Tibetan Royal Year of 2151 | Year of the Wood Dragon

བོད།

ཁམས་བྲག་མགོ་ཁུལ་གྱི་ཛ་དྲག་གི་གནས་སྟངས་ལ་སེམས་འཚབ།

རྒྱ་ནག་གིས་ཟླ་བ་སྔོན་མའི་ནང་ཁམས་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་དུ་སྨིད་༩༩་ཅན་གྱི་སྟོན་པའི་སྐུ་འདྲ་དང་མ་ཎི་འཁོར་ལོ་གྲངས་ ༤༥ ཙམ་རྩ་གཏོར་དང་། དེ་བཞིན་ཉེ་ཆར་ཡང་དགོན་ཁུལ་དེའི་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་ཐོག་བརྩེགས་གསུམ་ཅན་ཞིག་ཀྱང་རྩ་གཏོར་གྱིས་འབྲེལ་ཡོད་ཀྱི་དགེ་འདུན་པ་ཁག་ཅིག་འཛིན་བཟུང་བྱས་པར་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་བློ་འཚབ་དང་སྦྲགས། རྒྱ་ནག་གི་བྱེད་བབ་དེ་ནི་བོད་ཀྱི་ཆོས་རིག་སྲུང་སྐྱོབ་ཀྱི་ལྡོག་ཟླ་དངོས་དེ་ཆགས་ཡོད་པར་གསུངས་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་བོད་ཀྱི་ཆོས་རིག་སྲུང་སྐྱོབ་གནང་རྒྱུ་དེ་བོད་མིའི་མངོན་འདོད་ཡིན་པ་དེ་རྒྱ་ནག་ལ་ར་སྤྲོད་རྒྱུ་གལ་ཆེན་པོ་ཡིན་པའི་གཞེན་སྐུལ་གནང་བཞིན་འདུགདེའང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གིས་ཁམས་བྲག་མགོ་ཁུལ་གྱི་གཙོ་བྱས་པའི་བོད་ཁམས་ཡོང་ཀྱི་བོད་མིའི་ཆོས་རིགས་ཀྱི་རང་དབང་ལ་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་གནང་བ་དང་ལྷན་དུ། རྒྱ་ནག་གིས་ཁུལ་དེའི་གནས་ཚུལ་ཕྱིར་བསྒྲགས་བྱས་པར་བསྙད་ནས་བཀག་སྐྱིལ་བྱས་ཡོད་པའི་བོད་མི་རྣམས་གང་མགྱོགས་གློད་གྲོལ་གཏོང་དགོས་བའི་དགོས་འདུན་བཏོན་འདུགལས་འགུལ་ཁང་གི་བར་བརྒལ་ཚོགས་གཙོ་བུ་ཆུང་ཚེ་རིང་ལགས་ཀྱིས། ཆོས་མེད་སྨྲ་བའི་རྒྱ་ནག་གིས་བོད་མིའི་གཅེས་ནོར་ལྟ་བུའི་དད་རྟེན་ལ་གཏོར་བཅོམ་བཏང་བ་དེ་ཡིས་ས་གནས་ཀྱི་བོད་མི་ཚོའི་རྒྱུད་ལ་བཟོད་ཐབས་བྲལ་བའི་སེམས་སྡུག་ཆེན་པོ་བཟོ་ཡོད་པར་འགྲེལ་བརྗོད་ཀྱིས། རྒྱ་ནག་གི་ཐེངས་འདིའི་བྲག་མགོའི་ནང་རྩ་གཏོར་གྱི་བྱེད་ལས་དེ་ནི་བོད་བརྒྱུད་ནང་བསྟན་པ་རྣམས་ཀྱི་ཆོས་ལུགས་ཀྱི་རང་དབང་ལ་ཐད་གར་བརྙས་བཅོས་བཏང་བ་ཞིག་ཡིན་པ་མ་ཟད། དེ་དག་གི་ལོ་རྒྱུས་ནག་གསུབ་བཏང་བ་ཞིག་ཡིན་པ་དང་། དེའང་རྒྱ་ནག་གིས་དུས་རྒྱུན་ནས་བོད་མིའི་ཆོས་རིག་སྲུང་སྐྱོབ་བྱེད་བཞིན་པར་བརྗོད་བཞིན་པ་དང་ཡོངས་སུ་རྒྱབ་འགལ་ཆགས་ཡོད་པར་བསྒྲགས་འདུག མ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཀྱང་འདི་ག་རླུང་འཕྲིན་ཁང་གི་བཅར་དྲིར་ལན་འདེབས་ཁྲོད། རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་འོག་་ཁམས་བྲག་མགོ་ཁུལ་དུ་དྲག་གནོན་དང་གཏོར་བཤིག་གཏོང་བཞིན་པ་ཞིག་ཡིན་པར་བློ་འཚབ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གནད་དོན་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིགརྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་ནག་གིས་བྲག་མགོ་ཁུལ་གྱི་མཚོན་པའི་བོད་ཁམས་ཡོངས་སུ་ཆོས་རིག་རྩ་གཏོར་གཏོང་བཞིན་པའི་གནད་དོན་ངོ་སྤྲོད་དང་། བོད་ཀྱི་ཆོས་རིག་སྲུང་སྐྱོབ་གནང་རྒྱུ་དེ་བོད་མིའི་མངོན་འདོད་ཡིན་པ་དེ་རྒྱ་ནག་ལ་ར་སྤྲོད་རྒྱུ་གལ་ཆེན་པོ་ཡིན་པར་གསུངས་སོང་།ཕྱོགས་མཚུངས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་དེ་གའི་འཕྲུལ་སྒྲའི་སྟེང་དུ་རྒྱ་ནག་གིས་བོད་ཁམས་བྲག་མགོ་ཁུལ་གྱི་སྟོན་པའི་སྐུ་བརྙན་རྩ་གཏོར་གྱི་གནས་ཚུལ་བཀོད་པ་དང་འབྲེལ།  རྒྱ་ནག་ལ་དྲན་གསོའི་ཚུལ་དུ་ཡུལ་དེའི་ནང་འཚོགས་འཆར་གྱི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དེར་ཉིན་ཉེར་ལྔ་ལས་མེད་པའི་དུས་སྐབས་འདིར། རྒྱ་ནག་གིས་ཨོ་རྩལ་འགྲན་ཚོགས་ཀྱི་རྩ་འཛིན་དུ་གྱུར་བའི་གུས་བརྩི་དང་འཛམ་གླིང་སྔར་ལྷག་ཞི་བདེར་འཁོད་རྒྱུའི་རིན་ཐང་དེ་དག་བརྗེད་ཟིན་པའི་ཟུར་ཟའི་གནད་དོན་སྤེལ་བ་མ་ཟད། ཨོ་ལམ་པཀི་རྩེད་འགྲན་ལྷན་ཚོགས་ཀྱི་རྩ་འཛིན་རིན་ཐང་ཁག་འཁོད་པའི་དྲ་རྒྱའི་འབྲེལ་ཐག་ཅིག་ཀྱང་ལྷན་སྦྱར་གནང་འདུགགཞི་རྩའི་རྒྱ་ནག་གཞུང་གིས་ཐེངས་འདིར་ཁམས་བྲག་མགོ་ཁུལ་གྱི་ས་གནས་བོད་མི་རྣམས་ཀྱི་དད་རྟེན་དུ་གྱུར་བའི་སྟོན་པའི་སྐུ་བརྙན་དང་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་རྩ་གཏོར་གྱི་ལས་དོན་དེ་ནི་ལོ་སྔོན་མའི་ཟླ་བ་བཅུ་བའི་ནང་དུ་བྲག་མགོའི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་པའི་Wang Dongsheng ཟེར་བའི་བཀོད་ཁྱབ་ལམ་སྟོན་འོག་བྱས་པ་ཞིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འགྲེལ་བརྗོད་གནང་དོན་ལྟར་ན། Wang Dongshengཟེར་བ་དེ་ཕྱི་ལོ་ ༢༠༡༦ ལོར་བོད་གསེར་རྟ་ཁུལ་དུ་དམར་ཤོག་དྲུང་ཆེ་ལས་འགན་ཁུར་བཞིན་པའི་སྐབས་སུ་ཡང་ཁོང་གིས་གསེར་བླ་རུང་དགོན་དུ་གྲྭ་ཤག་སྟོང་ཕྲག་ལྷག་རྩ་གཏོར་གྱིས་གྲྭ་བཙུན་མང་པོ་དགོན་པ་ནས་ཕྱིར་ཕུད་བཏང་ཡོད་པ་མ་ཟད། སྔོན་ཆད་ཁོང་གིས་ཁམས་རྟའུ་དང་ལི་ཐང་ཁུལ་དུ་ལས་འགན་སྒྲུབ་བཞིན་པའི་སྐབས་སུ་ཡང་ས་གནས་བོད་རིགས་མང་ཚོགས་ལ་ཚད་བརྒལ་གྱི་དྲག་གནོན་བྱས་ཡོད་པ་ཡོངས་གྲགས་གནང་འདུག

