Tibetan Royal Year of 2151 | Year of the Wood Dragon

བོད།

ཨ་རྒྱའི་འགྲན་རྩོད་ཀྱི་ཁྲིམས་གཞིར་བོད་དོན་ལ་རྒྱབ་སྐྱོར་གྱི་འབྲུ་དོན་ཁག་ཅིག་འཁོད་འདུག

བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་སྟེ་ཕྱི་ཚེས་ ༤ ཉིན། ཨ་རིའི་གྲོས་ཚོགས་འོག་མར་ཡུལ་དེའི་དཔལ་འབྱོར་གྱི་ནུས་སྟོབས་གོང་འཕེལ་གཏོང་རྒྱུ་དང་འབྲེལ་བའི་ America Competes Act འམ་ཨ་རྒྱའི་འགྲན་རྩོད་ཀྱི་ཁྲིམས་གཞི་ཞེས་པ་ཞིག་གཏན་འབེབས་གནང་བའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གི་ཐེ་བྱུས་ལ་ངོ་རྒོལ་དང་པེ་ཅིང་ནང་གི་ཨ་རིའི་གཞུང་ཚབ་ལས་ཁུངས་སུ་བོད་ཀྱི་སྡེ་ཚན་གསར་འཛུགས། དེ་བཞིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་འགན་དང་གནས་སྤར་གནང་རྒྱུ་སོགས་བོད་དོན་ལ་རྒྱབ་སྐྱོར་གྱི་འབྲུ་དོན་ཁག་ཅིག་འཁོད་ཡོད་པ་རེད།ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་ལས་འགུལ་ཁང་གི་འབྲེལ་མཐུད་པ་ Franz Matzner ལགས་ཀྱིས་ད་རེས་ཨ་རིའི་གྲོས་ཚོགས་ནང་ཁྲིམས་གཞི་དེ་གཏན་འབེབས་གནང་བ་དེས་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་ཡུལ་དེའི་ཕྱི་སྲིད་འབྲེལ་ལམ་ཁྲོད་བོད་དེ་གནད་འགག་ཆེན་པོར་ངོས་འཛིན་བཞིན་ཡོད་པ་མཚོན་གྱི་ཡོད་པ་མ་ཟད་རྒྱ་ནག་གཞུང་གིས་བོད་མིའི་ཐོག་གཉའ་གནོན་གཏོང་བཞིན་ཡོད་པ་ལ་ཛ་དྲག་ཐོག་ནས་གདོང་ལེན་གནང་དགོས་པ་མཚོན་གྱི་ཡོད་སྐོར་གསུངས་འདུག ཨ་རིའི་ངོས་ནས་བོད་དེ་གནད་དོན་རྙིང་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་བཞིན་ད་ལན་ཁྲིམས་འཆར་དེ་གཏན་འབེབས་དང་འབྲེལ་ཏེ་མ་འོངས་པར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་འབྲེལ་ཡོད་ཁྲིམས་གཞི་གསར་པ་གང་ཞིག་གཏན་འབེབས་གནང་གི་ཡོད་ཀྱང་། ད་ལན་གཏན་འབེབས་གནང་བའི་ཁྲིམས་གཞིའི་ཁོངས་སུ་བོད་དོན་དང་འབྲེལ་བའི་གནད་དོན་གང་འཁོད་པ་དེ་དག་འགྱུར་བ་མེད་པར་གནས་དགོས་གལ་ཡིན་པར་གསུངས་འདུག ཨ་རི་གྲོས་ཚོགས་གོང་མའི་ནང་དུའང་སྔ་ལོའི་ཕྱི་ཟླ་ ༦ པ་ནང་དུ་ US Innovation and Competition Act ཞེས་ཐེངས་འདིའི་ཁྲིམས་འཆར་དང་གཅིག་མཚུངས་ཀྱི་ཁྲིམས་འཆར་ཞིག་གཏན་འབེབས་གནང་ཡོད་པ་དང་གྲོས་ཚོགས་གོང་འོག་གཉིས་ཀྱིས་ཁྲིམས་འཆར་དེ་གཉིས་ནང་དུ་བོད་དོན་དང་འབྲེལ་བའི་གནད་དོན་གཙོ་ཁག་གསུམ་ཙམ་བཀོད་ཡོད་པ་རེད། དེའང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གྱིས་༸རྒྱལ་བའི་༸སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐོག་ཐེ་བྱུས་བྱེད་བཞིན་པ་དང་འབྲེལ། དེ་སྔ་ཕྱི་ལོ་ ༢༠༢༠ ལོར་གཏན་འབེབས་བྱུང་བའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་བཞིན་བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་དང་། མ་འོངས་པར་༸རྒྱལ་བའི་ཡང་སྲིད་ཀྱི་བདག་དབང་ཆ་ཚང་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་ལ་ཡོད་པར་རྒྱབ་སྐྱོར་གནང་བ་དང་འབྲེལ་ཏེ་དེའི་ཐོག་ཐེ་བྱུས་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོར་ཨ་རིའི་སྲིད་དོན་ཉེས་ཆེད་གཅད་རྒྱུ་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་ངོས་ནས་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་ལྷན་དུ་གནད་དོན་དེའི་ཐོག་མཉམ་ལས་གནང་དགོས་སྐོར་འཁོད་ཡོད། དེ་སྔ་ཨ་རི་གཞུང་གི་བོད་དང་འབྲེལ་བའི་ལས་ཁུངས་གཙོ་བོ་ཁྲིན་ཏུ་ནང་གི་ཨ་རིའི་གཞུང་ཚབ་ལས་ཁུངས་དེ་སྒོ་བརྒྱབ་ཡོད་སྟབས་བོད་དོན་ཐོག་ཨ་རི་གཞུང་འབྲེལ་སྐུ་ཚབ་དགོས་མཁོ་ཆེ་བ་དང་འབྲེལ། རྒྱལ་ས་པེ་ཅིང་དུ་ཡོད་པའི་ཨ་རི་གཞུང་ཚབ་ལས་ཁུངས་སུ་བོད་ཀྱི་སྡེ་ཚན་ཟུར་འཛུགས་གནང་རྒྱུ་མ་ཟད་ཕྱི་ལོ་ ༢༠༡༨ ལོར་གཏན་འབེབས་གནང་བའི་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཁྲིམས་འཆར་གྱི་འབྲུ་དོན་ཁག་ཀྱང་ལག་བསྟར་དོན་འཁྱོལ་ཡོང་བར་ཤུགས་སྣོན་རྒྱག་རྒྱུ་སོགས་འཁོད་ཡོད་པ་རེད། ཕྱོགས་མཚུངས་སུ་དེ་སྔ་སྐུ་ཞབས་ཊམ་སྲིད་གཞུང་གིས་ཨ་རི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་ཡོད་ཀྱང་། ལས་གནས་དེའི་ཐོག་དེ་སྔ་དང་མི་འདྲ་བར་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་མིན་པར་དེ་ལས་དམའ་བའི་གནས་རིམ་ཅན་གྱི་ལས་བྱེད་བསྐོ་གཞག་གནང་ཡོད་པ་ལྟར་ཐེངས་འདིའི་ཁྲིམས་འཆར་གསར་པའི་འོག་སྐུ་ཞབས་ཇོ་བྷ་ཌན་སྲིད་གཞུང་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ལས་ལྕམ་སྐུ་ Uzra Zeya ལགས་བསྐོ་གཞག་གནང་བ་བཞིན་མ་འོངས་པར་ གནས་རིམ་དེ་དང་མཚུངས་པ། ཡང་ན་དེ་ལས་གནས་རིམ་མཐོ་བའི་ལས་བྱེད་བསྐོ་གཞག་གནང་དགོས་པ་འཁོད་འདུག ཐེངས་འདིར་གཏན་འབེབས་གནང་བའི་ America Competition Act ཞེས་ཨ་རྒྱའི་འགྲན་རྩོད་ཀྱི་ཁྲིམས་འཆར་ནང་དུ་པེ་ཅིང་ནང་གི་ཨ་རིའི་གཞུང་ཚབ་ལས་ཁུངས་ཀྱི་ལས་བྱེད་པར་བོད་ཡིག་ཟབ་ཁྲིད་གནང་རྒྱུ་དང་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མང་ཚོགས་ཀྱི་ཆོས་དད་རང་དབང་གཙོས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་དུས་ཐོག་ལ་སྙན་ཐོ་འགོད་འབུལ་ཞུ་རྒྱུ། རྒྱ་ནག་གཞུང་གི་འཁྱོག་བཤད་དྲིལ་བསྒྲགས་དང་རྒྱ་གཞུང་གི་དྲ་རྒྱའི་དམ་དྲག་ལ་གདོང་ལེན། གཞན་ཡང་རྒྱ་ཡིག་དང་ Cantonese ཡུ་གུར་དང་བོད་ཀྱི་སྐད་ཡིག་ཐོག་གསར་འགྱུར་སྤེལ་རྒྱུར་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་རྒྱུ། དེ་བཞིན་བོད་ཡིག་སློབ་སྦྱོང་གཙོས་ཡུ་གུར་དང་ཁན་ཊ་ནི་སི། རྒྱ་ཡིག་སོགས་ཀྱི་སློབ་སྦྱོང་ཆེད་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ཐེབས་རྩ་ཁང་བརྒྱུད་ནས་དཔལ་འབྱོར་མཐུན་འགྱུར་གནང་རྒྱུ། ལྷག་པར་དུ་རྒྱ་གཞུང་གིས་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་དང་བོད་བརྒྱུད་ནང་བསྟན་པ་རྣམས་དང་ཡུ་གུར་ཁ་ཆེ་བ། དེ་བཞིན་ཡི་ཤུའི་ཆོས་ལུགས་གཉེར་མཁན་རྣམས་ལ་དྲག་གནོན་མཚམས་འཇོག་གི་ཕྱག་ལས་ཐོག་ནས་ཨ་རི་གཞུང་གིས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་གོང་འཕེལ་གྱི་བཞེངས་ཕྱོགས་བསྐྱར་ནན་གནང་རྒྱུ་བཅས་ཁ་སྣོན་གནང་ཡོད་པ་རེད།

སྒོ་ཤེས་རབ་རྒྱ་མཚོའི་འཕྲོད་བསྟེན་གནས་སྟངས་ལ་བློ་འཚབ་དང་འབྲེལ་ཏེ་གློད་བཀྲོལ་དགོས་པའི་ཞུ་འབོད།

