Tibetan Royal Year of 2151 | Year of the Wood Dragon

བོད།

རིམས་ནད་ཀྱི་ཁྲོད་དུ་རྒྱ་ནག་གིས་བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པ།

རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་ཆེས་ཆེར་ཁྱབ་བརྡལ་འགྲོ་བཞིན་པའི་དུས་སྐབས་སུ་རྒྱ་ནག་གིས་བོད་ཁུལ་གྱི་ས་ཁུལ་ཁག་ཏུ་ཆེད་བསྐྱོད་ཀྱིས་མི་མང་གི་ཆོས་ལུགས་དད་མོས་རང་དབང་ལ་རྡོག་རོལ་གྱིས་གྲྭ་མང་ལ་གཅར་བརྡུང་དང་གྲྭ་ཤག་མང་པོ་གཏོར་བཤིག་གཏོང་བཞིན་པའི་གནས་ཚུལ་ཐོན་འདུགདེ་རིང་བོད་གནད་ཉམས་ཞིབ་པ་ལྕམ་སྐུ་ kate saunders ལགས་ཀྱིས་ The Diplomat དུས་དེབ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་ཟླ་ ༤ ཚེས་ ༡ ཉིན་རྒྱ་ནག་དམར་ཤོག་གི་གཞུང་འབྲེལ་གྱི་མི་སྣ་ཁམས་སྨར་ཁམས་ཀྱི་དགོན་གྲོང་དུ་སླེབས་ནས་ཁུལ་དེར་ས་གནས་མི་མང་གིས་བོད་ལུགས་ཀྱི་སྲོལ་རྒྱུན་གྱི་བཟོ་དབྱིབས་ཅན་གྱི་གྲྭ་ཤག་བཅུ་དྲུག་ཙམ་ཞིག་འཛུགས་སྐྲུན་གནང་བཞིན་པར་གཏོར་བཤིག་བཏང་བ་མ་ཟད་སྨར་ཁམས་དགོན་གྱི་མཁན་པོ་ལགས་ཀྱིས་གྲྭ་ཤག་གཏོར་བཤིག་མི་གཏོང་བར་རེ་སྐུལ་ཞུས་པའི་སྐབས་རྒྱ་ནག་གིས་ཁོང་ལ་གཅར་བརྡུང་བཏང་བ་དང་གྲྭ་བ་གཞན་ལ་ཡང་བཙོན་འཇུག་བྱེད་རྒྱུའི་འཇིགས་སྐུལ་བཏང་སྟེ་གྲྭ་མང་དགོན་པ་ནས་ཕྱིར་ཕུད་བཏང་ཡོད་སྟབས་ད་ཆ་དགོན་པ་སྟོང་པ་ཆགས་ཡོད་པར་འཁོད་འདུག རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་རིམས་ནད་གང་སར་ཁྱབ་བརྡལ་འབྱུང་བཞིན་པ་དང་བསྟུན་བོད་ཁུལ་དུ་ཕྱི་ལོགས་སུ་འབྲེལ་འདྲེས་བྱེད་རྒྱུར་སྔར་ལྷག་དམ་དྲག་ཇེ་ཆེར་བཏང་ཡོད་པ་དང་འབྲེལ་སྨར་ཁམས་ཁུལ་དང་རྒྱ་ནག་གིས་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཁུལ་དུ་དགོན་པ་མང་པོ་ནས་གྲྭ་མང་བཙན་ཤེད་ཀྱིས་ཕྱིར་ཕུད་གཏོང་གི་ཡོད་པ་མ་ཟད། དགོན་པ་རེ་རེ་ནས་གྲྭ་གྲངས་ཉི་ཤུ་ལས་མང་བ་བསྡད་མི་ཆོག་པ་བཟོས་ཡོད་ཀྱང་། བོད་ཁུལ་བཀག་སྡོམ་རྐྱེན་གྱིས་དགོན་པ་དེ་དག་གི་གནས་ཚུལ་དངོས་ལ་རྒྱུས་ལོན་བྱེད་ཐབས་མེད་པར་ལུང་འདྲེན་གྱིས་དགོན་གྲོང་ནས་ཕྱིར་ཕུད་བཏང་བའི་གྲྭ་མང་རྣམས་རྒྱ་ནག་གི་ཤེས་ཡོན་བསྐྱར་སྤེལ་ཟེར་བའི་བཀག་སྐྱིལ་ཁང་དུ་བཅུག་ཡོད་པར་འཁོད་འདུག ལྕམ་སྐུ་ Saunders ལགས་ཀྱིས་སྨར་ཁམས་དགོན་པ་ཆགས་ས་ཆབ་མདོ་ཁུལ་ནི་ད་ཆ་རྒྱ་ནག་གིས་བླ་རུང་སྒར་དང་ཡ་ཆེན་སྒར་ནས་ཕྱིར་ཕུད་བཏང་བའི་གྲྭ་མང་བཀག་སྐྱིལ་བྱས་ཏེ་ཤེས་ཡོན་བསྐྱར་སྤེལ་ཞེས་པའི་ལས་གཞི་ལག་བསྟར་བྱེད་སའི་ལྟེ་གནས་ཤིག་ཏུ་བསྒྱུར་ཟིན་པ་མ་ཟད། ད་ལྟའི་ཆར་ཁུལ་དེར་བཀག་སྐྱིལ་བྱས་པའི་གྲྭ་བཙུན་རྣམས་ལ་སྡུག་སྦྱོང་མནར་གཅོད་ཆེས་ཆེར་གཏོང་བཞིན་ཡོད་པ་མ་ཟད་རྒྱ་ནག་གིས་ཀྱང་ཁུལ་དེ་ནི་བོད་ཁུལ་གྱི་ཁ་བྲལ་གདོང་ལེན་གྱི་ལྟེ་གནས་ཤིག་ཡིན་པར་བརྗོད་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་ཤིན་ཅང་ནང་གི་ཡུ་གུར་མི་རིགས་ས་ཡ་རྒལ་བ་དོ་དམ་གྱི་ལས་འགུལ་མ་སྤེལ་གོང་དུ་བོད་དེ་བཞིན་དེ་ལྟ་བུའི་དྲག་གནོན་གྱི་ཐབས་ལམ་འདྲ་མིན་ཚོད་ལྟ་བྱེད་ས་ཞིག་ཏུ་བེད་སྤྱོད་ཟིན་པ་དང་། ད་ཆ་ཏོག་དབྱིབས་རིམས་ནད་ཁྱབ་འདལ་གྱི་དུས་སྐབས་དེའི་ཁྲོད་ཐབས་ལམ་དེ་དག་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་གསུངས་འདུགདེའང་དེ་སྔ་བོད་མི་རྣམས་ཀྱི་འགྲུལ་བསྐྱོད་ལ་ཚོད་འཛིན་བྱ་རྒྱུའི་ཁ་པར་གྱི་མཉེན་ཆས་རྣམས་ད་ཆ་རིམས་ནད་ཁྱབ་བརྡལ་ཁྲོད་ཕན་ཚུན་འབྲེལ་ལམ་ལ་ཚོད་འཛིན་ཆེད་བེད་སྤྱོད་བྱེད་བཞིན་པ་དང་ལྷག་པར་བོད་ནང་དུ་ཏོག་དབྱིབས་རིམ་ནད་ཁྱབ་ཆེ་ཤོས་བྱུང་ས་ཁམས་རྟའུ་ཁུལ་དུ་དམིགས་བསལ་བེད་སྤྱོད་བྱས་ཡོད་པ་གསུངས་འདུག རྒྱ་ནག་གིས་རིམས་ནད་ཐོག་མར་ཁྱབ་བརྡལ་བྱུང་སའི་ལྟེ་གནས་ཝུ་ཧན་གྲོང་ཁྱེར་གྱི་མི་མང་ལ་བཙན་ཤེད་ཀྱིས་དམར་ཤོག་སྲིད་གཞུང་བཀའ་དྲིན་ཆེན་པོ་ཡིན་པར་བལྟ་དགོས་པར་བརྗོད་བཞིན་པ་ལྟར་ད་ཆ་བོད་ཁུལ་གྱི་སློབ་མ་རྣམས་ཀྱང་ཐེམ་སྤང་གི་བཀག་རྒྱ་ལས་གྲོལ་ཏེ་སློབ་ཞུགས་བྱས་མ་ཐག་རྒྱ་ནག་གིས་བོད་རིགས་སློབ་མ་རྣམས་ལ་རྒྱ་ནག་སྲིད་གཞུང་ལ་དགའ་མོས་བྱེད་དགོས་པ་དང་དམར་ཤོག་སྲིད་གཞུང་ལ་བློ་སེམས་དཀར་དགོས་པའི་སྐུལ་སློང་བྱེད་ཀྱི་ཡོད་པ་ཡོངས་གྲངས་ཀྱིས་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་བོད་ཁུལ་དུ་རང་ལུས་མེར་སྲེག་གི་གནད་དོན་དེ་དབུ་ཚུགས་པ་དང་བསྟུན་རྒྱ་ནག་གིས་ཨ་མདོ་རྔ་བ་ཁུལ་དུ་བོད་ཀྱི་སྐད་ཡིག་གི་སློབ་ཚན་གྱི་བསླབ་གཞི་མེད་པར་བཟོས་ནས་ཆེད་དུ་རྒྱའི་སྐད་ཡིག་གི་སློབ་ཁྲིད་ལག་བསྟར་ཤུགས་ཆེན་པོ་བྱེད་བཞིན་པ་ཡང་ཡོངས་གྲགས་གནང་བ་དང་ལྷན་དུ་རིམས་ནད་དང་འབྲེལ་ནས་རྒྱ་ནག་གིས་བོད་ཁུལ་དུ་སྤྱི་ཚོགས་བརྟན་ལྷིང་ཁ་ལ་ཁྱེར་ནས་བོད་མི་རྣམས་ལ་དམ་དྲག་བྱེད་རྒྱུའི་ལས་གཞི་ཤུགས་ཆེ་རུ་བཏང་ཡོད་པ་ཡོངས་གྲགས་གནང་འདུགལྕམ་སྐུ་མཆོག་གིས་ད་དུང་བོད་ཁུལ་དུ་རིམས་ནད་དང་འབྲེལ་ནས་བཀག་སྡོམ་ཤུགས་ཆེར་བཏང་བའི་དཔེ་མཚོན་གཅིག་ནི་རྒྱ་ནག་སྲིད་གཞུང་གིས་བོད་ཁུལ་གྱི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་སུ་སྲིད་གཞུང་གིས་བཀའ་རྒྱ་བཏང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཧོང་ཀོང་། དེ་བཞིན་ཏོག་དབྱིབས་རིམས་ནད་སོགས་ཀྱི་སྐོར་ལ་བཀའ་མོལ་གང་ཡང་གནང་མི་ཆོག་པའི་བཙན་བཤད་བཏང་ཡོད་པ་དང་། ཚེ་རིང་འོད་ཟེར་ལགས་ཀྱིས་རྒྱ་ནག་ལ་མཚོན་ན་སྨྲ་བརྗོད་ཀྱི་རང་དབང་སྔོན་འགོག་བྱེད་རྒྱུ་ནི་རིམས་ནད་སྔོན་འགོག་བྱེད་རྒྱུ་ལས་གལ་ཆེ་བར་ངོས་འཛིན་བཞིན་པར་ཡོངས་གྲགས་གནང་འདུག