ཁམས་བྲག་མགོ་རུ་སླར་ཡང་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་གཏོར་བཤིག་གིས་གྲྭ་མང་ལ་རྡུང་རྡེག་བཏང་འདུག

རྒྱ་ནག་གཞུང་གིས་སླར་ཡང་ཁམས་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་པའི་ཆོས་རའི་ཉེ་འཁྲིས་སུ་ཡོད་པའི་ཐོག་བརྩེགས་གསུམ་ཅན་གྱི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་དང་གཙུག་ལག་ཁང་བཅས་གཏོར་བཤིག་བཏང་སྟེ་དགོན་པའི་འབྲེལ་ཡོད་ཀྱི་གྲྭ་བ་ཁག་ཅིག་ལ་གཅར་རྡུང་ཚ་ནན་བཏང་ཡོད་འདུག རྒྱ་ནག་དམར་ཤོག་གཞུང་གིས་ཁམས་དཀར་མཛེས་ཁུལ་ཏྲེ་ཧོར་བྲག་མགོ་རྫོང་ཐོག་ཏུ་ཡོད་པའི་བྲག་མགོ་དགའ་ལྡན་རྣམ་རྒྱལ་གླེང་དགོན་པའི་སློབ་གྲྭ་སྒོ་རྒྱག་བཅུག་པར་མ་ཟད། ཕྱི་ཟླ་༡༢ ཚེས་ ༡༢ ནས་བཟུང་དགོན་པའི་ཉེ་འཁྲིས་ཀྱི་སྐུ་བརྙན་ཆེན་པོ་གཉིས་དང་། མ་ཎི་དུང་འཁོར་ ༤༥ ཡས་མས་ཤིག་གཏོར་བཤིག་བཏང་པའི་ཁྲོད། འདི་གའི་རླུང་འཕྲིན་ཁང་ལ་ཕ་ཡུལ་ཁམས་བྲག་མགོ་ནས་ཡིན་པའི་འབྲེལ་ཡོད་བཙན་བྱོལ་བ་ཞིག་གིས་གསར་དུ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གིས་དགོན་པའི་ནང་དུ་རླངས་འཁོར་གྱི་ལམ་ཁ་ཞིག་མེད་ཚེ་རྗེས་སུ་མེ་སྐྱོན་བྱུང་བ་ཡིན་ན་བྱ་ཐབས་བྲལ་བར་ཁ་གཡར་ནས་སླར་ཡང་བྲག་མགོ་དགོན་དུ་ཐོག་བརྩེགས་གསུམ་ཅན་གྱི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་ཞིག་རྩ་གཏོར་བཏང་ཡོད་པར་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གིས་དངོས་སུ་དགོན་པར་གཅེས་སྤྲོས་བྱེད་ཀྱི་ཡོད་ན། དགོན་པའི་ནང་དུ་མེ་སྐྱོན་ལ་དམིགས་པའི་ཆུ་མཛོད་གསར་རྒྱག་བྱེད་དགོས་བ་ལས་དགོན་པར་གཏོར་བཤིག་གཏོང་དགོས་བ་ཞིག་མིན་པར་འགྲེལ་བརྗོད་གནང་སོང་། གཞན་ཡང་ཁོང་གིས། རྒྱ་ནག་གཞུང་གིས་ད་ལྟའི་ཆར་དགོན་པའི་ནང་ལོག་ཏུ་མ་གཏོགས་མང་ཚོགས་ཀྱི་མཐོང་ལམ་དུ་སྐུ་གསུང་ཐུགས་རྟེན་རིགས་བཞག་མི་ཆོག་པར་ཐ་ན་མ་ཎི་སོགས་ས་འོག་ཏུ་འཇུག་བཞིན་པའི་གནས་ཚུལ་འགྲེལ་བརྗོད་གནང་སྟེ། དེ་ནི་བོད་ཀྱི་ཆོས་ལུགས་དེ་ཡར་རྒྱས་ཀྱི་བཀག་རྡོ་ལྟ་བུ་ཞིག་ཏུ་ངོས་འཛིན་གྱིས་སྤྱི་ཡོངས་ཀྱི་ཆ་ནས་རིག་གནས་གསར་བརྗེ་ལྟ་བུའི་ཆོས་ལུགས་ལ་གཏོར་བཤིག་དང་། ཕྱོགས་གཞན་ཞིག་ནས་བོད་པའི་མི་རབས་རྗེས་མ་དག་གི་མཐོང་ལམ་དུ་ཆོས་ལུགས་ཀྱི་སྣང་བརྙན་སོགས་མེད་པར་བཟོ་ཐབས་ལ་དམིགས་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་སོང་། དེ་བཞིན་གནས་ཚུལ་མཁོ་སྤྲོད་པས། རྗེ་བཙུན་བྱམས་མགོན་གྱི་སྐུ་འདྲ་ཙམ་དུ་མ་ཟད། གྲྭ་ཤག་ཁག་ཅིག་གནས་སྤོར་བྱེད་དགོས་ལུགས་བརྗོད་དེ་གྲྭ་མང་གི་ཤག་ཏུ་འཛུལ་ནས་སྔོག་བཤེར་བྱས་ཏེ་༸གོང་ས་མཆོག་གི་སྐུ་པར་དང་ཐུབ་དབང་གི་སྐུ་འདྲ་སོགས་བཙན་འཕྲོག་བྱས་པ་མ་ཟད། སྐབས་དེར་གྲྭ་མང་གིས་རྒྱ་ནག་གི་བྱེད་བབ་དེར་རྣམ་འགྱུར་ཡག་པོ་མེད་རིགས་བཙན་ཁྲིད་ཀྱིས་གཅར་རྡུང་ནན་མོ་བཏང་ཡོད་པའི་ཁོངས་ནས་ཁ་ཤས་གཅར་རྡུང་གི་རྐྱེན་གྱིས་གྲོངས་ཡོད་ཚུལ་ཡང་འདུག་ཀྱང་གནས་ཚུལ་དེ་གསལ་བོ་ཤེས་ཐབས་མི་འདུག་ཀྱང་། གཅར་རྡུང་བཏང་བའི་ཁྲོད་ནས་དྲན་པ་བརྒྱལ་མཁན་བྱུང་བ་དངོས་སུ་ཤེས་རྟོགས་བྱུང་ཡོད་པ་མངོན་གསལ་གནང་སོང་། གཞི་རྩའི་སྔར་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༢་ནས་ཉིན་གྲངས་དགུའི་རིང་ལ་རྒྱ་ནག་གིས་བྲག་མགོ་དགོན་པའི་ཉེ་འདབས་ཀྱི་སྟོན་པའི་སྐུ་བརྙན་སྨིད་ ༩༩ ཅན་ཞིག་གཏོར་བཤིག་དང་། དེ་བཞིན་མ་ཎི་འཁོར་ལོ་གྲངས་ ༤༥ གཏོར་བཤིག་བཏང་ཡོད་པའི་གནས་ཚུལ་ཕྱི་ལ་གྱར་ཡོད་པ་དང་། རྒྱལ་སྤྱིའི་ཁྱོན་དུ་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་གནས་ཚུལ་དེའི་ཐོག་སེམས་འཚབ་དང་བཅས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེར་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་དོན་ལྟར་ན།རྒྱ་གཞུང་གིས་སྐབས་དེར་དགོན་པའི་མཁན་པོ་དང་ཕྱག་མཛོད། གཞན་ཡང་དགོན་པའི་འབྲེལ་ཡོད་ཀྱི་གྲྭ་བ་ཁག་ཅིག་སློབ་གསོ་སྤྲོད་དགོས་བའི་མིང་ཐོག་ནས་བཙན་ཁྲིད་བྱས་ཏེ་གཅར་རྡུང་བཏང་བའི་ཁྲོད། གྲྭ་བ་ཞིག་གི་མིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཡོད་པ་རེད་འདུག མ་ཟད་གྲྭ་མང་དང་མང་ཚོགས་ཀྱི་ཁྲོད་ཕྱི་ཕྱོགས་སུ་གནས་ཚུལ་དེ་ཕྱིར་བསྒྲགས་བྱེད་མཁན་བྱུང་ཡོད་ལུགས་དང་འབྲེལ་ནས་རྒྱ་ནག་གིས་རྩད་ཞིབ་བྱེད་བཞིན་པ་དང་། གྲྭ་བ་ཡིན་ཚེ་དགོན་པ་ནས་ཕྱིར་ཕུད་དང་མི་སྐྱ་ཡིན་ཚེ་གཞུང་གི་ལས་བྱེད་ཀྱི་ཁོངས་དང་སློབ་ཁོངས་ནས་ཕྲུ་གུ་སོགས་ཕྱིར་འཐེན་བྱེད་རྒྱུ་ཡིན་ལུགས་ཀྱིས་འཇིགས་སྐུལ་ཡང་བྱས་འདུག