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གིས་འཛིན་བཟུང་བྱས་པའི་གཞིས་བཞུགས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་འཕྲོད་བསྟེན་གནས་བབས་ལ་ཐུགས་འཚབ་དང་སྦྲགས་ཏེ་ཁོང་ཉིད་གང་མགྱོགས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པའི་ཞུ་འབོད་གནང་འདུག ཚོགས་པ་དེས་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་གནད་དོན་མཁྱེན་མཁན་བྱེས་བཞུགས་བོད་མི་གཅིག་གིས་ཉེ་ལམ་སྒོ་ཤེས་རབ་རྒྱ་མཚོ་ལགས་གློ་ནད་སྙུང་རྐྱེན་འཕྲོད་བསྟེན་གྱི་གནས་བབས་ཇེ་སྡུག་ཏུ་ཕྱིན་ཡོད་པ་མ་ཟད་ལྷག་པར་དུ་བཙོན་ནང་དགོས་ངེས་ཀྱི་སྨན་བཅོས་མཐུན་རྐྱེན་ཐོབ་ཀྱི་མེད་སྐོར་སྲིད་གཞུང་གསུངས་པ་ལུང་འདྲེན་དང་འབྲེལ། རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ Sophie Richardson ལགས་ཀྱིས་ད་ལན་བསྐྱར་དུ་རྒྱ་གཞུང་གིས་བོད་མི་ཞིག་གཞི་རྩ་མེད་པ་དང་ཁྲིམས་འགལ་གྱི་ཐོག་ནས་འཛིན་བཟུང་གིས་སྲོག་ཐོག་ཉེས་ཅན་ལྟ་བུའི་ཉེན་ཁ་བཟོས་ཡོད་པའི་སྒོ་ཤེས་རབ་རྒྱ་མཚོ་ལགས་འཕྲལ་མར་གློད་བཀྲོལ་དགོས་པ་དང་ཁོང་ལ་སྨན་བཅོས་ཀྱི་དགོས་ངེས་ཀྱི་མཐུན་རྐྱེན་སྤྲོད་དགོས་པ་གསུངས་འདུག གཞི་རྩའི་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་མི་སྣས་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ ཉིན་སྒོ་ཤེས་རབ་རྒྱ་མཚོ་ཁྲན་ཏུ་ནས་འཛིན་བཟུང་གིས་ལོ་གཅིག་ལྷག་གི་རིང་བཀའ་ཉར་བྱས་མཐར་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༣ ཉིན་ལྷ་ས་ཁྲིམས་ཁང་ཞིག་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་དང་མི་མང་ལ་ངན་སྐུལ་གནང་བའི་ཉེས་འཛུགས་འོག་མི་ལོ་བཅུའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ད་ཆ་ཁོང་ཆུ་ཤུལ་བཙོན་ཁང་ནང་བཅུག་ཡོད་པ་མ་ཟད་རྒྱ་གཞུང་གིས་ཁོང་དང་ཐུག་འཕྲད་སླད་ཕྱི་ཕྱོགས་ཀྱི་མི་སྣ་གཏང་གི་མེད་པའི་ཁར་ཁོང་གི་འཕྲོད་བསྟེན་གྱི་གནས་བབས་ཞན་པོ་ཡོད་པ་གསུངས་ཡོད།སྤྱིར་རྒྱ་གཞུང་གིས་སྒོ་ཤེས་རབ་རྒྱ་མཚོ་ལགས་ད་ལན་ཙམ་མིན་པར་དེ་སྔ་ཐེངས་གསུམ་འཛིན་བཟུང་བྱས་ཡོད་པ་དང་ཕྱི་ལོ་ ༡༩༩༨ ནས་ ༢༠༠༡ བར་ལོ་གསུམ་གྱི་རིང་བཙོན་འཇུག་སྐབས་ཁོང་གློ་ནད་སྙུང་གཞི་བཞེས་འདུག་ལ། ཕྱི་ལོ་ ༢༠༢༠ ཟླ་ ༡༠ པའི་ནང་ཁྲན་ཏུར་དུས་རྒྱུན་གྱི་སྨན་བཅོས་སླད་ཕེབས་སྐབས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྒོ་ཤེས་རབ་རྒྱ་མཚོའི་འཕྲོད་བསྟེན་གྱི་གནས་སྟངས་ཐད་རང་དབང་སྒོ་ནས་བདེན་དཔང་ཁུངས་སྐྱེལ་བྱེད་ཐུབ་ཀྱི་མེད་ཀྱང་། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ། ཆབ་སྲིད་བཙོན་པ་དང་བཙོན་ཟུར་རྣམས་ཀྱི་གནད་དོན་ལུང་འདྲེན་གྱིས་རྒྱ་ནག་གཞུང་གིས་བོད་མི་གཙོས་རྒྱ་རིགས་ལ་ཆབ་སྲིད་ཀྱི་ཀུན་སློང་སྤེལ་བར་ཉེས་འཛུགས་ཀྱིས་བཀག་ཉར་འོག་བཙོན་དུ་འཆི་སླད་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱར་གྱི་མེད་པའི་གནད་དོན་མང་པོ་ཞིག་ཡོད་པ་གསུངས་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྒོ་ཤེས་རབ་རྒྱ་མཚོ་ལགས་བོད་རང་སྐྱོང་ལྗོངས་ཟེར་བར་ཁྲིམས་ཐག་བཅད་པར་ཐུགས་འཚབ་ཡོད་པ་དང་འབྲེལ། རྒྱ་གཞུང་གིས་ཁོང་འཛིན་བཟུང་བཀག་སྐྱིལ་བྱས་པ་དེ་བོད་པའི་དགེ་འདུན་པ་དང་རྩོམ་པ་པོ་གཞན་ལ་འཇིགས་སྐུལ་བྱ་ཕྱིར་ཡིན་པ་དང་། སོ་ཕྷི་ལགས་ཀྱིས་རྒྱ་ནག་གཞུང་གིས་སྒོ་ཤེས་རབ་རྒྱ་མཚོ་ལགས་འཛིན་བཟུང་བྱས་པ་དེ་བོད་མིའི་རིག་གཞུང་དང་སྐད་ཡིག ཆོས་ལུགས་བཅས་རྩ་མེད་བཟོ་བར་དམིགས་པ་ཞིག་ཡིན་སྐོར་གསུངས་ཡོད།སྒོ་ཤེས་རབ་རྒྱ་མཚོ་ལགས་ནི་ཕྱི་ལོ་ ༡༩༧༦ ལོར་བོད་ཨ་མདོ་རྔ་བར་འཁྲུངས་ཤིང་ རྔ་བ་ཀིརྟི་དགོན་ཆེན་ནས་ནང་པའི་གཞུང་ཆེན་ཁག་ལ་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༩༢ ལོར་རྒྱ་གར་དང་བལ་ཡུལ་ལ་གནས་སྐོར་ལ་ཕེབས་ཡོད། ཕྱི་ལོ་ ༡༩༩༨ ལོར་ཀི་རྟི་དགོན་པ་ནས་འཛིན་བཟུང་བྱས་ཏེ་ལོ་ངོ་གསུམ་རིང་བཙོན་འཇུག་བྱས་ཡོད་པ་དང་། བཙོན་འཇུག་གི་དོན་རྐྱེན་དེ་གསལ་ཁ་མེད་ཀྱང་ཕྱི་ལོ་ ༡༩༩༧ ལོ་མཇུག་ཏུ་མཛད་སྒོ་ཞིག་གི་སྐབས་རྒྱ་གཞུང་གིས་དགོན་པའི་ལྷ་ཁང་ནས་༸གོང་ས་མཆོག་གི་སྐུ་པར་ཡོད་པ་ཞིག་མར་ཕབ་དགོས་པའི་བཙན་བཀའ་བཏང་བར་དགག་པ་གནང་རྐྱེན་ཁོང་ལ་འདྲི་བརྩད་བྱས་པ་བྱུང་ཡོད། དེ་བཞིན་ ༢༠༠༨ ལོར་བོད་ཁམས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་བོད་རང་སྐྱོང་ལྗོངས་ཟེར་བ་ནས་མིན་པའི་དགེ་འདུན་པ་ཆིག་སྟོང་ལྷག་ཕྱིར་སློག་སྐབས་ཁོང་དེའི་ཁོངས་སུ་ཡོད་པ་དང་རྒྱ་གཞུང་གིས་དགེ་འདུན་པ་དེ་དག་ཟླ་བ་བཞིའི་རིང་འཛིན་བཟུང་བྱས་ཡོད་པ་རེད། དེ་རྗེས་སླར་ ༢༠༡༡ ལོར་ཁོང་གིས་བྲིས་རྩོམ་ནང་རྒྱ་གཞུང་ལ་སྐྱོན་བརྗོད་གནང་སྟབས་དོགས་གཞིའི་འོག་ནས་འཛིན་བཟུང་བྱས་ཡོད་ཀྱང་ཟླ་ཤས་རྗེས་ནག་ཉེས་གང་ཡང་མེད་པའི་ཐོག་གློད་བཀྲོལ་བཏང་ཡོད། ཕྱི་ལོ་ ༢༠༠༧ ལོར་ཁོང་གིས་བརྩམས་པའི་ཕྱག་དེབ་ང་ཚོ་སད་རན་ཞེས་པར་བོད་ཁམས་ཡོངས་ནས་མཚན་སྙན་ཆེན་པོ་ཐོབ་ཡོད་པ་མ་ཟད་ཁོང་གི་བརྩམས་ཆོས་རྒྱུན་ཤེས་དང་ལམ། དཔྱད་འཚོལ་དང་ལྟ་ཚུལ། རང་ལམ་རང་འཚོལ། བླང་དོར་ལྟ་ཚུལ། སྐྱེས་ཆེན་གྱི་བཞུད་ལམ་སོགས་དེབ་གྲངས་བརྒྱད་ལྷག་དཔར་སྐྲུན་གནང་བ་དང་། ཁོང་གིས་དཔེ་ཁྲིད་གནང་བའི་དབུ་མ་འཇུག་པ་དང་གཏམ་རྒྱུད་གསེར་ཐང་། ས་སྐྱ་ལེགས་བཤད་སོགས་ལ་ཡང་ཉན་མཁན་ཁྲི་ཚོ་མང་པོ་བྱུང་ཡོད།

ཁྲིམས་སྒྲིག་གསར་པའི་རྐྱེན་གྱིས་ཆོས་ཕྱོགས་ཀྱི་གནས་ཚུལ་སྤེལ་ཡུལ་སྐད་འཕྲིན་ཚོགས་ཁག་སྒོ་བརྒྱབ་པ།