བོད་ལྷོ་ཁ་ཁུལ་གྱི་དགོན་པ་ཆེ་ཁག་གཉིས་སླར་སྒོ་རྒྱག་དགོས་པའི་བཀའ་རྒྱ་བཏང་བ།

རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དུ་ད་ཆ་ཏོག་དབྱིབས་རིམས་ནད་ཕོག་པའི་མི་གཅིག་ཀྱང་མེད་སྐོར་དང་རྒྱ་ནག་ཁྱོན་ཡོངས་སུ་རིམས་ནད་འགོག་སྲུང་གང་ལེགས་བྱས་ཡོད་ཚུལ་སོགས་འགྲེལ་བརྗོད་བྱས་ཏེ་བོད་ཀྱི་དགོན་སྡེ་གྲྭ་ཚང་དང་ཚོང་གི་ལྟེ་གནས་ཁག་རིམ་བཞིན་སྒོ་ཕྱེ་རྒྱུ་ཡིན་སྐོར་བཤད་ཡོད། འོན་ཀྱང་བོད་ལྷོ་ཁ་ཁུལ་དུ་ཆགས་པའི་བསམ་ཡས་དགོན་པ་དང་བཀའ་བརྒྱུད་ཀྱི་ཆོས་སྡེ་ཆེན་པོ་གཡའ་བཟང་དགོན་པ་གཉིས་སླར་སྒོ་རྒྱག་དགོས་པའི་བཀའ་རྒྱ་བཏང་འདུགཟླ་བ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ནས་ལྷ་ས་གྲོང་ཁྱེར་དང་ཐག་རིང་གི་དགོན་པ་དང་ལྷ་ཁང་གྲངས་ ༢༤༡ ཕྱི་ཟླ་ ༣ ཚེས་ ༣༡ ནས་སྒོ་ཕྱེ་རྒྱུ་ཡིན་པ་ཡོངས་གྲགས་བྱས་ཡོད་པ་དེ་ལྟར་ཡང་། ཟླ་བ་འདིའི་ཚེས་ ༡༤ དང་ ༡༥ སོ་སོར་བསམ་ཡས་དང་གཡའ་བཟང་དགོན་པའི་ལས་ཤོག་ཐོག་ཏུ་གོང་རིམ་གྱི་བརྡ་ཐོ་དང་ཏོག་དབྱིབས་ནད་རིམས་འགོག་བཅོས་ཀྱི་ལས་ཀའི་དགོས་མཁོར་དམིགས་ནས་བསམ་ཡས་དགོན་པ་ཕྱི་ཟླ་ ༤ ཚེས་ ༡༤ ནས་སྒོ་རྒྱག་རྒྱུ་དང་དེ་བཞིན་གཡའ་བཟང་དགོན་པ་ཚེས་ ༡༥ ནས་སྒོ་རྒྱག་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུགགསལ་བསྒྲགས་དེའི་ནང་བོད་པའི་དགོན་པ་དེ་གཉིས་སླར་སྒོ་རྒྱག་དགོས་པའི་ཞིབ་ཕྲའི་རྒྱུ་མཚན་དང་དུས་ཚོད་ནམ་ཞིག་གི་བར་སྒོ་རྒྱག་རྒྱུ་ཡིན་པ་སོགས་ཁ་གསལ་གང་ཡང་བཀོད་མེད་པ་དང་། བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་ཐོན་ཁག་ལ་གཞིགས་ན་ས་གནས་བོད་མི་ཚོས་ཐེངས་འདིའི་གོང་རིམ་གྱི་བཀའ་རྒྱ་དེ་ཏོག་དབྱིབས་རིམས་ནད་ལ་ཁག་དཀྲི་པ་ཞིག་ཡིན་ཀྱང་དོན་དངོས་སུ་རྒྱུ་རྐྱེན་གཞན་ཞིག་ཡོད་སྲིད་པར་ཚོད་དཔག་གནང་གི་འདུགགཞི་རྩའི་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་ལྷན་ཁང་གི་བརྡ་ཁྱབ་ལྟར་བྱས་ན་ཁུལ་དེར་ད་བར་རིམས་ནད་ཕོག་པ་གཅིག་བྱུང་བ་དེ་དྲག་སྐྱེད་བྱུང་ཡོད་པ་དང་། ད་ལྟའི་ཆར་རིམས་ནད་ཕོག་པ་དང་ནད་རྟགས་ཡོད་པའི་མི་གཅིག་ཀྱང་མེད་སྐོར་བརྗོད་འདུག་ཀྱང་། རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། ལྷག་པར་དུ་འཕྲོད་བསྟེན་དཔྱད་ཞིབ་པ་མང་དག་ཅིག་གིས་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་ཕོག་པ་དང་འདས་གྲོངས་སུ་གྱུར་བ་སོགས་དང་འབྲེལ་བའི་གྲངས་ཐོའི་ཐོག་སྦས་བསྐུངས་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་མུས་ཡིན་པ་རེད།  

