Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

རྒྱལ་སྤྱིའི་གཞུང་ཚོགས་ཁག་ནས་རྒྱ་ནག་དང་འབྲེལ་མོལ་ཁྲོད་བོད་ཐོག་ལངས་ཕྱོགས་ཤུགས་ཆེ་ཙམ་འཛིན་དགོས་པའི་འབོད་སྐུལ།

ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་རིང་ Access Denied: Chinas enforced isolation of Tibet, and the case for reciprocity ཞེས་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་རྒྱ་གཞུང་གིས་རྒྱལ་སྤྱིའི་གཞུང་ཚོགས་ཁག་དང་གསར་འགོད་མི་སྣ་བོད་དུ་བསྐྱོད་རྒྱུར་དམ་དྲག་གིས་བོད་དེ་བཙན་དབང་ཐོག་ཕྱི་ལ་སྒོ་མོ་བརྒྱབ་ནས་བཞག་ཡོད་པ་ཐེར་བཏོན་དང་སྦྲགས། རྒྱལ་སྤྱིའི་གཞུང་ཚོགས་ཁག་གི་ངོས་ནས་བོད་ཐོག་ལངས་ཕྱོགས་ཤུགས་ཆེ་རུ་འཛིན་ནས་རྒྱ་ནག་ཐོག་ Reciprocity འམ་ཕན་ཚུན་འགྲུལ་བསྐྱོད་རང་དབང་གཅིག་མཚུངས་སྤྲོད་དགོས་པའི་གནད་དོན་ཐད་ལ་གནོན་ཤུགས་སྤྲོད་དགོས་པ་གསུངས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ Access Denied ཞེས་པའི་ཤོག་གྲངས་ ༥༠ ཅན་གྱི་སྙན་ཐོ་འདོན་སྤེལ་གནང་བའི་ནང་ཉེ་ཆར་ལོ་འདིའི་ཕྱི་ཟླ་ ༢ པའི་ནང་བོད་མིའི་ལོ་གསར་གྱི་དུས་ཚིགས་དང་བསྟུན། ཨ་རིའི་ NewYorkTimes གསར་ཁང་གི་གསར་འགོད་པ་གཉིས་བོད་ཤར་ཕྱོགས་ཁུལ་རྫོང་གསར་དགོན་པར་བོད་མིའི་ལོ་གསར་གཏོང་སྲོལ་སྐོར་གནས་ཚུལ་སྤེལ་བར་བསྐྱོད་སྐབས་རྒྱ་གཞུང་གི་ཉེན་རྟོག་མི་སྣས་ཁོང་གཉིས་ལ་འདྲི་རྩད་ཆེད་བཙན་ཁྲིད་བྱས་རྗེས་ཆུ་ཚོད་ ༡༧ རིང་བཀག་ཉར་བྱས་ཡོད་པའི་གནད་དོན་མངོན་གསལ་དང་སྦྲགས། དེས་རྒྱ་གཞུང་གིས་བོད་ཐོག་དམ་དྲག་ཇི་ཙམ་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་སྐོར་རྒྱ་ནག་གཞུང་གིས་གང་བཤད་པ་དེར་ངོས་ལེན་ཐོབ་ཐབས་ཀྱི་སྲིད་བྱུས་ཅི་འདྲ་ཞིག་སྤེལ་མུས་ཡིན་པའི་དཔེ་ཚོན་གསར་ཤོས་ཤིག་ཡིན་པ་གསུངས་འདུག དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་ཀྱི་གནད་དོན་བྱུང་རྗེས་རྒྱ་གཞུང་གིས་སྟངས་འཛིན་ནན་པོའི་འོག་རྒྱལ་སྤྱིའི་གཞུང་ཚོགས་ཁག་དང་གསར་འགོད་མི་སྣ་ཁག་ཅིག་བོད་ཀྱི་རྒྱལ་ས་ལྷ་ས་དང་། ལ་ལ་ཞིག་མདོ་སྨད་བླ་བྲང་བཀྲིས་འཁྱིལ་དུ་བསྐྱོད་བཅུག་ནས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་ཐོག་བོད་ནང་བོད་མི་རེ་བཟུང་གིས་ཟིང་འཕྲུག་བླངས་པ་མ་གཏོགས་གནས་སྟངས་ཞི་འཇམ་ཡོད་པ་དང། བོད་མི་རྣམས་བདེ་སྐྱིད་ཀྱི་ཚོར་བར་རོལ་བཞིན་པའི་རྣམ་པ་གསལ་ཐབས་ཀྱི་ཐབས་བྱུས་སྤེལ་ཡོད་པ་དེ་ལྟར་ཡང་། སྐབས་དེར་ལྷ་སའི་ཇོ་ཁང་དང་། བླ་བྲང་བཀྲིས་འཁྱིལ་དུ་དགེ་འདུན་པ་ཁག་ཅིག་གིས་རྒྱལ་སྤྱིའི་གསར་འགོད་པའི་མདུན་སར་རྒྱ་གཞུང་གི་རྫུན་གཏམ་ར་སྤྲོད་བྱེད་དེ་བོད་ནང་བོད་མིར་རང་དབང་མེད་པ་དང་། བོད་མི་དམར་གསོད་གཏོང་བཞིན་པའི་དངོས་ཡོད་གནས་སྟངས་བཤད་རྐྱེན་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༣ བར་བོད་ནང་རྒྱལ་སྤྱིའི་གཞུང་ཚོགས་ཁག་དང་གསར་འགོད་པ་བསྐྱོད་རྒྱུར་བཀག་སྡོམ་བྱས་པ་མ་ཟད། ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་སླར་རྒྱ་གཞུང་གིས་རྒྱལ་སྤྱིའི་མི་སྣ་དང་གསར་འགོད་པ་རེ་བཟུང་བོད་ནང་བསྐྱོད་བཅུག་ནས་བོད་ནང་གི་གནས་སྟངས་བཟང་པོ་ཡོད་པ་མངོན་ཐབས་བྱེད་བཞིན་པ་དེས་འཁྱོག་བཤད་སྤེལ་རྒྱུའི་ལག་ཆ་ལྟ་བུར་བེད་སྤྱོད་གཏོང་མུས་ཡིན་པ་མངོན་གསལ་གནང་འདུག ལྷག་པར་དུ་ཞི་ཅིང་ཕིང་གིས་སྣེ་ཁྲིད་འོག་རྒྱ་ནག་དེ་རྒྱལ་སྤྱིའི་སྟོབས་ཤུགས་ཅན་ཞིག་ཏུ་འགྱུར་རྒྱུའི་སྲིད་བྱུས་འོག་རྒྱ་ནག་ཙམ་མ་ཟད་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཁག་ཏུའང་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་ཤུགས་ཆེ་རུ་བཏང་ནས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གཞུང་གིས་གང་བཤད་པ་དེར་ངོས་ལེན་ཐོབ་ཐབས་བྱེད་བཞིན་སྐོར་ཐེར་བཏོན་དང་འབྲེལ། རྒྱ་གཞུང་གིས་ཕྱིའི་རྣམ་པར་བོད་དེ་སྒོ་མོ་ཕྱེ་ནས་བཞག་ཡོད་པ་ཆེད་བཏོན་སླད་ཡིན་པ་གསུངས་འདུག