱུའི་ལས་གཞིར་མོས་མཐུན་གྱི་མིང་རྟགས་བཀོད་དུ་བཅུག་པ་དང་དེར་ས་གནས་མང་ཚོགས་ཀྱི་ངོས་ནས་ཞི་རྒོལ་གནང་བར་བརྟེན་ས་གནས་སྲིད་གཞུང་གིས་ཛ་དྲག་ཚོགས་འདུ་བསྐོང་ཚོགས་བརྒྱུད་དོགས་ཡོད་བོད་མི་ ༣༠ ཙམ་བཙན་ཤེད་ཀྱིས་གང་བྱུང་བཀག་ཉར་བྱས་འདུག ལྟེ་གནས་ཁང་ལ་རྒྱ་གཞུང་གིས་བཀག་ཉར་བྱས་པའི་བོད་མི་སུམ་ཅུ་དེ་དག་གི་ཁྲོད་ནས་བོད་མི་དགུའི་འདྲ་པར་དང་ལྷག་དོན་བོད་མི་བདུན་གྱི་མཚན་སོགས་འབྲེལ་ཡོད་བརྒྱུད་ནས་ཕྱག་སོན་བྱུང་འདུག འོན་ཀྱང་ད་ལྟའི་ཆར་ཁོང་རྣམས་ཀྱི་གནས་སྟངས་ཇི་ཆགས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མི་འདུག བོད་མི་བདུན་གྱི་མཚན་ཤེས་རྟོགས་བྱུང་ཡོད་པ་རྣམས་ནི་རང་ལོ་ ༣༦ ཡིན་པའི་འབྲི་རུ་རྫོང་ཤག་ཆུ་གྲོང་བརྡལ་གྱི་ལས་བྱེད་མཁྱེན་རབ་ལགས་དང་ཝ་ཐང་འབྲོང་ངུར་དགོན་གྱི་རང་ལོ་ ༥༠ ཡིན་པའི་གྲྭ་ཚུལ་ཁྲིམས་མགོན་པོ་ལགས། རང་ལོ་ ༣༩ ཡིན་པའི་གྲྭ་རིན་ཆེན་རྣམ་གྲོལ་ལགས། དེ་བཞིན་བྱང་ཆུབ་དངོས་གྲུབ་ལགས། བྲག་ར་གྲོང་ཚོའི་རྣམ་སྲས་ལགས། རང་ལོ་ ༥༡ ཡིན་པའི་དོན་རྒྱས་ལགས། དེ་བཞིན་རང་ལོ་ ༣༨ ཡིན་པའི་སྨན་པ་སོག་རུ་ཨ་བུ་ལགས་བཅས་རེད་འདུག དེའི་ཁྲོད་མཁྱེན་རབ་ལགས་དེ་སྔ་ ༢༠༡༥ ལོར་རྒྱ་གཞུང་གིས་ཁོང་ལ་ཁ་བྲལ་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག་ཟླ་བ་ ༦ རིང་བཀག་ཉར་བྱས་འདུག་པ་དང་། གྲྭ་རིན་ཆེན་རྣམ་གྲོལ་ལགས་དང་ཚུལ་ཁྲིམས་མགོན་པོ་ལགས་གཉིས་ཀྱང་ཕྱི་ལོ་ ༢༠༡༥ ལོར་ཁ་བྲལ་བའི་ཉེས་འཛུགས་འོག་མི་ལོ་ ༡ རིང་བཀག་ཉར་བྱས་ཡོད་པ་མ་ཟད། ངོ་རྟགས་མ་ཆོད་པའི་བོད་རིགས་བུ་མོ་གཉིས་དང་གཞན་རྣམས་རྒྱ་གཞུང་གིས་དོགས་གཞིའི་འོག་དུས་ཡུན་འདྲ་མིན་གྱི་འཛིན་བཟུང་བཀག་ཉར་འོག་ལ་ཚུད་མྱོང་ཡོད་པ་རེད།

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བཀྲིས་དབང་ཕྱུག་ལགས་འཕྲལ་མར་གློད་བཀྲོད་དགོས་པ་གསུངས་འདུག