རྒྱ་ནག་གིས་བོད་དོན་ཐད་རྒྱ་གར་གྱི་གྲོས་ཚོགས་འཐུས་མིར་ཡི་གེ་བཏང་བར་རྒྱ་གར་གྱིས་སྐྱོན་བརྗོད།

ཟླ་བ་སྔོན་མའི་ནང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་ཅིག་རྒྱལ་ས་ལྡི་ལིར་ཆེད་ཕེབས་ཀྱིས། རྒྱ་གར་གྱི་དགུན་དུས་ཀྱི་གྲོས་ཚོགས་འཚོགས་བཞིན་པ་དང་སྟུན། རྒྱ་གར་གྱི་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་གཏུགས་དང་འབྲེལ། ཚེས་ ༢༢ ཉིན་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་གདན་ཞུས་ཀྱིས་འཚམས་འདྲིའི་གསོལ་སྟོན་ཞིག་བཤམ་རྗེས། རྒྱ་ནག་གཞུང་ཚབ་ཁང་གི་ཆབ་སྲིད་སློབ་སྟོན་པ་ཡིན་པར་གྲགས་པའི་ Zhou Yongsheng ཟེར་བས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དེ་དག་ཁག་ཅིག་ལ་ཆེད་དུ་ཡི་གེ་བཏང་སྟེ་བོད་དོན་རྒྱབ་སྐྱོར་མི་བྱེད་རྒྱུའི་ཞུ་སྐུལ་བྱས་པ་ལྟར། རྒྱ་གར་ཕྱི་སྲིད་ལས་ཁུངས་ངོས་ནས་རྒྱ་ནག་གི་བྱེད་ཕྱོགས་དེ་འོས་མཚམས་མིན་པའི་སྐྱོན་བརྗོད་ཤུགས་ཆེར་གནང་འདུག དེའང་ཁ་སང་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ། སྐུ་ཞབས Arindam Bagchi ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག རྒྱ་ནག་གི་གཞུང་ཚབ་ཁང་གི་སློབ་སྟོན་པ་ཡིན་ཟེར་མཁན་གྱིས་རྒྱ་གར་གྱི་བཀུར་འོས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཡི་གེ་བྲིས་ཡོད་པ་ཤེས་རྟོགས་བྱུང་། རྒྱ་ནག་གིས་ངེས་བར་དུ་ཤེས་དགོས་བ་ཞིག་ལ། རྒྱ་གར་ནི་མང་གཙོའི་རྒྱལ་ཁབ་ཅིག་དང་། གྲོས་ཚོགས་འཐུས་མི་རྣམས་ནི་མི་མང་གི་སྐུ་ཚབ་ཡིན་དུས་ཁོང་ཅག་གི་བྱེད་ལས་ཡོད་ཚད་རང་ཉིད་ཀྱི་དགོངས་བཞེད་དང་ཡིད་ཆེས་གཞིར་བཞག་གི་གན་མཁན་ཞིག་ཡིན་དུས། རྒྱ་ནག་གིས་ད་རེས་གྲོས་ཚོགས་འཐུས་མི་རྣམས་ལ་ཡི་གེ་ཕུལ་བ་དེའི་ནང་དོན་དང་བརྗོད་ཚིག་ཡོངས་རྫོགས་འོས་འཚམས་ཤིག་མ་རེད་ཅེས་བསྒྲགས་འདུག སྐུ་ཞབས་ Bagchi ལགས་ཀྱིས་ད་དུང་རྒྱ་ནག་གི་ངོས་ནས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱི་རྒྱུན་ལྡན་གྱི་ལས་དོན་ལ་ཐེ་གཏོགས་བྱེད་རྒྱུ་མཚམས་འཇོག་དང་། དེ་བཞིན་རྒྱལ་ཁབ་ཕྱོགས་ཀྱི་འབྲེལ་ལམ་དེ་སྔར་ལས་རྙོག་འཛིན་ཆེ་བར་མ་སྒྱུར་རོགས་ཞེས་འབོད་སྐུལ་གནང་འདུག གཞི་རྩའི་ཟླ་བ་སྔོན་མའི་ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དབུ་བཞུགས་ཐོག རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་དང་། ཚོགས་པའི་ཚོགས་གཙོར་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་  Sujeet Kumar ལགས་སྤྱི་མོས་ཀྱིས་བསྐོ་གཞག་གནང་ཡོད་པ་རེད།སྐུ་ཞབས་ Sujeet Kumar ལགས་ཀྱིས་རྒྱ་ནག་གི་གཞུང་ཚབ་ཁང་གི་ཡི་གེ་དེ་འབྱོར་མ་ཐག  རྒྱ་ནག་གི་གཞུང་ཚབ་ཁང་གི་བྱེད་ཕྱོགས་དེ་འོས་བབ་མེད་པར་བསྒྲགས་པ་མ་ཟད། རྒྱ་ནག་ངོས་ནས་གལ་སྲིད་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཚོས་གནང་བའི་ལས་དོན་ལ་འདོད་པ་མ་ཁེངས་ཚེ་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་ནས་གནད་དོན་དེ་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་ལ་སྙན་སེང་ཞུ་དགོས་ཀྱི་རེད་ཅེས་གསུངས་པ་དང་ཆབས་ཅིག   རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བཞུགས་སྒར་རྡ་སར་ཆེད་སྐྱོད་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུ་རྒྱུ་ཡིན་པ་ཡང་བསྒྲགས་འདུག སྐུ་ཞབས་ Kumarལགས་ཀྱིས་སྐབས་དེར་ད་དུང་ཁོང་སྒེར་ངོས་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་གནང་གི་མེད་སྐོར་འགྲེལ་བརྗོད་དང་སྦྲགས། རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཀྱང་ཁ་བྲལ་གྱི་ལས་དོན་ལ་རྒྱབ་སྐྱོར་གནང་བ་ཞིག་མིན་པར་གཙོ་བོ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་རྒྱུ་དང་། རྒྱ་གར་གྱི་ཡུལ་མི་དང་བོད་མིས་གཙོས་པའི་བོད་མིའི་སྒྲིག་འཛུགས་དབར་གྱི་འབྲེལ་བ་རྒྱུན་འཛིན་ཐུབ་རྒྱུ་སོགས་ལ་ཕྱག་ལས་གནང་བཞིན་ཡོད་པ་རེད་ཅེས་གསུངས་པ་དང་ཆབས་ཅིག་ཏུ་རྒྱ་ནག་གཞུང་ཚབ་ཁང་ནས་སྒེར་ལ་ཡི་གེ་ལྔ་ཙམ་འབྱོར་བྱུང་བ་དེ་དག་ལ་ལན་འདེབས་འོས་ཤིང་འཚམས་པ་བརྒྱབ་ཡོད་ཅེས་གསུངས་ཡོད་པ་རེད།རྒྱ་ནག་གི་བྱེད་བབ་དེ་དང་འབྲེལ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཟླ་བ་འདིའི་ཚེས་གཅིག་ཉིན་ལན་འདེབས་ཀྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་།རྒྱ་ནག་གིས་རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པར་ཡི་གེ་བཏང་བ་དེས། བོད་དོན་ཐོག་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་ཚད་མཐོ་རུ་འགྲོ་དུས་རྒྱ་ནག་གཞུང་རང་བཞིན་གྱིས་དངངས་འཚབ་ལངས་ཀྱི་ཡོད་པ་གསལ་པོ་བསྟན་ཡོད་ཅེས་འགྲེལ་བརྗོད་གནང་བ་དང་འབྲེལ། ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པ་དང་། བོད་ཀྱི་གནད་དོན་དེ་རྒྱ་ནག་གིས་རྒྱུན་དུ་རྫུན་བསྒྲགས་བྱེད་པ་ལྟར་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་མ་ཡིན་པར་བོད་མི་རིགས་ཀྱི་ཆགས་འཇིག་གི་གནད་དོན་ཞིག་ཆགས་ཀྱི་ཡོད་ཅེས་བརྗོད་དེ་རྒྱ་ནག་གཞུང་ནས་ད་བར་དེ་འདྲ་བའི་བྱེད་སྟངས་མང་པོ་ཞིག་བྱས་ཡོད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ད་རེས་རྒྱ་ནག་གཞུང་གི་བྱེད་སྟངས་དེ་ཧང་སངས་དགོས་པའི་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་ཅེས་བསྒྲགས་པའི་ཁར། རྒྱ་གཞུང་ནས་སླར་ཡང་བོད་མིའི་སྒྲིག་འཛུགས་ནི་ཁ་བྲལ་བ་རེད་ཅེས་བརྗོད་ཡོད་ཀྱང་། དོན་དངོས་སུ་བོད་མིའི་སྒྲིག་འཛུགས་ནི་བོད་དང་། འཛམ་གླིང་གང་སར་གནས་པའི་བོད་མིའི་ཁྲིམས་མཐུན་གྱི་མགྲིན་ཚབ་པ་ཞིག་ཡིན་པར་མངོན་གསལ་གནང་འདུག གཞི་རྩའི་ཐེངས་འདིར་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཐོག རྒྱ་ནག་གཞུང་ཚབ་ཁང་གིས་བོད་དོན་དང་འབྲེལ་བའི་གནད་དོན་ཐད་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཡི་གེ་བཏང་བའི་གནད་དོན་ཐད་སྐྱོན་བརྗོད་ཤུགས་ཆེར་གནང་བ་ཙམ་མ་ཟད། ཉེ་སྔོན་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཁྱབ་ཁོངས་སུ་གཏོགས་པའི་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ཁག་ ༡༥ ཙམ་གྱི་མིང་གསར་བཟོ་བྱས་པའི་གནད་དོན་ལའང་སྐྱོན་བརྗོད་ཤུགས་ཆེར་གནང་བ་དང་འབྲེལ། རྒྱ་ནག་གཞུང་གིས་དེ་ལྟ་བུའི་བྱབ་ཆུང་གི་ལས་དོན་སྤེལ་རྒྱུའི་ཚབ་ཏུ་རྒྱ་གར་དབུས་གཞུང་དང་ལྷན་དུ་གྲོས་མོལ་བརྒྱུད་ལ་དྭགས་སུ་ཆགས་པའི་ས་མཚམས་ཀྱི་གནད་དོན་སྐོར་ཕྱོགས་གཉིས་དབར་གདོང་ཐུག་བྱུང་བཞིན་པའི་གནད་དོན་ཁག་སེལ་དགོས་ཀྱི་ཡོད་སྐོར་གསུངས་བ་དང་། གཞན་ཡང་ཉེ་ལམ་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ། རྒྱ་ནག་ངོས་ནས་ལ་དྭགས་སྤང་གོན་མཚོར་ཟམ་པ་འཛུགས་སྐྲུན་བྱེད་བཞིན་པའི་གནད་དོན་ཐོག་ལའང་རྒྱ་གར་གཞུང་ནས་ཐུགས་སྣང་གནང་བཞིན་པ་དང་རང་ཉིད་ཀྱི་རྒྱལ་སྲུང་སླད་དགོས་གལ་ལས་དོན་ཁག་སྤེལ་བཞིན་ཡོད་སྐོར་གསུངས་འདུག