རྒྱ་ནག་གཞུང་གིས་བོད་ནང་ཆོས་ལུགས་རང་དབང་གི་ཐད་དམ་དྲག་ཇེ་ཆེར་བྱེད་བཞིན་པའི་ཐོག་སྔར་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་རྒྱ་ནག་སྲིད་གཞུང་གིས་དྲྭ་རྒྱ་བརྒྱུད་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞིབ་དཔྱོད་བྱ་རྒྱུའི་ཁྲིམས་སྒྲིག་གསར་པ་ཞིག་གཏན་འབེབ་བྱས་རྗེས་མཚོ་སྔོན་ཁུལ་གྱི་ཆོས་ཕྱོགས་དང་འབྲེལ་བའི་སྐད་འཕྲིན་ཚོགས་པ་ཁག་ཅིག་འཕྲལ་དུ་སྒོ་བརྒྱབ་འདུགསྤྱིར་ཁྲིམས་སྒྲིག་དེ་ནི་རྒྱ་ནག་གི་ཆོས་དོན་ལས་ཁུངས་དང་དྲ་རྒྱ། བརྡ་འཕྲིན་ལས་ཁུངས། བཟོ་ལས་དང་བརྡ་འཕྲིན་གྱི་བློན་ཆེན་ལས་ཁུངས། མི་མང་བདེ་འཇགས་ཀྱི་བློན་ཆེན་ལས་ཁུངས། རྒྱལ་ཁབ་བདེ་འཇགས་ཀྱི་བློན་ཆེན་ལས་ཁུངས་བཅས་སྡེ་ཁག་ལྔས་ཆེད་བཟོ་བྱས་པ་ཞིག་ཡིན་པ་མ་ཟད་སྔར་ལོའི་ཕྱི་ཟླ་ ༡༢ ནང་རྒྱ་ནག་དམར་ཤོག་ཚོགས་པས་ཆོས་ཕྱོགས་ཀྱི་བྱེད་སྒོའི་ཐོག་བགྲོ་གླེང་བྱ་རྒྱུའི་ལྷན་ཚོགས་ཤིག་ཚོགས་སྐབས་ཞི་ཅིན་ཕིང་གིས་དྲྭ་རྒྱ་བརྒྱུད་དེ་ཆོས་ཕྱོགས་ཀྱི་ལས་རིམ་སྤེན་མཁན་དང་སྲིད་གཞུང་གི་གཏན་འབེབས་བྱས་པའི་ཆོས་ཕྱོགས་ཀྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་མཁན་རྣམས་ལ་ཉེས་ཆད་གཏོང་དགོས་པ། ཆོས་ཕྱོགས་ཀྱི་ཚོགས་པ་དང་བྱེད་སྒོ་ཁག་གང་སྤེལ་ཐམས་ཅད་སྲིད་གཞུང་གི་སྣེ་ཁྲིད་འོག་ཤར་སྐྱོད་དགོས་པ་བཤད་ཡོད།རྒྱ་གཞུང་གི་ཁྲིམས་སྒྲིག་གསར་པ་དེ་དང་འབྲེལ་ཏེ་དྷ་སར་རྟེན་གཞི་བྱས་པའི་ Tibet Watch  བོད་གནས་ལྟ་ཞིབ་ཁང་གིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱུང་བའི་ནང་དོན་འགྲེལ་བརྗོད་གནང་བར་བོད་མདོ་སྨད་ཁུལ་དུ་མི་མང་བདེ་འཇགས་ཟེར་བའི་ལས་ཁུངས་ཀྱིས་གསང་པའི་ཐོག་ནས་སྤྱི་ཚོགས་དྲྭ་ལམ་ཁག་ལ་ཞིབ་བཤེར་བྱས་ནས་སྤྱི་ཚོགས་བརྒྱུད་ལམ་ WeChat ནང་ཆོས་ཕྱོགས་དང་འབྲེལ་བའི་གནད་དོན་བརྒྱུད་སྤེལ་བྱ་རྒྱུར་བཀག་སྡོམ་བྱས་ཟིན་ཡོད་པ་མ་ཟད་ཕྱི་ལོ་ ༢༠༢༢ ཟླ་  ༡ ཚེས་ ༢༠ ཉིན་མཚོ་སྔོན་ཁུལ་དུ་སྐད་འཕྲིན་གྱི་ཚོགས་པ་བཟང་སྤྱོད་ཚོགས་པ་དང་གུ་རུ་སིདྡྷི་ཚོགས་པ། དེ་བཞིན་མ་ཎི་ཚོགས་པ་བཅས་ས་གནས་གཞུང་གིས་བཙན་དབང་ཐོག་ནས་འཕྲལ་མར་སྒོ་བརྒྱབ་བཅུག་ཡོད་སྟབས། ད་ཆ་བོད་ཁུལ་གྱི་བོད་མི་བརྒྱ་ཕྲག་དང་སྟོང་ཕྲག་མང་པོར་ཆོས་ཕྱོགས་ཀྱི་གནས་ཚུལ་རག་ཁུངས་ནི་རྒྱ་ནག་གཞུང་གི་སྟངས་འཛིན་བྱས་པའི་ཆོས་ཕྱོགས་ཀྱི་ཚོགས་པ་ཁོ་ན་ཆགས་ཀྱི་ཡོད་པར་གསུངས་པ་དང་སྦྲགས། ཆོས་དད་རང་དབང་ཞེས་པ་དེ་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་ཡོད་ཀྱང་རྒྱ་ནག་གཞུང་དང་ལག་སྦྲེལ་བྱེད་མཁན་འབའ་ཞིག་མ་གཏོགས་གཞན་རྣམས་ལ་རྩ་ཁྲིམས་ཀྱི་ནང་དོན་ལྟར་དོན་དམ་གྱི་རང་དབང་མེད་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པས་རང་སྣང་གང་ཤར་གྱི་ཐོག་ནས་རྩ་ཁྲིམས་ཀྱི་ནང་དོན་ལའང་བསྒྱུར་བཅོས་བཏང་དང་གཏོང་བཞིན་ཡོད་པ་རེད།རྩ་བའི་ ༢༠༢༢ ཕྱི་ཟླ་ ༣ ཚེས་ ༡ ནས་ལག་བསྟར་བྱ་རྒྱུའི་ཁྲིམས་སྒྲིག་དེའི་ནང་དབང་འཛིན་མི་སྣར་དབང་ཚད་མཐོ་རུ་བཏང་ནས་དྲྭ་རྒྱ་བརྒྱུད་དེ་ཆོས་ཕྱོགས་ཀྱིས་ལས་དོན་གཉེར་མཁན་ལ་གསོ་མྱུལ་བྱ་རྒྱུ་དང་། ཕྱི་ཕྱོགས་ནས་ཆོས་ཕྱོགས་ཀྱི་གནད་དོན་བརྒྱུད་སྤེལ་བྱེད་མཁན་གྱི་ཚོགས་སྒེར་ཀུན་ལ་བོད་དང་རྒྱ་ནག་ནང་དུ་དྲྭ་རྒྱ་བརྒྱུད་ནས་ཆོས་ཕྱོགས་ཀྱི་ལས་དོན་གཉེར་རྒྱུར་བཀག་སྡོམ་བྱ་རྒྱུ་ཙམ་མ་ཟད་བོད་དང་རྒྱ་ནག་ཏུ་དྲྭ་རྒྱ་བརྒྱུད་ཆོས་ཕྱོགས་ཀྱི་ལས་དོན་གཉེར་བར་རྒྱ་ནག་གཞུང་གིས་སྤྲད་པའི་ཆོག་མཆན་ལག་འཁྱེར་དགོས་ཀྱི་ཡོད་འདུག ལག་འཁྱེར་མེད་མཁན་རྣམས་ནས་དྲ་རྒྱ་བརྒྱུད་དེ་ཆོས་ཕྱོགས་ཀྱི་ལས་དོན་རིགས་གཉེར་མི་ཆོག་པའི་ཁར་གསུང་ཆོས་དང་ཁ་འདོན་སོགས་སྒྲ་འཇུག་བྱེད་ཆོག་གི་མེད་པ་དང་། ཆོས་ཕྱོགས་དང་འབྲེལ་བའི་བརྙན་དང་པར་སོགས་བརྒྱུད་སྤེལ་མི་ཆོག་པ། ཅི་སྟེ་མི་སྣ་སུ་རུང་ཞིག་གིས་ལག་འཁྱེར་མེད་པར་ལས་དོན་དེ་དག་བརྩམ་པའམ་གཉེར་ཚེ་ཉེས་ཆད་གཏོང་དགོས་ཞེས་བཤད་ཡོད་པ་བཀོད་འདུག

ཨོ་སི་ཀྲོ་ལི་ཡར་པེ་ཅིང་གི་ཨོ་རྩལ་ལ་ངོ་རྒོལ་སླད་བོད་དོན་ཞི་བའི་གོམ་བགྲོད་དབུ་འཛུགས།

རིང་མིན་ཕྱི་ཟླ་ ༢ ཚེས་ ༤ ཉིན་རྒྱ་ནག་པེ་ཅིང་ནང་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་འཚོགས་གཏན་ཁེལ་ཡོད་ཀྱང་རྒྱལ་སྤྱིའི་ཁྲོད་བོད་མི་དང་ཡུ་གུར་མི་རིགས་སོགས་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་ངོ་རྒོལ་གནང་སྟེ་པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་ཕྱིར་འཐེན་དགོས་པ་དང་།  རང་དབང་ཅན་གྱི་རྒྱལ་ཁབ་རྣམས་ནས་དགུན་དུས་ཨོ་རྩེད་ལ་ངོ་རྒོལ་གནང་དགོས་པའི་འབོད་སྐུལ་གྱི་ལས་འགུལ་རྣམ་པ་འདྲ་མིན་ཐོག་ནས་སྤེལ་མུས་ཡིན་པ་ལྟར། དེ་རིང་ཨོ་སི་ཀྲོ་ལི་ཡ་ནང་དུ་ཡོད་པའི་བོད་མི་རྣམས་ཀྱིས་བོད་དོན་སླད་ Newcastle ནས་སིཌ་ནི་བར་དུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག ཨོ་གླིང་རྒྱལ་ཡོངས་སུ་བོད་རིགས་མཐུན་ཚོགས་ཁག་དང་བོད་དོན་ལྷན་ཁང་། ཡུ་གུར་མཐུན་ཚོགས། དེ་བཞིན་ཧོང་ཀོང་དང་རྒྱ་ནག་མང་གཙོ་དོན་གཉེར་བ་རྣམས་ཟུང་འབྲེལ་གྱིས་པེ་ཅིང་གི་དགུན་དུས་ཨོ་རྩལ་ལ་ངོ་རྒོལ་དང་རྒྱ་གཞུང་གིས་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ།  ཉེ་ཆར་ཁམས་བྲག་མགོར་༸སྟོན་པའི་སྐུ་བརྙན་དང་མ་ཎི་དུང་འཁོར་སོགས་གཏོར་བཤིག་བཏང་བར་ངོ་རྒོལ་སླད་ཨོ་གླིང་གི་ Newcastle བོད་རིགས་མཐུན་ཚོགས་ཀྱི་ངོས་ནས་དེ་རིང་ཕྱི་ཚེས་ ༣༡ ནས་ཟླ་ ༢ ཚེས་ ༤ བར་ Newcastle ནས་སིཌ་ནི་གྲོང་ཁྱེར་བར་སྤྱི་ལེ་ ༡༦༤ ཙམ་གྱི་ཞི་བའི་གོམ་བགྲོད་གནང་རྒྱུ་ཡིན་པ་དང་། ཕྱི་ཟླ་ ༢ ཚེས་ ༣ ཉིན་གྱི་ཕྱི་དྲོར་སིཌ་ནི་ས་གནས་ Deewhy ལ་ཕེབས་འབྱོར་གནང་རྒྱུ་དང་དེ་བཞིན་ཟླ་ ༢ ཚེས་ ༤ ཉིན་གྱི་སྔ་དྲོའི་ཚོུད་ ༧ ཐོག་ Deewhy Walters Gors Park ནང་ཉིན་ལྔ་པའི་གོམ་བགྲོད་དབུ་འཛུགས་ཐོག་སིཌ་ནི་བོད་རིགས་མཐུན་ཚོགས་མཉམ་ཞུགས་ངང་ Deewhy ནས་སིཌ་ནི་གྲོང་ཁྱེར་བར་སྤྱི་ལེ་ ༡༨ ཙམ་ལ་ཞི་བའི་གོམ་བགྲོད་གནང་རྒྱུ་རེད་འདུག དེ་བཞིན་ཉིན་དགུང་ཚོུད་ ༡༢ ཐོག་སིཌ་ནི་གྲོང་ཁྱེར་ Martin Place ནང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་མཇུག་སྒྲིལ་དང་ཚོགས་པ་ཁག་མཉམ་རུབ་ཐོག་དབུ་འབྱེད་ཀྱི་མཛད་སྒོར་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འཆར་འདུག ནིའུ་ཁཱས་ཊིལ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་མགུར་འབུམ་རྒྱལ་ལགས་ཀྱིས་རླུང་འཕྲིན་ཁང་ལ་གོམ་བགྲོད་ཀྱི་ལས་འགུལ་ངོ་སྤྲོད་གནང་བ་དང་འབྲེལ། གོམ་བགྲོད་པ་རྣམས་ནས་ཕྱི་ཚེས་ ༤ ཉིན་ Martin Place ནང་རྟེན་གཞི་བྱས་པའི་ Channel 7 བརྙན་འཕྲིན་ཁང་གི་ངོས་ནས་པེ་ཅིང་གི་དགུན་དུས་ཨོ་རྩལ་རྩེད་འགྲན་དང་འབྲེལ་བའི་ཐད་གཏོང་གནང་རྒྱུ་མེད་པའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་དང་གལ་ཏེ་དེ་ལྟར་མ་གནང་ཚེ་ང་ཚོའི་ངོས་ནས་དེར་བལྟ་རྒྱུ་མིན་ཞེས་བརྡ་ལན་སྤྲད་རྒྱུ་ཡིན་པ་གསུངས་སོང་།ལྷག་པར་དུ་ད་བར་བོད་མི་སོགས་ནས་རང་ཉིད་ཀྱི་གནས་ཡུལ་ས་གནས་སོ་སོར་པེ་ཅིང་གི་དགུན་དུས་ཨོ་རྩལ་ལ་ངོ་རྒོལ་གནང་རྐྱེན་ད་ཆ་ཨ་རི་གཙོས་ཨོ་གླིང་སོགས་རྒྱལ་ཁབ་ཁག་ཅིག་གིས་པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་སྐུ་ཚབ་གཏང་རྒྱུ་མིན་པར་ཐག་གཅོད་གནང་ཡོད་པ་རེད། དེ་འབྲེལ་ལས་འགུལ་སྤེལ་ཤུགས་ཆེ་བ་གཅིག་ནི་ཨོ་གླིང་གི་མི་སྒེར་ནས་འགྲན་ཚོགས་ཀྱི་ཐད་གཏོང་ལ་མ་གཟིགས་བ་དེས་རྣམ་འགྱུར་ངེས་ཅན་ཞིག་ཆེད་འདོན་གནང་གི་འདུག་ཅེས་གསུངས་ཡོད།