དེ་རིང་ཟླ་ ༥ ཚེས་ ༨ ཉིན་མོ་འདི་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་སྐྱེས་སྐར་ཉིན་མོ་དང་བསྟུན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གཞུང་ལ་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ལ་ཆ་རྐྱེན་གང་ཡང་མེད་པར་འཕྲལ་མར་གློད་བཀྲོལ་དགོས་པ་གསུངས་འདུག ཁ་སང་ཟླ་ ༥ ཚེས་ ༧ ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བཀྲ་ཤིས་དབང་ཕྱུག་ལགས་རྒྱ་གཞུང་གིས་བཙོན་འཇུག་འོག་ད་རེས་སྐྱེས་སྐར་གྱི་ཉིན་མོ་ཐེངས་གསུམ་པ་དེ་འཁེལ་གྱི་ཡོད་པ་དང་བསྟུན། ཁོང་གིས་རྒྱ་གཞུང་གི་རྩ་ཁྲིམས་ནང་འཁོད་པའི་རང་མི་རིགས་ཀྱི་སྐད་ཡིག་རང་དབང་རྩོད་པར་རྒྱལ་ཁབ་ཀྱི་ཁ་བྲལ་བརྒྱུད་སྐུལ་བྱས་པའི་ནག་ཉེས་འོག་ལོ་གཉིས་ལྷག་བཙོན་འཇུག་བྱས་མཐར་འདི་ལོ་ཁྲིམས་གཏུགས་བྱས་ཟིན་ཡོད་ནའང་། ཁྲིམས་ཁང་ནས་དཔྱད་ཁྲ་གང་ཡང་བཏང་མེད་སྟབས་དེ་མུར་ལྷག་ཡོད་པ་དང་། ནག་ཉེས་དེའི་འོག་ཁོང་ལ་ལོ་ ༡༥ འི་བར་བཙོན་འཇུག་ཁྲིམས་ཆད་ཕོག་ཉེན་ཡོད་པའི་གནད་དོན་ལུང་འདྲེན་དང་སྦྲགས། བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བྱས་པ་དེས་བོད་མི་གཞན་ཚོར་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། དེ་བཞིན་མི་རིགས་ཀྱི་ངོ་བོ་བཅས་འཐབ་རྩོད་ལ་བཀག་སྡོམ་བྱེད་ཐུབ་ཐབས་མེད་པ་དང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་དང་མི་རིགས་ཆིག་སྒྲིལ་གྱི་སྲིད་བྱུས་ལ་ཁ་དཀྲིས་ཏེ་གྲངས་ཉུང་མི་རིགས་ཀྱི་བུ་ཕྲུག་རྣམས་ལ་བཙན་དབང་གིས་རྒྱ་སྐད་སློབ་རྒྱུའི་སྲིད་བྱུས་དེ་མཚམས་འཇོག་བྱེད་དགོས་པ་དང་། བཀྲ་ཤིས་དབང་ཕྱུག་ལགས་ལ་ཆ་རྐྱེན་གང་ཡང་མེད་པར་འཕྲལ་མར་གློད་བཀྲོལ་དགོས་པ་གསུངས་འདུག རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་ཞིབ་ཕྲ་ངོ་སྤྲོད་དང་སྦྲགས། རྒྱ་གཞུང་གིས་ Neidixizang ཞེས་པའི་ལས་གཞིའི་འོག་ལོ་ལྟར་བོད་ནང་གི་ལོ་ན་ ༡༡ ནས་ ༡༥ བར་གྱི་བོད་ཕྲུག་སློབ་མ་ཆིག་སྟོང་ལྷག་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་སློབ་གྲྭ་ཁག་ཏུ་བཙན་དབང་གིས་བསྐྱོད་བཅུག་པ་དང་། དེ་དག་ལ་རྒྱ་སྐད་གཙོ་བོ་བྱས་ནས་རྒྱ་ནག་གི་རྒྱལ་ཁབ་དང་རྒྱ་ནག་གི་རིག་གཞུང་། དེ་བཞིན་དམར་ཤོག་ཚོགས་པའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སོགས་ཀྱི་སྐོར་སློབ་ཁྲིད་བྱ་རྒྱུའི་ལས་གཞི་ཁྲོད་བོད་ཕྲུག་རྣམས་ལ་བོད་ཀྱི་རིག་གཞུང་དང་རང་མི་རིགས་ཀྱི་ངོ་བོ་ལས་ཐག་རིང་དུ་གཏོང་ཐབས་བྱེད་བཞིན་པ་མ་ཟད་བོད་ནང་ཟུར་དུ་བོད་ཡིག་སློབ་སྦྱོང་གནང་ས་ཆེད་འཛུགས་གནང་མཁན་རྣམས་ལ་ཁ་བྲལ་གྱི་ཉེས་མིང་འོག་ཁྲིམས་ཆད་གཏོང་བཞིན་ཡོད་པ་སོགས་ཀྱི་གནད་དོན་མངོན་གསལ་གནང་འདུག རྩ་བའི་བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབུས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པ་མ་ཟད། བཀྲིས་དབང་ཕྱུག་ལགས་ཀྱིས་རྒྱ་ནག་གི་ཁྲིམས་དང་མཐུན་པའི་ཐོག་ནས་རང་མི་རིགས་ཀྱི་སྐད་ཡིག་ཐོག་འཐབ་རྩོད་གནང་བ་དེ་ནག་ཉེས་གང་ཡང་བསགས་མེད་སྟབས་ཁོང་འཕྲལ་དུ་གློད་བཀྲོལ་དགོས་པའི་འབོད་སྐུལ་རིམ་པ་གནང་ཡོད་པའི་ཁྲོད། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚན་པ་འདྲ་མིན་དྲུག་གི་མི་སྣས་ཡོངས་ཁྱབ་སྤྱི་བསྒྲགས་ཤིག་སྤེལ་བའི་ཐོག་བཀྲ་ཤིས་དབང་ཕྱུག་ལགས་སུ་ཉེས་འཛུགས་གནང་བ་ཁག་ཕྱིར་འཐེན་དགོས་སྐོར་གསུངས་པ་དང་འབྲེལ། རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་གློད་བཀྲོལ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

Latest news