རྒྱ་ནག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་གཏོར་གཏོང་བཞིན་པར་སྐྱོན་བརྗོད།

ཁ་སང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་རྒྱ་ནག་ཐོག་གི་འགན་འཛིན་ Sophie Richardson ལགས་ཀྱིས་ད་ཆ་རྒྱ་ནག་གིས་བོད་མི་རྣམས་ཀྱིས་ཕ་སྐད་སློབ་གསོ་ཐད་ནས་གླེང་མོལ་བྱས་ན་ཆབ་སྲིད་ཀྱི་ནག་ཉེས་ཡིན་ལུགས་ཀྱིས་བཀག་སྡོམ་བྱེད་ཀྱི་ཡོད་པ་ཡོངས་གྲགས་ཀྱིས་ཕྱི་ལོག་གི་སྲིད་གཞུང་རྣམས་ཀྱིས་པེ་ཅིང་སྲིད་གཞུང་ལ་གནོན་ཤུགས་སྤྲད་དེ་བོད་མིར་དྲག་གནོན་བྱེད་མཚམས་འཇོག་ཏུ་མ་བཅུག་པ་ཡིན་ན་བོད་མི་རྣམས་ཀྱིས་རང་གི་ཆོས་དང་རིག་གཞུང་གཙོས་པའི་མི་རིགས་ཀྱི་ངོ་བོ་བརླག་ཉེན་ཡོད་པར་མངོན་གསལ་གནང་འདུགཁོང་གི་དཔྱད་རྩོམ་དེའི་ནང་དུ་ལོ་གཅིག་གི་སྔོན་ལ་རྒྱ་ནག་གིས་བོད་སྟོད་ཕྱོགས་ཀྱི་ཚེ་རིང་རྡོ་རྗེ་ལགས་འཛིན་བཟུང་གིས་ཟླ་བ་གཅིག་རིང་བཀག་སྐྱིལ་བྱས་པ་མ་ཟད་ཁོང་ལ་འདྲི་གཅོད་སྣ་མང་དང་གཅར་རྡུང་རིམ་པ་བཏང་ཡོད་ལུགས་ཡོངས་གྲགས་གནང་སྟེ་རྡོ་རྗེ་ལགས་འཛིན་བཟུང་བྱེད་དོན་ནི་ཕྱི་ལོག་ཏུ་ཡོད་པའི་ཁོང་གི་ཕུ་བོ་དང་མཉམ་དུ་བྱིས་པ་རྣམས་ལ་བོད་སྐད་བོད་ཡིག་སློབ་ཁྲིད་བྱེད་དགོས་པའི་ཁ་བརྡ་བྱས་པ་དེ་ཡིན་ལུགས་ངོ་སྤྲོད་ཀྱིས་སྲིད་གཞུང་གིས་ཁོང་གི་ནང་མི་རྣམས་ལ་བོད་སྐད་བོད་ཡིག་སློབ་ཁྲིད་དང་འབྲེལ་བའི་ཁ་བརྡ་བྱེད་ཚེ་ཆབ་སྲིད་ཀྱི་ཐོག་ནས་ནག་ཉེས་ཤིག་ཡིན་པར་ངོ་སྤྲད་བྱས་ཡོད་པར་འཁོད་འདུགགཞན་ཡང་ཁོག་གིས་བོད་ནང་ལོ་རབས་དྲུག་ཅུ་ནས་བཟུང་སློབ་ཆུང་དང་སློབ་ཆེན་གྱི་གཙོ་རྒྱུགས་ཀྱི་སྐད་ཡིག་ནི་རྒྱ་ཡིག་ཡིན་པར་མངོན་གསལ་གནང་བ་དང་འབྲེལ་ཏེ་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གིས་ཉམས་ཞིབ་གནང་བར་གཞིགས་ན་འདས་པའི་ལོ་བཅུ་ཕྲག་གཅིག་གི་ནང་རྒྱ་ནག་གིས་བོད་ཁུལ་གྱི་སློབ་ཆུང་དང་སྔོན་འགྲོ་སློབ་གྲྭ་མང་པོར་རྒྱ་ཡིག་དང་རྒྱ་སྐད་གཙོ་བོར་སློབ་བཞིན་ཡོད་པ་ཡོངས་གྲགས་གནང་བ་དང་ལྷན་འདི་ལྟ་བུའི་སྣང་བརྙན་འདི་ནི་ད་ཆ་བོད་ཁུལ་གྱི་གྲོང་སྡེ་ཡོངས་སུ་གཅིག་གྱུར་གྱིས་ལག་བསྟར་བྱེད་བཞིན་པའི་སྒྲིག་སྲོལ་ཞིག་ཡིན་པ་མ་ཟད། རིམ་བཞིན་བོད་ཁུལ་གྱི་གྲོང་གསེབ་ཁག་ཏུ་ཡང་ཁྱབ་བརྡལ་འགྲོ་བཞིན་ཡོད་པར་གསུངས་འདུགད་ཆ་ཕྱི་ལོག་ཏུ་རྒྱ་ནག་གིས་གྲངས་ཉུང་མི་རིགས་དང་ཆོས་ལུགས་ཀྱི་གྲངས་ཉུང་ས་ཁུལ་ཁག་ཏུ་གདུག་རྩུབ་ཀྱིས་བྱ་འགུལ་སྤེལ་གྱི་ཡོད་པ་གསལ་པོ་ཆགས་ཡོད་པ་ལུང་འདྲེན་གྱིས་ཤིན་ཅང་ས་ཁུལ་དུ་མི་ས་ཡ་གཅིག་ཙམ་བཀག་སྐྱིལ་བྱས་ཏེ་སློབ་གསོ་བཅོས་བསྒྱུར་ཁང་ཞེས་པར་མནར་གཅོད་གཏོང་གི་ཡོད་པ་ཡོངས་གྲགས་གནང་བ་མ་ཟད། བཀག་སྐྱིལ་ཁང་དུ་རྒྱ་སྐད་དང་རྒྱ་ཡིག་སྦྱོང་དགོས་པའི་བཙན་བཀའ་བཏང་སྟེ་མི་མང་གིས་སྲིད་གཞུང་གི་དབང་ཤུགས་ཡུ་གུར་བའི་སྲོལ་རྒྱུན་གྱི་རིག་གཞུང་རྩ་བརླག་གཏོང་དུ་འཇུག་གི་ཡོད་པ་ཕྱིར་བསྒྲགས་གནང་བ་དང་སྦྲགས། རྒྱ་ནག་གིས་བོད་དང་ཤིན་ཅང་གཉིས་ཀྱིས་གཙོས་པའི་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་སྐད་གཉིས་སློབ་གསོ་ཞེས་པ་འོས་སྦྱོར་གྱིས་བོད་ཁུལ་དུ་བོད་སྐད་དང་བོད་ཡིག་མི་ཤེས་བའི་རྒྱ་ནག་གི་དགེ་རྒན་མང་པོ་ནང་འདྲེན་བྱེད་བཞིན་པ། དེ་བཞིན་བོད་རིགས་སློབ་མ་རྣམས་རྒྱ་རིགས་ཀྱི་སློབ་རྣམས་དང་བསྲེས་སྦྱོར་བྱེད་བཞིན་པ། བོད་ཀྱི་སློབ་མ་རྣམས་བོད་སྐད་བོད་ཡིག་ཤུགས་ཆེར་སྤྱོད་བཞིན་པའི་ས་ཁུལ་དུ་གཏོང་གི་མེད་པ་མ་ཟད་རང་གི་ཕ་དང་གཉེན་ཉེ་རྣམས་ལ་འབྲེལ་འདྲེས་བྱེད་མཚམས་ཀྱང་ཉུང་དུ་གཏོང་གི་ཡོད་པ་སོགས་ཀྱིས་ཕྱོགས་ཡོངས་ནས་རྒྱ་སྐད་དང་རྒྱ་ཡིག་གཙོར་འཛིན་གྱི་ཁོར་ཡུག་སྐྲུན་གྱི་ཡོད་པར་བསྒྲགས་འདུགདེ་བཞིན་ཁོང་གིས་རྒྱ་ནག་གི་དཔོན་རིགས་རྣམས་ཀྱིས་བོད་ཁུལ་གྱི་བརྟན་ལྷིང་ནི་གྲངས་ཉུང་མི་རིགས་བསྲེས་སྦྱོར་དང་བོད་མི་རྣམས་ཀྱིས་སྲིད་གཞུང་ལ་བློ་སེམས་དཀར་བའི་ངོ་བོ་སོགས་བརྒྱུད་ནས་ཡོང་དགོས་པ་ཞིག་ལས་སོ་སོའི་ཤེས་རིག་དང་རིག་གཞུང་གི་ཐོབ་ཐང་སོགས་ནས་བརྒྱུད་སྤེལ་བྱེད་ཐུབ་པ་ཞིག་མིན་པར་འཁོད་པ་དང་ལྷན་ད་ཆ་བོད་ཁུལ་རྒྱ་ནག་གི་ཤེས་ཡོན་སྲིད་བྱུས་ཀྱི་འོག་ནས་བོད་རིགས་མི་རབས་གསར་པ་རྣམས་ཀྱིས་བོད་སྐད་དང་བོད་ཡིག་གི་ཤེས་ཚད་མདའ་རུ་འགྱུར་བཞིན་པ་མ་ཟད་སྲིད་གཞུང་གིས་གཞོན་སྐྱེས་རྣམས་ལ་སྲིད་གཞུང་གི་བཀའ་རྒྱའི་འོག་ནས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་སྟབས། ས་གནས་ཀྱི་བོད་མི་རྣམས་ཀྱིས་སྤྱི་ཚོགས་ཀྱི་སྣང་བརྙན་དེར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་གནང་འདུག རྩ་བའི་བོད་མི་རྣམས་ཀྱིས་རྒྱ་ནག་གི་ཆབ་སྲིད་རང་བཞིན་གྱི་བྱེད་བབ་དེར་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད་མཚོ་སྔོན་ཁུལ་གཙོས་པའི་བོད་ཁུལ་གྱི་ས་ཆ་མང་པོར་རྒྱ་ནག་གི་སྐད་གཉིས་ཀྱི་སློབ་གསོ་བཅོས་བསྒྱུར་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ནའང་། རྒྱ་ནག་གིས་དེར་བཙན་ཤེད་ཀྱིས་ལག་བསྟར་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་ཀྱིས་བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱང་འཛིན་བཟུང་བྱས་ཡོད་ལུགས་ངོ་སྤྲོད་གནང་བ་དང་མཉམ་དུ་ཕྱི་ལོ་ ༢༠༡༠ ལོར་རྒྱ་ནག་སྲིད་གཞུང་གིས་བོད་ཁུལ་དུ་བོད་ཀྱི་སྐད་ཡིག་ཁྱབ་སྤེལ་གྱི་ཚོགས་པ་བཙུགས་པ་ཡིན་ན་ནག་ཚོགས་རྩ་འཛུགས་བྱས་ཡོད་པར་ངོས་འཛིན་ཞུ་རྒྱུ་ཡིན་པར་བསྒྲགས་ཡོད་པ་ཕྱིར་བསྒྲགས་གནང་བ་དང་ལྷན་ད་ཆ་ཕྱི་ཕྱོགས་ཀྱི་སྲིད་གཞུང་རྣམས་ཀྱིས་རྒྱ་ནག་ལ་གནོད་ཤུགས་སྤྲད་དེ་བོད་མི་རྣམས་ཀྱིས་རང་ས་ནས་རང་གི་སྐད་ཡིག་དང་ངོ་བོ་སྲུང་སྐྱོབ་བྱེད་ཐུབ་པའི་གནས་འབབ་ལ་བརྩོན་གནང་དགོས་པའི་སྐུལ་མ་གནང་འདུག  

༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་ཐོག་སྦེལ་ཇམ་གཞུང་གིས་རྒྱ་ནག་ལ་བརྡ་ལན་ནན་པོ་སྤྲོད་དགོས།

རིང་མིན་ཟླ་ ༤ ཕྱི་ཚེས་ ༢༥ ཉིན་རྒྱ་གཞུང་གི་བཙོན་འཇུག་འོག་གར་སོང་ཆ་མེད་དུ་གྱུར་བའི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༡ ལ་ཕེབས་ཀྱི་ཡོད་པ་དང་བསྟུན་སྦེལ་ཇམ་དབུས་གྲོས་ཚོགས་འོག་མིའི་འཐུས་མི་དང་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Samuel Cogolati མཆོག་གིས་སྦེལ་ཇམ་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གཞུང་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ཆ་རྐྱེན་ཅི་ཡང་མེད་པར་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་དགོས་ཞེས་གསུངས་འདུགཉེ་ཆར་ཟླ་ ༤ ཚེས་ ༨ ཉིན་སྦེལ་ཇམ་དབུས་གྲོས་ཚོགས་འོག་མིའི་འཐུས་མི་དང་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་སྐུ་ཞབས་སེ་མུལ་ཁོ་གྷོ་ལ་ཊི་ Samuel Cogolati མཆོག་གིས་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༣༡ ལ་ཕེབས་ཀྱི་ཡོད་པའི་སྐུའི་འཁྲུངས་སྐར་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་རྒྱ་ནག་གཞུང་གིས་ལོ་ངོ་ ༦༠ སྔོན་ལ་བོད་དེ་བཙན་བཟུང་བྱས་པའི་རྗེས་སུ་བོད་ནང་ཆེས་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པའི་ཁྲོད་བོད་དེ་འཛམ་གླིང་ནང་དམ་དྲག་ཆེས་ཤོས་ཀྱི་ས་ཁུལ་གྲས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། དཔེར་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་སྐུ་འཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ཡིན་པར་ངོས་འཛིན་དང་ཡོངས་ཁྱབ་གསལ་བསྒྲགས་མཛད་ནས་ཉིན་གསུམ་གྱི་རྗེས་རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་དང་ཁོང་གི་ཡབ་ཡུམ་བཅས་བཙན་ཁྲིད་གསང་ཉར་བྱས་ནས་ད་བར་ལོ་ངོ་ ༢༥ འགྲོ་གི་ཡོད་པ་དང་རིན་པོ་ཆེ་མཆོག་ནི་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་དང་དུས་ཡུན་རིང་ཤོས་དེ་ཆགས་ཀྱི་ཡོད་པ་གསུངས་འདུགལྷག་དོན་ཁོང་གིས་རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་དང་ཁོང་གི་ཡབ་ཡུམ་བཅས་བཙན་ཁྲིད་གསང་ཉར་བྱས་སྟབས་མི་མང་གིས་ད་བར་ལོ་ངོ་ ༢༥ རིང་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡིན་སྐོར་བཤད་པ་དེ་ལྟར་ཡང་ད་བར་མིག་མཐོང་རྣ་ཐོས་ཡོད་མཁན་སུ་གང་བྱུང་མྱོང་མེད་སྟབས་རྒྱ་གཞུང་གི་བཤད་པར་ཡིད་ཆེད་རྩ་བ་ནས་བྱེད་ཐབས་མེད་པ་བཞིན་གནད་དོན་དེ་གཙོས་པའི་རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཚད་མེད་བྱེད་བཞིན་པ་དེ་དག་གི་ཐོག་གླེང་སློང་གནང་རྒྱུ་གལ་ཆིན་པོ་ཡིན་སྐོར་གསུངས་འདུགསྐུ་ཞབས་ Cogolati མཆོག་གིས་རང་ཉིད་སྦེལ་ཇམ་གྲོས་ཚོགས་ཀྱི་འཐུས་མི་དང་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ཡིན་པའི་ཆ་ནས་འདི་ལོ་བོད་ཀྱི་བླ་ཆེན་ཨང་གཉིས་པ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༥ ཧྲིལ་པོ་འཁོར་བའི་དྲན་གསོའི་སྲུང་བརྩི་དང་བསྟུན་སྦེལ་ཇམ་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་ཡབ་ཡུམ་རྣམ་པ་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། དེ་བཞིན་ཉེ་ཆར་སྦེལ་ཇམ་གྲོས་ཚོགས་ནང་ཡུལ་དེའི་བདེ་སྲུང་དང་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Phillipe Goffin མཆོག་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་ཐོག་སྦེལ་ཇམ་གཞུང་གི་བཞེངས་ཕྱོགས་གང་འདྲ་ཡོད་མེད་དང་འདི་ལོ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དང་རྒྱ་གཞུང་གི་བཙོན་འཇུག་འོག་ལུས་ནས་ལོ་ ༢༥ ཕྱིན་པའི་དུས་ཚིགས་དང་འབྲེལ་ནས་རྒྱ་གཞུང་ལ་མགྱོགས་མྱུར་གློད་བཀྲོལ་དགོས་པའི་བརྡ་ལན་སྤྲད་འཆར་ཡོད་མེད་ཀྱི་བཀའ་འདྲི་ཁག་ཅིག་ཕུལ་འདུག རྩ་བའི་སྐུ་ཞབས་ Samuel Cogolati མཆོག་ནི་དུས་རྒྱུན་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མ་ཟད་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ Brussels ནང་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྲུང་བརྩི་གནང་བའི་མཛད་སྒོར་མཉམ་ཞུགས་གནང་སྟེ་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་གསུང་བཤད་གནང་ཡོད་པ་རེད།སྔ་ལོ་སྦེལ་ཇམ་གཞུང་གིས་སྐུའི་ཡང་སྲིད་གནད་དོན་ཐོག་བདག་དབང་ཆ་ཚང་༧གོང་ས་མཆོག་་དང་བོད་མིར་ཡོད་པའི་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་སྐབས་སུའང་ཁོང་གི་མཐུན་འགྱུར་གང་ལེགས་གནང་ཡོད་པ་རེད།        

