Tibetan Royal Year of 2151 | Year of the Wood Dragon

བོད།

རྒྱ་གཞུང་གིས་བོད་ས་ཡོངས་རྫོགས་སུ་གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་ཀྱི་ལས་གཞི་ཤུགས་ཆེ་རུ་བཏང་ཡོད་པ་ཐེར་བཏོན།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་འདས་པའི་ཕྱི་ལོའི་ ༢༠༡༧ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བ་དང་འབྲེལ། སྔ་ལོའི་ནང་རྒྱ་ནག་དམར་པོའི་གཞུང་གིས་བོད་ས་ཡོངས་སུ་ Mass Surveillance འམ་གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་ཀྱི་ལས་གཞི་ཁྱབ་གདལ་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་མིའི་སྒེར་དབང་དང་བསམ་སྤྱོད་རང་དབང་། དེ་བཞིན་ཆོས་དད་རང་དབང་ལ་དམ་དྲག་དང་བརྩི་མེད་རྡོག་རོལ་འཚབ་ཆེ་བཏང་ཡོད་པ་ཐེར་བཏོན་གནང་སོང་། དེ་རིང་སྔ་དྲོ་ཚོུད་ ༡༠ སྟེང་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་། ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས། ཉམས་ཞིབ་པ་པདྨ་རྒྱལ་ལགས་བཅས་ལྷན་ཞུགས་ཀྱིས་བོད་དབྱིན་རྒྱ་གསུམ་གྱི་སྐད་ཡིག་ཐོག་ཡོད་པའི་ལོ་འཁོར་སྙན་ཐོ་དབུ་འབྱེད་གནང་སོང་། ལོ་འཁོར་སྙན་ཐོའི་ནང་གཙོ་བོ་ཕྱི་ལོ་ ༢༠༡༧ ལོའི་ནང་བོད་ནང་གི་བོད་མིའི་བསམ་སྤྱོད་རང་དབང་དང་། གང་བྱུང་བཀག་ཉར་དང་མནར་གཅོད། ཆོས་ལུགས་རང་དབང་། ཡར་རྒྱས་འཛུགས་སྐྲུན་བཅས་ཚན་པ་བཞིར་དབྱེ་ནས་འདས་ལོ་དེའི་ནང་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇི་ཆགས་གསལ་བཏོན་གནང་འདུག ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་ད་བར་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་དང་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བ་དེ་ནི་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ལོ་རེ་བཞིན་ཇེ་ཞན་ཇི་སྡུག་ཕྱིན་ཡོད་པ་གསུངས་སོང་བ་མ་ཟད། ལྷག་པར་དུ་འདས་པའི་ཕྱི་ལོ་ ༢༠༡༧ ལོའི་ནང་རྒྱ་ནག་དམར་པོའི་གཞུང་གིས་བོད་ས་ཡོངས་སུ་ Mass Surveillance འམ་གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་ཀྱི་ལས་གཞི་ཁྱབ་གདལ་བྱེད་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་སྐད་གདངས་ངོས་འཛིན་མ་ལག་དང་གདོང་རིས་པར་ལེན་འཕྲུལ་ཆས་བེད་སྤྱོད་བརྒྱུད་མང་ཚོགས་ལ་དྲག་མནོན་བྱས་པའི་ཁྲིམས་སྒྲིག་གསར་པ་ལག་བསྟར། བོད་མིའི་སྒེར་དབང་དང་བསམ་སྤྱོད་རང་དབང་། དེ་བཞིན་ཆོས་དད་རང་དབང་ལ་དམ་དྲག་དང་བརྩི་མེད་རྡོག་རོལ་འཚབ་ཆེ་བཏང་དང་གཏོང་བཞིན་ཡོད་པ་གསུངས་སོང་། དེ་བཞིན་ཁོང་གིས་ཕྱི་ལོ་ ༢༠༠༥ལོར་ཆོས་ལུགས་ཐོག་དམ་དྲག་ཆེད་བཟོས་པའི་ཆོས་ལུགས་ལས་དོན་སྲོལ་ཡིག་ཞེས་པའི་སྒྲིག་གཞི་དེ་སྔ་ལོ་ཕྱི་ལོ་ ༢༠༡༧ ལོར་བསྐྱར་བཅོས་བྱས་ནས་དྲྭ་རྒྱའི་བརྒྱུད་ལམ་མཚོན་པའི་ཕྱོགས་ཡོངས་ནས་མང་ཚོགས་ཀྱི་ཆོས་དད་རང་དབང་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་སྤྱི་དང་། ལྷག་དོན་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཀྱི་གནང་སྒོ་ཁག་ལ་ཁ་བྲལ་བར་ངོས་འཛིན་དང་། རྒྱལ་ཁབ་བདེ་འཇགས་ལ་གནོད་གཞི་ཅན་གྱི་མིང་བྱང་འོག་དམ་དྲག་བྱེད་བཞིན་ཡོད་པ་ཐེར་བཏོན་གནང་ཡོད་པ་རེད། ལྟེ་གནས་ཁང་དེའི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ཀྱིས་ཕྱི་ལོ་ ༢༠༠༨ རྗེས་ནས་རྒྱ་ནག་གཞུང་གིས་བོད་མིའི་མང་ཚོགས་ཀྱི་བསམ་སྤྱོད་རང་དབང་ཐོག་དམ་དྲག་གྱིས་སྲིད་བྱུས་གསར་པ་ལག་བསྟར་བྱེད་འགོ་བཙུགས་ཡོད་པ་དང་། དེའི་ཁྲོད་ནས་གྲོང་སྡེ་བཅའ་སྡོད་ལས་དོན་རུ་ཁག་ཞེས་པའི་མིང་བྱང་འོག་ལོ་ལྟར་བོད་མིའི་གྲོང་སྡེ་ ༥༠༠༠ ལྷག་དང་། དགོན་སྡེ་ཁག་ཏུ་དམར་ཤོག་ལས་བྱེད་ཁྲི་གཉིས་ལྷག་བགོད་འགྲེམས་ཀྱིས་ས་གནས་མང་ཚོགས་ཀྱི་བསམ་བློ་དང་ཆོས་ལུགས་ཀྱི་ལྟ་བ་རྟོག་ཞིབ་བྱས་ནས་དམར་ཤོག་ཚོགས་པའི་སློབ་གསོ་སྤྲོད་རྒྱུའི་ལས་འགུལ་རིམ་པ་སྤེལ་བཞིན་ཡོད་པ་གསུངས་སོང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་སྲིད་འཛིན་གྱི་འགན་བླངས་པ་ནས་བཟུང་ས་གནས་མང་ཚོགས་ཐོག་ལ་དམ་དྲག་དང་སྟངས་འཛིན་བྱེད་ཕྱོགས་ལ་འགྱུར་བ་བཏང་ནས་དྲག་ཆས་དམག་མི་དང་ལྟ་ཞིབ་མི་སྣ་དངོས་སུ་མདུན་ལ་མ་ཐོན་པར་འཕྲུལ་རིགས་དང་མངོན་གསལ་མེད་པའི་རྒྱབ་ངོས་ནས་སྟངས་འཛིན་དང་མྱུལ་ཞིབ་བརྒྱུད་མང་ཚོགས་ཐོག་དམ་དྲག་གི་ཐབས་བྱུས་འདྲ་མིན་སྤེལ་བཞིན་ཡོད་ཀྱང་། བོད་ནང་བོད་མི་ཚོས་རྒྱ་གཞུང་གི་སྲིད་བྱུས་ལ་ཞི་རྒོལ་དང་རང་ལུས་མེར་སྲེག་གི་ལས་འགུལ་མུ་མཐུད་ནས་སྤེལ་མུས་ཡིན་པ་གསུངས་པ་མ་ཟད། ལྷག་པར་དུ་རྒྱ་ནག་དམར་པོའི་གཞུང་གིས་ཕུགས་མདུན་བསྒྲུབ་པར་བོད་ནང་གི་བོད་མིའི་མངོན་འདོད་ཤེས་དགོས་པ་དང་དེ་དག་ལ་བརྩི་བཀུར་བྱེད་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་རེད་ཅེས་གསུངས་སོང་། རྩ་བའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་འདོན་སྤེལ་གནང་བའི་ཕྱི་ལོ་ ༢༠༡༧ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལོ་འཁོར་སྙན་ཐོ་འདིར་གཞིགས་ཚེ་འདས་ལོའི་ནང་རྒྱ་གཞུང་ལ་ཞི་རྒོལ་འོག་འཛིན་བཟུང་བཀག་ཉར་དང་གར་སོང་ཆ་མེད་དུ་འགྱུར་བའི་བོད་མི་ཁྱོན་ ༡༨ དང་ཞི་རྒོལ་གྱི་རང་སྲེག་གནང་མཁན་ ༦ བཅས་བྱུང་འདུག གཞན་ཡང་བཙན་གྲོལ་ཐོབ་པ་ ༡༧ དང་ཕྱོ་ལོ་ ༢༠༠༨ ལོ་ནས་ད་བར་རྒྱ་གཞུང་གི་བཀག་ཉར་ཁང་དུ་མནར་གཅོད་འོག་འདས་གྲོངས་སུ་འགྱུར་བ་བོད་མི་ཁྱོན་ ༣༡ ལྷག་བྱུང་ཡོད་པ་རེད།