རྒྱ་ནག་གིས་བོད་ཁུལ་དུ་དཔེ་བཟང་གྲྭ་བཙུན་ལ་གཟེངས་རྟགས་ཀྱི་ཚོགས་འདུ་བསྡུས་བ།

རྒྱ་ནག་གིས་དུས་རྒྱུན་ནས་ཞི་དྲག་གཉིས་ལྡན་གྱི་ཐབས་ཤེས་ཡོད་ཚད་སྤྱད་ནས་བོད་ཁུལ་གྱི་དགོན་པ་གྲྭ་ཚང་གི་གཙོ་བྱས་པའི་ཤེས་ལྡན་མི་སྣ་དང་མང་ཚོགས་སྤྱི་ཡོངས་ལ་དམ་དྲག་བྱེད་བཞིན་པའི་ཁྲོད། ཁ་ཉིན་ཚེས་ཉེར་ལྔའི་ཉིན། རྒྱ་ནག་གིས་ཁམས་དཀར་མཛེས་ཁུལ་གྱི་དགོན་པ་ཁག་ ༧༦ དང་གྲྭ་བཙུན་གྲངས་༩༡༣ ལ་གཞུང་འབྲེལ་གྱི་དཔེ་བཟང་གཟེངས་རྟགས་སྤྲོད་རྒྱུའི་ཚོགས་འདུ་འཚོགས་འདུགདེ་ཡང་ཁ་སང་རྒྱ་ནག་གཞུང་འབྲེལ་གྱི་ཁམས་ཁུལ་གྱི་སྐད་འཕྲིན་གྱི་སྤྱི་སྟེགས་ཤིག་ཏུ་གསར་འགྱུར་ཐོན་པ་ལྟར་ན། སྤྱི་ཟླ་དང་པོའི་ཚེས ༢༥ ཉིན། ཁམས་དར་རྩེ་མདོ་རུ་དཀར་མཛེས་ཁུལ་གྱི་དཔལ་ཡོན་དང་ཞི་མཐུན། བདེ་འཇགས་བཅས་ཀྱི་དགོན་སྡེར་མིང་བཏགས་སྒོ་བྱང་སྤྲོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་ཞེས་པ་ཞིག་འཚོགས་ཡོད་པ་ཁྱབ་བསྒྲགས་ཀྱིས། དགོན་པ་ཁག་ཅིག་དང་གྲྭ་བཙུན་ཁག་ཅིག་ལ་སྲིད་གཞུང་གི་ངོས་ནས་གཟེངས་རྟགས་སྤྲོད་རྒྱུ་ཐག་བཅད་བྱས་འདུག སྐབས་དེའི་ཚོགས་ཆེན་ཐོག་གཞུང་འབྲེལ་གྱི་མི་སྣའི་གཏམ་བཤད་བྱས་པའི་ནང་དུ། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། དགོན་སྡེར་ཁྲིམས་ལྟར་ཚད་ལྡན་དོ་དམ་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྔོན་ཐོན་ལ་བསྔགས་བརྗོད་བྱེད་ཅིང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་ཡོད་པ་དང་འབྲེལ་ནས།  ཁུལ་རིམ་པའི་དཔལ་ཡོན་དང་ཞི་མཐུན། བདེ་འཇགས་བཅས་ཀྱི་དགོན་སྡེ ༧༦ དང་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན ༨༡༣ ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ་སྤེལ་འདུགཐེངས་འདིའི་རྒྱ་ནག་གི་ཚོགས་འདུ་དེའི་ཐོག   ཁུལ་དེའི་དམར་ཤོག་ཚོགས་པའི་རྒྱུན་ལས་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགོ་གཙོ། དེ་བཞིན་ ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་དང་མི་རིགས་ཆོས་ལུགས་ལས་དོན་ཁང་གི་འགོ་གཙོ་སོགས་ཀྱི་མཚོན་པའི་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག  གཟེངས་བསྟོད་ཐོབ་པའི་དཔལ་ཡོན་དང་ཞི་མཐུན། བདེ་འཇགས་བཅས་ཀྱི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན་གྱི་འཐུས་མི་བཅས་ཚོགས་འདུར་ཞུགས་ཡོད་པར་འཁོད་འདུག གོང་གི་གནད་དོན་དེ་དང་འབྲེལ་ནས། འདི་གའི་གསར་འགོད་པས་བཞུགས་སྒར་ཁུལ་གྱི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། རྒྱ་ནག་གིས་དུས་རྒྱུན་བོད་ཁུལ་དུ་འཐབ་བྱུས་འདྲ་མིན་སྤྱད་ནས་བོད་རིགས་མི་མང་ལ་བསླུ་བྲིད་གཏོང་གི་ཡོད་པར་འགྲེལ་བརྗོད་ཀྱིས།  ཐེངས་འདིར་དགོན་པ་གྲྭ་ཚང་དང་གྲྭ་བཙུན་ལ་དངུལ་དངོས་ཀྱི་གཟེངས་རྟགས་སྤྲོད་ཀྱི་ཡོད་ཟེར་བ་དེ་ཡང་གཙོ་བོ་རྒྱ་ནག་གི་བཀའ་རྒྱ་ལག་ལེན་ལ་ཁེལ་བའི་བོད་མི་རྣམས་ལ་གཞུང་འབྲེལ་གྱི་ཐོག་ནས་དཔེ་བཟང་གི་མི་སྣར་ངོས་འཛིན་བྱས་པའི་ཞི་བའི་བསླུ་བྲིད་ཀྱི་རྣམ་གྲངས་ཤིག་ཡིན་པར་ངོ་སྤྲོད་གནང་སོང་།

རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་འཛིན་བཟུང་བྱས་ནས་ལོ་གཅིག་ཕྱིན་ཀྱང་གར་སོང་ཆ་མེད་རེད་འདུག