ཟི་ཁྲོན་ནསལྷ་ས་བར་གྱི་ལྕགས་ལམ་གྱི་ཁྲོད་དུ་ཕུག་ལམ་ ༤༧ གསར་དུ་བརྟོལ་བ།

བོད་ནང་གི་རྒྱ་ནག་གི་གཞུང་འབྲེལ་གྱི་ཀྲུང་གོའི་བོད་ལྗོངས་དྲྭ་གནས་སུ་གནས་ཚུལ་འཁོད་པ་ལྟར་ན་ཟླ་འདིའི་ཚེས ༧ ཉིན་རྒྱ་ནག་གི་མེ་འཁོར་ལྕགས་ལམ་གྱི་ཨང་རྟགས་དགུ་བའི་འཛུགས་སྐྲུན་གྱི་ལས་གཞིའི་ཁྲོད་ལྷ་ས་ནས་ཉིང་ཁྲི་ཁུལ་གྱི་ལམ་བར་དུ་སྨན་གླིང་ཕུག་ལམ་དང་གཙང་དཀར་ཕུག་ལམ་གཉིས་ཉིན་གཅིག་ནང་བདེ་བླག་ངང་སྦྲེལ་མཐུད་བྱུང་ཞིང་། ད་ལྟའི་བར་ཟི་ཁྲོན་ནས་ཉིང་ཁྲིའི་་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞིའི་ཁྲོད་དེའི་ཁྱོན་སྤྱི་ལེ་ ༢༡༦ གྱི་ལྕགས་ལམ་ཁུལ་དུ་ཕུག་ལམ་ ༤༧ ཙམ་འབྲེལ་མཐུད་བྱུང་ཡོད་པར་འཁོད་འདུག ཐེངས་འདིའི་བོད་ཁུལ་གྱི་སྨན་གླིང་ཕུག་ལམ་གྱི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་ལ་སྨི་ ༣༡༠༠ ཡོད་པ་དང་སྤྱིའི་རིང་ཚད་ལ་སྨི་ ༡༡༥༦༠ ཡོད་པ་འཁོད་པ་དང་སྦྲགས། ཁུལ་འདིའི་ཨར་སྐྲུན་ལས་ཀའི་དཀའ་ཚེགས་ཆེ་ཤོས་ཀྱི་སྨི་ཁྲི་ལྷག་ཡོད་པའི་ཕུག་ལམ་དྲུག་ཁྲོད་ཀྱི་གཅིག་ཡིན་སྟབས་ས་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་བདེ་འཇགས་ཀྱི་རིམ་པའི་ཉེན་ཁ་ཧ་ཅང་ཆེ་བའི་ཕུག་ལམ་ཞིག་ཡིན་པ་དང་ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་གྱི་བཀོད་འདོམས་པ་ཧཱོ་ཞུས་ཀྱིས་ངོ་སྤྲོད་བྱས་པར་ཕུག་ལམ་ཨར་ལས་ཁྲོད་བྲག་རི་གས་གཏོང་བཏང་བ།འཁྱགས་རོམ་གྱི་བང་རིམ་བརྒལ་བ་དེ་བཞིན་རླུང་བསགས་བྱེ་ཕུང་སོགས་བརྒྱུད་ནས་ལྕགས་ལམ་འཛུགས་སྐྲུན་བྱས་ཡོད་པར་འཁོད་འདུགདེ་བཞིན་ཐེངས་འདིའི་ལྷ་སའི་ཉིང་ཁྲི་ཁུལ་གྱི་ལྕགས་ལམ་ནི་བོད་རང་སྐྱོང་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་དེ་ཡིན་ཞིང་། ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་ ༤༣༥ ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་ ༡༦༠ བར་འགྲོ་ཐུབ་པར་བྱུས་འགོད་བྱས་ཡོད་པ་དང་ཐེངས་འདིའི་ཕུག་ལམ་ ༤༧ མཉམ་སྦྲེལ་བྱུང་བའི་ཁྲོད་དུ་སྤྱི་ལེ་ ༡༠ ཡན་གྱི་ཕུག་ལམ་རིང་ཤོས་དྲུག་ཡོད་པ་རེད། ཟམ་པ་ ༡༢༠ འཛུགས་སྐྲུན་བྱེད་འཆར་ཡོད་པའི་ཁྲོད་ཟམ་པ་ ༡༡༩ ལེགས་གྲུབ་ངང་སྐྲུན་ཟིན་པ་དང་སྔོན་དཔག་བྱས་ན་ ༢༠༢༠ ལོའི་ལོ་མཇུག་ཏུ་ལྕགས་ལམ་ཧྲིལ་པོ་འདིང་ཚར་རྒྱུ་ཡིན་པ་དང་། ༢༠༢༡ ལོར་ལྕགས་ལམ་ཡོངས་སུ་ལེགས་གྲུབ་ཀྱིས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པར་ཆེད་བཀོད་བྱས་འདུག རྩ་བའི་བོད་ཁུལ་ནི་ས་བབ་མཐོ་ཞིང་གནམ་གཤིས་ཡག་ཅིང་མཁའ་དབུགས་ཆེས་གཙང་བའི་འཛམ་གླིང་གི་ཡང་རྩེ་ཡིན་ནའང་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་བོད་མཐོ་མཐོ་སྒང་འཛུགས་སྐྲུན་གྱི་ལས་གཞི་ཞེས་པའི་མིང་བྱང་གི་འོག་ཆུ་གློག་དང་དང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་ཡོད་པ་ལས། གཙོ་བོ་བོད་ནང་གི་རང་བྱུང་ཐོན་ཁུངས་ཁག་རྒྱ་ནག་ཏུ་འབོར་འདྲེན་བྱེད་རྒྱུ་དང་།   བོད་མཐོ་སྒང་དེ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཁྱམ་གྱི་ས་གནས་ཤིག་ཏུ་བསྒྱུར་ནས་རྒྱ་ནག་གི་མི་འབོར་མང་པོ་བོད་ཁུལ་དུ་འབོར་འདྲེན་གྱིས་བོད་མི་རྣམས་རང་ས་ནས་གྲངས་ཉུང་མི་རིགས་སུ་བསྒྱུར་རྒྱུ་ཙམ་དུ་མ་ཟད་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་གཙོས་པའི་སྐད་ཡིག་དང་བཅས་པ་རྒྱར་བསྒྱུར་བྱེད་རྒྱུ་དམིགས་པ་ཞིག་ཡིན་པ་རེད། ཉེ་བའི་ལོ་ཤས་ནང་བོད་མཐོ་སྒང་དུ་འཛུགས་ཀྱི་ལས་གཞི་མང་དྲགས་རྐྱེན་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་དང་། རི་ཉིལ་བ་དང་ཆུ་ལོག་རྒྱུགས་པ་སོགས་ཀྱི་གནད་དོན་རིམས་པ་ཐོན་ཡོད་པའི་ཁྲོད་ ཕྱི་ཕྱོགས་ཀྱི་ཁོར་ཡུག་ཆེད་མཁས་བ་མང་པོས་དེ་ནི་རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་ལ་བརྟེན་ནས་བྱུང་གི་ཡོད་པར་ཐེར་འདོན་གནང་ཡོད།