༸གོང་ས་མཆོག་དང་བླ་ཆེན་རྣམ་པའི་ལམ་སྟོན་ཕེབས་པ་ལྟར་བོད་ནང་རང་སྲེག་གི་གནད་དོན་ཉུང་དུ་འགྲོ་བཞིན་འདུག

ཁ་ཉིན་ཕྱི་ཚེས་ ༥ ཉིན་ཉི་ཧོང་ནང་རྟེན་གཞི་བྱས་པའི་ Asian Review གསར་ཁང་གི་གསར་འགོད་པ་ OKI NAGAI ལགས་ནས་གསར་ཁང་དེའི་དྲྭ་གནས་ཐོག་ཉེ་དུས་ཁོང་བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་བསྐྱོད་སྐབས་བོད་རིགས་འགའ་ཞིག་ལ་རྒྱ་གཞུང་གི་དམ་དྲག་ཆེ་བའི་སྲིད་བྱུས་དང་། རང་སྲེལ་གྱི་གནད་དོན། དེ་བཞིན་བོད་ཀྱི་སྐད་ཡིག་རིག་གནས་ཐོག་སློབ་སྦྱོང་གནང་རྒྱུའི་གོ་སྐབས་དང་རང་དབང་ཡོད་མེད་དང་འབྲེལ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་སྤེལ་འདུག གསར་འགོད་པ་ OKI NAGAI ལགས་ནས་རྒྱ་གཞུང་གིས་དབྱེ་བའི་བོད་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཉེ་འདབས་སུ་ཆགས་པའི་༸རྗེ་སྐུ་འབུམ་དགོན་པར་བསྐྱོད་སྐབས་རང་ལོ་ ༣༠ ཙམ་ཡིན་པའི་བོད་པའི་བེུད་ཅིག་ནས་སྐུ་འབུམ་དགོན་པའི་ལོ་རྒྱུས་དང་ཆོས་ཕྱོགས་ཀྱི་གལ་གནད་སོགས་ངོ་སྤྲོད་གནང་བ་དང་ཆབས་ཅིག དེང་སྐབས་༸རྗེ་སྐུ་འབུམ་དགོན་པ་གཙོས་བོད་ཀྱི་དགོན་སྡེ་ཁག་ཏུ་ཆོས་ཕྱོགས་དང་འབྲེལ་བའི་སྐུ་འདྲ་དང་པར་རིས་དེ་ཙམ་མཇལ་རྒྱུ་མེད་པ་ནི་རྒྱ་ནག་གཞུང་གིས་ཆེས་དམ་དྲག་བྱས་པར་བརྟེན་བྱུང་བ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་ས་གནས་རྒྱ་གཞུང་གི་ལས་བྱེད་ཚོས་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་གནང་རྒྱུར་དམ་དྲག་དང་བཀག་སྡོམ་ཤུགས་ཆེ་བྱེད་བཞིན་ཡོད་པ་གསུངས་འདུག གསར་འགོད་པས་རྒྱ་གཞུང་གིས་དམ་དྲག་བྱེད་དོན་གང་ཡིན་དྲིས་པར་ཁོ་མོའི་སེམས་ནང་འཇིགས་སྣང་དང་བཅས་ཏེ་སྐད་ཤུགས་ཆུང་ཆུང་གི་ཐོག་ནས་ང་རང་༸གོང་ས་མཆོག་ལ་དད་གུས་ཆེན་པོ་ཡོད། འོན་ཀྱང་རྒྱ་གཞུང་གི་དམ་དྲག་དང་ཆབ་སྲིད་ཀྱི་གནས་སྟངས་མང་པོ་ཞིག་གི་རྐྱེན་པས་ང་ཚོར་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་བྱ་རྒྱུའི་རང་དབང་མེད་སྟབས། ང་ལ་དེའི་ཐོག་བྱེད་ཐབས་གང་ཡང་མི་འདུག་ཅེས་འགྲེལ་བརྗོད་གནང་འདུག དེ་བཞིན་གསར་འགོད་པ་རེབ་གོང་རྫོང་དུ་འབྱོར་སྐབས་སླར་བོད་རིགས་སྐྱེས་པ་ཞིག་ནས་སྤྱིར་རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་དང་ཞིང་ཆེན་ཁག་གི་ནང་གསང་བའི་ལྟ་སྲུང་དང་དམ་དྲག་གི་ལས་གཞི་ཤུགས་ཆེ་སྤེལ་མུས་ཡིན་པ་དེ་ལྟར་ཡང་། བོད་མཚོ་སྔོན་ཞིང་ཆེན་ཁུལ་དུ་མཚོན་ན་དེ་སྔ་ལོ་ངོ་བཅུ་ཙམ་གོང་གི་གནས་སྟངས་དང་བསྡུར་ཚེ་ཕྲན་བུ་ལྷོད་དུ་ཕྱིན་ཡོད་ཀྱང་། དགོན་སྡེ་གྲྭ་ཚང་དང་མང་ཚོགས་འདུ་འཛོམས་ཀྱི་ས་ཚིགས་ཁག་ཏུ་མུ་མཐུད་ཉེན་རྟོག་དམག་མི་ཡང་ཡང་སྐོར་བསྐྱོད་བྱེད་མུས་ཡིན་པ་གསུངས་འདུག ལྷག་པར་དུ་ཁོང་ནས་འདས་པའི་ལོ་ངོ་བཅུ་ཙམ་གྱི་ནང་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་དུ་རང་སྲེག་གནང་མཁན་མང་པོ་བྱུང་ཡོད་པ་འགྲེལ་བརྗོད་དང་སྦྲགས། བར་སྐབས་ཤིག་ནས་བོད་ནང་རང་སྲེག་གནང་མཁན་ཉུང་དུ་ཕྱིན་ཡོད་པ་རེད། དེ་ནི་རྒྱ་ནག་གཞུང་གི་ངོས་ནས་བོད་ནང་གུ་ཡངས་བཏང་བ་དང་། མི་མང་གིས་རྒྱ་གཞུང་གི་དམ་དྲག་ལ་ངོ་རྒོལ་གནང་མ་ཐུབ་པའི་དབང་གིས་མ་ཡིན་ཞིང་། གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བླ་ཆེན་རྣམ་པས་རང་སྲེག་གནང་རྒྱུ་མེད་པའི་གཞེན་སྐུལ་དང་། རང་སྲེག་གི་ལས་འགུལ་མཚམས་འཇོག་དགོས་པའི་ལམ་སྟོན་བཀའ་སློབ་རིམ་པ་ཕེབས་ཡོད་སྟབས། བོད་ནང་རང་སྲེག་གནང་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད་ཅེས་གསུངས་འདུག འོང་ཀྱང་ཁོང་ནས་ད་ཆ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༢ ལྷག་ཕེབས་བཞིན་པའི་སྐབས་འདིར་བོད་ནང་གི་བོད་མི་ཚོས་མགོན་པོ་༸གང་ཉིད་མཅོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ལ་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ལ་ཐེ་བྱུས་བྱེད་ཤུགས་ཆེ་རུ་བཏང་ཚེ་དེ་སྔ་ལྟར་རང་སྲེག་གནང་མཁན་བསྟུད་མར་བྱུང་སྲིད་སྐོར་གསུངས་འདུག བོད་རིགས་གཉིས་ནས་ས་གནས་སོ་སོའི་ནང་རྒྱ་ནག་གཞུང་གིས་བོད་རིགས་ཚོར་རང་ཉིད་ཀྱི་སྐད་ཡིག་ཐོག་སློབ་སྦྱོང་གནང་རྒྱུའི་གོ་སྐབས་དང་རང་དབང་སྤྲོད་ཀྱི་མེད་པ་མ་ཟད། ས་གནས་སློབ་གྲྭ་ཁག་ཏུ་རྒྱ་ཡིག་ངེས་པར་དུ་སློབ་ཁྲིད་བྱེད་དགོས་པའི་སྒྲིག་ཁྲིམས་བཟོ་ཡོད་རྐྱེན་དེང་སྐབས་བོད་རིགས་གཞོན་སྐྱེས་མི་ཉུང་བ་ཞིག་ནས་རང་ཉིད་ཀྱི་སྐད་ཡིག་བོད་ཡིག་འབྲི་ཀློག་མ་ཐུབ་པའི་དཀའ་ངལ་འཕྲད་བཞིན་པ་ཡང་འགྲེལ་བརྗོད་གནང་འདུག