གཞིས་བཞུགས་རྩོམ་པ་པོ་གྲགས་ཅན་དང་རིག་གནས་འཆད་ཁྲིད་ཀྱི་དགེ་རྒན། རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་རྒྱ་ནག་གིས་ཕྱི་ལོ་ ༢༠༢༠ ལོར་བཙན་ཁྲིད་བྱས་ཏེ་ད་ཆ་ལོ་གཅིག་ལྷག་ཕྱིན་ཡོད་ཀྱང་། ཁོང་རྒྱ་ནག་གི་བཙོན་ཁང་གང་དུ་ཡོད་པ་སོགས་ཀྱི་གནས་ཚུལ་ཅི་ཡང་གསལ་ཁ་ཆགས་མེད་པར་རང་སོར་གནས་ཡོད་པ་རེད། ཁ་སང་། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་གནས་ཉམས་ཞིབ་ཁང་གིས་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་དང་འབྲེལ་ནས་གནས་ཚུལ་གསར་བ་ཞིག་སྤེལ་བའི་ནང་དུ། ཕྱི་ལོ་ ༢༠༢༠ ལོའི་ཟླ་བ་༡༢ བའི་ཚེས་ ༢ ཉིན། ཁོང་རོང་བོ་དགོན་ཆེན་དང་ཐག་ཉེ་བའི་སྲང་ལམ་ཞིག་ཏུ་རྒྱ་ནག་གིས་ཁོང་འཛིན་བཟུང་བྱས་ཏེ་རླངས་ནག་པོ་ཞིག་གི་ནང་དུ་བཅུག་ནས་བཙན་ཁྲིད་བྱེད་བཞིན་ཉེ་འགྲམ་གྱི་ཚལ་བཙོང་མཁན་ཞིག་གིས་མཐོང་ཡོད་ཀྱང་། སྐབས་དེ་ནས་བཟུང་ཁོང་གར་ཡོད་གང་ཁྱེར་གྱི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་མེད་པར་གྱུར་ཡོད་པར་བརྗོད་འདུག དེ་སྔོན་ཁོང་རྒྱ་ནག་གིས་འཛིན་བཟུང་བྱེད་སྐབས་ཁོང་ནག་ཉེས་ཅི་ཞིག་ལ་ཁ་གཡར་གྱིས་འཛིན་བཟུང་བྱས་པ་ཤེས་རྟོགས་མེད་པར་གྱུར་ཡོད་ཀྱང་། ཕྱིས་སུ་གནས་ཚུལ་ཤེས་གསལ་ལྟར་ན། རྒྱ་ནག་གིས་ནང་བསྟན་རྒྱ་བསྒྱུར་གྱི་ལས་གཞི་དང་འབྲེལ་ནས། རེབ་གོང་རོང་བོ་ས་ཁུལ་དུ་དེར་འབྲེལ་གྱི་ཟབ་སྦྱོང་ཞིག་གོ་སྒྲིག་བྱས་པའི་སྐབས་སུ། རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་ཀྱིས་ཀྱང་ཉམས་ཞུགས་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་ནང་བསྟན་རྒྱ་བསྒྱུར་ཀྱི་ཟབ་ཁྲིད་པ་རྣམས་ལ་དོན་དངོས་སུ་ནང་བསྟན་རྒྱ་བསྒྱུར་ཟེར་བ་དེ་ཇི་ལྟ་བུ་ཞིག་ཡིན་མིན་གྱི་དྲི་བ་དྲིས་བ་དང་འབྲེལ་ནས་ཕན་ཚུན་གྱི་བར་དུ་ཚིག་རྩོད་ཅིག་བྱུང་ཡོད་པ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པར་བརྗོད་འདུག གནད་དོན་དེ་བྱུང་ནས་ཉིན་ཤས་ཀྱི་རྗེས་སུ། ཁོང་རོང་བོ་དགོན་ཆེན་ནས་རོང་བོ་གྲོང་བརྡལ་དུ་རྟག་རིག་གི་འཛིན་གྲྭ་ཞིག་ལ་ཕེབས་བཞིན་པའི་ལམ་བར་ནས། རྒྱ་ནག་གིས་གསང་སྟབས་ཀྱིས་ཁོང་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་པར་ལུང་འདྲེན་གྱིས། ཕྱི་ལོ་ ༢༠༢༡ ལོའི་ཟླ་བ་ ༡༠ བའི་ཚེས་ ༢༧ ཉིན་ཁོང་གི་ནང་མིར་རྒྱ་ནག་གིས་ཁ་པར་ཞིག་བཏང་སྟེ། གང་མགྱོགས་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་པར་བརྗོད་ཀྱང་། དེའི་རྗེས་ནས་བཟུང་ཁོང་གི་གནས་སྟངས་གང་ཡང་གསལ་ཆ་དང་གྲགས་འགུལ་མེད་པར་གྱུར་ཡོད་པར་འཁོད་འདུག དེ་བཞིན་བོད་གནས་ཉམས་ཞིབ་ཁང་གིས། རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་ཀྱིས་གོང་རིམ་གྱི་ཟབ་ཁྲིད་པར་དྲི་བ་དྲིས་བའི་ནང་བསྟན་རྒྱ་བསྒྱུར་གྱི་གནད་དོན་དེ་ནི། ཕྱི་ལོ་༢༠༡༧ ལོའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་སྐབས་ ༡༩ བའི་ཐོག་རྒྱ་ནག་གིས་གཏན་འབེབས་བྱས་པའི་སྲིད་བྱུས་ཤིག་ཡིན་པ་ཞིང་། ཕྱིས་སུ་རྒྱ་ནག་གི་འཐབ་ཤོག་གཅིག་གྱུར་ལས་ཁུངས་ཀྱིས་སྲིད་བྱུས་འདིར་གཙིག་འཛིན་གྱིས་བོད་ཁུལ་དུ་ཆོས་ལུགས་ཀྱི་ལས་དོན་ཡོད་ཚད་ལ་སྟངས་འཛིན་བྱེད་འགོ་ཚུགས་ཡོད་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག ད་ལྟའི་ཆར་རྒྱ་ནག་གི་ནང་བསྟན་རྒྱ་བསྒྱུར་གྱི་སྲིད་བྱུས་ཟེར་བ་དེ་དགོན་པ་གྲྭ་ཚང་ཁག་གི་ར་བ་ལས་བརྒལ་ཏེ། ཤེས་ཡོན་གྱི་ལྟེ་གནས་ཁག་གང་སར་ཁྱབ་བརྡལ་དུ་འགྲོ་མུས་ཡིན་པ་མ་ཟད། ད་ཆ་དངོས་སུ་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་ཁག་རྒྱ་ཡིག་ཏུ་སྒྱུར་རྒྱུའི་ཐད་ནས་གྲོས་བསྡུར་བྱེད་མུས་ཡིན་པར་ལུང་འདྲེན་གྱིས། རྒྱ་ནག་གིས་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་ཀྱི་ནང་མིར་ཁ་པར་བཏང་ནས་ཁོང་གི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་པར་བསྒྲགས་པའི་ཉིན་མོ་དེར། རྒྱ་ནག་གིས་རོང་བོ་དགོན་ཆེན་དང་ས་ཐག་ཉེ་བའི་ཟི་ལིང་གྲོང་ཁྱེར་དུ་ཉིན་གསུམ་གྱི་རིང་ལ་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོར་ནང་བསྟན་བོད་བསྒྱུར་གྱི་ཟབ་སྦྱོང་ཚོགས་འདུ་ཞིག་བསྡུས་ཡོད་པ་དང་། སྐབས་དེར་རོང་བོ་དགོན་ཆེན་གྱི་སྐུ་ཚབ་མི་སྣ་སོགས་ཀྱི་མཚོན་པའི་བོད་ཁུལ་གྱི་བླ་མ་དང་དགེ་རྒན། དེ་བཞིན་རྒྱ་ནག་གི་གཞུང་འབྲེལ་ལས་བྱེད་སོགས་གྲངས་ ༥༠༠ ལྷག་གིས་ཚོགས་ཞུགས་བྱས་ཏེ། འབྲེལ་ཡོད་ཀྱི་རྒྱུ་ཆ་༣༥ ལྷག་གི་ཐོག་ནས་གྲོས་བསྡུར་བྱས་ཡོད་པ་མངོན་གསལ་གནང་འདུག རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་འཛིན་བཟུང་མ་བྱས་པའི་ཟླ་བ་གཉིས་ཀྱི་གོང་དུ། ཁོང་གིས་འཁོར་བ་ཞེས་པའི་ཆེད་དེབ་ཅིག་པར་དཔར་སྐྲུན་བྱས་ཡོད་པ་དང་། སྐབས་དེར་ཁོང་གིས་མང་ཚོགས་ཀྱིས་དཔེ་དེབ་དེར་རྒྱབ་སྐྱོར་བྱེད་དགོས་ལུགས་ཀྱི་སྐུལ་མ་གནང་སྟེ། དེའི་ནང་དུ་གོང་རིམ་གྱི་བཀའ་རྒྱ་ལ་ལྟོས་མེད་ཀྱིས་དངོས་བདེན་གྱི་གནད་དོན་མང་པོ་ཞིག་འཁོད་ཡོད་པར་གསལ་བཤད་གནང་ཡོད་པར་འཁོད་འདུག རྒྱ་ནག་གིས་ཁོང་འཛིན་བཟུང་བྱས་པ་ནས་བཟུང་། ཁོང་གི་སྒེར་གཉེར་གྱི་བཙན་པོ་དྲྭ་བ་ཞེས་པ་དེ་ཡང་རྒྱ་ནག་གིས་བཀག་སྡོམ་བྱས་ཡོད་པ་ཡོངས་གྲགས་ཆགས་ཡོད་པ་མ་ཟད། ཉེ་སྔོན་བོད་ཀྱི་སྐད་ཡིག་གི་ལས་འགུལ་བ་དང་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཀྱང་བོད་ནང་གི་བོད་ཡིག་གི་དྲྭ་བ་ཁག་ཅིག་སྒོ་འབྱེད་བྱེད་མི་ཐུབ་པར་གྱུར་ཡོད་པ་པར་བླངས་ནས་ཁོང་གི་ཝེ་པོ་དྲྭ་ལམ་དུ་བཞག་པའི་ནང་དུ་ཡང་བཙན་པོ་དྲྭ་བ་འཁོད་ཡོད་པ་རེད། གཞི་རྩའི་ཉེ་སྔོན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གིས་ཀྱང་རྒྱ་ནག་གིས་བོད་ཁུལ་གྱི་ཤེས་ལྡན་མི་སྣར་དམིགས་བསལ་གྱིས་དྲག་གནོན་བྱེད་བཞིན་པའི་གནད་དོན་དང་འབྲེལ་ནས་གནས་ཚུལ་སྤེལ་བའི་ནང་དུ་ཡང་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་འཁོད་ཡོད་པ་དང་། སྐབས་དེར་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ཀྱིས་ རྒྱ་ནག་གིས་དུས་རྒྱུན་ནས་བོད་ཀྱི་རིག་གཞུང་རྩ་མེད་བཏང་སྟེ་བོད་ཀྱི་ངོ་བོ་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ལམ་ལུགས་ཀྱི་འོག་ཏུ་བོད་ཁུལ་གྱི་ཤེས་ལྡན་མི་སྣ་དང་རིག་གཞུང་ལ་ཤ་ཞེན་ཡོད་པའི་བོད་མི་ཚོར་སྡང་སེམས་ཆེན་པོས་བཙན་ཁྲིད་བཙོན་འཇུག་བྱེད་བཞིན་པ་ཞིག་ཡིན་པར་གསུངས་ཡོད།