ལྷག་དོན་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་ལས་བྱེད་གཙོས་པའི་རྒྱ་ནག་གི་དཔོན་རིགས་མང་དག་ཞིག་ཕྱིའི་རྒྱལ་ཁབ་ནང་དུ་ཆེད་གཏོང་གིས་འཁྱོག་བཤད་དེ་དག་མེད་པ་བཟོ་ཐབས་ཡིན་པར་གསལ་བཏོན་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་སྐུ་ཞབས་ Matteo Meccaci ལགས་ཀྱིས་རྒྱ་ནག་གི་དཔོན་རིགས་རྣམས་ནུབ་ཕྱོགས་མང་གཙོའི་རྒྱལ་ཁབ་ཁག་ཏུ་བསྐྱོད་པ་དེ་རྒྱ་ནག་གི་འཁྱོག་བཤད་སྤེལ་བར་དམ་དྲག་རིགས་དམིགས་བསལ་གང་ཡང་བྱེད་ཀྱི་མེད་པ་དེ་ལྟར་ཡང་། རྒྱ་གཞུང་གི་འགོ་ཁྲིད་རྣམས་ནས་རྒྱལ་སྤྱིའི་རྟོག་ཞིབ་མི་སྣ་དང་གསར་འགོད་པ་རེ་བཟུང་གཞུང་གི་སྟངས་འཛིན་ནན་པོའི་འོག་བོད་ནང་བསྐྱོད་མ་བཅུག་པ་མ་གཏོགས་རང་དབང་ལྡན་པའི་རྟོག་ཞིབ་མི་སྣ་བོད་དུ་བསྐྱོད་བཅུག་གི་མེད་པའི་ཁྲོད། བོད་དེ་དོན་དངོས་ཐོག་ཕྱི་ལ་སྒོ་མོ་བརྒྱབ་ནས་ཁེར་རྐྱང་བཞག་ཐབས་བྱེད་བཞིན་ཡོད་སྟབས། དེང་སྐབས་ཨེ་ཤ་ཡའི་གླིང་ཆེན་གྱི་ཕྱི་ཕྱོགས་ལའང་རྒྱ་ནག་གི་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་འཕེལ་རྒྱས་ལ་གདོང་ལེན་གནང་བཞིན་པའི་ཨ་རི་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཨ་རི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལངས་ཕྱོགས་དང་མཐུན་པ་གནང་དགོས་པའི་གནོན་ཤུགས་སྤྲད་རྒྱུ་དེ་བས་གལ་ཆེ་བ་ཆགས་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་ས་ཁམས་དང་ཆབ་སྲིད་ཀྱི་གནད་འགག་ལ་གཞིགས་པའི་རྒྱལ་སྤྱིའི་ཆབ་སྲིད་ཁྲོད་བོད་ཐོག་དོ་སྣང་ཆེ་བ་བྱེད་དགོས་ངེས་ཡིན་པའི་དུས་ཚིགས་དང་བསྟུན། ཉེ་ཆར་ཕ་རན་སི་དང་འཇར་མ་ནི་སོགས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གི་འགོ་ཁྲིད་རྣམས་ནས་རྒྱ་ནག་ལ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ནང་སོ་སོའི་གཞུང་འབྲེལ་མི་སྣ་ཕར་ཚུར་འགྲུལ་བསྐྱོད་སོགས་ཀྱི་རང་དབང་འདྲ་མཉམ་ཡོད་པ་མ་གཏོགས་དེ་མིན་འབྲེལ་ལམ་བཞག་རྒྱུ་ཁག་པོ་ཡིན་པའི་ཁ་གསལ་འགྲེལ་བརྗོད་གནང་བཞིན་ཡོད་པ་དང་། ཨ་རི་གཞུང་གི་ངོས་ནས་ཀྱང་རྒྱ་ནག་ལ་ཕན་ཚུན་གཞུང་འབྲེལ་མི་སྣ་འགྲུལ་བསྐྱོད་ཀྱི་རང་དབང་གཅིག་མཚུངས་སྤྲོད་དགོས་པ་དང་། དེ་ལྟར་མ་སྤྲད་ཚེ་ཨ་རིའི་མི་སྣ་བོད་ནང་བསྐྱོད་རྒྱུར་དམ་དྲག་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོ་ལའང་དེ་མཚུངས་དམ་དྲག་བྱེད་དགོས་པའི་རེ་འབོད་གནང་འདུག

རྒྱ་ནག་དེ་སླར་ཡང་ཆོས་དད་རང་དབང་གི་གནས་བབ་ཐོག་དམིགས་བསལ་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་ཁོངས་སུ་བཞག་འདུག

ཁ་སང་ཟླ་ ༤ ཚེས་ ༢༥ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་འཛམ་གླིང་རྒྱལ་ཁབ་ ༢༨ ནང་གི་ཆོས་དད་རང་དབང་གི་གནས་སྟངས་ལ་ཞིབ་འཇུག་གནང་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་རྒྱ་ནག་དེ་སླར་ཡང་ཆོས་དད་རང་དབང་གི་གནས་བབ་ཐོག་དམིགས་བསལ་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་ཁོངས་སུ་བཞག་འདུག ལོ་འཁོར་སྙན་ཐོའི་སྔོན་གླེང་ནང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་སྒྲིག་གཞིར་བཟུང་ལོ་འཁོར་སྙན་ཐོའི་ནང་གཙོ་བོ་འཛམ་གླིང་ནང་གི་ཆོས་དད་རང་དབང་གི་གནས་བབ་ཐོག་དམིགས་བསལ་དོ་སྣང་བྱ་ཡུལ་གྱི་རྒྱལ་ཁབ་ཁག་གི་མིང་འདོན་གནང་གི་ཡོད་པ་དང། འདི་ལོའི་སྙན་ཐོ་ནང་ཁྱོན་རྒྱལ་ཁབ་ ༡༦ གི་མིང་མངོན་གསལ་གནང་འདུག་པ་ལྟར་དེ་དག་ཁྲོད་ནས་སྔ་ལོ་དང་འདི་ལོ་བཅས་ལོ་གཉིས་བསྟུད་མར་དམིགས་བསལ་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་ཁོངས་སུ་རྒྱ་ནག་གཙོ་གྱུར་བྷར་མ། བྱང་ཀོ་རི་ཡ། སཱའོདི་ཨ་རཱབིཡ། ཨི་རན། སུ་དཱན། དེ་བཞིན་ ཊུཀ་མེནིསཏཱན་བཅས་རྒྱལ་ཁབ་བཅུའི་མིང་སླར་གསལ་བཏོན་གནང་བ་མ་ཟད། དེ་དག་གི་ནང་ཆོས་དད་རང་དབང་གི་གནས་བབ་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་སྐོར་འབུར་བཏོན་གནང་འདུག ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་ཚན་པའི་ཁོངས་སུ་རྒྱ་ནག་གཞུང་ནས་བོད་བརྒྱུད་ནང་བསྟན་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་ལ་ཐབས་བྱུས་ལྡན་པའི་ཁ་གཏད་ཀྱི་བྱ་སྤྱོད་མུ་མཐུད་སྤེལ་བཞིན་པ་དང། དེབཞིན་བོད་མིའི་ཆོས་ཕྱོགས་ཀྱི་གནང་སྒོ་དང་འབྲེལ་བའི་མང་ཚོགས་འདུ་འཛོམས་ཁག་ལ་དམ་དྲག དགེ་བཙུན་རྣམས་ཀྱི་སློབ་གཉེར་ལ་ཚོད་འཛིན། ནང་ཆོས་སློབ་གཉེར་གྱི་བསྟི་གནས་ཁང་ཁག་ཆེད་འཛུགས་དང་ཉམས་གསོའི་ལས་དོན་ཁག་རྒྱ་གཞུང་གིས་སྟངས་འཛིན་བྱས་པ་ལས་མང་ཚོགས་ལ་རང་དབང་མེད་པར་འགྲེལ་བརྗོད་གནང་འདུག ཕྱི་ལོ་ ༢༠༡༧ ལོའི་ནང་བོད་ནང་ཕྱི་ཕྱོགས་སུ་གནས་སྐོར་ལ་བསྐྱོད་མཁན་ཚོར་དམ་དྲག་གྱིས་ཕྱིར་བསྐྱོད་ལག་འཁྱེར་མ་སྤྲད་པ་དང། དགེ་བཙུན་མང་དག་ལ་༸གོང་ས་མཆོག་དང་ཁ་བྲལ་བར་འབྲེལ་བ་ཡོད་པར་ཉེས་འཛུགས་དང་། དགོན་པ་ནས་གྲྭ་བཙུན་རྣམས་ཕྱིར་ཕུད་བཏང་བ་མ་ཟད། ལྷག་པར་དུ་བོད་ཀྱི་ནང་བསྟན་སློབ་གཉེར་ཁང་ཆེས་གྲས་བླ་རུང་སྒར་དང་ཡ་ཆེན་སྒར་ལ་གཏོར་བཤིག་གཏོང་བཞིན་པ་གཙོས་གྲྭ་བཙུན་གྱི་གྲངས་འབོར་ལ་ཚད་བཀག་དང་། དགོན་པའི་ཆོས་ཕྱོགས་ཀྱི་ལས་དོན་ཁག་ལ་སྟངས་འཛིན་བྱེད་མཁན་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་བསྐོ་གཞག་བྱས་ཡོད་པ་རེད། གྲྭ་བཙུན་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲད་པ་སོགས་ཕྱོགས་གང་ས་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ལ་དམ་དྲག་བྱེད་མུས་ཡིན་པ་མངོན་གསལ་གནང་ཡོད། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ Danil Mark ལགས་ཀྱིས་འདས་པའི་ཕྱི་ལོ་ ༢༠༡༧ ལོའི་ནང་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་ཏུ་དབང་ཆ་གཅིག་བསྡུས་རིང་ལུགས་དང། འཇིགས་སྐུལ་རིང་ལུགས་ལ་འཐབ་རྩོད་ཀྱི་མིང་བྱང་འོག་ཆོས་དད་རང་དབང་གི་གནས་བབ་ཆེས་ཞན་དུ་ཕྱིན་ཡོད་པ་ནི་སེམས་འཚབ་བྱ་ཡུལ་ཞིག་ཡིན་སྐོར་གསུངས་འདུག ལྷག་པར་དུ་ཁོང་གིས་རྒྱལ་ཁབ་སོ་སོའི་གཞུང་ནས་ཆོས་ཕྱོགས་དང་འབྲེལ་བའི་བཙོན་པ་རྣམས་གློད་བཀྲོལ་གནང་དགོས་པ་དང་། རྒྱལ་སྤྱིའི་གཞུང་ཁག་གི་ཆོས་དད་རང་དབང་གི་གནས་བབ་ཡར་རྒྱས་གོང་འཕེལ་གཏང་སླད་ཤུགས་སྣོན་གནང་དགོས་པའི་འབོད་སྐུལ་ཞུས་འདུག ད་རེས་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྙན་ཐོ་དེ་ཙམ་མ་ཟད། ཟླ་བ་འདིའི་ཕྱི་ཚེས་ ༢༠ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འཛམ་གླིང་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་རྒྱ་ནག་གི་དབང་སྒྱུར་འོག་འདས་པའི་ཕྱི་ལོ་ ༢༠༡༧ ལོ་འཁོར་མོའི་རིང་བོད་ནང་དམ་དྲག་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་སོང་ཡོད་པར་འགྲེལ་བརྗོད་གནང་བ་མ་ཟད། བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་པའི་བོད་མཐོ་སྒང་གི་བོད་རིགས་ས་ཁུལ་མང་པོའི་ནང་རྒྱ་གཞུང་གི་དྲག་ཆས་དམག་མི་དང་སྤྱི་བདེ་ཉེན་རྟོག་པ་ཕོན་ཆེ་འགྲེམས་འཇོག་བྱས་དང་བྱེད་མུས་ཡིན་པ་གསལ་བཏོན་གནང་ཡོད། རྒྱ་གཞུང་གི་ངོས་ནས་༸གོང་ས་མཆོག་ལ་དད་གུས་ཞུ་མཁན་དམར་ཤོག་ཚོགས་པའི་ཚོགས་མི་དང། རྒྱ་གར་ལ་གནས་མཇལ་དུ་བསྐྱོད་མཁན། ལྷག་དོན་བུ་ཕྲུག་བཙན་བྱོལ་དུ་སློབ་སྦྱོང་ཆེད་ཡོད་མཁན་སོགས་ལ་དམིགས་བསལ་དམ་དྲག་བྱེད་བཞིན་ཡོད་པའི་གནད་དོན་མངོན་གསལ་གནང་ཡོད།

རྒྱ་ནག་ནང་ལས་ཀའི་ཁྲོད་ཕོ་མོ་དབྱེ་འབྱེད་ཀྱི་དཀའ་ངལ་འཕྲད་བཞིན་པ་གསལ་བཏོན།

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་ནང་གི་ལས་ཀའི་ས་མིག་གསལ་བསྒྲགས་འདྲ་མིན་ ༣༦༠༠༠ ལྷག་ཙམ་སྤེལ་ཡོད་པར་ཞིབ་འཇུག་གནང་བའི་སྙན་ཐོ་ཞིག་འདོན་སྤེལ་དང་འབྲེལ། རྒྱ་ནག་ནང་གི་ལས་ཀའི་ཁྲོད་ཕོ་མོ་དབྱེ་འབྱེད་ཀྱི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་པ་དང་། ལས་འཚོལ་ལས་ཁང་ཁག་ཅིག་གིས་ལས་མི་ས་སྟོང་གསལ་བསྒྲགས་ཐོག་སྐྱེས་པ་མ་གཏོགས་བེུད་གླ་རྒྱུ་མིན་སྐོར་བཀོད་ཁྱབ་བཏང་པ་མ་ཟད་བེུད་ཀྱི་ས་མིག་ཁ་ཤས་ཐོག་ཕྱིའི་རྣམ་པ་དང་འབྲེལ་བའི་ཆ་རྐྱེན་ཁག་ཅིག་ཀྱང་ཆེད་བཏོན་བྱས་ཡོད་པར་སྐྱོན་བརྗོད་གནང་འདུག