ཆབ་སྲིད་བཙོན་པ་བསོད་ནམས་དར་རྒྱས་ལགས་ལོ་ལྔའི་བཙོན་འཇུག་རྗེས་གློད་བཀྲོལ་བཏང་འདུག

དེ་སྔ་ཕྱི་ལོ་ ༢༠༡༥ ལོར་བོད་མདོ་སྨད་རྔ་བ་ནང་༸གོང་ས་མཆོག་གི་༸སྐུ་པར་ཡོད་པའི་འཛམ་གླིང་ཞི་བདེའི་དར་ཆ་འཕྱར་རྐྱེན་འཛིན་བཟུང་བྱས་པའི་བོད་མི་ཆབ་སྲིད་བཙོན་པ་བསོད་ནམས་དར་རྒྱས་ལགས་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༣༠ ཉིན་བཙོན་གྲོལ་ཐོབ་འདུགདེ་རིང་མཚན་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་རླུང་འཕྲིན་ཁང་ལ་བོད་ནང་གི་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་བར་བསོད་ནམས་དར་རྒྱལ་ལགས་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༣༠ ཉིན་བཙོན་གྲོལ་ཐོབ་སྟེ་རྔ་བ་བསུ་བ་སྡེ་བར་རང་གི་ཕ་མའི་སར་འབྱོར་ཡོད་པ་དང་དེ་སྔ་ཁོང་འཛིན་བཟུང་བྱས་རྗེས་ཁོང་གི་བཟའ་ཟླ་དབྱངས་འཛོམས་ལགས་རྔ་བ་ཀིརྟི་དགོན་པའི་རྒྱབ་ངོས་ཀྱི་བློན་ཚང་གྲོང་བརྡལ་ཆ་བོ་ར་སྡེ་བར་རང་གི་ཕ་མའི་འགྲམ་དུ་བཞུགས་བཞིན་ཡོད་པ་ལྟར། དེ་རིང་བསོད་ནམས་དར་རྒྱས་ལགས་རང་གི་ཕ་མའི་ཁྱིམ་ནས་ཆ་བོ་ར་སྡེ་བར་བཟའ་ཟླའི་ཁྱིམ་ལ་ཕེབས་བཞིན་ཡོད་སྐོར་གསུངས་སོང་བར་མ་ཟད་ཁོང་བཙོན་གྲོལ་སྐབས་སྐུ་གཟུགས་ཀྱི་གནས་སྟངས་ཡག་པོ་ཡོད་པ་མངོན་རྒྱུ་ཡོད་འདུག བསོད་ནམས་དར་རྒྱས་ལགས་ནི་མདོ་སྨད་རྔ་བ་རྫོང་བསུ་བ་སྡེ་བའི་ཕ་མཆོག་གོ་དང་མ་རི་ལུ་གཉིས་ཀྱི་བུ་ཡིན་པ་དང་། བཟའ་ཟླའི་མིང་ལ་དབྱངས་འཛོམས་དང་ཁོང་གཉིས་ལ་ཕྲུ་གུ་ ༣ ཡོད་པ་རེད་འདུག ཁོང་འཛིན་བཟུང་མ་གནང་སྔོན་ཁོང་བཟའ་ཚང་གཉིས་མགོ་ལོག་པདྨ་རྫོང་ཐོག་ཏུ་ཚོང་ལས་གཉེར་བཞིན་ཡོད་པ་རེད་འདུགབསོད་ནམས་དར་རྒྱས་ལགས་ཀྱིས་དེ་སྔོན་ ༢༠༡༥ ལོའི་རྔ་བ་སྒོ་མང་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚེས་ ༡༤ ཡི་འཆམ་གྱི་ཉིན་འཛམ་གླིང་ཞི་བདེའི་དར་ཆའི་སྟེང་༧གོང་ས་མཆོག་གི་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྐུ་པར་འཕྱར་བའི་གནད་དོན་དང་འབྲེལ་བ་བཏགས་ཏེ་ལོ་དེའི་ཕྱི་ཟླ་ ༤ པའི་ཟླ་མཇུག་སྔོན་ལ་རྔ་བ་རྫོང་གི་ཚོང་ར་ནས་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ནས་ལོ་ལྔའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཤེས་རྟོགས་བྱུང་བར་ཉེ་ཆར་ཁོང་བཙོན་གྲོལ་སྐབས་ཉེན་རྟོག་པས་མི་གསུམ་ལས་མང་བ་བསུ་བར་ཡོང་མི་ཆོག་པའི་བཙན་བཀའ་བཏང་བར་བརྟེན་ཁོང་གི་ནང་མི་ཉེ་འབྲེལ་གསུམ་བཙོན་ཁང་དུ་བསུ་བར་ཕེབས་འདུག་པ་དང་།དེ་རིང་ཁོང་གི་བཟའ་ཟླའི་སར་ཕེབས་སྐབས་མང་ཚོགས་ནས་ལམ་བར་དུ་དཀར་གཙང་གི་མཇལ་དར་དང་ལྷ་བསངས་སོགས་གནང་སྟེ་ཁོང་ལ་བསུ་བ་གནང་ཡོད་པ་རེད།