ལི་ཐང་དགོན་སྡེ་ཁག་ཏུ་རྒྱ་གར་ནས་ཕེབས་པའི་དགེ་བཤེས་རྣམས་ཕྱིར་ཕུད་དང་མང་ཚོགས་ལ་གསུང་ཆོས་གནང་མི་ཆོག་པ་བཟོས་འདུག

བོད་མདོ་ཁམས་ལི་ཐང་ས་ཁུལ་དུ་དུས་རྒྱུན་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གི་༸སྐུ་པར་སྒྲིག་གཤོམ་དང་བཀའ་སློབ་སོགས་ཀྱང་གསན་གཟིགས་གནང་རྒྱུའི་གུ་ཡངས་ཀྱི་རྣམ་པ་ཡོད་ཀྱང་། ཉེ་ཆར་ནས་བཟུང་སྔར་དང་མི་འདྲ་བར་ཆོས་ལུགས་ཀྱི་གནང་སྒོར་དམ་དྲག་ཆེ་རུ་བཏང་ཡོད་པ་དང་། ལི་ཐང་རྫོང་ས་གནས་རྒྱ་ནག་སྲིད་གཞུང་དང་ཐད་ཀར་འབྲེལ་བ་ཡོད་མེད་ལ་མ་ལྟོས་པར་ས་གནས་དཔོན་རིགས་ཁག་ཅིག་གིས་དེ་སྔ་རྒྱ་གར་ནས་ཕེབས་པའི་དགེ་བཤེས་ལྷ་རམས་པ་ཚོས་ལི་ཐང་དགོན་ཆེན་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད་པ་དེ་དག་གནང་མི་ཆོག་ཞེས་དགོན་པ་ནས་ཕྱིར་ཕུད་བཏང་བ་མ་ཟད་མི་མང་ལ་གསུང་ཆོས་ཀྱང་གནང་མི་ཆོག་པའི་བཙན་བཀའ་བཏང་འདུག དགོན་པའི་ངོས་ནས་དགུན་དུས་སུ་སློབ་གྲྭའི་གུང་གསེང་སྐབས་སློབ་ཕྲུག་རྣམས་ལ་ཟུར་དུ་བོད་ཀྱི་བརྡ་སྤྲོད་རིག་པ་དང་སྙན་ངག་སོགས་སློབ་ཁྲིད་གནང་བཞིན་ཡོད་པ་དེ་དག་གནང་མི་ཆོག་པ་བཟོས་པ་དང་། ལྷག་དོན་དགོན་པའི་གྲྭ་བཙུན་ཚོས་ཀྱང་སློབ་མི་ཆོག་པའི་བཀག་སྡོམ་བྱས་འདུག དེ་བཞིན་ཤིང་སྣ་འདེབས་འཛུགས་ལ་ཁ་གཡར་ཏེ་རྒྱ་སྒོར་ཁྲི་དགུ་བརྒྱ་ལྷག་སྤྲད་དེ་ཉོས་པའི་ས་གནས་ཡུལ་མིའི་ས་ཆ་མང་པོ་ཞིག་གུན་གསབ་གང་ཡང་མ་སྤྲད་པར་བཙན་འཕྲོག་བྱས་པ་དང་། ལི་ཐང་རྟ་རྒྱུག་འགྲན་བསྡུར་བ་རྣམས་ཀྱང་རྫོང་ཉེན་རྟོག་པས་དོན་མེད་འཛིན་བཟུང་གིས་ཉེས་རྡུང་ཚད་མེད་བཏང་བ་མ་ཟད་རྟ་རྒྱུག་འགྲན་བསྡུར་གནང་མི་ཆོག་པའི་བཀག་སྡོམ་བྱས་འདུག