ཚོགས་པ་དེས་རྒྱ་ནག་གི་གཞུང་འབྲེལ་ཚན་པ་ཁག་དང་སྒེར་གྱི་ཚོང་ལས་ཁང་། དེ་བཞིན་ལས་འཚོལ་ལས་ཁང་འདྲ་མིན་ཁག་ཅིག་གིས་ཕྱི་ལོ་ ༢༠༡༣ ནས་ ༢༠༡༨ བར་གྱི་དུས་ཡུན་དེའི་རིང་ལས་ཀའི་ས་མིག་གསལ་བསྒྲགས་བྱས་པ་དེ་དག་ལ་ཞིབ་འཇུག་གནང་བ་ལས་སྤྱིར་རྒྱ་ནག་ནང་ལས་མི་འདེམས་སྒྲུག་དང་ལས་ཀའི་ས་མིག་གསལ་བསྒྲགས་སོགས་ཀྱི་བརྒྱུད་རིམ་ཁྲོད་ཕོ་མོ་དབྱེ་འབྱེད་རིགས་བྱ་མི་ཆོག་ཀྱང་། གནད་དོན་དེའི་ཐོག་ཁྲིམས་སྒྲིག་ཁ་གསལ་མེད་པ་དང་སྒྲིག་གཞི་གང་ཡོད་པ་རྣམས་ལག་བསྟར་དོན་འཁྱོལ་བྱེད་ཀྱི་མེད་སྐོར་འགྲེལ་བརྗོད་གནང་འདུག ལྷག་དོན་ལས་ཀའི་ས་མིག་གསལ་བསྒྲགས་དེ་དག་ལ་གཞིགས་ཚེ་རྒྱ་ནག་ནང་དུས་ད་ལྟའང་བེུད་རྣམས་སྐྱེས་པ་ལས་ནུས་པ་ཆེས་ཞན་པ་དང་། ཁྱིམ་ཚང་གཉེར་ནས་ཁྱིམ་རང་དུ་བསྡད་མཁན་བེུད་ཞིག་ཡིན་ཚེ་དེ་དག་ནི་ཕྱིའི་ལས་ཀ་བྱ་རྒྱུའི་ནུས་པ་འདང་ངེས་ཤིག་མེད་པར་ཀླད་རྙིང་མཁྲེགས་བཟུང་བྱེད་མཁན་ཤུགས་ཆེ་ཡོད་པ་འགྲེལ་བརྗོད་གནང་འདུག སྙན་ཐོའི་ནང་ད་དུང་ཕོ་མོ་དབྱེ་འབྱེད་བྱེད་མཁན་ཁོངས་སུ་རྒྱ་ནག་གི་གཞུང་འབྲེལ་ཚན་པ་ཁག་ཅིག་ཀྱང་ཡོད་པ་དང་། དེའི་ཁོངས་ནས་རྒྱ་ནག་སྤྱི་བདེ་ཚན་པའི་ལས་ཀའི་ས་མིག་གསལ་བསྒྲགས་ལས་བརྒྱ་ཆ་ ༥༥ སྐྱེས་པ་ཁོ་ན་མ་གཏོགས་དམིགས་ཀྱི་མེད་པ་དང་། ཕྱི་ལོ་ ༢༠༡༠ ལོའི་གྲངས་ཐོར་གཞིགས་ཚེ་གྲོང་ཁྱེར་ཁག་ཏུ་ལས་ཀ་བྱེད་མཁན་གྱི་བེུད་རྣམས་ལ་སྐྱེས་པ་དང་ལས་ཀ་གཅིག་པ་ཡིན་ནའང་ བེུད་རྣམས་ལ་སྐྱེས་པ་ཚོར་ཐོབ་པའི་གླ་ཕོགས་ཀྱི་བརྒྱ་ཆ་ ༦༧ ཙམ་མ་མཏོགས་རག་གི་མེད་པ་རེད་འདུག གཞན་ཡང་ཡུལ་དེའི་ནང་ཁྲིམས་འགལ་ཡིན་མིན་ལ་མ་ལྟོས་པར་བེུད་ཀྱི་དགོས་མཁོ་ཡོད་པའི་ལས་ཀའི་ས་མིག་ཁ་ཤས་ཁྲོད་ལས་ཀའི་ངོ་བོ་དང་འབྲེལ་བ་རྩ་བ་ནས་མེད་པའི་གཟུགས་པོ་རིང་ཐུང་དང། ལྗིད་ཚད། གདོང་གི་དབྱིབས་སོགས་ཆ་རྐྱེན་བཞག་པ་མ་ཟད། རྒྱ་ནག་བྱང་ཕྱོགས་ས་ཁུལ་ཞིག་ཏུ་མེ་འཁོར་ནང་འགྲུལ་གླ་བསྡུ་མཁན་གྱི་ས་མིག་གཅིག་གི་ཆེད་དུ་བེུད་མཛེས་མ་དང་དབྱིངས་ཚ་པོ་དགོས་པའི་གསལ་བསྒྲགས་བཀོད་མཁན་ཡང་ཡོད་སྐོར་འགྲེལ་བརྗོད་གནང་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྤྱིར་རང་དབང་ལྡན་པའི་རྒྱལ་ཁབ་གཞན་ཁག་གི་ནང་དུ་ཕོ་མོ་དབྱེ་འབྱེད་སོགས་སྤྱི་ཚོགས་ཁྲོད་ཀྱི་དཀའ་ངལ་ལ་གདོང་ལེན་ཆེད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་འགན་ཁུར་ཆེན་པོ་བཞེས་ཀྱི་ཡོད་ཀྱང་། རྒྱ་ནག་ནང་དམར་ཤོག་ཚོགས་པ་དང་འགལ་ཟླ་འགྲོ་སྲིད་པའི་འཇིགས་སྣང་འོག་གཞུང་འབྲེལ་མིན་ཡིན་པའི་ཚོགས་ཁག་ལ་དམ་དྲག་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་སྐོར་གསུངས་པ་དང་ཆབས་ཅིག ཚོགས་པ་དེའི་རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ལྕམ་ Sophie Richardson ལགས་ཀྱིས་རྒྱ་གཞུང་གིས་བེུད་ཀྱི་རང་དབང་རྩོད་ལེན་པ་རྣམས་ལ་དམ་དྲག་དང་བཙོན་འཇུག་བྱ་རྒྱུ་ཚབ་ཏུ་ཁོང་རྣམ་པ་དང་མཉམ་ལས་གནང་མཁན་སྤྱི་ཚོགས་ནང་གི་བེུད་ཀྱི་དཀའ་ངལ་དེ་དག་སེལ་དགོས་གལ་ཡིན་པ་གསུངས་འདུག

ཁྱིམ་མཚེས་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ་དམ་ཟབ་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གཉིས་གཟའ་འཁོར་འདིའི་ནང་མཇལ་མོལ་གནང་རྒྱུ་ཡིན་པ་དེར་དགའ་བསུའི་བསྔགས་བརྗོད་གནང་བ་དང་འབྲེལ། ཁྱིམ་མཚེས་རྒྱལ་ཁབ་ཕན་ཚུན་དབར་འབྲེལ་ལམ་དམ་ཟབ་དགོས་གལ་ཡིན་པ་བཀའ་བསྩལ་འདུག དེ་ཡང་ཁ་ཉིན་རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་གཉིས་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་ཐོག་རིང་མིན་ཟླ་བ་འདིའི་ཚེས་ ༢༧ དང་ ༢༨ ཉིན་ཡུལ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་དབར་མཇལ་མོལ་གནང་རྒྱུ་ཡིན་པ་གསལ་བསྒྲགས་སྤེལ་བ་ལྟར། རྒྱ་གར་གྱི་ ANI གསར་ཁང་གིས་༸གོང་ས་མཆོག་ལ་གནད་དོན་དེའི་སྐོར་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ད་རེས་དབུ་ཁྲིད་རྣམ་གཉིས་མཇལ་མོལ་གནང་རྒྱུ་དེ་ནི་ཧ་ཅང་ཡག་པོ་ཡིན་པ་དང་། ཁྱིམ་མཚེས་རྒྱལ་ཁབ་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཐོག་གནས་དགོས་སྟབས་ནང་མི་བཞིན་གནས་ཐུབ་ཚེ་ལེགས་སྐོར་བཀའ་བསྩལ་འདུག