བོད་མི་བཙན་ཁྲིད་སྐབས་ལམ་གྲོན་སྤྲོད་དགོས་པའི་བཙན་ཤེད་བྱས་འདུག

བོད་མདོ་སྨད་མགོ་ལོག་ཁུལ་དུ་རྒྱ་གཞུང་གིས་སློབ་ཁྲིད་རྒྱ་བསྒྱུར་བྱས་པའི་སྲིད་བྱུས་ལ་རྐྱོན་བརྗོད་གནང་བར་འཛིན་བཟུང་བྱས་པའི་བོད་མི་གཞོན་སྐྱེས་བློ་བསྟན་ལགས་འཛིན་བཟུང་བྱས་ནས་ཟི་ལིང་སློབ་གསོ་ཁང་ནང་དུ་བཀག་ཉར་ཆེད་ཁྲིད་པའི་སྐབས་སུ། ཉེན་རྟོག་པས་ཁོང་ལ་ཟི་ལིང་བར་སྐྱོད་རྒྱུའི་ཆེད་སྒོར་ ༢༠༠ ཡི་ལམ་གྲོན་གཏོང་དགོས་པའི་བཙན་ཤེད་བྱས་འདུགདེ་ཡང་ཁ་སང་ཨིན་ཡུལ་ནང་དུ་རྟེན་གཞི་བྱས་པའི་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པས་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མདོ་སྨད་མགོ་ལོག་ཁུལ་རྨ་སྟོད་རྫོང་སྐྱ་རིང་གྲོང་སྡེ་ནས་ཡིན་ཞིང་རང་ལོ་ ༢༣ ཡིན་པའི་བོད་མི་གཞོན་སྐྱེས་བློ་བསྟན་ལགས་ཀྱིས།  སྐད་འཕྲིན་ཐོག་རྒྱ་གཞུང་གིས་བཙན་དབང་གི་སྒོ་ནས་རྒྱ་ཡིག་རྒྱ་སྐད་གཙོར་བཟུང་གྱིས་སློབ་ཁྲིད་དགོས་པའི་སྲིད་བྱུས་སྤེལ་བཞིན་པར་རྐྱོན་བརྗོད་ཀྱི་གླེང་གློང་བྱས་པར། ཟླ་བ་སྔོན་མའི་ཚེས་ ༡༢ ཉིན་རྨ་སྟོད་རྫོང་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་ཁྲིད་ཀྱིས་ཟི་ལིང་ཁུལ་གྱི་ཆབ་སྲིད་སློབ་གསོ་ཁང་ནང་དུ་བཀག་ཉར་བྱེད་བཞིན་ཡོད་པ་ལྟར། ད་ཆ་ས་གནས་ནས་གསར་དུ་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཁོང་འཛིན་བཟུང་བྱས་པའི་སྐབས་སུ། ཉེན་རྟོག་པས་བློ་བསྟན་ལགས་ལ་ལམ་བར་གྱི་ལམ་གྲོན་གཏོང་དགོས་པའི་བཙན་ཤེད་བྱས་ཡོད་པ་རེད་འདུག བོད་རང་དབང་ཚོགས་པས་གཞན་ཡང་བོད་ནང་གི་འབྲེལ་ཡོད་གནས་ཚུལ་གཞན་ཞིག་སྤེལ་བར་གཞིགས་ན། མགོ་ལོག་དར་རྫོང་གི་སེང་འབྲུག་སྟག་རྩེ་སློབ་གྲའི་དགེ་རྒན་རིན་ཆེན་སྐྱིད་ལགས་སྔར་ལོའི་ཕྱི་ཟླ་ ༨ པའི་ནང་དུ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་ཉེས་འཛུགས་འོག་འཛིན་བཟུང་བཙན་ཁྲིད་བྱས་པའི་རྗེས་སུ་ཉེན་རྟོག་པས་ཁོང་གི་གཟུགས་གཞིར་བརྟག་དཔྱད་ཆེད་ཟི་ལིང་ཁུལ་གྱི་སྨན་ཁང་ཞིག་གི་ནང་དུ་ཁྲིད་ནས་གར་སོང་ཆ་མེད་དུ་གྱུར་བ་དང་། སྐབས་དེར་སྨན་པས་རིན་ཆེན་སྐྱིད་ལགས་ལ་ནད་གཞི་གང་ཡང་མེད་པ་གསལ་པོ་བཟོས་ཟིན་པའི་རྗེས་སུའང་ཁོང་གི་ནང་མིར་སྐར་མ་གཉིས་ཙམ་གྱི་རིང་ལ་ཁོང་དང་ཐུག་འཕྲད་བྱེད་དུ་འཇུག་རྒྱུའི་ཆོག་མཆན་སྤྲད་ཡོད་ཀྱང། ནང་མི་རྣམས་སྨན་ཁང་དུ་མ་འབྱོར་གོང་ལ་ཁོང་སྨན་ཁང་གཞན་ཞིག་ལ་བཙན་ཁྲིད་བྱས་ཏེ་ནང་མི་རྣམས་དང་ལྷན་དུ་སྐར་མ་མ་གཉིས་ཙམ་ཡང་ཐུག་འཕྲད་བྱེད་མ་བཅུག་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག འདི་ག་གསར་འགོད་པས་གནས་ཚུལ་མཁོ་སྤྲོད་གནང་མཁན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ Tibet Watch འམ་བོད་ནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་བློ་བསྟན་ལགས་རང་གི་འདོད་མོས་ཐོག་སློབ་གསོ་ཁང་དུ་བསྐྱོད་མེད་པ་ལྟར་ཁོང་གི་ལག་ནས་ལམ་གྲོན་བླངས་པའི་གནད་དོན་དེ་ནི་དེ་སྔ་རིག་གནས་གསར་བརྗེ་སྐབས་སུ། མི་བསད་ནས་མེ་མདའི་རྡིའུའི་རིན་གོང་ལེན་པ་དང་། མི་ཕན་ཚུན་ཡིད་ཆེས་མེད་པར་བཟོས་ཏེ་གསང་ཉུལ་བྱེད་དུ་བཅུག་ནས་བྱ་དགའ་སྤྲད་པ་དང་། མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་བཏང་བ་བཞིན་དེང་སྐབས་བོད་ནང་རྒྱ་གཞུང་གིས་རིག་གནས་གསར་བརྗེ་སྐབས་ཀྱི་བྱ་འགུལ་ཤུགས་ཆེར་སྤེལ་བཞིན་པ་གསུངས་སོང་།རྩ་བའི་རྒྱ་ནག་གཞུང་གིས་སྔར་ལོ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནང་དུ་ཤེས་ཡོན་ལམ་ལུགས་རྒྱ་བསྒྱུར་བྱེད་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་འགོ་བཙུགས་པ་དང་འབྲེལ་མགོ་ལོག་ཁུལ་དུ་སེང་འབྲུག་སྟག་རྩེ་སློབ་གྲྭ་དང་ཀུན་ཕན་བརྩེ་སྐྱོང་སློབ་གྲྭ་གཙོ་བྱས་པའི་བོད་གཉེར་གྱི་སློབ་གྲྭ་ཁག་ཅིག་སྒོ་རྒྱག་ཏུ་བཅུག་པ་མ་ཟད། སློབ་གྲྭའི་དགེ་རྒན་རིན་ཆེན་སྐྱིད་ལགས་འཛིན་བཟུང་བྱས་པ་དང་། དེ་བཞིན་རྒྱ་གཞུང་གིས་དྲ་ལམ་ཁག་ལ་གསང་བའི་ལྟ་སྲུང་གིས་བློ་བསྟན་ལགས་ཀྱི་གཙོས་པའི་བོད་མི་ཁག་གཅིག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་པ་མ་ཟད། ཉེ་ཆར་བོད་ཁམས་དཀར་མཛེས་ཁུལ་གྱི་བྲག་མགོ་དགོན་པའི་སྐུ་བརྙན་དང་ཉེ་འཁྲིས་ཀྱི་མ་ཎི་དུང་འཁོར་གཏོར་བཤིག་བཏང་བ་མ་ཟད། དགོན་པའི་ནང་བསྟན་སློབ་གྲྭ་སྒོ་རྒྱག་ཏུ་བཅུག་པ་དང་། གྲྭ་ཤག་གཏོར་བཤིག་བཏང་བ་སོགས་བོད་ནང་ཕྱོགས་ཡོང་ནས་དམ་དྲག་ཤུགས་ཆེར་བྱེད་བཞིན་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་རེད།