བོད་མདོ་སྨད་རེབ་གོང་དུ་བོད་མིའི་ས་ཞིང་བཙན་འཕྲོག་བྱས་འདུག

ཟླ་བ་འདིའི་ཕྱི་ཚེས་ ༡༨ ཉིན་བོད་མདོ་སྨད་རེབ་གོང་སྒོ་དམར་ས་གནས་རྒྱ་ནག་གཞུང་ཕྱོགས་ཀྱིས་རེབ་གོང་སྨད་པ་སྡེ་བ་བདུན་གྱི་ཁོངས་རི་རྩ་སྡེ་བ་ཡོད་སར་མེ་འཁོར་འབབ་ཚུགས་འཛུགས་སྐྲུན་དང་། རེབ་གོང་ཞོ་ཕུང་ཕྱོགས་སུ་ཆུ་མཛོད་གློག་ཁང་གསར་རྒྱག་སོགས་འཛུགས་སྐྲུན་ལ་ཁ་གཡར་ཏེ་རེབ་གོང་སྙན་ཐོག་དང་སྒོ་དམར་སྡེ་བའི་ས་ཞིང་ཨེ་ཀ་ཆིག་སྟོང་ལྷག་ལ་རིན་གོང་ཧ་ཅང་དམའ་པོ་ལས་མ་སྤྲད་པ་མ་ཟད་ད་ལོ་ཞིང་ཁ་འདེབས་མ་བཅུག་པར་གཞུང་བཞེས་བཏང་འདུག ས་གནས་མང་ཚོགས་ཀྱི་མ་འོངས་པའི་འཚོ་རྟེན་མེད་པར་གྱུར་བར་བརྟེན་ཧ་ཅང་བློ་འཚབ་ཆེན་པོའི་ངང་གནས་ཡོད་པ་དང་། ས་གནས་རྒྱ་ནག་སྲིད་གཞུང་གིས་ཞུང་བཞེས་བཏང་བའི་ས་ཞིང་དེ་དག་རིན་གོང་ཁེ་བོ་ཐོག་ངེས་པར་དུ་བཙོང་དགོས་པའི་བཙན་བཀའ་བཏང་བར་ཡུལ་མི་ཚོས་ས་ཞིང་དེ་དག་བཙོང་ནས་དངུལ་ཏོག་ཙམ་རག་ནས་འཚོལ་བ་འཁྱོལ་ཙམ་ཡོང་གི་ཡོད་ནའང་། དེ་དག་ང་ཚོའི་མི་རབས་རྗེས་མའི་བུ་ཕྲུག་རྣམས་ཀྱི་འཚོ་བའི་རྟེན་གཞི་ས་ཞིང་མེད་ན་འཚོ་བ་ཇི་ལྟར་བསྐྱེལ་དགོས་སམ་ཞེས་ས་གནས་རྫོང་སྲིད་གཞུང་ལ་རེ་སྐུལ་ཞུས་ཀྱང་ཉན་འཇོག་བྱས་མེད་པ་རེད་འདུག སྤྱིར་སྔ་ལོའི་ཟླ་ ༣  པའི་ནང་རྒྱ་ནག་གཞུང་གིས་ཡར་རྒྱས་དང་འཛུགས་སྐྲུན་ལ་ཁ་གཡར་ཏེ་གོང་གསལ་སྡེ་བ་དེ་དག་གི་ས་ཞིང་རྒྱལ་ཁབ་ལ་སྤྲོད་དགོས་པའི་བཙན་བཀའ་བཏང་ཡོད་པ་དང་། སྐབས་དེར་ས་གནས་མང་ཚོགས་ཀྱིས་ས་ཞིང་གཞུང་བཞེས་བཏང་ན་ཁོ་ཚོའི་མི་རབས་རྗེས་མ་ཚོར་འཚོ་བའི་རྟེན་གཞི་གང་ཡང་མེད་པར་གྱུར་རྒྱུ་མ་ཟད། རྒྱ་མི་མང་པོ་གནས་སྤོ་བྱས་ཏེ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་བཅས་ལ་ཉམས་ཉེས་ཡོང་རྒྱུ་ཡིན་སྟབས་དེ་ལྟར་མི་དགོས་པའི་གོང་རིམ་ལ་ཞུ་གཏུག་རིམ་པར་བྱས་ཀྱང་དེ་ནི་རྒྱལ་ཁབ་ཀྱི་བཀའ་ཡིན་པར་བརྗོད་ནས་མང་ཚོགས་ཀྱི་རེ་འདུན་ལ་བདག་སྤྲོད་གང་ཡང་མ་བྱས་པར་ཉེ་ཆར་དངོས་སུ་གཞུང་བཞེས་བཏང་འདུག དེ་བཞིན་ཉེ་འཁོར་གྱི་རེབ་གོང་སེང་གཞོང་སྡེ་བ་དང་རྒྱལ་ཚང་མ་སྡེ་བ། ཧོར་རྒྱ་སོགས་སུ་ཡང་ས་ཞིང་གཞུང་ལམ་དང་ཁང་བརྩེགས་སྐྲུན་ཡུལ་དུ་ཁེལ་བ་རྣམས་གཞུང་བཞེས་བཏང་བ་མ་ཟད། ཨེ་ཀར་རེར་གུན་གསབ་རྒྱ་སྒོར་ཁྲི་ ༢༥ ཡས་མས་ལས་སྤྲད་མེད་པ་རེད། འོན་ཀྱང་གོང་གསལ་སྒོ་དམར་སྡེ་བའི་ས་ཞིང་ལ་ཨེ་ཀ་གཅིག་ལ་རྒྱ་སྒོར་ཁྲི་ ༡༣ དང་ཁྲི་ ༡༤ ཡས་མས་མ་གཏོགས་མ་སྤྲད་པར་གུན་གསབ་ཉུང་བ་སྤྲད་འདུག