རྒྱ་གཞུང་ནས་བོད་ནང་དུ་དགོན་པ་དང་སློབ་གྲྭ་ཁག་གཏོར་བཤིག་མཚམས་འཇོག་དགོས།

འདི་ལོའི་ཕྱི་ཟླ་༡༡ པའི་ཟླ་མཇུག་ཙམ་ལ་ཁམས་བྲག་མགོ་རྫོང་དམར་ཤོག་དྲུང་ཆེ་ཝང་ཏུང་ཧྲིན་(王东升) ཟེར་བའི་བཀོད་སྡོམ་འོག་ཁམས་དཀར་མཛེས་ཁུལ་ཏྲེ་ཧོར་བྲག་མགོ་རྫོང་ཐོག་ཏུ་ཡོད་པའི་བྲག་མགོ་དགའ་ལྡན་རྣམ་རྒྱལ་གླེང་དགོན་པའི་སློབ་གྲྭ་སྒོ་རྒྱག་བཅུག་པར་མ་ཟད་ཕྱི་ཟླ་༡༢ ཚེས་ ༡༢ ནས་བཟུང་དགོན་པའི་ཉེ་འཁྲིས་ཀྱི་སྐུ་བརྙན་ཆེན་པོ་གཉིས་དང་། མ་ཎི་དུང་འཁོར་ ༤༥ ཡས་མས་ཤིག་ཡོད་པ་ཚང་མ་གཏོར་བཤིག་བཏང་ཡོད་པའི་གནས་ཚུལ་ཐོན་སྟབས། ཁ་སང་དགོང་དྲོ་ཚོུད་ ༥ སྟེང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཟུང་སྦྲེལ་གྱིས་ཁམས་བྲག་མགོ་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་བཞུགས་སྒར་གྱི་མེག་གྷན་ཁྲོམ་གཞུང་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད།   གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་བོད་མི་རྣམས་ཀྱིས་དྷ་སའི་ཁྲོམ་གཞུང་དུ་རྒྱ་གཞུང་གིས་བྲག་མགོ་ཁུལ་དུ་གཏོར་བཤིག་བཏང་བའི་འདྲ་པར་དང་རྒྱ་གཞུང་གིས་བོད་ནང་དམ་དྲག་དང་དྲག་གནོན་ཅན་གྱི་སྲིད་བྱུས་སྤེལ་བཞིན་ཁག་འཕྲལ་མར་མཚམས་འཇོག་དགོས་པ་སོགས་ཀྱི་འབོད་ཚིག་འཁོད་པའི་སྦྱར་ཡིག་བསྣམས་ཏེ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་སྐབས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་རྒྱ་གཞུང་གིས་བོད་ནང་དམ་དྲག་ཅན་གྱི་སྲིད་བྱུས་སྤེལ་བ་དེ་ལོ་རེ་ནས་ལེ་རེ་བཞིན་ཆེས་ཇེ་ཞན་དང་ཇེ་སྡུག་ཏུ་གྱུར་ཡོད་པ་མ་ཟད་དགོན་སྡེ་གྲྭ་ཚང་དང་སློབ་གྲྭ་ཁག་རྩ་གཏོར་དང་བཙན་དབང་གིས་སྒོ་བརྒྱབས་པ། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་དགོས་པའི་ལས་གཞི་བཙན་འགེལ་གྱིས་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ལ་རྩིས་མེད་རྡོག་རོལ་གྱིས་དེ་སྔའི་རིག་གནས་གསར་བརྗེའི་སྐབས་ཀྱི་གདུག་རྩུབ་ཅན་གྱི་སྲིད་བྱུས་ངན་པ་བསྐྱར་དུ་ལག་བསྟར་རྒྱུན་འཛིན་བྱེད་བཞིན་ཡོད་སྟབས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཁག་གིས་ངེས་པར་དུ་འགན་བཞེས་དགོས་པ། ལྷག་དོན་རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུང་དེ་དག་འཕྲལ་མར་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་སོང་། སྐབས་དེར་འབྲེལ་ཡོད་གྲྭ་དཔལ་ལྡན་ལགས་ཀྱིས་མང་ཚོགས་ལ་ཁམས་བྲག་མགོའི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་བ་དང་འབྲེལ་ཏེ་རྒྱ་ནག་གཞུང་གིས་ད་ལྟ་བྲག་མགོ་ནང་སྤེལ་བཞིན་པའི་བྱ་ངན་དག་ལ་བརྟེན་ནས་སླད་མར་བྲག་མགོ་ནང་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་དང་སྐུ་ལུས་ཞུགས་འབུལ་གྱི་གནད་དོན་སོགས་གང་བྱུང་ཡང་དེས་འགན་ཆ་ཚང་རྒྱ་གཞུང་ལ་ཡོད་ཅེས་གསུངས་སོང་། ལྷག་པར་དུ་རྒྱ་གཞུང་གིས་སྟོན་པའི་སྐུ་བརྙན་གཏོར་བཤིག་བཏང་བ་དེས་བོད་བརྒྱུད་ནང་བསྟན་ཙམ་མ་ཟད་སངས་རྒྱས་ཀྱི་བསྟན་པར་རྗེས་སུ་འཇུག་མཁན་ཚང་མར་མཐོང་ཆུང་ཁྱད་གསོད་བྱས་པར་བརྟེན་རྒྱལ་ཚོགས་གཙོས་ཆོས་དད་རང་དབང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མཐོང་གནང་མཁན་ཚོས་དོན་སྨིན་སོན་པའི་ཕྱག་ལས་གནང་གལ་ཡིན་པའི་འབོད་སྐུལ་ཞུས་ཡོད།རྒྱ་གཞུང་གིས་དགོན་པའི་ཡིག་ཆ་ཚད་ལྡན་མིན་ལུགས་དང་སྐུ་བརྙན་དེ་འདྲ་ཆེན་པོ་བཞེངས་མི་ཆོག་པ། སྲིད་གཞུང་གི་ངོས་ནས་སློབ་གྲྭ་གསར་འཛུགས་བྱ་རྒྱུ་ཡིན་ལུགས་སོགས་ལ་ཁ་གཡར་ནས་བཙན་དབང་གིས་ཁམས་བྲག་མགོ་ཁུལ་དུ་དམག་མི་འགྲེམས་འཇོག་བྱས་ཏེ་དགེ་ལྡན་ནང་བསྟན་སློབ་གྲྭ་སྒོ་བརྒྱབ་པ་དང་ས་གནས་ཀྱི་ཡུལ་མིའི་དད་རྟེན་གྱི་སྐུ་བརྙན་དང་མ་ཎི་དུང་འཁོར་སོགས་གཏོར་བཅོམ་བྱས་འདུགརྩ་བའི་རྒྱ་གཞུང་གིས་གཏོར་བཤིག་བཏང་བའི་ཁྲུ་ ༩༩ ལྷག་གི་ཐུབ་དབང་གི་སྐུ་བརྙན་ནི་རང་བྱུང་ས་ཡོམ་གྱི་ཆག་འཇིག་དང་མུ་གེ། ནད་ཡམས་སོགས་ལྡོག་ཐབས་སུ་ས་གནས་མང་ཚོགས་ཀྱིས་འགྲོ་གྲོན་རྒྱ་སྒོར་ ༤༠༠༠༠༠ ལྷག་བཏང་ནས་ཕྱི་ལོ་ ༢༠༡༥ ལོར་ཁྲིམས་མཐུན་ངང་བཞེངས་སྐྲུན་གནང་བ་ཞིག་ཡིན་པ་རེད།བྲག་མགོ་དགའ་ལྡན་རྣམ་རྒྱལ་གླེང་དགོན་པའི་ཉེ་འཁོར་གྱི་མ་ཎི་དར་ལྕོག་དང་སྒོ་དར་སོགས་མར་ཕབ་ཏེ་མེར་བསྲེགས་བཏང་ཡོད་པ་རེད། དགེ་ལྡན་ནང་བསྟན་སློབ་གྲྭ་ནི་ཕྱི་ལོ་ ༡༩༩༠ ནང་བཙུགས་པ་ཞིག་ཡིན་པ་དང་སློབ་གྲྭའི་སློབ་གཉེར་བ་ཚང་མ་གྲྭ་པ་ཡིན་ཀྱང་། དབྱར་དགུན་གཉིས་ཀྱི་གུང་གསེང་སྐབས་སུ་ས་ཆ་དེའི་སློབ་འགྲིམ་སློབ་ཕྲུག་ཚོར་དབྱིན་ཡིག་དང་རྒྱ་ཡིག ནང་ཆོས་ངོ་སྤྲོད། ལྷག་པར་དུ་བོད་ཀྱི་སྐད་ཡིག་སློབ་གསོ་གཙོ་ཁྲིད་བྱེད་བཞིན་ཡོད་པ་རེད། སློབ་གྲྭ་དེ་གར་ཁང་མིག་ཆེ་ཆུང་ ༥༠ ཙམ་དང་སློབ་གཉེར་བ་གྲྭ་ཆུང་ ༡༠༠ ལྷག་ཡོད་ཅིང་། སློབ་གྲྭ་སྒོ་བརྒྱབ་རྗེས་སློབ་མ་གྲྭ་ཕྲུག་ ༡༠༠ ལྷག་ཕྱིར་རང་ཁྱིམ་དུ་ལོག་དགོས་བྱུང་ཡོད།