བོད་བརྒྱུད་ནང་བསྟན་རྒྱ་ནག་གི་སྤྱི་ཚོགས་སུ་དར་ཁྱབ་ལ་འགོག་རྒོལ།

ཁ་སང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་རྒྱ་ནག་གི་སྤྱི་ཚོགས་སུ་ཁྱབ་སྤེལ་འགྲོ་མུས་ལ་འགོག་རྒོལ་བྱེད་བཞིན་པའི་སྙན་ཐོ་ཞིག་གསར་ཏུ་བཏོན་པའི་ནང་།  གསེར་རྟ་ལྔ་རིག་སློབ་གླིང་ནང་གི་རྒྱ་ནག་གི་དད་ལྡན་ཆོས་ཞུ་བ་རྣམས་ལ་དམིགས་བསལ་དམ་དྲག་གིས། ད་ཆ་བོད་བརྒྱུད་ནང་བསྟན་དང་རྒྱ་ནག་གི་ནང་པ་རྣམས་རང་ཁོངས་སོ་སོར་ཆ་བགོས་ཀྱིས་སྟངས་འཛིན་བྱེད་བཞིན་པ་མངོན་གསལ་གནང་འདུགསྙན་ཐོའི་ནང་གསལ་ལྟར་ན། འདས་པའི་ལོ་འགའི་རིང་ནས་རྒྱ་ནག་གིས་དགྲ་གྲོགས་སུ་ཡིན་གྱི་དྲིལ་བསྒྲགས་རང་བཞིན་གྱི་ཐབས་ལམ་འདྲ་མིན་སྤྱད་ནས། བོད་བརྒྱུད་ནང་བསྟན་དང་རྒྱ་ནག་གི་ནང་པ་གཉིས་ཀྱི་འབྲེལ་འདྲིས་ལ་དམ་དྲག་བྱེད་བཞིན་པའི་ཁྲོད།  རྒྱ་རིགས་བོད་བརྒྱུད་ནང་བསྟན་སློབ་གཉེར་བ་རྣམས་ཕྱིར་རྒྱ་ནག་གི་ནང་པར་བསྒྱུར་དགོས་བ་དང་། ཡང་མིན་ན་སྐྱ་སར་འབབ་དགོས་བའི་བཙན་བཀའ་བཏང་ཡོད་པ་དང་། དེ་ནི་རྒྱ་ནག་གི་གཞུང་འབྲེལ་གྱི་ལངས་ཕྱོགས་དང་ཡོངས་སུ་འགལ་བ་ཞིག་ཡིན་ཡང་། གཙོ་བོ་རྒྱ་ནག་གི་སྤྱི་ཚོགས་སུ་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་ཆོས་དཔོན་དག་གི་ཤུགས་རྐྱེན་འགོག་ཐབས་ལ་དམིགས་པ་ཞིག་ཡིན་པར་མངོན་གསལ་གནང་འདུག དེའང་རྒྱ་ནག་གིས་ཕྱི་ལོ་ ༢༠༡༩ ལོའི་ལོ་དཀྱིལ་ཙམ་ནས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཏུ་དར་ཁྱབ་ལ་ཚོད་འཛིན་བྱེད་འགོ་ཚུགས་ཡོད་པ་ནས་བཟུང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དུ་རྒྱ་ནག་གི་ནང་པའི་སློབ་གཉེར་བའི་གྲངས་འབོར་ཇེ་ཉུང་དུ་ཕྱིན་པའི་ཐོག   ཉེ་ལམ་ཕྱི་ཟླ་ ༡༡ ནས་བཟུང་ལས་དོན་དེ་ཤུགས་ཆེ་རུ་བཏང་ནས་ནང་ཆོས་ཉམས་ལེན་བྱེད་མཁན་གྱི་རྒྱ་རིགས་རྣམས་རྒྱ་ནག་ཏུ་ཕྱིར་ལོག་དགོས་བའི་བཀའ་ཁྱབ་བཏང་བ་མ་ཟད། རྒྱ་རིགས་ནང་པ་དེ་དག་རྒྱ་ནག་སྐམ་སའི་ནང་གི་རང་ཉིད་ཀྱི་གྲོང་ཚོ་སོ་སོར་འབྱོར་མཚམས་སུ་ས་གནས་ཀྱི་ཉེན་རྟོག་ལས་ཁུངས་སུ་འབྱོར་ཐོ་རྒྱག་དགོས་བ་བཟོས་པ་དང་། རྗེས་སུ་གསེར་རྟ་ནང་བསྟན་སློབ་གླིང་དུ་ཕྱིར་ལོག་མི་ཐུབ་པའི་སླད་དུས་ནས་དུས་སུ་ཉེན་རྟོག་ལས་ཁུངས་སུ་དེབ་སྐྱེལ་བྱེད་དགོས་བར་བཟོས་འདུག དེ་ཙམ་མ་ཟད། རྒྱ་རིགས་ནང་པ་དེ་དག་གསེར་རྟ་ལྔ་རིག་སློབ་གླིང་དུ་ཕྱིར་ལོག་ལ་བཀག་འགོག་བྱེད་ཆེད་དུ་དགོན་གྲོང་གི་ལམ་བར་དུ་བརྟག་དཔྱད་ས་ཚུགས་ཆེད་བཟོ་བྱས་ཡོད་པ་མ་ཟད། མཚན་སྲུང་ཡང་བཀོད་སྒྲིག་བྱས་ཏེ།  དགོན་པའི་ནང་དུ་ཉེན་རྟོག་ས་ཚུགས་གསར་འཛུགས་ཀྱིས་གྲྭ་ཤག་རེ་རེ་ཞིབ་འཇུག་གིས་རྒྱ་རིགས་ནང་པ་དེ་འདྲ་དགོན་གྲོང་དུ་སླེབ་ཡོད་མེད་ལ་དུས་ནས་དུས་སུ་བརྟག་དཔྱད་དོ་ནན་བྱེད་འགོ་ཚུགས་ཡོད་པའི་ཁྲོད། རྒྱ་རིགས་ཆོས་པ་རྣམས་རྒྱ་ནག་གི་ས་ཁུལ་གྱི་དགོན་པ་ཞིག་ཏུ་མ་ཞུགས་ཚེ། སྐྱ་སར་འབབ་དགོས་བའི་གནས་སུ་ལྷུང་ཡོད་པར་བསྒྲགས་འདུག དེ་བཞིན་ཉེ་བའི་ལོ་འགའི་རིང་། རྒྱ་ནག་གི་གྲོང་བརྡལ་མང་པོའི་ནང་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་། ད་ཆ་རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་གི་སྤྱི་ཚོགས་སུ་བཀག་འགོག་གི་སྲིད་བྱུས་དང་འབྲེལ་ནས། མི་སྐྱ་ཕོ་མོས་གྲུབ་པའི་ཆོས་ཚོགས་ཁག་དེ་དག་ཀྱང་རིམ་བཞིན་སྒོ་བརྒྱབ་ཟིན་པ་མ་ཟད། འབྲེལ་ཡོད་ཀྱི་ལས་སྣེ་བ་རྣམས་ལདྲ་ཐོག་ནས་འདྲི་རྩད་བྱེད་མུས་ཡིན་པ་དང་། ཁག་ཅིག་གོང་རིམ་ལ་སྙན་ཞུ་སོགས་འབྲི་རུ་བཅུག་པའི་ཁྲོད་ད་ཆ་ཁག་ཅིག་སྲིད་གཞུང་གི་ཉེན་རྟོག་པར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་དུ་འགྱུར་བཞིན་པ་ཡང་ཡོངས་གྲགས་གནང་འདུག དེ་ལྟར་ནའང་ད་ལྟའི་བར་དུ་རྒྱ་ནག་ཏུ་རྒྱ་རིགས་ནང་པ་རྣམས་ཀྱིས་དྲ་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་དགེ་རྒན་དང་མཉམ་དུ་ཆོས་ལུགས་ལ་སློབ་སྦྱོང་བྱེད་སྲོལ་ཡོད་པ་མ་ཟད།  གསེར་རྟ་ལྔ་རིག་སློབ་གླིང་གི་དྲ་རྒྱ་བརྒྱུད་ནས་རྒྱ་རིགས་ནང་པ་མང་པོར་དྲ་ཐོག་ནས་ཆོས་ལུགས་འཆད་ཁྲིད་བྱེད་བཞིན་ཡོད་ཀྱང་།  འདི་ལོའི་ཟླ་བ་ ༣ པའི་ཚེས་ ༡ ནས་བཟུང་དྲ་རྒྱའི་ནང་ཆོས་ལུགས་སྤེལ་ཕྱོགས་དང་འབྲེལ་བའི་ཁྲིམས་སྒྲིག་གསར་པ་ཞིག་གི་ཐོག་ནས་དེ་ལྟ་བུའི་དྲྭ་ཐོག་ནས་ཆོས་འཆད་ཁྲིད་ཀྱི་ལས་དོན་རིགས་བཀག་སྡོམ་བྱེད་རྒྱུ་ངེས་པ་མ་ཟད། གསེར་རྟ་སློབ་གླིང་གི་ཆོས་ལུགས་ཀྱི་དྲྭ་རྒྱ་ལྟ་བུར་མཚོན་ན་སྔར་ལོའི་ལོ་མཇུག་ནས་སྒོ་རྒྱག་ཏུ་བཅུག་ཟིན་པ་དང་། ཕྱི་ཟླ་གསུམ་པའི་རྗེས་སུ་དྲ་ལམ་ནས་ཆོས་ལུགས་དང་འབྲེལ་བའི་བྱེད་སྒོ་སྤེལ་ཚེ་དམར་ཤོག་སྲིད་གཞུང་གིས་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ནས་སྟངས་འཛིན་བྱེད་ཉེན་ཡོད་པར་བསྒྲགས་འདུག ཐེངས་འདིར་རྒྱ་ནག་གིས་དྲ་ཐོག་ནས་ཆོས་ལུགས་ཀྱི་བྱེད་སྒོ་ཁག་བཀག་སྡོམ་གྱི་ཁྲིམས་གཞི་གཏན་འབེབས་བྱས་པ་དེ་དག།  རྒྱ་ནག་གི་རྒྱལ་ཡོངས་ཀྱི་ཆོས་ལུགས་དོ་དམ་ལས་ཁུངས་དང་། དྲ་རྒྱ་དོ་དམ་ལས་ཁུངས། དེ་བཞིན་བརྡ་འཕྲིན་དང་འཕྲུལ་ལས་བློན་ཆེན་ལས་ཁུངས། གཞན་ཡང་རྒྱལ་ཁབ་ཀྱི་སྤྱི་མང་བདེ་འཇགས་བློན་ཆེན་ལས་ཁུངས་སོགས་ཀྱི་མཉམ་འབྲེལ་གྱིས་ཐོག་ནས་ལག་བསྟར་བྱེད་རྒྱུ་ཡིན་སྟབས། རྒྱ་ནག་གི་ནང་དུ་ཆོས་ལུགས་ཀྱི་ཚོགས་པ་དང་མི་སྒེར་སུ་འདྲ་ཞིག་ཡིན་ཡང་དྲ་ཐོག་ནས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སྐབས་ཞིང་ཆེན་རིམ་པའི་་ལས་ཁུངས་ལས་དེར་འབྲེལ་གྱི་ཆོག་མཆན་ཡི་གེ་དགོས་བར་བཟོས་མ་ཟད།  དྲ་ཐོག་གི་ཆོས་ལུགས་བྱེད་སྒོ་འགོག་བྱེད་ཀྱི་ཁྲིམས་ཡིག་གི་དོན་ཚན་དྲུག་པའི་ནང་གསེས་དང་པོའི་ནང་དུ།  དྲ་ཐོག་གི་ཆོས་ལུགས་བྱེད་སྒོ་སྤེལ་མཁན་གྱི་འབྲེལ་ཡོད་ཀྱི་ཚོགས་པ་དང་མི་སྒེར་སུ་་ཡིན་ཡང་འགན་ཁུར་བ་གཙོ་བོ་དེ་རྒྱ་ནག་སྐམ་སའི་ནང་རྟེན་གཞི་བྱས་ཡོད་པའི་རྒྱ་ནག་གི་མི་སེར་ཞིག་ཡིན་དགོས་བ་འཁོད་ཡོད་སྟབས། བོད་མི་ཞིག་གིས་དྲྭ་ཐོག་ནས་ཆོས་ལུགས་ཀྱི་བྱེད་སྒོ་གང་ཡང་སྤེལ་ཐབས་མེད་པ་དེ་རྒྱ་ནག་གིས་ཁྲིམས་སུ་བཅད་ནས་དབྱེ་འབྱེད་རང་བཞིན་གྱི་ཐོག་ནས་གཏན་འབེབས་བྱས་ཡོད་པ་ཡོངས་གྲགས་གནང་འདུག གཞ་རྩའི་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་དེ་མཁན་པོ་འཇིགས་མེད་ཕུན་ཚོགས་དམ་པ་དེ་ཉིད་ཀྱིས་ཕྱི་ལོ་ ༡༩༨༠ འི་ནང་ཕྱག་བཏབས་བ་དང་།  སློབ་གླིང་དེའི་ནང་ཕྱི་ལོ་ ༡༩༩༡ ཙམ་ལ་རྒྱ་རིགས་དད་ལྡན་ ༤༠ ཙམ་མ་གཏོགས་མེད་ཀྱང་རིམ་པས་ལྡབ་འགྱུར་གྱིས་འཕར་ནས་ཉེ་བའི་ལོ་ཤས་ནང་རྒྱ་ནག་གི་སྟངས་འཛིན་ཁྲོད་དེའི་ནང་རྒྱ་རིགས་དད་ལྡན་པ ༢༠༠༠ བར་ཡོད་པའི་ཁྲོད། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ལོ་ནས་སློབ་་གླིང་དེར་དམིགས་བསལ་གྱིས་སྡང་ཟུག་ཆེན་པོ་བྱས་ཏེ་གྲྭ་ཤག་མང་པོ་གཏོར་བཤིག་དང་གྲྭ་བཙུན་མང་པོ་ཕྱིར་ཕུད་བཏང་ཡོད་པ་རེད།

བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ནང་གི་བོད་ཡིག་གི་སྤྱོད་སྒོར་བློ་འཚབ་ཀྱི་ཞུ་སྐུལ་ལ་རྒྱ་ནག་གིས་འདྲི་རྩད།