དྲྭ་རྒྱའི་བཅའ་ཁྲིམས་དང་འགལ་བའི་ཉེས་འཛུགས་འོག་དགེ་འདུན་པ་གཉིས་འཛིན་བཟུང་།

ཟླ་བ་འདིའི་ཚེས་ ༡༦ ཉིན་མཚོ་སྔོན་འབའ་རྫོང་སྤྱི་བདེ་ཉེན་རྟོག་པས་བོད་མདོ་སྨད་གཙང་དགོན་དོན་གྲུབ་རབ་བརྟན་གླིང་གི་གྲྭ་འོད་ཆུང་རྒྱ་མཚོ་ལགས་དང་དགེ་འདུན་པ་གཞན་གཅིག་བཅས་སྐད་འཕྲིན་རྒྱབ་ངོས་སུ་དྲྭ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་འགལ་བའི་པར་རིས་དང་རྩོམ་ཡིག་སྤེལ་བའི་ཉེས་འཛུགས་འོག་འཛིན་བཟུང་བྱས་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། ས་གནས་རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༣ པའི་ནང་གཙང་དགོན་པའི་དགེ་འདུན་པ་ཚོར་གཙང་དགོན་པའི་ཁྲིམས་ལུགས་ཁྲིམས་སྲོལ་ཞེས་པའི་བརྗོད་གཞིའི་འོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲྭ་རྒྱའི་བདེ་འཇགས་བཅའ་ཁྲིམས་སྐོར་གྱི་གསོ་སྦྱོང་ཚོགས་འདུ་བསྐོང་གིས་ཆབ་སྲིད་སློབ་གསོ་སྤྲད་པ་དང་ཆབས་ཅིག དོགས་གཞིའི་གནས་ཚུལ་ཁག་གཅིག་ལ་ཞིབ་བཤེར་རྗེས་གྲྭ་འོད་ཆུང་རྒྱ་མཚོ་དང་དགེ་འདུན་པ་གཉིས་ཀྱིས་འཕྲིན་སྟེགས་ཐོག་ཏུ་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་འགལ་བའི་པར་རིས་དང་རྩོམ་ཡིག་སྤེལ་ཡོད་པའི་ཉེས་འཛུགས་ཀྱིས་རང་སྐྱོན་ངོས་ལེན་གནང་བའི་ཡི་གེ་འབྲི་རུ་བཅུག་ཡོད་པ་རེད་འདུག གྲྭ་འོད་ཆུང་རྒྱ་མཚོ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་སོག་རྫོང་གཙང་ཨ་རིག་ཉི་མཐའ་ཡུལ་ཚོ་བདེ་ལྡན་སྡེ་བ་ནས་ཡིན་ཞིང་། གཙང་དགོན་དོན་གྲུབ་རབ་བརྟན་གླིང་གི་གྲྭ་བ་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ལ་ས་བྱི་ཞི་རྒོལ་སྐབས་སུ་གཙང་དགོན་པའི་དགེ་འདུན་པ་ ༥༠༠ ལྷག་གིས་དགོན་པའི་ཁང་ཐོག་ཏུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། ༸གོང་ས་མཆོག་གི་༸སྐུ་པར་ཁྱེར་ནས་ཞི་རྒོལ་གནང་བའི་ནང་མཉམ་ཞུགས་གནང་མྱོང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་གྲྭ་འོད་ཆུང་རྒྱ་མཚོ་ལགས་ཀྱི་སྐད་འཕྲིན་རྒྱབ་ངོས་སུ་དྲྭ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་འགལ་བའི་པར་རིས་དང་རྩོམ་ཡིག་གང་ཞིག་སྤེལ་ཡོད་མེད་ཐོག་བཅར་འདྲི་ཞུས་པར་ཁོང་གིས་སྐད་འཕྲིན་རྒྱབ་ངོས་སུ་གཙང་དགོན་པའི་ཁྲིམས་ལུགས་ཁྲོམས་སྲོལ་ཞེས་པའི་འདྲ་པར་གཅིག་ཡོད་པ་ལས་རྩོམ་ཡིག་གང་སྤེལ་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་སྐོར་གསུངས་སོང་། ལྷག་པར་དུ་ཁོང་གིས་བཅའ་ཁྲིམས་དེའི་ནང་སྤྱི་ཚོགས་བདེ་འཇགས་དང་མེས་རྒྱལ་གོང་བུ་གཅིག་སྒྲིལ། རྒྱལ་ཁབ་ཀྱི་ཁེ་དབང་སོགས་དང་འབྲེལ་བའི་བྱ་སྤྱོད་སྤེལ་མི་ཆོག་ཟེར་བ་དེ་ཆགས་ཡོད་པ་ལྟར་དོན་དངོས་ཐོག་བོད་ནང་མི་སྒེར་གྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུའི་རང་དབང་མེད་པ་མ་ཟད། ད་རེས་དྲྭ་རྒྱའི་བདེ་འཇགས་དང་འབྲེལ་བའི་བོད་མིའི་ཐོག་གནས་ཚུལ་ཐོན་པ་ཆེས་ཐོག་མ་མ་ཡིན་ཏེ་རྒྱལ་ཁབ་དྲྭ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གིས་འོས་འགན་དྲུག་དང་འགན་འཁྲི་ཁག་བཞི་ཟེར་བའི་ཁྲིམས་སྒྲིག་འོག་རྒྱ་རིགས་རང་གི་ཐོག་ཏུ་དེ་མཚུངས་གནས་ཚུལ་བྱུང་ཡོད་པ་གསུངས་སོང་། རྩ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲྭ་རྒྱའི་བདེ་འཇགས་བཅའ་ཁྲིམས་ཞེས་པ་དེ་ཕྱི་ལོ་ ༢༠༡༥ ལོར་གསར་བཟོ་བྱས་ཡོད་པ་དང་། དེ་རྗེས་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡ ཉིན་དངོས་སུ་ལག་བསྟར་བྱ་རྒྱུའི་ཡོངས་ཁྱབ་བྱས་ཡོད་པ་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འགྲེལ་བརྗོད་གནང་དོན་ལྟར་ན། གྲྭ་འོད་ཆུང་རྒྱ་མཚོ་ལགས་དང་ལྷན་འཛིན་བཟུང་བྱས་པའི་དགེ་འདུན་པ་གཞན་དེ་གློད་བཀྲོལ་བཏང་ཡོད་པར་ཚོད་དཔག་གནང་གི་འདུག་ཀྱང་། གྲྭ་འོད་ཆུང་རྒྱ་མཚོ་ལགས་མུ་མཐུད་བཀག་སྐྱིལ་བྱེད་མུས་རེད་འདུག