རྒྱ་གཞུང་གིས་གཞིས་བཞུགས་ཤེས་ལྡན་མི་སྣར་དམིགས་བཀར་གྱིས་དམ་དྲག་བྱེད་བཞིན་པ་མངོན་གསལ།

རྒྱ་ནག་གིས་བོད་ས་གང་སར་ཞི་དྲག་གཉིས་ལྡན་གྱི་ཐོག་ནས་བོད་མི་རྣམས་ལ་བསླུ་བྲིད་དང་སྟངས་འཛིན་ནན་མོ་བྱེད་བཞིན་པའི་ཁྲོད་དུ། འདས་བའི་ལོ་གཅིག་གི་ནང་དུ་བོད་ཁུལ་དུ་གྲགས་ཆེ་བའི་ཤེས་ལྡན་མི་སྣ་དང་རྩོམ་པ་པོ་ཁག་ཅིག་འཛིན་བཟུང་བཙན་ཁྲིད་ཀྱིས་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་ཡོད་པ་རེད།ཁ་སང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གི་བྱེད་བབ་དེ་དང་འབྲེལ་ནས་གཞིས་བཞུགས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་དང་དྷི་ལྷ་ལྡན། དེ་བཞིན་གྲྭ་རིན་ཆེན་ཚུལ་ཁྲིམས། གཞན་ཡང་གྲྭ་འཕྲིན་ལས་རྒྱ་མཚོ་སོགས་ཀྱི་མཚོན་པའི་རྒྱ་ནག་གིས་བཀག་སྐྱིལ་བྱས་པའི་ཤེས་ལྡན་མི་སྣ་བརྒྱད་ཀྱི་ལོ་རྒྱུས་འཁོད་པའི་གནས་ཚུལ་ཞིག་ཁྱབ་སྤེལ་གྱིས། རྒྱ་ནག་གིས་ཁོང་རྣམས་འཛིན་བཟུང་བཙོན་འཇུག་བྱས་པའི་གནད་དོན་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སོགས་ལ་ཡོངས་སུ་འགལ་བའི་བྱ་སྤྱོད་ཅིག་ཡིན་པར་སྐྱོན་བརྗོད་ཀྱི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག གོང་གི་གནད་དོན་དེ་དང་འབྲེལ་ནས་འདི་གའི་གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། རྒྱ་ནག་གིས་དུས་རྒྱུན་ནས་བོད་ཀྱི་རིག་གཞུང་རྩ་མེད་བཏང་སྟེ་བོད་ཀྱི་ངོ་བོ་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ལམ་ལུགས་ཀྱི་འོག་ཏུ་བོད་ཁུལ་གྱི་ཤེས་ལྡན་མི་སྣ་དང་རིག་གཞུང་ལ་ཤ་ཞེན་ཡོད་པའི་བོད་མི་ཚོར་སྡང་སེམས་ཆེན་པོས་བཙན་ཁྲིད་བཙོན་འཇུག་བྱེད་བཞིན་པ་ཞིག་ཡིན་པར་གསུངས་སོང་། གཞན་ཡང་ཁོང་གིས། གཞི་རྩའི་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡོངས་ཁྱབ་གསལ་བསྒྲགས་དང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཟེར་བའི་གྲོས་ཆོད་ནང་དུ་སྤྱིར་རྒྱ་ནག་རྒྱལ་ཡོངས་སུ་རྒྱའི་སྐད་ཡིག་དར་སྤེལ་སྔར་ལས་ཤུགས་ཆེར་གཏོང་དགོས་པ་སོགས་ཀྱི་ཁྲིམས་སྒྲིག་དང་སྲིད་བྱུས་དངོས་སུ་གཏན་འབེབས་ཀྱིས་ཚིགས་ཟིན་དངོས་སུ་བཀྲམས་སྟེ་ལས་གཞི་ལག་བསྟར་བྱེད་བཞིན་པ་དང་འབྲེལ་ནས། བོད་ནང་གི་སྤྱི་ཚོགས་སྐད་ཡིག་དང་ཆོས་རིག་ལ་མཁྱེན་དཔྱོད་ལྡན་ཞིང་རང་རེའི་སྤྱི་ཚོགས་ཀྱི་ནང་དུ་ཤུགས་རྐྱེན་ཆེ་བའི་བོད་མི་ཚོར་སྔར་ལྷག་དམ་དྲག་བྱེད་བཞིན་པ་ཞིག་ཡིན་མངོན་གསལ་གནང་སོང་།དེ་དང་འབྲེལ་ནས་ཁོང་གིས་མུ་མཐུད་དུ་གསུངས་དོན།  རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ ༤ དང་དོན་ཚན་ ༡༡༩ པ་སོགས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་དང་སྲུང་སྐྱོབ་ཀྱི་ཐོབ་ཐང་ཡོད་ཚུལ་འཁོད་པ་དང་། དེ་བཞིན་ས་ གནས་རང་སྐྱོང་གི་བཅའ་ཁྲིམས་དང་སྐད་གཉིས་སློབ་གསོའི་སྲིད་ཇུས་སོགས་ཀྱི་ནང་དུ་རང་སྐད་རང་ཡིག་རྒྱུན་འཛིན་དར་སྤེལ་བྱ་ཆོག་པར་གསལ་བོར་བསྒྲགས་ཡོད་ཀྱང་། གོང་གི་ཤེས་ལྡན་མི་སྣ་བརྒྱད་དེ་འཛིན་བཟུང་བཙན་ཁྲིད་བྱས་པའི་གནད་དོན་དེ་ནི་རྒྱ་ནག་གི་རྩ་ཁྲིམས་ཀྱི་འབྲུ་དོན་དང་ལག་བསྟར་ལ་རྒྱབ་འགལ་དུ་ཕྱིན་པའི་དཔེ་མཚོན་གསར་ཤོས་ཤིག་ཡིན་པར་མངོན་གསལ་གྱིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོ་བྱས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་གྱིས་རྒྱ་ནག་གི་བྱེད་བབ་དེར་དགག་གཞག་གནང་རྒྱུའི་ཞུ་སྐུལ་བྱ་རྒྱུ་ཡིན་པར་གསུངས་སོང་། གཞི་རྩའི་རྒྱ་ནག་གིས་དུས་རྒྱུན་ནས་བོད་ཁུལ་དུ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་དང་སྤྱི་ཚོགས་བརྟན་བརླིང་དཀྲུག་པའི་བསྙད་འདོགས་ཀྱི་འོག་ནས་བོད་མི་རྣམས་གང་བྱུང་འཛིན་བཟུང་གིས་མི་སྒེར་གྱི་ཁྲིམས་གཏུགས་ཀྱི་བྱ་རིམ་གང་ཡང་མེད་པར་བཙོན་འཇུག་མནར་གཅོད་གཏོང་བཞིན་པ་ཞིག་པ་མ་ཟད། བོད་མི་རེ་འགའ་བཙོན་ཁང་ནས་མི་སྤྱོད་ལས་འདས་བའི་གཅར་རྡུང་གིས་དམར་གསོད་ཐེབས་ཡོད་པ་དང་། རེ་འགའ་སྨན་ཁང་གི་མནར་གཅོད་ཀྱི་འོག་ཏུ་ནད་གཅོང་དུ་གྱུར་ནས་བཙོན་གྲོལ་ཐོབ་ཀྱང་འཕྲོད་བསྟེན་གྱི་གནས་བབ་ཞན་པའི་འོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བསྟུན་མར་བྱུང་མུས་ཡིན་པ་རེད།པར་དབང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་།