རྩ་བའི་མོ་དཱི་མཆོག་དང་ཞི་ཅིང་ཕིང་རྣམ་གཉིས་ཀྱི་ཐེངས་འདིའི་མཇལ་མོལ་དེ་ཡུལ་གཉིས་དབར་འབྲོག་ལམ་ས་མཚམས་ཀྱི་རྩོད་རྙོག་བྱུང་བ་ནས་བཟུང་མཇལ་མོལ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད།  གནད་དོན་དེ་དང་འབྲེལ་ནས་ལྕམ་ Swaraj མཆོག་གིས་དབུ་ཁྲིད་རྣམ་གཉིས་དབར་གྱི་མཇལ་མོལ་དེ་ནི་ཕྱོགས་གཉིས་ཀྱི་འབྲེལ་ལམ་དམ་ཟབ་ཏུ་གཏོང་རྒྱུར་ཆེད་དམིགས་གཙོས་གཉིས་སྨན་འབྲེལ་ལམ་དང་རྒྱལ་སྤྱིའི་གནད་དོན་ཁག་ཅིག་གི་ཐོག་བསམ་ཚུལ་བརྗེ་ལེན་གྱི་དུས་སྐབས་བཟང་པོ་ཞིག་ཡིན་སྐོར་གསུངས་ཡོད་པ་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang yi ནས་ཀྱང་དབུ་ཁྲིད་རྣམ་གཉིས་ནས་མཇལ་མོལ་དེ་ནི་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཐད་ལ་ལོ་རྒྱུས་ཀྱི་མཚམས་རྡོ་ལྟ་བུ་ཞིག་ཆགས་ཀྱི་ཡོད་པར་འགྲེལ་བརྗོད་གནང་འདུག

བོད་ནང་འདས་པའི་ལོ་འཁོར་མོའི་རིང་དྲག་གནོན་འོག་གནས་སྟངས་ཇེ་སྡུག་ཏུ་སོང་ཡོད་པའི་འགྲེལ་བརྗོད་གནང་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཁ་སང་ཟླ་ ༤ ཚེས་ ༢༠ ཉིན་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་འདྲ་མིན་ ༢༠༠ ལྷག་ཙམ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་གནང་བའི་ལོ་འཁོར་སྙན་ཐོ་ཞིག་གསར་དུ་འདོན་སྤེལ་གནང་བའི་ནང་།  རྒྱ་ནག་གི་དབང་སྒྱུར་འོག་འདས་པའི་ཕྱི་ལོ་ ༢༠༡༧ ལོ་འཁོར་མོའི་རིང་བོད་ནང་དམ་དྲག་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་སོང་ཡོད་པར་འགྲེལ་བརྗོད་གནང་བ་མ་ཟད། བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་པའི་བོད་མཐོ་སྒང་གི་བོད་རིགས་ས་ཁུལ་མང་པོའི་ནང་རྒྱ་གཞུང་གི་དྲག་ཆས་དམག་མི་དང་སྤྱི་བདེ་ཉེན་རྟོག་པ་ཕོན་ཆེ་འགྲེམས་འཇོག་བྱས་དང་བྱེད་མུས་ཡིན་པ་གསལ་བཏོན་གནང་འདུག ཨ་མི་རི་ཀའི་ཕྱི་སྲིད་བློན་ཆེན་ལས་ཚབ་སྐུ་ཞབས་ John Sullivan ལགས་ཀྱིས་སྙན་ཐོའི་སྔོན་གླེང་ནང་སིར་ཡ་དང་།  བྷར་མ།  ཊར་ཀི། ཝེ་ནི་ཛུ་ལ་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཞན་པོ་ཡོད་པའི་རྒྱལ་ཁབ་ཁོངས་སུ་མིང་འདོན་བྱས་པ་མ་ཟད། རྒྱ་ནག་དང་ཨུ་རུ་སུ། ཨི་རན། དེ་བཞིན་བྱང་ཀོ་རི་ཡ་བཅས་ལོགས་སུ་དབྱེ་ནས་རྒྱལ་ཁབ་དེ་དག་ནི་ཉེས་རྒྱུན་མ་ཆད་པའི་ཐོག་ནས་སོ་སོའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་མཁན་དང་རང་ཉིད་ཀྱི་རྒྱལ་ཁབ་ནང་གི་བདེ་འཇགས་དཀྲུག་མཁན་གཙོ་བོ་ཆགས་ཡོད་པ་དང་།  རྒྱལ་ཁབ་དེའི་མི་རིགས་ནི་བཟང་སྤྱོད་ཀྱི་ཐོག་ནས་སྐྱོན་བརྗོད་བྱ་འོས་པ་དང་སྤྱིའི་ཁེ་ཕན་ལ་གནོད་འཚེ་བཟོ་མཁན་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག སྙན་ཐོ་དེའི་བོད་སྐོར་གྱི་ཚན་པའི་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་དང་།  མནར་གཅོད་བཏང་བ།  ཁྲིམས་མཐུན་མིན་པའི་སྒོ་ནས་མི་སྣ་གང་བྱུང་དུ་འཛིན་བཟུང་། ཆབ་སྲིད་བཙོན་པའི་གནས་བབ། སྨྲ་བརྗོད་རང་དབང་དང་ཆོས་ལུགས་ཀྱི་རང་དབང་།  འདུ་འཛོམས་ཀྱི་རང་དབང་། འགུལ་བསྐྱོད་ཀྱི་རང་དབང་སོགས་གནད་དོན་ཁག་ཅིག་འབུར་བཏོན་གནང་བ་མ་ཟད། རྒྱ་གཞུང་གི་ངོས་ནས་༸གོང་ས་མཆོག་ལ་དད་གུས་ཞུ་མཁན་དམར་ཤོག་ཚོགས་པའི་ཚོགས་མིའི་ཁོངས་ནས་༸གོང་ས་མཆོག་ལ་དད་མོས་ཞུ་བ་དང་རྒྱ་གར་ལ་གནས་མཇལ་དུ་བསྐྱོད་མཁན། ལྷག་དོན་བུ་ཕྲུག་བཙན་བྱོལ་དུ་སློབ་སྦྱོང་ཆེད་ཡོད་མཁན་སོགས་ལ་དམིགས་བསལ་དམ་དྲག་བྱེད་བཞིན་ཡོད་པའི་གནད་དོན་མངོན་གསལ་གནང་འདུག གཞན་ཡང་བོད་ནང་གི་ས་གནས་གཞུང་དང་དམར་ཤོགས་ཚོགས་པ། ཉེན་རྟོག་ལས་ཁང་། དེ་བཞིན་དམག་གི་སྒྲིག་འཛུགས་བཅས་ཚང་མའི་ནང་གི་མཐོ་རིམ་གནས་རིམ་མམ་ས་མིག་དེ་དག་རྒྱ་ནག་དམར་ཤོགས་ཚོགས་པའི་ཚོགས་མི་རྒན་གྲས་རྒྱ་རིགས་ཤ་སྟག་གིས་བཟུང་ཡོད་པ་དང་།  རྒྱ་ནག་རྒྱལ་ཡོངས་ཀྱི་ཆ་ནས་བཤད་ཚེ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཚོགས་དང་རྒྱུན་ལས་ཚོགས་ཆུང་བཅས་ཀྱི་ཚོགས་མིའི་ཁོངས་སུ་བོད་མི་གཅིག་ཀྱང་མེད་པ་ཆེས་གསལ་བཏོན་གནང་འདུག ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་མ་ཏི་ཡོ་མེ་ས་ཇི་ལགས་ཀྱིས་ད་རེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འདོན་སྤེལ་གནང་བའི་སྙན་ཐོའི་ནང་གསལ་བོད་ནང་གི་འགྲོ་བམིའི་ཐོབ་ཐང་གི་གནས་བབ་སྐོར་ཞིབ་འཇུག་གང་གནང་བ་དེ་ལས་འགུལ་ཁང་དེའི་ངོས་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསལ་ཁ་གནང་བ་ལྟར་གཅིག་མཚུངས་ཆགས་ཡོད་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ཨ་རི་གཞུང་གི་སྙན་ཐོ་དེར་གཞི་རྩར་བཟུང་ཐོག་ཨ་རིའི་གྲོས་ཚོགས་སུ་ reciprocal accesss to Tibet ཞེས་ཨ་རིའི་མི་སེར་བོད་ནང་འགྲོ་བསྐྱོད་དང་འབྲེལ་བའི་གྲོས་འཆར་སོགས་ཁྲིམས་སྒྲིག་ཁག་ཅིག་འདོན་སྤེལ་གནང་བ་དེ་དག་གཏན་འབེབས་ཐོག་ཕྱག་བསྟར་གནང་ཐུབ་ཚེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གཏང་ཐུབ་ངེས་ཡིན་པའི་འགྲེལ་བརྗོད་གནང་འདུག རྩ་བའི་ཐེངས་འདིའི་ཨ་རི་གཞུང་གི་སྙན་ཐོའི་ནང་དུ་རྒྱ་ནག་གཞུང་གིས་ཡུལ་དེའི་ཞིང་ཆེན་རིམ་པའི་ས་གནས་གཞན་ཞིག་དང་མི་འདྲ་བར། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཕྱི་རྒྱལ་མི་སྣ་འགྲོ་བསྐྱོད་ཆོག་རྒྱུར་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་དང་། ལྷག་དོན་ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྟེ་གསུམ་བཅུའི་དུས་དྲན་ཉིན་མོ་འཁེལ་བའི་ཕྱི་ཟླ་གསུམ་པའི་སྔ་རྗེས་ཀྱི་དུས་ཡུན་ནང་བོད་དེ་ཕྱོགས་ཡོངས་ནས་སྒོ་མོ་རྒྱབ་ཀྱི་ཡོད་པ་མ་ཟད། རྒྱལ་སྤྱིའི་གསར་འགོད་པ་ཚོ་ཁུལ་དེའི་ནང་བསྐྱོད་རྒྱུའི་འབོད་སྐུལ་རིམ་པ་ཞུ་ཁག་ལ་ཁས་ལེན་བྱས་མེད་སྐོར་གླེང་འདུག སྙན་ཐོའི་ནང་ད་དུང་རྒྱ་ནག་གི་དོ་དམ་འོག་ཡོད་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་དང་། སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱི་གནས་བབ་སོགས་ཟུར་བཏོན་གནང་བ་དང་སྦྲགས།  བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་ཁྲིམས་རྩོད་པ་གླ་རྒྱུ་གཙོས་པའི་ཁྲིམས་ཀྱི་ཁེ་དབང་མང་པོ་བཀག་སྡོམ་བྱས་པ་མ་ཟད། ཁྲིམས་ཁང་དུ་ཁྲིམས་བཤེར་སྐབས་རྒྱ་སྐད་ཁོ་ན་སྤྱོད་དགོས་པ་དང་། ཁྲིམས་ཀྱི་དཔྱད་ཁྲ་དང་འབྲེལ་ཡོད་ཡིག་ཆ་ཡོངས་རྫོགས་རྒྱ་ཡིག་ཐོག་མ་གཏོགས་བོད་ཡིག་ནང་མེད་པར་འགྲེལ་བརྗོད་གནང་འདུག

ལི་ཝར་པུལ་རྐང་སྤོལ་རུ་ཁག་ལ་རྒྱ་ནག་དང་ཚོང་འབྲེལ་གྲོས་མཐུན་ཕྱིར་འཐེན་དགོས་པའི་ཞུ་འབོད་གནང་བ།

ཁ་སང་དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ ༢༥ ནས་དབྱིན་ཡུལ་ Liverpool རྐང་རྩེད་སྤོ་ལོ་རུ་ཁག་ལ་ཕྱག་བྲིས་ཤིག་གནང་སྟེ་རུ་ཁག་དེའི་ངོས་ནས་བོད་ཀྱི་དྭངས་ཆུ་ཚོང་ལས་ཁང་ Tibet Water Resources Ltd. དང་ཚོང་འབྲེལ་གྲོས་མཐུན་བཞག་པ་དེ་ནི་རྐང་སྤོལ་རུ་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལངས་ཕྱོགས་དང་ཡོངས་སུ་མི་མཐུན་ཚུལ་འགྲེལ་བརྗོད་ཀྱིས་གྲོས་མཐུན་ཕྱིར་འཐེན་དགོས་པར་ཞུ་འབོད་གནང་འདུག དེ་ཡང་ Free Tibet བོད་རང་དབང་ཚོགས་པའི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཕུལ་བའི་ཕྱག་ཡིག་དེའི་ནང་། རྒྱ་ནག་གི་བོད་ཀྱི་དྭངས་ཆུ་ཚོང་ལས་ཁང་དེས་ཤེལ་དམ་གྱི་འཐུང་ཆུ་བཙོང་བ་དང་རྒྱ་ནག་གིས་དབང་སྒྱུར་འོག་ཡོད་པའི་བོད་ལ་བཀོལ་སྤྱོད་བྱེད་པའི་ཐོན་སྐྱེད་ཞིག་ཡིན་པ་དང་། དབྱིན་ཡུལ་ Liverpool རྐང་རྩེད་སྤོ་ལོ་རུ་ཁག་གིས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་གྲོས་མཐུན་བཞག་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་ལངས་ཕྱོགས་དང་མི་མཐུན་པ་ཞིག་ཡིན་པས་གྲོས་མཐུན་དེ་ངེས་པར་དུ་ཕྱིར་འཐེན་བྱེད་དགོས་ཞེས་ཞུ་འབོད་གནང་བ་དང་ཆབས་ཅིག ལི་ཝར་པུལ་རྐང་སྤོལ་རུ་ཁག་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་སྲུང་སྐྱོབ་གནང་རྒྱུའི་དམ་བཅའ་བསྐྱར་དུ་གཏན་འབེབས་དགོས་པའི་རེ་སྐུལ་བསྐྱར་ནན་གནང་ཡོད་པ་འཁོད་འདུག དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Bristol གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་ལྕམ་ Kerry McCarthy མཆོག་དང་བྱང་ London ནང་རྟེན་གཞི་བྱས་པའི་ Tottenham གྱི་ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Lammy  ལགས། དབྱིན་ཡུལ་གྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Chris law ལགས་བཅས་ནས་མཚན་རྟགས་བསྐྱོན་གནང་ཡོད་འདུག གཞི་རྩའི་ Tibet Water Resources Ltd. ཞེས་པའི་རྒྱ་ནག་གི་དྭངས་ཆུ་ཚོང་ལས་ཁང་དེ་རྒྱ་ནག་ནང་དུ་དྭངས་ཆུ་དང་སྦི་རག་ཚོང་འགྲེམས་བྱེད་མཁན་གྱི་ཚོང་ལས་ཁང་ཞིག་ཡིན་པ་དང་། ཚོང་འབྲེལ་གྱི་གྲོས་མཐུན་དེ་དང་འབྲེལ་ནས་བོད་དོན་ལས་འགུལ་བ་རྣམས་ནས་ Liverpool རྐང་སྤོལ་རུ་ཁག་དང་རྒྱ་ནག་གཉིས་དབར་ཚོང་འབྲེལ་གྲོས་མཐུན་བཞག་པ་ནི་བོད་ནང་གི་ཁོར་ཡུག་གཏོར་བཤིག་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏང་ཕྱིར་རྒྱ་ནག་དང་ལག་སྦྲེལ་བྱས་ཡོད་པ་ཞིག་ཡིན་པར་སྐྱོན་བརྗོད་གནང་ཡོད།

རྒྱ་གཞུང་གིས་གསང་མྱུལ་བའི་གནས་ཚུལ་མཁོ་སྤྲོད་བྱ་སའི་དྲྭ་རྒྱ་གསར་པ་སྒོ་ཕྱེ་འདུག

རྒྱ་གཞུང་གིས་ཟླ་བ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཆེད་ཕྱི་རྒྱལ་གསང་མྱུལ་བའི་གནས་ཚུལ་མཁོ་སྤྲོད་བྱ་སའི་དབྱིན་རྒྱ་གཉིས་ཀྱི་སྐད་ཡིག་ཐོག་ཡོད་པའི་དྲྭ་རྒྱ་ཞིག་སྒོ་ཕྱེ་འདུག དེ་ཡང་རྒྱལ་སྲུང་སློབ་གསོའི་ཉིན་མོ་དང་བསྟུན། རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་གྱིས་ 12339.gov.cn ཞེས་པའི་དམིགས་བསལ་དྲྭ་རྒྱ་ཞིག་སྒོ་ཕྱེ་ཡོད་པ་དང་འབྲེལ། རྒྱ་ནག་རྒྱལ་ཁབ་ཀྱི་གཞུང་འབྲེལ་ལས་བྱེད་དང་དམག་མི་ལ་ལྐོག་རྔན་སྤྲད་པ། རྒྱལ་ཁབ་ནང་རྙོག་ཟིང་དང་མི་རིགས་ཁ་བྲལ་རིང་ལུགས་བརྒྱུད་སྐུལ་བྱེད་མཁན་ཕྱི་རྒྱལ་བ་དང་རྒྱ་ནག་གི་མི་སེར་གསང་མྱུལ་བའི་ཚུལ་སྤྱོད་དོགས་གཞི་ཡོད་པ་རྣམས་ཀྱི་གནས་ཚུལ་དྲྭ་རྒྱ་དེའི་ཐོག་སྙན་གསེང་ཞུ་དགོས་པར་ནན་སྐུལ་བྱས་འདུག དྲྭ་རྒྱ་དེའི་ནང་དོགས་གཞི་ཅན་གྱི་གསང་མྱུལ་ལས་དོན་ཁོངས་སུ་ཕྱི་རྒྱལ་བའི་མི་རིགས་ནས་རྒྱ་ནག་ནང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་གཞིའི་ལས་འགུལ་རིགས་སྤེལ་མྱོང་མཁན་ནམ་དེ་ལྟ་བུའི་ལས་འགུལ་སྤེལ་བའི་དོགས་ཟོན་ཡོད་པ་རྣམས་དང་ཐུག་འཕྲད་ཀྱི་གནས་ཚུལ་རྣམས་ཀྱང་སྙན་གསེང་ཞུ་ཆོག་པ་ཞེས་བཀོད་ཡོད་པ་ལྟར། གནས་ཚུལ་དཔྱད་ཞིབ་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་རྣམས་ནས་གནད་དོན་དེའི་ཐོག་ཐུགས་འཚབ་ཆེན་པོས་རྒྱ་ནག་ཏུ་གནས་སྡོད་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྣམས་ལ་མ་འོངས་པར་རྒྱལ་ཁབ་དེའི་ནང་ཕེབས་མཁན་གྱི་གསར་འགོད་པ་གཙོ་གྱུར་ཕྱི་རྒྱལ་བ་ཚོ་དང་འབྲེལ་བ་གནང་ས་མེད་པ་ཞིག་བཟོས་ནས་ཡོད་པ་གསུངས་འདུག དྲྭ་རྒྱ་གསར་པ་དེའི་ནང་གསང་མྱུལ་བའི་གནས་ཚུལ་སྙན་གསེང་ཞུ་མཁན་རྣམས་ལ་བྱ་དགའ་སྤྲོད་རྒྱུ་ཡིན་སྐོར་བཀོད་པ་ལས་བྱ་དགའ་གང་ཡིན་དང། དངུལ་གྱི་བྱ་དགའ་ཡིན་ཚེ་དངུལ་འབོར་གྱི་ཁ་གྲངས་ཇི་ཡོད་སོགས་ཞིབ་ཕྲ་གང་ཡང་བཀོད་མེད་པ་དེ་ལྟར་ཡང་། དེ་སྔོན་པེ་ཅིང་གྲོང་ཁྱེར་གྱི་རྒྱལ་སྲུང་ལྷན་ཁང་ནས་གསང་མྱུལ་བའི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་རྣམས་ལ་བྱ་དགའ་སྒོར་  ༡༠,༠༠༠ ནས་ ༥༠,༠༠༠༠ བར་སྤྲོད་རྒྱུ་ཡིན་པ་བཀོད་ཡོད་པ་རེད། གཞི་རྩའི་ཟླ་ ༤ ཚེས་ ༡༥ ཉིན་རྒྱལ་སྲུང་སློབ་གསོའི་ཉིན་མོ་དང་བསྟུན། རྒྱ་ནག་རྒྱལ་སྲུང་བློན་ཆེན་ནས་འགུལ་རིས་ལྟད་མོ་འབག་གྱོན་པའི་གྲོགས་པོ་’ ཞེས་པ་ཞིག་འགྲེམས་སྤེལ་བྱས་འདུག་པ་དང།  འགུལ་རིས་ལྟད་མོ་དེའི་ནང་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པར་ཕྱག་ལས་གནང་མཁན་ཕྱི་རྒྱལ་མི་རིགས་ཤིག་གིས་ནུབ་ཕྱོགས་ནང་ལས་མི་ཚོའི་ལས་ཀའི་ཐོབ་ཐང་དེ་རྒྱ་ནག་ནང་གོང་འཕེལ་གཏོང་ཐབས་སྐོར་དང་།  