རྒྱ་གཞུང་གིས་གསང་མྱུལ་བའི་གནས་ཚུལ་མཁོ་སྤྲོད་བྱ་སའི་དྲྭ་རྒྱ་གསར་པ་སྒོ་ཕྱེ་འདུག

རྒྱ་གཞུང་གིས་ཟླ་བ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཆེད་ཕྱི་རྒྱལ་གསང་མྱུལ་བའི་གནས་ཚུལ་མཁོ་སྤྲོད་བྱ་སའི་དབྱིན་རྒྱ་གཉིས་ཀྱི་སྐད་ཡིག་ཐོག་ཡོད་པའི་དྲྭ་རྒྱ་ཞིག་སྒོ་ཕྱེ་འདུག དེ་ཡང་རྒྱལ་སྲུང་སློབ་གསོའི་ཉིན་མོ་དང་བསྟུན། རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་གྱིས་ 12339.gov.cn ཞེས་པའི་དམིགས་བསལ་དྲྭ་རྒྱ་ཞིག་སྒོ་ཕྱེ་ཡོད་པ་དང་འབྲེལ། རྒྱ་ནག་རྒྱལ་ཁབ་ཀྱི་གཞུང་འབྲེལ་ལས་བྱེད་དང་དམག་མི་ལ་ལྐོག་རྔན་སྤྲད་པ། རྒྱལ་ཁབ་ནང་རྙོག་ཟིང་དང་མི་རིགས་ཁ་བྲལ་རིང་ལུགས་བརྒྱུད་སྐུལ་བྱེད་མཁན་ཕྱི་རྒྱལ་བ་དང་རྒྱ་ནག་གི་མི་སེར་གསང་མྱུལ་བའི་ཚུལ་སྤྱོད་དོགས་གཞི་ཡོད་པ་རྣམས་ཀྱི་གནས་ཚུལ་དྲྭ་རྒྱ་དེའི་ཐོག་སྙན་གསེང་ཞུ་དགོས་པར་ནན་སྐུལ་བྱས་འདུག དྲྭ་རྒྱ་དེའི་ནང་དོགས་གཞི་ཅན་གྱི་གསང་མྱུལ་ལས་དོན་ཁོངས་སུ་ཕྱི་རྒྱལ་བའི་མི་རིགས་ནས་རྒྱ་ནག་ནང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་གཞིའི་ལས་འགུལ་རིགས་སྤེལ་མྱོང་མཁན་ནམ་དེ་ལྟ་བུའི་ལས་འགུལ་སྤེལ་བའི་དོགས་ཟོན་ཡོད་པ་རྣམས་དང་ཐུག་འཕྲད་ཀྱི་གནས་ཚུལ་རྣམས་ཀྱང་སྙན་གསེང་ཞུ་ཆོག་པ་ཞེས་བཀོད་ཡོད་པ་ལྟར། གནས་ཚུལ་དཔྱད་ཞིབ་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་རྣམས་ནས་གནད་དོན་དེའི་ཐོག་ཐུགས་འཚབ་ཆེན་པོས་རྒྱ་ནག་ཏུ་གནས་སྡོད་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྣམས་ལ་མ་འོངས་པར་རྒྱལ་ཁབ་དེའི་ནང་ཕེབས་མཁན་གྱི་གསར་འགོད་པ་གཙོ་གྱུར་ཕྱི་རྒྱལ་བ་ཚོ་དང་འབྲེལ་བ་གནང་ས་མེད་པ་ཞིག་བཟོས་ནས་ཡོད་པ་གསུངས་འདུག དྲྭ་རྒྱ་གསར་པ་དེའི་ནང་གསང་མྱུལ་བའི་གནས་ཚུལ་སྙན་གསེང་ཞུ་མཁན་རྣམས་ལ་བྱ་དགའ་སྤྲོད་རྒྱུ་ཡིན་སྐོར་བཀོད་པ་ལས་བྱ་དགའ་གང་ཡིན་དང། དངུལ་གྱི་བྱ་དགའ་ཡིན་ཚེ་དངུལ་འབོར་གྱི་ཁ་གྲངས་ཇི་ཡོད་སོགས་ཞིབ་ཕྲ་གང་ཡང་བཀོད་མེད་པ་དེ་ལྟར་ཡང་། དེ་སྔོན་པེ་ཅིང་གྲོང་ཁྱེར་གྱི་རྒྱལ་སྲུང་ལྷན་ཁང་ནས་གསང་མྱུལ་བའི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་རྣམས་ལ་བྱ་དགའ་སྒོར་  ༡༠,༠༠༠ ནས་ ༥༠,༠༠༠༠ བར་སྤྲོད་རྒྱུ་ཡིན་པ་བཀོད་ཡོད་པ་རེད། གཞི་རྩའི་ཟླ་ ༤ ཚེས་ ༡༥ ཉིན་རྒྱལ་སྲུང་སློབ་གསོའི་ཉིན་མོ་དང་བསྟུན། རྒྱ་ནག་རྒྱལ་སྲུང་བློན་ཆེན་ནས་འགུལ་རིས་ལྟད་མོ་འབག་གྱོན་པའི་གྲོགས་པོ་’ ཞེས་པ་ཞིག་འགྲེམས་སྤེལ་བྱས་འདུག་པ་དང།  འགུལ་རིས་ལྟད་མོ་དེའི་ནང་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པར་ཕྱག་ལས་གནང་མཁན་ཕྱི་རྒྱལ་མི་རིགས་ཤིག་གིས་ནུབ་ཕྱོགས་ནང་ལས་མི་ཚོའི་ལས་ཀའི་ཐོབ་ཐང་དེ་རྒྱ་ནག་ནང་གོང་འཕེལ་གཏོང་ཐབས་སྐོར་དང་།  རྒྱ་གཞུང་གི་ལས་བྱེད་ལ་རྒྱལ་ནང་གི་ལས་མི་ཚོའི་ཐོབ་ཐང་རྩོད་ལེན་ཐོག་ཚོགས་ཆེན་ཚོགས་རྒྱུའི་ལྐོག་ངན་སྤྲད་པ་རྣམས་འབུལ་ལམ་ཞུས་པ་མ་ཟད། དེ་འདྲའི་ཕྱི་རྒྱལ་ཡུལ་མི་རྣམས་གསང་མྱུལ་གྱི་དྲ་རྒྱའི་ཐོག་དེ་མ་ཐག་ཏུ་སྙན་གསེང་ཞུ་དགོས་པ་བསྟན་འདུག རྩ་བའི་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༡ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་སྤྱི་བདེ་ལས་ཁུངས་ནས་མང་ཚོགས་ཁྲོད་ཕུགས་རྒྱང་རིང་པོའི་བརྟན་ལྷིང་དང་འཆམ་མཐུན་བསྐྲུན་ཆེད། ངན་པ་བརྒྱུད་སྐུལ་གྱི་ཁྲིམས་འགལ་བྱ་སྤྱོད་ལ་དམ་དྲག་དང་གཙང་བཟོའི་ལས་གཞི་ཟེར་བའི་དོན་ཚན་ ༢༢ ཅན་གྱི་ལམ་སྟོན་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་ཡོད་པ་དང། ཏཱ་ལའི་ཁ་བྲལ་རུ་ཚོགས་ཀྱིས་བརྒྱུད་སྐུལ་འོག་ས་གནས་སུ་བརྟན་ལྷིང་དཀྲུག་པ་དང་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བ། མང་ཚོགས་ཀྱི་མགྲིན་ཚབ་པ་ཡིན་ཁུལ་བྱས་ནས་དཔལ་འབྱོར་དང་ཁོར་ཡུག ཤེས་ཡོན། རིག་གཞུང་སོགས་ཀྱི་གནད་དོན་ཐོག་དང་བླངས་དང་བཙན་དབང་གཉིས་ཀའི་ཐོག་ནས་དངུལ་གྱི་ཞལ་འདེབས་བསྡུ་རུབ་བྱས་ཏེ་དོན་དངོས་ཏཱ་ལའི་རུ་ཚོགས་ཀྱི་ལས་དོན་ལ་མཐུན་འགྱུར་སྦྱར་བ། གཞན་ཡང་དབུ་མའི་ལམ་དང་ཕ་སྐད་སྲུང་སྐྱོབ་སོགས་ཀྱི་མིང་བྱང་འོག་རྒྱ་གཞུང་ལ་ངོ་རྒོལ་གྱི་བསམ་བློ་སྤེལ་བ་སོགས་བཀོད་ནས་ཁྲིམས་འགལ་གྱི་ལས་དོན་དེ་དག་དང་འབྲེལ་ཡོད་ལས་ཁུངས་སུ་སྐབས་འཕྲལ་སྙན་གསེང་ཞུ་དགོས་པའི་འབོད་སྐུལ་བྱས་པ་མ་ཟད་གཟའ་འཁོར་ཁ་ཤས་གོང་དུ་བོད་ཀྱི་ནག་ཆུ་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཀྱང་དེ་ལྟ་བུའི་ལམ་སྟོན་ཡིག་ཆ་ཞིག་འདོན་སྤེལ་བྱས་ཡོད་པ་རེད།