ཁམས་བྲག་མགོ་དགོན་པར་སྟོན་པའི་སྐུ་བརྙན་དང་མ་ཎི་དུང་འཁོར་སོགས་བཙན་དབང་གིས་གཏོར་བཤིག་བཏང་བ།

འདི་ལོའི་ཕྱི་ཟླ་༡༡ པའི་ཟླ་མཇུག་ཙམ་ལ་ཁམས་བྲག་མགོ་རྫོང་དམར་ཤོག་དྲུང་ཆེ་ཝང་ཏུང་ཧྲིན་(王东升) ཟེར་བའི་བཀོད་སྡོམ་འོག་ཁམས་དཀར་མཛེས་ཁུལ་ཏྲེ་ཧོར་བྲག་མགོ་རྫོང་ཐོག་ཏུ་ཡོད་པའི་བྲག་མགོ་དགའ་ལྡན་རྣམ་རྒྱལ་གླེང་དགོན་པའི་སློབ་གྲྭ་སྒོ་རྒྱག་བཅུག་པར་མ་ཟད་ཕྱི་ཟླ་༡༢ ཚེས་ ༡༢ ནས་བཟུང་དགོན་པའི་ཉེ་འཁྲིས་ཀྱི་སྐུ་བརྙན་ཆེན་པོ་གཉིས་དང་། མ་ཎི་དུང་འཁོར་ ༤༥ ཡས་མས་ཤིག་ཡོད་པ་ཚང་མ་གཏོར་བཤིག་བཏང་འདུགའབྲེལ་ཡོད་བོད་མི་ཞིག་གིས་བཞུགས་སྒར་གྱི་བོད་གནས་ལྟ་ཞིབ་ཁང་ལ་དེ་འབྲེལ་གྱི་གནས་ཚུལ་མཁོ་སྤྲོད་གནང་བར་རྒྱ་གཞུང་གིས་དགོན་པའི་ཡིག་ཆ་ཚད་ལྡན་མིན་ལུགས་དང་སྐུ་བརྙན་དེ་འདྲ་ཆེན་པོ་བཞེངས་མི་ཆོག་པ། སྲིད་གཞུང་གི་ངོས་ནས་སློབ་གྲྭ་གསར་འཛུགས་བྱ་རྒྱུ་ཡིན་ལུགས་སོགས་ལ་ཁ་གཡར་ནས་བཙན་དབང་གིས་ཁམས་བྲག་མགོ་ཁུལ་དུ་དམག་མི་འགྲེམས་འཇོག་བྱས་ཏེ་དགེ་ལྡན་ནང་བསྟན་སློབ་གྲྭ་སྒོ་བརྒྱབ་པ་དང་ས་གནས་ཀྱི་ཡུལ་མིའི་དད་རྟེན་གྱི་སྐུ་བརྙན་དང་མ་ཎི་དུང་འཁོར་སོགས་གཏོར་བཅོམ་བྱས་ཡོད་པ་འཁོད་འདུགརྒྱ་ནག་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་གསལ་སྤྱི་དམངས་ཀྱི་རང་དབང་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཁོར་ཡུག་དང་བཅས་པ་རྩ་མེད་བཟོ་སྟངས་དེ་ནི་བོད་མིའི་རྐང་ལག་བཅག་ནས་རྦད་དེ་ཡར་ལ་ལང་རྒྱུ་མེད་པ་བཟོ་ཐབས་ཤིག་ཡིན་པར་སྐྱོན་བརྗོད་གནང་འདུག གཞི་རྩའི་རྒྱ་གཞུང་གིས་གཏོར་བཤིག་བཏང་བའི་སྐུ་བརྙན་དེ་དག་ནི་རང་བྱུང་ས་ཡོམ་གྱི་ཆག་འཇིག་དང་མུ་གེ། ནད་ཡམས་སོགས་ལྡོག་ཐབས་སུ་ ས་གནས་མང་ཚོགས་ཀྱིས་འགྲོ་གྲོན་རྒྱ་སྒོར་ ༤༠༠༠༠༠ ལྷག་བཏང་ནས་ཕྱི་ལོ་ ༢༠༡༥ ལོར་གསར་བཞེངས་གནང་བ་ཞིག་ཡིན་པ་མ་ཟད། སྐབས་དེར་རྒྱ་ནག་ས་གནས་སྲིད་གཞུང་གིས་ཀྱང་དེར་ཆོག་འཐུས་ཡིག་ཆ་ཚད་ལྡན་སྤྲད་ཡོད་ཁུལ་བྱས་འདུག བྲག་མགོ་དགའ་ལྡན་རྣམ་རྒྱལ་གླེང་དགོན་པའི་ཉེ་འཁོར་གྱི་མ་ཎི་དར་ལྕོག་དང་སྒོ་དར་སོགས་མར་ཕབ་ཏེ་མེར་བསྲེགས་བཏང་ཡོད་པ་རེད།དགེ་ལྡན་ནང་བསྟན་སློབ་གྲྭ་ནི་ཕྱི་ལོ་ ༡༩༩༠ ནང་བཙུགས་པ་ཞིག་ཡིན་པ་དང་སློབ་གྲྭའི་སློབ་གཉེར་བ་ཚང་མ་གྲྭ་པ་ཡིན་ཀྱང་། དབྱར་དགུན་གཉིས་ཀྱི་གུང་གསེང་སྐབས་སུ་ས་ཆ་དེའི་སློབ་འགྲིམ་སློབ་ཕྲུག་ཚོར་དབྱིན་ཡིག་དང་རྒྱ་ཡིག ནང་ཆོས་ངོ་སྤྲོད། ལྷག་པར་དུ་བོད་ཀྱི་སྐད་ཡིག་སློབ་གསོ་གཙོ་ཁྲིད་བྱེད་བཞིན་ཡོད་པ་རེད། སློབ་གྲྭ་དེ་གར་ཁང་མིག་ཆེ་ཆུང་ ༥༠ ཙམ་དང་སློབ་གཉེར་བ་གྲྭ་ཆུང་ ༡༠༠ ལྷག་ཡོད་ཅིང་། སློབ་གྲྭ་སྒོ་བརྒྱབ་རྗེས་སློབ་མ་གྲྭ་ཕྲུག་ ༡༠༠ ལྷག་ཕྱིར་རང་ཁྱིམ་དུ་ལོག་དགོས་བྱུང་ཡོད།