བོད་ཀྱི་གནད་དོན་སེལ་ཐབས་ཀྱི་གླེང་སློང་གནང་བར་དམ་དྲག་བྱེད་བཞིན་པ་ཐེར་འདོན།

ཉེ་ཆར་རྒྱ་ནག་གཞུང་གིས་སྤྱི་ཚོགས་ཁྲོད་ Pornography འམ་འཆལ་སྤྱོད་དང་ཁྲིམས་འགལ་གྱི་གནད་དོན་བརྒྱུད་སྤེལ་འགོག་ཐབས་ཀྱི་ཁྲིམས་སྒྲིག་གསར་པ་ངོ་སྤྲོད་བྱེད་བཞིན་འོག་བོད་ཆེན་པོ་དང་ཚད་མཐོའི་རང་སྐྱོང་གི་གནས་བབས། དེ་བཞིན་དབུ་མའི་ལམ་སོགས་བོད་དོན་དང་འབྲེལ་བའི་གནད་དོན་གླེང་སློང་གནང་བ་རྣམས་ཁྲིམས་འགལ་དུ་ངོས་འཛིན་གྱིས་གླེང་སློང་དང་དཔེ་དེབ་དཔར་སྐྲུན། པར་དང་བརྙན་སོགས་ཀྱི་ཐོག་ནས་བརྒྱུད་སྤེལ་གནང་བ་འམ་རང་གི་ཁ་པར་ནང་སོགས་ལ་དེ་འབྲེལ་སྒྲིག་གཤོམ་གནང་བ་ཐམས་ཅད་ཁྲིམས་འགལ་ཡིན་པ་དང་། བྱ་སྤྱོད་དེ་དག་སྤེལ་མཁན་སྐོར་ཉེན་རྟོག་པར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་རྣམས་ལ་དངུལ་འབོར་ཆེན་གྱི་བྱ་དགའ་སྤྲད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག ཁ་སང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་གིས་སྔ་ལོའི་ཕྱི་ཟླ་ ༩ ཚེས་ ༡༢ ཉིན་རྒྱ་ནག་གཞུང་འབྲེལ་དྲྭ་རྒྱར་འཆལ་སྤྱོད་གཙོས་པའི་ཁྲིམས་འགལ་གྱི་གནད་དོན་རིགས་བརྒྱུད་སྤེལ་འགོག་ཐབས་ཀྱི་ཁྲིམས་སྒྲིག་གསར་པ་ཞིག་གཏན་འབེབས་བྱས་ཡོད་སྐོར་གནས་ཚུལ་སྤེལ་རྗེས་འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྲིམས་གཞི་དེ་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་ནང་བོད་ལ་རང་སྐྱོང་གི་གནས་བབས་དང་དབུ་མའི་ལམ་སོགས་བོད་དོན་དང་འབྲེལ་བའི་གནད་དོན་རིགས། རྒྱ་ནག་གཞུང་གི་ངོས་ནས་བོད་ཐོག་འཛིན་་པའི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་མཁན་རྣམས་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་གནོད་འཚེ་བཟོ་མཁན་དང་གཞུང་ནས་གྲངས་ཉུང་མི་རིགས་ཀྱི་འཛིན་སྐྱོང་ལ་ཁ་གཏད་ལངས་པར་ངོས་འཛིན་རྒྱུ་ཡིན་པར་མ་ཟད་རྒྱ་ནག་གཞུང་དང་འགོ་ཁྲིད། རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་བཅས་ལ་སྐྱོན་བརྗོད་བྱེད་མཁན་གཙོས་པའི་རྒྱ་གཞུང་གི་ལྟ་སྤྱོད་དང་མི་མཐུན་པའི་བྱ་སྤྱོད་སྤེལ་མཁན་དག་ལ་ཁྲིམས་འགལ་དུ་ངོས་འཛིན་རྒྱུ་དང་དེ་འབྲེལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་འབྱུང་ཚེ་དེ་དག་ལ་གསང་རྒྱའི་སྲུང་སྐྱོབ་བྱས་ནས་རྒྱ་སྒོར་ཆིག་སྟོང་ནས་འབུམ་གཅིག་བར་བྱ་དགའ་སྤྲད་རྒྱུ་ཡིན་པ་སོགས་འཁོད་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ད་དུང་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ Wu Yingjie ཡིས་བོད་ནང་དཔལ་འབྱོར་དང་བརྟན་ལྷིང་གོང་འཕེལ་གཏང་ཆེད་ཏཱ་ལའི་ཁ་བྲལ་རུ་ཚོགས་ལ་ཁ་གཏད་གཅོག་རྒྱུའི་དབུས་གཞུང་གི་སྲིད་བྱུས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། མང་ཚོགས་ཀྱིས་དམར་ཤོག་གཞུང་དང་སྤྱི་ཚོགས་ལ་བརྩེ་སེམས་བཅངས་ནས་རྒྱལ་ཁབ་ཀྱི་ཆིག་སྒྲིལ་སྲུང་སྐྱོབ་བྱེད་དགོས་སྐོར་བཤད་པ་ལུང་འདྲེན་དང་སྦྲགས་ཏེ་རྒྱ་ནག་གཞུང་གི་ངོས་ནས་གཞུང་ལ་དགའ་ཞེན་ཡོད་མེད་ལ་གཞིགས་ནས་ལས་དོན་གང་གཉེར་བ་དེ་དག་ཁྲིམས་འགལ་ཡིན་མིན་ཐག་གཅོད་བཞིན་ཡོད་པ་ལྟར་བྱ་སྤྱོད་དེ་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་ཀྱི་ཁྲིམས་སྒྲིག་དང་སྒོས་ཁྲིམས་སྒྲིག་དེའི་དོན་ཚན་ ༡༩ དང་ཡོངས་སུ་འགལ་གྱི་ཡོད་པ་དང་། བོད་མི་མང་ཚོགས་དབར་ཡིད་ཆེས་མེད་པའི་གནས་སྟངས་སྐྲུན་བཞིན་ཡོད་པར་ཐེར་འདོན་དང་འབྲེལ། རྒྱ་ནག་གཞུང་གི་ངོས་ནས་ཁྲིམས་གཞི་གསར་པ་དེར་བཅོས་བསྒྱུར་བཏང་ནས་རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་བཟོ་དགོས་པ་དང་། བོད་མི་རྣམས་ལ་རང་གི་ནང་མི་དང་གྲོགས་པོ། དེ་བཞིན་རང་གི་སྤྱི་ཚོགས་ལ་གནོད་པའི་ལས་དོན་གཉེར་བར་བྱ་དགའ་དེ་ལྟར་སྤྲད་རྒྱུ་མཚམས་འཇོག་དང་བོད་དོན་དང་འབྲེལ་བའི་གནད་དོན་གླེང་སློང་གནང་བར་ཁྲིམས་འགལ་དུ་ངོས་འཛིན་བྱེད་རྒྱུའི་སྲིད་བྱུས་དེའང་མཚམས་འཇོག་བྱེད་དགོས་པའི་ཞུ་སྐུལ་གནང་འདུག

བོད་མི་རྣམས་ཀྱིས་ཏོག་དབྱིབས་རིམས་ནད་ཞི་ཐབས་སུ་ཚེས་བཅུ་དང་རེས་གཟའ་ལྷག་པ་ནམ་ཡིན་ལ་བསང་མཆོད་གནང་དགོས་པ།

རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་དེ་ད་ཆ་འཛམ་གླིང་སྤྱི་ཡོངས་ནང་རིམ་བཞིན་ཁྱབ་གདལ་ཆེས་ཆེར་འགྲོ་མུས་ཐོག་ཛ་དྲག་གི་དུས་མཚམས་འདིར་རིམས་ནད་དེ་ཞི་ཐབས་སུ་དེ་རིང་བཙན་བྱོལ་ནང་གི་རིས་མེད་དགོན་སྡེ་ཁག་དང་བོད་མི་འདུ་སྡོད་ཀྱི་ས་ཁུལ་ཁག་ཏུ་ཡོད་པའི་སེར་སྐྱ་མང་ཚོགས་ཡོངས་ཀྱིས་ཉིན་བརྒྱ་དུས་གཅིག་ལ་མནོལ་བསང་ལྷ་ཆབ་སྔོན་མོ་གཙོས་པའི་བསང་མཆོད་གནང་རྒྱུ་དབུ་བཙུགས་འདུགབོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་ཟླ་ ༤ ཚེས་ ༡ ཉིན་ཏོག་དབྱིབས་རིམས་ནད་ཞི་ཐབས་དང་འབྲེལ་བའི་ཛ་དྲག་བསང་མཆོད་ཀྱི་གསལ་བསྒྲགས་ཤིག་སྤེལ་བར་གཞིགས་ན། གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་གིས་བསྩལ་བའི་བཀའ་ལུང་ཕལ་མོ་ཆེའི་ནང་རིམས་ནད་དེ་ཞི་ཐབས་སླད་པདྨའི་མནོལ་བསང་དང་རི་བོ་བསང་མཆོད་བྱ་དགོས་ཞེས་ཕེབས་པར་མ་ཟད། པདྨའི་མནོལ་བསང་ཞེས་པ་དེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་མནོལ་བསང་ལྷ་ཆབ་སྔོན་མོ་ཞུ་བ་དེ་ཡིན་པ་དང་སྔར་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་དང་བློན་འབངས་རྣམས་མནོལ་གྲུབ་ཀྱི་ནད་ཡམས་དེ་ལས་བསྐྱབས་པའི་ལོ་རྒྱུས་ཡོད་པ་ལུང་འདྲེན་གནང་སྟེ་ད་ལྟའི་ཏོག་དབྱིབས་རིམས་ནད་འདི་ཞི་ཐབས་ལའང་གོང་གསལ་མནོལ་བསང་གི་གསུང་ཆོག་བྱིན་ཅན་དེ་གསུང་འདོན་གནང་གལ་ཆེ་བ་ཡིན་སྟབས། མནོལ་བསང་གི་ཕྱག་དཔེ་དང་ཕྱག་བཞེས་ཡོད་པའི་དགོན་སྡེ་དང་སེར་སྐྱ་ཕོ་མོ་བཅས་ནས་རང་གནས་སུ་ཛ་དྲག་ཡུལ་ཁྲིམས་འཁུར་བའི་ཐོག་ནས་སོ་སོའི་གནས་སྟངས་ལ་གཞིགས་ཏེ་དེ་རིང་བོད་ཟླ་ ༢ ཚེས་ ༡༠ ནས་དབུ་འཛུགས་ཀྱིས་བོད་ཟླ་ ༥ ཚེས་ ༡༠ བར་ཚེས་བཅུ་དང་རེས་གཟའ་ལྷག་པ་ནམ་ཡིན་སྔ་དྲོ་ཚོུད་ ༧ ཐོག་ཉིན་བརྒྱ་དུས་གཅིག་ལ་བསང་སྣ་དང་རྫས་ཆ་རིགས་ཅི་འབྱོར་གྱིས་སློབ་དཔོན་རིན་པོ་ཆེས་མཛད་པའི་མནོལ་བསང་ལྷ་ཆབ་སྔོན་མོ་གཙོ་བོར་བྱས་པའི་བསང་མཆོད་གནང་དགོས་པའི་ཛ་དྲག་སྐུལ་འདེབས་ཞུས་པར་མ་ཟད། སྤྱི་མང་གི་ལས་རིམ་དེའི་སླད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མེད་བསྟན་བདག་དབུ་ཁྲིད་བླ་ཆེན་རྣམ་པ་བཅས་ནས་ཐུགས་སྨོན་མཚམས་སྦྱོར་སྐྱབས་འཇུག་ཡོང་བའི་གསོལ་འདེབས་༸སྙན་གསེང་ཞུས་ཡོད་པས་བསང་མཆོད་ཀྱི་ལས་རིམ་དེར་ཚང་མས་ཐུགས་ཁུར་ཧུར་བསྐྱེད་ཀྱིས་གནང་བའི་དྲན་སྐུལ་གནང་འདུག གཞི་རྩའི་རིམས་ནད་དེ་འབྲེལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་ནད་རིམས་ཞི་བར་མང་ཚོགས་ནས་༸རྗེ་བཙུན་སྒྲོལ་མའི་མཚན་སྔགས་དང་ཐུབ་པའི་མཚན་སྔགས། མ་ཎི་གསོག་སྒྲུབ་དང་ལྷག་པར་དུ་དགོན་སྡེ་ཁག་ནས་འཕྲལ་དུ་སྒྲུབ་གལ་ཆེ་བའི་ཞབས་རིམ་ཁག་གཅིག་གསོག་སྒྲུབ་གནང་དགོས་པར་ལམ་སྟོན་བཀའ་ཕེབས་པ་ལྟར་བྱེས་ཀྱི་དགན་ས་སེ་འབྲས་དགའ་གསུམ་གཙོས་པའི་ཆོས་བརྒྱུད་ཡོངས་ཀྱི་དགོན་སྡེ་ཁག་ནས་དེ་ལྟར་༸རྒྱལ་བའི་བཀའ་བཞིན་ཞབས་རིམ་གསོག་སྒྲུབ་གནང་མུས་ཡིན་པ་རེད།