རྒྱ་གཞུང་གིས་སྟོད་ལུང་བདེ་ཆེན་རྫོང་ཁུལ་གྱི་ས་ཞིང་བཙན་འཕྲོག་བྱས་འདུག

ཉེ་ཆར་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༣ པའི་ནང་རྒྱ་ནག་གཞུང་གིས་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ཁོངས་ཀྱི་ཞིང་པ་མང་ཚོགས་ཀྱི་ས་ཞིང་བཙན་དབང་གིས་གཞུང་བཞེས་བཏང་ཡོད་པ་དང་། གཞུང་བཞེས་བཏང་བའི་ས་ཞིང་ཐོག་ཏུ་རྒྱལ་ཁབ་ཀྱི་མེ་ཏོག་འདེབས་འཛུགས་བྱེད་དགོས་ལུགས་བརྗོད་འདུག སྟོད་ལུང་བདེ་ཆེན་རྫོང་ཁོངས་ཀྱི་ཞིང་པ་མང་ཚོགས་རྣམས་ཀྱིས་མི་རབས་ནས་མི་རབས་བར་དུ་འཚོ་རྟེན་གཙོ་བོ་ནི་ཞིང་ལས་ལ་བརྟེན་ནས་གནས་ཡོད་པ་དང་། ད་ཆར་གློ་བུར་དུ་ས་ཞིང་དེ་དག་གཞུང་བཞེས་བཏང་བར་བརྟེན་ཞིང་པ་ཚོའི་རང་གི་འཚོ་རྟེན་མེད་པ་ཆགས་ནས་ཞིང་པ་རྒན་རབས་རྣམས་ཧ་ཅང་སེམས་འཚབ་ཆེན་པོ་གནང་བཞིན་ཡོད་པ་དང་འདི་བཞིན་མང་ཚོགས་ཚོ་སེམས་ངལ་ཆེན་པོ་གནང་མུས་ལ་ལྟོས་མེད་ཀྱིས་བདག་སྤྲོད་བྱས་མི་འདུག འདི་གར་གནས་ཚུལ་མཁོ་སྤྲོད་པས་ཁུལ་དེའི་བོད་མི་ཚོ་སེམས་འཁྲལ་ཆེན་པོ་གནང་ཞིང་ཡོད་པ་དང་ལྷག་དོན་ཁོང་གི་ཕ་རྒན་ཡང་ཁྲག་ཤེད་དང་སྙིང་གི་ན་ཚ་བྱུང་ནས་ཆེས་ཛ་དྲག་གི་གནས་སུ་གྱུར་ཡོད་པར་འགྲེལ་བརྗོད་གནང་སོང་བ་དང་།  རྒྱ་གཞུང་གིས་གཞུང་བཞེས་བཏང་བའི་ས་ཞིང་དེ་དག་ལས་ས་ཞིང་མུ་རེ་ལ་གུན་གསབ་རྒྱ་སྒོར་ཆིག་སྟོང་ཙམ་ལས་སྤྲད་མེད་སྟབས། གུན་གསབ་དེས་ཞིང་པ་མང་ཚོགས་ཀྱི་འཚོ་བའི་ཟུར་ཆ་གཅིག་ཀྱང་བསྐོང་ཐུབ་ཀྱི་མེད་སྐོར་སོགས་འགྲེལ་བརྗོད་གནང་ཡོད། སྟོང་ལུང་བདེ་ཆེན་རྫོང་ཁོངས་ཀྱི་ཞིང་པ་མང་ཚོགས་ལ་མཚོན་ན་ས་ཞིང་རྒྱ་ཁྱོན་ཆེ་བའི་ས་ཁུལ་ཞིག་ཡིན་ཅིང་ཁྱིམ་ཚང་གཅིག་ལ་ཉུང་མཐར་ས་ཞིང་མུ་ ༡༥ རེ་ཡོད་པ་རེད་འདུག ལོ་རེར་དུས་གཅིག་ལ་ས་ཞིང་འདེབས་ལས་གནང་གི་ཡོད་པ་དང་། དེའང་ནས་དང་གྲོ། སྲན་མ། པད་དཀར་སོགས་འདེབས་ལས་གནང་གི་ཡོད་པ་རེད། དེ་བཞིན་གྲོང་མི་ཁ་ཅིག་གིས་ཚལ་རིགས་འདྲ་མིན་འདེབས་ལས་གནང་གི་ཡོད་པ་རེད་འདུག འོན་ཀྱང་ད་ཆ་ས་ཞིང་དེ་དག་རྒྱལ་ཁབ་ཀྱི་མེ་ཏོག་འདེབས་འཛུགས་ཆེད་ཁ་གཡར་ཏེ་གཞུང་བཞེས་བཏང་བར་བརྟེན་ཞིིང་པ་ཚོའི་འཚོ་རྟེན་ཤོར་ཡོད་པ་རེད། སྟོད་ལུང་བདེ་ཆེན་རྫོང་ནི་བོད་ཀྱི་རྒྱལ་ས་ལྷ་ས་ནུབ་ངོས་སུ་ཀི་ལོ་མི་ཊར་ ༡༠ ཙམ་གྱི་སར་ཆགས་ཡོད་ཅིང། བོད་མ་ཤོར་གོང་དེར་རྫོང་གསུམ་ཡོད་པ་སྟེ། གདོང་དཀར་རྫོང། སྣེའུ་རྫོང། བདེ་ཆེན་རྫོང་བཅས་གསུམ་ཡིན་པ་རེད་འདུག བོད་ས་ཤོར་རྗེས་རྫོང་གསུམ་ཟླ་སྒྲིལ་བཏང་སྟེ་སྟོད་ལུང་བདེ་ཆེན་རྫོང་ཞེས་པར་མིང་བསྒྱུར་བྱས་པ་ཞིག་ཡིན་འདུག ད་ལྟ་རྫོང་དེར་མི་འབོར་ཁྲི་བཞི་ལྷག་ཡོད་ཅིང། ལྷ་ས་གྲོང་ཁྱེར་ཁོངས་ནས་དཔལ་འབྱོར་དང་ཤེས་ཡོན་དར་ཤོས་ཀྱི་རྫོང་ཞིག་ཡིན་པ་མ་ཟད། ཆབ་སྲིད་ཐོག་དོ་སྣང་ཆེ་ཤོས་ཡོད་པའི་ས་གནས་ཤིག་ཆགས་ཀྱི་ཡོད་འདུག