༸གོང་ས་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་འཚམས་འདྲི་མཛད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་དང་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་ནས་བསྐོ་བཞག་གནང་པའི་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya ལགས་ལ་འཚམས་འདྲི་དང་སྦྲགས། གང་མགྱོགས་དངོས་སུ་མཇལ་འཕྲད་ཐུབ་རྒྱུའི་ཐུགས་རེ་ཡོད་པ་བཀའ་སྩལ་འདུག དེ་ཡང་དེ་རིང་ཕྱི་ཚེས་ ༢༣ ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya ལགས་ཀྱི་མཚན་ཐོག་ལ་ཕྱག་བྲིས་ཤིག་སྩལ་བ་བརྒྱུད་ལྕམ་སྐུ་མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་བྱུང་བར་འཚམས་འདྲི་དང་སྦྲགས། ལས་ཡུན་གྱི་རིང་ལ་བོད་ནང་གི་བོད་མིའི་གནས་སྟངས་བཟང་དུ་གཏོང་རྒྱུའི་ཐོག་ལ་དོན་སྙིང་ལྡན་པའི་ཕྱག་ལས་གནང་ཐུབ་རྒྱུའི་ཐུགས་རེ་ཆེན་པོ་ཡོད་ཅེས་བཀའ་སྩལ་འདུག་པ་མ་ཟད། ཨ་རི་སྲིད་གཞུང་གིས་ད་བར་འགྱུར་བ་མེད་པར་བོད་དོན་ལ་རྒྱབ་སྐྱོར་བརྟན་པོ་གནང་བཞིན་པ་དེ་དག་ནི་བོད་མིའི་འཚེ་མེད་ཞི་བའི་རང་དབང་འཐབ་རྩོད་ཀྱི་བློ་སྤོབས་རྒྱུན་གནས་ཐུབ་པའི་གཞི་རྩ་གལ་ཆེན་ཞིག་ཆགས་ཡོད་ཅེས་བཀའ་སྩལ་འདུག མ་ཟད་མགོན་པོ་གང་ཉིད་མཆོག་ནས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་མི་མང་གིས་འོས་འདེམས་གནང་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་ཟིན་ཀྱང་། བོད་མིའི་ངོ་བོ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོག་དགོངས་པ་ཆེ་བཞེས་མཛད་བཞིན་པ་བཀའ་འབྲེལ་དང་སྦྲགས། ད་རེས་ལྕམ་ Uzra Zeya ལགས་ཀྱིས་ལས་གནས་འདི་བཞེས་ཏེ་བོད་དོན་སྐོར་གསུངས་བཤད་ཐོག་མ་དེ་གནང་པའི་ནང་ལ་བོད་མིའི་ངོ་བོ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ་དེ་གལ་གནད་ཆེན་པོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་འདུག ལྷག་པར་དུ་༸གོང་ས་མཆོག་གིས་ད་ཆ་རྒྱལ་སྤྱིའི་ཐོག་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་། བྱམས་བརྩེ་དང་འབྲེལ་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གིས་འཛམ་གླིང་འདིའི་ཐོག་ལ་བཟང་ཕྱོགས་ཀྱི་ཞབས་འདེགས་བསྒྲུབ་རྒྱུ་ཡོད་པར་ངོས་འཛིན་དང་ཆ་འཇོགས་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། སྔ་ཕྱི་ཙམ་མ་གཏོགས་བོད་དོན་བདེན་མཐའ་སེལ་ངེས་ཡིན་པའི་ཐུགས་རེ་དེ་ད་ལྟ་ཡང་བརྟན་པོར་གནས་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག ལྕམ་ Uzra Zeya ལགས་དང་བོད་མིས་འོས་འདེམས་གནང་པའི་འགོ་ཁྲིད་ཚོའི་དབར་ལ་འབྲེལ་བ་དམ་ཟབ་ཡོད་མུས་ཐོག མགོན་པོ་གང་ཉིད་མཆོག་དང་ལྕམ་སྐུ་མཆོག་གང་མགྱོགས་དངོས་སུ་མཇལ་འཕྲད་ཀྱིས་དགོངས་ཚུལ་བརྗེ་རེས་ཀྱི་མཚོན་པའི་གནད་དོན་ཁག་གི་ཐོག་ལ་གྲོས་བསྡུར་གནང་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་པ་བཀའ་སྩལ་འདུག གཞན་ཡང་འཚམས་འདྲི་དེའི་ནང་ལ་༸གོང་ས་མཆོག་ནས་ལྕམ་ Uzra Zeya ལགས་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཙམ་མ་ཟད། ཨ་རིའི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཐུགས་འགན་བཞེས་མུས་ཐོག་ཉེ་ཆར་ཨ་རིས་སྣེ་ཁྲིད་གནང་སྟེ་རྒྱལ་སྤྱིའི་མང་གཙོའི་གནད་དོན་དང་འབྲེལ་བའི་ཚོགས་འདུ་ཆེ་གྲས་ཤིག་འཚོགས་ཐུབ་པར་འགའ་བསུ་དང་སྦྲགས། མགོན་པོ་གང་ཉིད་མཆོག་ནས་དུས་རྒྱུན་དུ་ཨ་རི་དེ་བཞིན་རྒྱལ་སྤྱིའི་ཐོག་མང་གཙོའི་གཞི་རྩའི་ལྟ་གྲུབ་དང་། རང་དབང་གོང་སྤེལ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་སྣེ་ཁྲིད་གནང་མཁན་གྱི་རྒྱལ་ཁབ་གཙོ་བོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་བཀའ་ནན་མཛད་འདུག ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོ་དང་མཇལ་འཕྲད་གནང་རྒྱུའི་འདུན་པ་ཡོད་པ་གསུངས་འདུག གཞི་རྩའི་ལྕམ་ Uzra Zeya ལགས་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་ཏེ་ཉིན་གཅིག་ལས་མ་སོང་བའི་མཚམས་ཏེ། ཁ་སང་ཕྱི་ཚེས་ ༢༢ ཉིན་དྲ་ཐོག་བརྒྱུད་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་སྒྲུབ་ལགས་དང་། གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་རྣམ་པ་བཅས་དང་མཇལ་འཕྲད་གནང་ཡོད་པ་དང་། ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཀྱི་ཐོག་ནས་ལྕམ་ Uzra Zeya ལགས་ལ་འཚམས་འདྲི་དང་། ད་ལྟའི་བོད་ནང་གི་གནས་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཨ་རའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya ལགས་ལ་ཐུགས་རེ་ཆེན་པོ་གནང་བཞིན་པ་སོགས་སྙན་གསེང་ཞུས་འདུག་པ་མ་ཟད། ལྕམ་ Zeya ལགས་ཀྱིས་སྐབས་དེར་བོད་ཀྱི་གཙོས་པའི་ཕྱོགས་གཉིས་ཀྱི་ལས་དོན་ཐོག་ནུས་པ་མཉམ་སྤུང་གནང་རྒྱུའི་ཞལ་བཞེས་གནང་བ་དང་། ལྷག་པར་དུ་ཟླ་བ་རྗེས་མའི་ནང་ལ་ཁོང་རྒྱ་གར་དུ་ཕེབས་ཏེ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོ་དང་མཇལ་འཕྲད་གནང་རྒྱུའི་འདུན་པ་ཡོད་པ་གསུངས་འདུག