བོད་དཀར་མཛེས་ཁུལ་དུ་ས་འགུལ་དང་མུ་ལི་ཁུལ་དུ་མེ་སྐྱོན་བྱུང་འདུག

དེའང་ཕྱི་ཟླ་ ༤ ཚེས་ ༡ ཉིན་གྱི་དགོང་མོར་བོད་དཀར་མཛེས་ཁུལ་དུ་ས་འགུལ་རིམ་པ་ ༥་༦ ཅན་ཞིག་བྱུང་དང་དེ་བཞིན་མུ་ལི་བོད་རིགས་རང་སྐྱོང་ལྗོངས་ཁུལ་དང་ཡུན་ནན་བོད་རིགས་རང་སྐྱོང་ཁུལ་བཅས་སུ་ནགས་ཚལ་ལ་མེ་སྐྱོན་ཆེན་པོ་བྱུང་བ་སོགས་ཀྱི་རང་བྱུང་གོད་ཆག་གཉིས་བསྟུད་མར་བྱུང་འདུག དེ་རིང་བོད་ནང་གི་སྐད་འཕྲིན་གྱི་འཕྲིན་སྟེགས་སུ་གནད་ཚུལ་སྤེལ་བར་ཕྱི་ཟླ་ ༤ ཚེས་ ༡ ཉིན་གྱི་དགོང་མོའི་ཚོུད་ ༨་༢༣ སྟེང་སི་ཁྲོན་དཀར་མཛེས་ཁུལ་སེར་ཤུལ་རྫོང་དུ་ས་ཡོམ་ཤུགས་ཚད་ ༥་༦ ཅན་ཞིག་བརྒྱབ་ཡོད་པ་དང་ད་ལྟའི་ཆར་མི་ཕྱུགས་སོགས་ལ་ཉེན་ཚབས་བྱུང་བའི་གནས་ཚུལ་ཐོན་མེད་ནའང་། ས་ཡོམ་དེས་སེར་ཤུལ་རྫོང་གི་ཁང་པ་མང་པོར་སེར་ག་གས་ཡོད་པ་མ་ཟད་ཁུལ་དེ་དང་ས་འབྲེལ་ཡོད་པའི་བོད་རིགས་ཀྱི་ས་ཁུལ་གཞན་ཁག་ཏུ་ཡང་གཡོ་འགུལ་ཐེབས་ཡོད་པར་འཁོད་འདུག གཞན་ཡང་ཁ་སང་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གྱིས་གནས་ཚུལ་སྤེལ་བར་ཉེ་ཆར་སི་ཁྲོན་ཞིང་ཆེན་གྱི་མུ་ལི་བོད་རིགས་རང་སྐྱོང་རྫོང་གི་རི་སྒང་དུ་མེ་སྐྱོན་ཚབས་ཆེན་ཤོར་ཡོད་པ་དང་མེ་སྐྱོན་ཁྲོད་ད་བར་མེ་གསོད་མི་སྣ་ ༡༩ རྐྱེན་ལམ་དུ་ཤོར་བ་དང་མི་ ༣ ལ་རྨས་སྐྱོན་ཕོག་སྟེ་སའི་རྒྱ་ཁྱོན་མུའུ་གྲི་བཞི་མ་ཆིག་ཁྲི་ལྔ་སྟོང་ལྷག་ཙམ་འཚིགས་ཡོད་པར་འཁོད་འདུག དེ་བཞིན་བོད་ཁུལ་གྱི་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུའང་ནགས་ཚལ་ལ་མེ་སྐྱོན་བྱུང་ཡོད་པས་ས་གནས་ཀྱི་མེ་གསོད་རུ་ཁག་དང་ཁུལ་དེའི་ཡུལ་མི་རྣམས་ཀྱིས་འབད་བརྩོན་ཆེར་བསྐྱེད་ཀྱིས་གནས་སྐབས་སུ་མེ་གསོད་ཐུབ་ཡོར་པ་ཆེད་བཀོད་དང་སྦྲགས། ད་སྐབས་བོད་ཁུལ་གྱི་མཐོ་སྒང་ས་ཆར་ལྗང་མདོག་གི་རྩྭ་དང་རྩི་ཤིང་དཀོན་ཞིང་། གནམ་ནས་ཆར་ཆུ་དང་ཁ་བ་འབབ་ཚད་ཉུང་བའི་རྐྱེན་གྱིས་མཁའ་རླུང་སྐམ་པོར་གྱུར་ཡོད་སྟབས་བོད་རིགས་མང་ཚོགས་ཀྱིས་གཟབ་གཟབ་མ་གནང་ཚེ་མེ་སྐྱོན་ཤོར་སླ་སྐོར་གསུངས་པ་མ་ཟད། བོད་རིགས་ཀྱི་སྡོད་ཁང་མང་པོ་ཤིང་ཁང་ཡིན་པས་མེ་ལ་གཟབ་དགོས་པའི་དྲན་གསོ་དང་བསྐུལ་མ་གནང་འདུག གཞི་རྩའི་རྒྱ་ནག་གིས་བོད་ཁུལ་དུ་བཟོ་ལས་འཛུགས་བསྐྲུན་རྒྱ་བསྐྱེད་བྱེད་བཞིན་པར་བརྟེན་ཉེ་བའི་ལོ་འགའི་རིང་ནས་བོད་ཁུལ་དུ་རི་ཉིལ་བྱུང་བ་དང་ཆུ་བྲུབ་པ། དེ་བཞིན་ས་འགུལ་དང་མེ་སྐྱོན་སོགས་ཀྱི་གནད་དོན་མང་དག་ཅིག་བྱུང་གི་ཡོད་པ་རེད། འབྲེལ་ཡོད་པར་ཁག་ཚེ་རིང་འོད་ཟེར་ལགས་དང་སྤྱི་ཚོགས་དྲྭ་རྒྱ།

Latest news