བོད་ཀྱི་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ནང་གི་བོད་སྐད་ཡིག་བཀོད་སྤྱོད་ཀྱི་ཐད་ནས་བློ་འཚབ་རང་བཞིན་གྱི་ཞུ་སྐུལ་ཡི་གེ་ཞིག་སྤེལ་ཏེ། བོད་ཁུལ་གྱི་ལས་བྱེད་གསར་འདེམས་ཀྱི་ཁྲོད་དུ་བོད་སྐད་བོད་ཡིག་གི་རྒྱུགས་ཤོག་ངེས་བར་དུ་གཏན་འབེབས་དགོས་བའི་སྐུལ་མ་གནང་མ་ཟད། ཟླ་བ་ ༡ པོའི་ཚེས་ ༡༢ ཉིན་ཁོང་ཡུལ་ཤུལ་གྲོང་ཁྱེར་གྱི་གཙོ་འཛིན་ལས་ཁུངས་སུ་གནད་དོན་དེ་དང་འབྲེལ་ཞུ་སྐུལ་གྱི་ཆེད་དུ་བཅར་འདུག་ཀྱང་སྐབས་དེར་ཁོང་བཀག་འགོག་གིས་ལས་ཁུངས་སུ་འགྲོ་ཐུབ་མི་འདུག ཁོང་གིས་ཁ་སང་ཚེས་ ༡༨ ཉིན་སྤྱི་ཚོགས་དྲ་བ་ weibo ཐོག་གནས་བུལ་སྤེལ་བ་ལྟར་ན། ཁོང་ཡུལ་ཤུལ་ས་གནས་གཞུང་ལ་ཞུ་སྐུལ་ཆེད་བཅར་བའི་རྗེས་ཀྱི་ཚེས་ ༡༧ ཉིན། ཡུལ་ཤུལ་གྱི་རྫོང་ཉེན་རྟོག་པས་ཁོང་ཉེན་རྟོག་ལས་ཁུངས་སུ་འབོད་འགུག་གིས་ཆུ་ཚོད་གསུམ་ལྷག་ལ་འདྲི་གཅོད་བྱས་པའི་ཁྲོད། ཁོང་ལ་བོད་ཁུལ་གྱི་སྐད་ཡིག་ལ་སེམས་ཁུར་བྱེད་རྒྱུའི་འགན་དབང་དང་ཐོབ་ཐང་ཅི་ཡོད་སོགས་ཀྱི་ཟུར་ཟ་བྱས་འདུག་ཀྱང་ཁོང་གིས་རང་ཉིད་བོད་མི་ཞིག་ཡིན་ཕྱིན་དེང་སྐབས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་མང་པོ་རྩ་སྟོང་དུ་འགྱུར་བཞིན་པར་སེམས་ཁྲལ་ཡོད་པའི་ཐད་ནས་བོད་སྐད་བོད་ཡིག་ལ་བློ་འཚབ་ཡོད་པའི་ལན་འདེབས་བྱས་ཡོད་པ་འཁོད་འདུགརྩ་བའི་ཁོང་གི་བོད་སྐད་བོད་ཡིག་དང་འབྲེལ་བའི་ཞུ་སྐུལ་གྱི་ཡི་གེ་དེ་དོན་ཚན་གསུམ་དུ་དབྱེ་ཡོད་པའི་ཁྲོད། དང་པོ་བོད་རང་སྐྱོང་ལྗོངས་ཀྱི་མཚོན་པའི་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཁག་ཏུ་གོང་རིམ་གྱིས་འབྲེལ་ཡོད་སྡེ་ཁག་སོ་སོར་གཞུང་འབྲེལ་གྱི་ལས་བྱེད་བསྐོ་བཞག་བྱེད་སྐབས་བོད་སྐད་བོད་ཡིག་གི་རྒྱུགས་ལེན་གྱི་ཡོད་མིན་དང་འབྲེལ་ནས་དགོངས་ཚུལ་བརྗོད་ཡོད་པའི་ནང་དུ། འབྲེལ་ཡོད་ཀྱི་ཡིག་འབྲེལ་གྱི་རྒྱུ་ཆར་བོད་སྐད་བོད་ཡིག་བཀོལ་མིན། དེ་བཞིན་བོད་ཁུལ་གྱི་སློབ་གྲྭ་ཁག་གི་ནང་དུ་བོད་ཡིག་གི་སློབ་ཚན་གཅིག་རྐྱང་བ་མ་ཡིན་པར། བསླབ་གཞི་གཞན་དག་ཀྱང་བོད་སྐད་བོད་ཡིག་གི་ལམ་ནས་སློབ་ཁྲིད་གནང་ཐུབ་ཚེ་རང་ས་རང་ཡུལ་ནས་བོད་སྐད་ཡིག་སྲུང་སྐྱོབ་བྱེད་ཐུབ་པའི་ཐད་ནས་དགོངས་ཚུལ་བྲིས་གནང་འདུག དོན་ཚན་གཉིས་བའི་ནང་དུ། ཁོང་གིས་བོད་ཁུལ་གྱི་སློབ་མ་མང་པོ་ཞིག་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་ནས་སློབ་མཐར་སོན་རྒྱུའི་དམིགས་ཚད་དེ་གཞུང་ཞབས་སྡེ་ཁག་གང་ཞིག་ལ་རྒྱུགས་བླངས་ནས་རང་ཉིད་ཀྱི་རང་ཉིད་ཀྱི་དམིགས་འདུན་མངོན་འགྱུར་བྱེད་རྒྱུ་ཡིན་སྟབས། བོད་ཁུལ་གྱི་གཞུང་འབྲེལ་གྱི་ལས་བྱེད་ས་མིག་ཁག་ཏུ་བོད་ཡིག་གི་རྒྱུགས་གཞི་མེད་སོང་བ་ཡིན་ན། རང་བཞིན་གྱིས་བོད་ཁུལ་གྱི་སློབ་མ་རྣམས་ཀྱིས་བོད་སྐད་བོད་ཡིག་སློབ་སྦྱོང་གི་འདུན་པ་དེ་དོར་འགྲོ་བ་ཡིན་དུས། ངེས་བར་དུ་བོད་ཁུལ་གྱི་གཞུང་འབྲེལ་སྡེ་ཁག་སོ་སོའི་ཐོག་མའི་ཡིག་རྒྱུགས་ཀྱི་ཆ་རྐྱེན་ནང་དུ་བོད་ཡིག་གི་རྒྱུགས་ལེན་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་འབྲེལ་ནས། ད་ལྟའི་ཆར་བོད་རིགས་སློབ་མ་མང་པོ་ཞིག་གིས་སློབ་ཆེན་གྱི་གོམ་པ་དང་པོ་ནས་བོད་སྐད་བོད་ཡིག་དང་ཁ་ཐག་རིང་དུ་འགྲོ་བཞིན་པའི་ཁྲོད་བོད་སྐད་བོད་ཡིག་གི་གནས་བབ་ཆེས་ཉམས་དམས་སུ་འགྲོ་བཞིན་པ་མངོན་གསལ་གནང་འདུག དེ་བཞིན་དོན་ཚན་གསུམ་པའི་ནང་དུ། ཁོང་གིས་དེང་སྐབས་བོད་ཁུལ་གྱི་གཞུང་འབྲེལ་གྱི་སྡེ་ཁག་སོ་སོའི་ནང་དུ། གཞོན་སྐྱེས་ལས་བྱེད་རྣམས་ཀྱི་གཙོ་བྱས་པའི་ལོ་ན་བཞི་བཅུ་ལོན་པའི་ལས་བྱེད་ཀྱི་ནང་དུ་ཡང་བོད་སྐད་བོད་ཡིག་མི་ཤེས་བའི་ལས་བྱེད་ཀྱི་སྣང་བརྙན་མང་དུ་སོང་ཡོད་པར་བློ་འཚབ་དང་སྦྲགས། དེ་ལྟ་བུའི་གོང་རིམ་གྱི་དཔོན་རིགས་ཀྱི་བྱ་སྤྱོད་དེ་ཡིས་བོད་ཁུལ་གྱི་བོད་སྐད་བོད་ཡིག་གི་གནས་བབ་ཆེས་ཉམས་དམས་སུ་གཏོང་བཞིན་པ་ཞིག་ཡིན་པ་མངོན་གསལ་གྱིས། ཁོང་གི་ཕ་ཡུལ་ཡུལ་ཤུལ་ལྟ་བུར་མཚོན་ན་ཡང་། དམའ་རིམ་གྱི་སློབ་གྲྭ་ཁག་གི་ནང་དུ་བོད་སྐད་ཡིག་གི་འཛིན་གྲྭ་གཅིག་མ་གཏོགས། དེ་མིན་གྱི་བསླབ་གཞི་ཡོད་ཚད་རྒྱ་སྐད་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་བཞིན་པར་བརྟེན་བོད་སྐད་བོད་ཡིག་སྲུང་སྐྱོབ་བྱེད་པའི་ནུས་བ་ཐོན་མེད་པར་འགྲེལ་བརྗོད་དང་སྦྲགས། དེང་སྐབས་སློབ་གྲྭ་ལ་ལ་རུ་བོད་རིགས་སློབ་མ་ཁག་ཅིག་དབྱིན་ཡིག་འཛིན་གྲྭ་རུ་ཆ་བགོས་བྱས་ཡོད་སྟབས་བོད་སྐད་བོད་ཡིག་རྩ་བ་ནས་སྦྱོང་གི་མེད་པར་བློ་འཚབ་དང་དང་བཅས། འདི་ལྟ་བུའི་སྣང་བརྙན་དེ་ད་དུང་མི་མཐུད་དུ་མཇུག་སྐྱོང་བྱས་པ་ཡིན་ན་མ་འོངས་བའི་ལོ་བཅུ་ཕྲག་གཅིག་གི་རྗེས་སུ་བོད་ཁུལ་ནས་བོད་སྐད་བོད་ཡིག་གི་གནས་བབ་ཆེས་ཛ་དྲག་རང་བཞིན་གྱི་ངོ་བོར་འགྱུར་རྒྱུ་ཡིན་པར་གསུངས་ཏེ། བོད་ཁུལ་གྱི་ལས་བྱེད་གསར་འདེམས་ཀྱི་སྔོན་འགྲོའི་ཆ་རྐྱེན་དུ་བོད་སྐད་བོད་ཡིག་གི་རྒྱུགས་ཤོག་གཏན་འབེབས་བྱེད་དགོས་བ་དང་། དེ་བཞིན། བོད་རིགས་སློབ་མ་རྣམས་ཀྱིས་དུས་རྒྱུན་ནས་བོད་སྐད་བོད་ཡིག་ལ་གཙིག་འཛིན་བྱེད་དགོས་བའི་ཐད་ནས་དགོངས་ཚུལ་ལྷུག་བརྗོད་ཀྱིས་ཞུ་སྐུལ་གནང་འདུག རྩ་བའི་ཁམས་ཡུལ་ཤུལ་ནས་ཡིན་པའི་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཡིག་བོད་སྐད་ཀྱི་ཐོབ་ཐང་དང་འབྲེལ་རྒྱ་ནག་གཞུང་ལ་ཞུ་གཏུག་ལན་མང་གནང་བ་མ་ཟད་ New York Times གསར་ཁང་ལ་གནད་དོན་དེའི་སྐོར་གསུངས་པར་བརྟེན་རྒྱ་གཞུང་གིས་ཁོང་ཐོག་མར་ཕྱི་ལོ་ ༢༠༡༦ ཟླ་ ༡ པོའི་ནང་འཛིན་བཟུང་དང་དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ཀུན་སློང་སྤེལ་བའི་ཉེས་མིང་འོག་ལོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་ལྟར། ཕྱི་ལོ་ ༢༠༢༡ ལོའི་ལོ་འགོར་བཙོན་འཇུག་གི་ལོ་དུས་རྫོགས་ནས་ཕྱིར་རང་ཁྱིམ་དུ་ཕྱིར་ལོག་གནང་ཡོད་ཀྱང་། ཁོང་ཉིད་ད་དུང་ཡང་རྒྱ་ནག་གི་ལྟ་རྟོག་འོག་ཡོད་པའི་གནས་ཚུལ་ཕྱི་ལ་ཐོན་པ་ཙམ་ལས། ཁོང་གིས་ད་ལྟའི་ཆར་ལས་རིགས་ཅི་ཞིག་གཉེར་བཞིན་པ་སོགས་ཤེས་རྟོགས་ཐུབ་མེད་ཀྱང་། སྔར་ལོར་ཁོང་གིས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་བྱ་བ་ཞིག་གཉེར་འདོད་ཡོད་པར་བརྗོད་པའི་གནས་ཚུལ་ཞིག་སྤྱི་ཚོགས་དྲ་ལམ་དུ་ཐོན་ཡོད། རྩ་བའི་རྒྱ་ནག་གིས་འདས་བའི་ལོ་འགིའི་རིང་ནས་སྐད་ཡིག་རྒྱ་བསྒྱུར་གྱི་ལས་འགུལ་སྤེལ་མུས་ཡིན་པ་ལྟར། ད་ཆ་ཕྱི་ལོ་ ༢༠༣༥ བར་རྒྱ་ནག་སྤྱི་ཡོངས་དང་རྒྱ་ནག་གི་དབང་སྒྱུར་འོག་གི་གྲངས་ཉུང་མི་རིགས་ས་ཁུལ་གང་སར་རྒྱ་སྐད་རྒྱ་ཡིག་གི་སྤྱི་སྐད་ཀྱི་སྤྱོད་སྒོ་འཐུས་ཚང་བྱེད་རྒྱུ་ཡིན་པར་རྒྱ་ནག་དབུས་གཞུང་གིས་ཕྱིར་བསྒྲགས་བྱས་ཡོད་པ་མ་ཟད། སྔར་ལོ་བོད་ནང་དུ་སེང་འབྲུག་སྟག་རྩེ་སོགས་ཀྱི་མཚོན་པའི་བོད་སྐད་བོད་ཡིག་གཙོར་བཟུང་གི་སློབ་གྲྭ་ཁག་ཅིག་དངོས་སུ་སྒོ་རྒྱབ་པ་མ་ཟད། བོད་པའི་ཤེས་ཡོན་པའི་སྡེ་གྲལ་གྱི་བོད་སྐད་ཡིག་ཆེད་གཉེར་གྱི་རྩོམ་པ་པོ་མང་པོ་ཞིག་ཀྱང་འཛིན་བཟུང་བཀག་སྐིལ་བྱས་ཏེ་སྐད་ཡིག་རྒྱ་བསྒྱུར་གྱི་སྲིད་བྱུས་དངོས་སུ་ལག་བསྟར་བྱེད་མུས་ཡིན་པ་རེད།

Latest news