སངས་རྒྱས་མཚོ་ལགས་གློད་བཀྲོལ་བཏང་ཀྱང་སྐུ་གཟུགས་གནས་སྟངས་ཞན་པོ་གྱུར་བ།

རྒྱ་གཞུང་གིས་ཟླ་བ་འདིའི་ཚེས་ ༡༥ ཉིན་མཚོ་སྔོན་ཞིང་ཆེན་དུ་དབྱེ་བའི་སྐྱེ་རྒུ་རྫོང་སྡོམ་མདའ་ཡུལ་ཚོ་ནས་ཡིན་པའི་བུ་མོ་སངས་རྒྱས་མཚོ་ལགས་ཟླ་བ་བཅུ་ཙམ་རིང་བཀག་ཉར་གྱིས་བཙོན་འཇུག་དུས་ཡུན་རྫོགས་ཏེ་གློད་བཀྲོལ་བཏང་ཡོད་ཀྱང་ཁོང་གི་ལུས་པོའི་གནས་སྟངས་ཧ་ཅང་ཞན་པོ་གྱུར་བར་བརྟེན་ཞལ་ལག་མཆོད་མ་ཐུབ་པ་དང་འགྲོ་སྐྱོད་སོགས་ལ་ངལ་བ་འཕྲད་རྐྱེན་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་འདུགགསར་འགོད་པར་གནས་ཚུལ་མཁོ་སྤྲོད་པས་གསུངས་པར་ཟླ་འདིའི་ཚེས་ ༡༥ ཉིན་སྐྱེ་རྒུ་མདོ་ཁུལ་གྱི་ཉེན་རྟོག་པས་ཁོང་གི་པཱ་ལགས་སུ་ཁ་པར་བཏང་ནས་གང་མགྱོགས་བཀག་ཉར་ནས་གློད་བཀློལ་ཐོབ་པའི་བུ་མོ་སངས་རྒྱས་མཚོ་ལེན་པར་ཡོང་དགོས་པའི་བརྡ་ལན་བཏང་རྗེས་ཁོང་གི་སྤུན་མཆེད་རྣམས་ཁོང་བསུ་བར་ཕྱིན་སྐབས་སངས་རྒྱས་མཚོ་ལགས་སྐྱེ་རྒུའི་ཞེན་ཟུང་གསོལ་མགྲོན་ཁང་ནང་དུ་ཁེར་རྐྱང་བཞག་པ་དང་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་ཞན་པོ་གྱུར་སྟབས་ཐ་ན་དབུགས་གཏོང་ལེན་གནང་རྒྱུར་དཀའ་ངལ་ཆེན་པོ་འཕྲད་པའི་གནས་སུ་ལྷུང་བ་མངོན་རྒྱུ་འདུག་ཅེས་གསུངས་སོང་ལ། ད་ལྟའི་ཆར་ནང་མི་ཚོས་ཁོང་སྐྱེ་རྒུ་མདོ་མི་མང་སྨན་ཁང་དུ་ཁྲིད་ནས་སྨན་བཅོས་བྱེད་བཞིན་ཡོད་པ་རེད་འདུག འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༡༠ ཙམ་ཞིག་ལ་སྐྱེ་རྒུ་མདོ་ཁྲི་འདུ་རྫོང་སྡོམ་མདའ་ཡུལ་ཚོའི་ནང་གི་ཉེན་རྟོག་ལས་ཁུངས་གཉིས་མཉམ་འབྲེལ་གྱིས་འཛིན་བཟུང་བྱས་པའི་རྫ་རི་དཀར་མོའི་དགོངས་ཚོགས་ཟེར་བའི་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་གསུམ་ནས་གཅིག་ཡིན་པ་དང་། དེ་ཉིན་ཉེན་རྟོག་པས་ཁྲི་འདུ་རྫོང་སྟོམ་མདའ་ཡུལ་ཚོ་ནས་ཡིན་པའི་བོད་པའི་ན་གཞོན་དགྲ་འདུལ་ལགས་དང་ཀན་སྲི་བཅས་འཛིན་བཟུང་བྱས་ཡོད་པ་རེད།ཤེས་རྟོགས་བྱུང་བར་ཉེན་རྟོག་པས་དགྲ་འདུལ་ལགས་སུ་གཅར་བརྡུང་དྲག་པོ་བཏང་ནས་ཁོང་གི་རྐང་པ་གཉིས་ཀ་བཅག་ནས་ཟི་ལིང་སྨན་ཁང་ནང་བསྐྱལ་དགོས་བྱུང་འདུག ཉེན་རྟོག་པས་དགྲ་འདུལ་ལགས་ཀྱི་ཁྱིམ་ཚང་ལ་ཁ་པར་བཏང་སྐབས་ཁོང་ལ་གཤག་བཅོས་ཤིག་བྱེད་དགོས་པས་མི་གཉིས་ལས་མི་མང་བ་ཞིག་ནས་རྒྱ་སྒོར་བཞི་ཁྲི་ འཁུར་ནས་ཟི་ལིང་གི་སྨན་ཁང་གཉིས་པའི་ནང་ཡོང་དགོས་པ་དང་གནས་ཚུལ་དེ་སུ་གཅིག་ལའང་བཤད་མི་ཆོག་པའི་བཙན་བཀའ་བཏང་འདུག གཞི་རྩའི་སངས་རྒྱས་མཚོ་ལགས་ནི་རྒྱ་ནག་ཀན་སུ་ཞིང་ཆེན་ནང་མཐོ་སློབ་འགྲིམ་མཁན་གྱི་སློབ་མ་ཞིག་ཡིན་པ་དང་བོད་པའི་ན་གཞོན་ཀན་སྲི་ལགས་དང་དགྲ་འདུལ་ལགས་རྣམ་གཉིས་ཁམས་སྐྱེ་རྒུ་མདོའི་ཁྲི་འདུ་རྫོང་རྫ་དམར་རུ་ཁག་དྲུག་པ་ནས་རེད་འདུག ཁོང་གསུམ་འཛིན་བཟུང་བྱེད་དོན་གཙོ་བོ་ནི་འདི་ལོའི་བོད་ཀྱི་ལོ་གསར་སྐབས་རྫ་རི་དཀར་མོའི་དགོངས་ཚོགས་ཟེར་བའི་སྐད་འཕྲིན་ཚོགས་པ་ཞིག་བཙུགས་པ་དེ་ནི་ཁྲིམས་འགལ་ཡིན་པར་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་པ་ཞིག་རེད་འདུག

དོན་རྒྱལ་ལགས་བཙོན་ཁང་དུ་གཟུགས་གཞིའི་གནས་སྟངས་ཆེས་ཞན་པས་སྲོག་ལ་ཉེན་ཁ་འདུག

ཕྱི་ལོ་ ༢༠༡༨ ལོར་རྒྱ་གཞུང་གིས་དོགས་ཡོད་བོད་མི་ ༣༠ ཙམ་གང་བྱུང་དུ་འཛིན་བཟུང་གིས་བཀག་ཉར་བྱས་པའི་ཁོངས་སུ་ཡོད་པ་ཁམས་འབྲི་རུ་རྫོང་ཤོང་ཆུ་གྲོང་བརྡལ་གྱི་བྲག་ར་གྲོང་ཚོ་ནས་ཡིན་པ་ཆབ་སྲིད་བཙོན་པ་དོན་རྒྱལ་ལགས་ད་ལྟའི་ཆར་རྒྱའི་བཙོན་ཁང་དུ་གཟུགས་གཞིའི་གནས་སྟངས་ཆེས་ཞན་པས་ཚེ་སྲོག་ལ་ཉེན་ཁ་ཡོད་པ་རེད་འདུགདེ་སྔ་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༢ པའི་ཟླ་མཇུག་ཙམ་ནས་ཁམས་འབྲི་རུ་རྫོང་ཤོང་ཆུ་གྲོང་བརྡལ་དང་ཐག་ཉེ་བའི་སེབ་ཁྲ་རྫ་རྒན་ཞེས་པའི་གནས་རི་ནས་ས་གནས་མང་ཚོགས་ཀྱི་འདོད་པ་ཡོད་མེད་ལ་མ་ལྟོས་པར་བཙན་ཤེད་ཀྱིས་གཏེར་ཁ་སྔོག་འདོན་བྱ་རྒྱུའི་ལས་གཞིར་མོས་མཐུན་གྱི་མིང་རྟགས་བཀོད་དུ་བཅུག་པ་དང་དེར་ས་གནས་མང་ཚོགས་ཀྱིས་ཞི་རྒོལ་གནང་བར་བརྟེན་ས་གནས་སྲིད་གཞུང་གིས་ཛ་དྲག་ཚོགས་འདུ་ཚོགས་པ་བརྒྱུད་དོགས་ཡོད་བོད་མི་ ༣༠ ཙམ་བཙན་ཤེད་ཀྱིས་གང་བྱུང་དུ་འཛིན་བཟུང་གིས་བཀག་ཉར་བྱས་ཏེ་དེ་དག་གི་ཁྲོད་ནས་བོད་མི་དགུའི་འདྲ་པར་དང་བོད་མི་བདུན་གྱི་མཚན་སོགས་འབྲེལ་ཡོད་བརྒྱུད་ནས་ཕྱིར་བསྒྲགས་བྱུང་ཡོད་ཀྱང་ད་བར་ཁོང་རྣམས་ཀྱི་གནས་སྟངས་ཇི་ཆགས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད།བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་སྐབས་དེར་རྒྱ་གཞུང་གིས་བོད་མི་གང་ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་ཁོངས་རང་ལོ་ ༥༡ ཡིན་པ་དོན་རྒྱལ་ལགས་ཀྱི་སྐོར་གནས་ཚུལ་གསར་གསར་པ་ཤེས་རྟོགས་བྱུང་བར་གཞིགས་ན་སྐབས་དེར་རྒྱ་གཞུང་གིས་དོན་རྒྱལ་ལགས་སུ་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་ཀྱང་ད་ཆ་ཁོང་འབྲི་རུ་རྫོང་གི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་པ་དང་བཙོན་ཁང་ནང་ཉེས་བརྡུང་ཚད་མེད་བཏང་རྐྱེན་གཟུགས་པོ་གཅོང་ཅན་དུ་གྱུར་བར་བརྟེན་ཚེ་སྲོག་ལའང་ཉེན་ཁ་ཡོད་པ་རེད་འདུག གཞི་རྩའི་དོན་རྒྱལ་ལགས་ནི་ཤོང་ཆུ་གྲོང་བརྡལ་བྲག་ར་གྲོང་ཚོ་ནས་ཡིན་ཞིང་། དེ་སྔ་འཛིན་བཟུང་མ་བྱས་གོང་འབྲི་རུ་རྫོང་དུ་ཚོང་གཉེར་གནང་བཞིན་པའི་ཐོག་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཐེངས་མང་སྤེལ་བར་ས་གནས་སྲིད་གཞུང་གིས་ཕྱི་ལོ་ ༢༠༡༣ དང་ ༢༠༡༤ ཙམ་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་གཟེངས་རྟགས་ཀྱང་ཐོབ་མྱོང་ཡོད་པ་རེད།

Latest news