ཆོས་དབྱིངས་སྐྱིད་ལགས་ལ་བེུད་ཀྱི་འགྲོས་རྩལ་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ་འདུག

རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་བེུད་འགྲོས་རྩལ་འགྲན་བསྡུར་ནང་བོད་རིགས་བེུད་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ལ་ཨང་དང་པོའི་གསེར་གྱི་རྟགས་མ་ཐོབ་འདུག དེའང་ཟླ་ ༤ པའི་ནང་ Portugal རྒྱལ་ཁབ་ཀྱི་ Rio Maior ཁུལ་དུ་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲོས་རྩལ་འགྲན་བསྡུར་ཚོགས་ཡོད་པ་ལྟར། ཕྱི་ཚེས་ ༧ སྟེ་མཇུག་སྒྲིལ་བའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་རྩེད་འགྲན་གནང་བའི་ཁྲོད་བོད་རིགས་བེུད་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ཀྱིས་སྐར་འབྲས་ཚོུད་ ༡ དང་སྐར་མ་   ༢༨ སྐར་ཆ་ ༤ འི་ཐོག་ནས་བེུད་སྤྱི་ལེ་ ༢༠ ཐམ་པའི་འགྲོས་རྩལ་འགྲན་བསྡུར་གྱི་ཨང་དང་པོའི་གསེར་གྱི་རྟགས་མ་བླངས་ཡོད་པ་རེད་འདུག རྩ་བའི་ཆོས་དབྱིངས་སྐྱིད་ལགས་ལ་ཕྱི་ལོ་ ༢༠༡༦ ལོའི་རྒྱ་ནག་གི་ལུས་རྩལ་ཁྱབ་ཁོངས་ཀྱི་གཟེངས་རྟགས་ཆེ་ཤོས་ཀྲུང་གོའི་ལུས་རྩལ་གཟི་བརྗིད་གཟེངས་རྟགས་ཐོབ་ཡོད་པ་དང་། དེ་བཞིན་སྔ་ལོའི་ཟླ་ ༩ ཚེས་ ༣ ཉིན་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་ ༡༣ པའི་བེུད་སྤྱི་ལེ་ ༢༠ ཐམ་པའི་མི་སྒེར་གྱི་འགྲོས་རྩལ་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་ཐེན་ཅིན་གྲོང་ཁྱེར་དུ་ཚོགས་ཡོད་པ་ལྟར་ཆོས་དབྱིངས་སྐྱིད་ཀྱིས་སྐར་འབྲས་ཚོུད་ ༡ དང་སྐར་མ་༢༨ སྐར་ཆ་ ༣༣ གྱི་ཐོག་ནས་འགྲན་ཚན་དེའི་དངུལ་གྱི་རྟགས་མ་བླངས་ཡོད་པ་རེད། ཆོས་དབྱིངས་སྐྱིད་ལགས་ནི ༡༩༩༠ ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་འཇོག་ཡུལ་ཚོའི་བོད་རིགས་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་འཁྲུངས་ཞིང་། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་སྟེང་བྱ་དགའ་ཐོབ་མཁན་གྱི་བོད་པ་ཐོག་མ་དེ་ཡིན་པ་དང་། ཁོང་ ༢༠༡༠ ཟླ་ ༧ པའི་ནང་རྒྱལ་ཁབ་མཆོང་རྒྱུག་འཕེན་གསུམ་རུ་ཁག་ཏུ་ཞུགས་རྗེས། ༢༠༡༢ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཏོན་དུ་འཚོགས་པའི་ཨོ་རྩལ་འགྲན་ཚོགས་སྐབས་ ༣༠ པའི་ཐོག་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འགྲོས་རྩལ་འགྲན་བསྡུར་ཁྲོད་དངུལ་གྱི་རྟགས་མ་ཐོབ་པ་མ་ཟད། དེ་སྔའི་ཨེ་ཤ་ཡའི་འགྲོས་རྒྱུག་ལུས་རྩལ་གྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༡༥ ལོའི་སི་ཕེན་རྒྱལ་ཁབ་ཏུ་ཚོགས་པའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གྱི་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འགྲོས་རྩལ་འགྲན་བསྡུར་ཁྲོད་ཨང་གཉིས་པ་དང་། རྒྱ་ནག་རྒྱལ་ཡོངས་རྟིང་རྩོད་འགྲོས་རྩལ་འགྲན་བསྡུར་གྱི་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འགྲོས་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་བཅས་ཐོབ་མྱོང་ཡོད་པ་རེད།

ཀིརྟི་དགོན་པའི་དགེ་འདུན་པ་ཞིག་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པ།

དེའང་ཁ་ཉིན་ཟླ་ ༣ ཚེས་ ༢༨ ཉིན་འབར་ཁམས་མི་མང་ཁྲིམས་ཁང་གིས་བོད་མདོ་སྨད་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་སངས་རྒྱས་ལགས་ལ་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༠ ཡས་མས་ཙམ་ལ་རྒྱ་གཞུང་གི་ཉེན་རྟོག་པས་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་སངས་རྒྱས་ལགས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱེད་དོན་ནི་རང་ལུས་མེར་སྲེག་གི་གནད་དོན་དང་འབྲེལ་བ་ཡོད་པ་དང་དེ་བཞིན་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ཉེས་འོག་འཛིན་བཟུང་བྱས་འདུག ཁ་ཉིན་ཟླ་ ༣ ཚེས་ ༢༨ ཉིན་འབར་ཁམས་མི་མང་ཁྲིམས་ཁང་གིས་ཁོང་ལ་ཆབ་སྲིད་ཀྱི་ཉེས་མིང་འོག་ནས་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག གཞི་རྩའི་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་དགེ་འདུན་པ་བློ་བཟང་སངས་རྒྱས་ལགས་ནི་རྔ་བ་ཀིརྟི་དགོན་པའི་གྲྭ་བ་ཡིན་པ་དང་ད་ལྟ་རང་ལོ་ ༣༦ སོན་ཡོད་པ་རེད་འདུག ཁོང་གི་ཕ་ཡུལ་ནི་མགོ་ལོག་གཅིག་སྒྲིལ་རྫོང་ནས་ཡིན་འདུག

Latest news