རྒྱ་གཞུང་གི་ལས་བྱེད་ལ་རྒྱལ་ནང་གི་ལས་མི་ཚོའི་ཐོབ་ཐང་རྩོད་ལེན་ཐོག་ཚོགས་ཆེན་ཚོགས་རྒྱུའི་ལྐོག་ངན་སྤྲད་པ་རྣམས་འབུལ་ལམ་ཞུས་པ་མ་ཟད། དེ་འདྲའི་ཕྱི་རྒྱལ་ཡུལ་མི་རྣམས་གསང་མྱུལ་གྱི་དྲ་རྒྱའི་ཐོག་དེ་མ་ཐག་ཏུ་སྙན་གསེང་ཞུ་དགོས་པ་བསྟན་འདུག རྩ་བའི་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༡ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་སྤྱི་བདེ་ལས་ཁུངས་ནས་མང་ཚོགས་ཁྲོད་ཕུགས་རྒྱང་རིང་པོའི་བརྟན་ལྷིང་དང་འཆམ་མཐུན་བསྐྲུན་ཆེད། ངན་པ་བརྒྱུད་སྐུལ་གྱི་ཁྲིམས་འགལ་བྱ་སྤྱོད་ལ་དམ་དྲག་དང་གཙང་བཟོའི་ལས་གཞི་ཟེར་བའི་དོན་ཚན་ ༢༢ ཅན་གྱི་ལམ་སྟོན་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་ཡོད་པ་དང། ཏཱ་ལའི་ཁ་བྲལ་རུ་ཚོགས་ཀྱིས་བརྒྱུད་སྐུལ་འོག་ས་གནས་སུ་བརྟན་ལྷིང་དཀྲུག་པ་དང་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བ། མང་ཚོགས་ཀྱི་མགྲིན་ཚབ་པ་ཡིན་ཁུལ་བྱས་ནས་དཔལ་འབྱོར་དང་ཁོར་ཡུག ཤེས་ཡོན། རིག་གཞུང་སོགས་ཀྱི་གནད་དོན་ཐོག་དང་བླངས་དང་བཙན་དབང་གཉིས་ཀའི་ཐོག་ནས་དངུལ་གྱི་ཞལ་འདེབས་བསྡུ་རུབ་བྱས་ཏེ་དོན་དངོས་ཏཱ་ལའི་རུ་ཚོགས་ཀྱི་ལས་དོན་ལ་མཐུན་འགྱུར་སྦྱར་བ། གཞན་ཡང་དབུ་མའི་ལམ་དང་ཕ་སྐད་སྲུང་སྐྱོབ་སོགས་ཀྱི་མིང་བྱང་འོག་རྒྱ་གཞུང་ལ་ངོ་རྒོལ་གྱི་བསམ་བློ་སྤེལ་བ་སོགས་བཀོད་ནས་ཁྲིམས་འགལ་གྱི་ལས་དོན་དེ་དག་དང་འབྲེལ་ཡོད་ལས་ཁུངས་སུ་སྐབས་འཕྲལ་སྙན་གསེང་ཞུ་དགོས་པའི་འབོད་སྐུལ་བྱས་པ་མ་ཟད་གཟའ་འཁོར་ཁ་ཤས་གོང་དུ་བོད་ཀྱི་ནག་ཆུ་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཀྱང་དེ་ལྟ་བུའི་ལམ་སྟོན་ཡིག་ཆ་ཞིག་འདོན་སྤེལ་བྱས་ཡོད་པ་རེད།

ཆོས་དབྱིངས་སྐྱིད་ལགས་ལ་བེུད་ཀྱི་འགྲོས་རྩལ་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ་འདུག

རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་བེུད་འགྲོས་རྩལ་འགྲན་བསྡུར་ནང་བོད་རིགས་བེུད་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ལ་ཨང་དང་པོའི་གསེར་གྱི་རྟགས་མ་ཐོབ་འདུག དེའང་ཟླ་ ༤ པའི་ནང་ Portugal རྒྱལ་ཁབ་ཀྱི་ Rio Maior ཁུལ་དུ་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲོས་རྩལ་འགྲན་བསྡུར་ཚོགས་ཡོད་པ་ལྟར། ཕྱི་ཚེས་ ༧ སྟེ་མཇུག་སྒྲིལ་བའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་རྩེད་འགྲན་གནང་བའི་ཁྲོད་བོད་རིགས་བེུད་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ཀྱིས་སྐར་འབྲས་ཚོུད་ ༡ དང་སྐར་མ་   ༢༨ སྐར་ཆ་ ༤ འི་ཐོག་ནས་བེུད་སྤྱི་ལེ་ ༢༠ ཐམ་པའི་འགྲོས་རྩལ་འགྲན་བསྡུར་གྱི་ཨང་དང་པོའི་གསེར་གྱི་རྟགས་མ་བླངས་ཡོད་པ་རེད་འདུག རྩ་བའི་ཆོས་དབྱིངས་སྐྱིད་ལགས་ལ་ཕྱི་ལོ་ ༢༠༡༦ ལོའི་རྒྱ་ནག་གི་ལུས་རྩལ་ཁྱབ་ཁོངས་ཀྱི་གཟེངས་རྟགས་ཆེ་ཤོས་ཀྲུང་གོའི་ལུས་རྩལ་གཟི་བརྗིད་གཟེངས་རྟགས་ཐོབ་ཡོད་པ་དང་། དེ་བཞིན་སྔ་ལོའི་ཟླ་ ༩ ཚེས་ ༣ ཉིན་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་ ༡༣ པའི་བེུད་སྤྱི་ལེ་ ༢༠ ཐམ་པའི་མི་སྒེར་གྱི་འགྲོས་རྩལ་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་ཐེན་ཅིན་གྲོང་ཁྱེར་དུ་ཚོགས་ཡོད་པ་ལྟར་ཆོས་དབྱིངས་སྐྱིད་ཀྱིས་སྐར་འབྲས་ཚོུད་ ༡ དང་སྐར་མ་༢༨ སྐར་ཆ་ ༣༣ གྱི་ཐོག་ནས་འགྲན་ཚན་དེའི་དངུལ་གྱི་རྟགས་མ་བླངས་ཡོད་པ་རེད། ཆོས་དབྱིངས་སྐྱིད་ལགས་ནི ༡༩༩༠ ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་འཇོག་ཡུལ་ཚོའི་བོད་རིགས་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་འཁྲུངས་ཞིང་། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་སྟེང་བྱ་དགའ་ཐོབ་མཁན་གྱི་བོད་པ་ཐོག་མ་དེ་ཡིན་པ་དང་། ཁོང་ ༢༠༡༠ ཟླ་ ༧ པའི་ནང་རྒྱལ་ཁབ་མཆོང་རྒྱུག་འཕེན་གསུམ་རུ་ཁག་ཏུ་ཞུགས་རྗེས། ༢༠༡༢ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཏོན་དུ་འཚོགས་པའི་ཨོ་རྩལ་འགྲན་ཚོགས་སྐབས་ ༣༠ པའི་ཐོག་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འགྲོས་རྩལ་འགྲན་བསྡུར་ཁྲོད་དངུལ་གྱི་རྟགས་མ་ཐོབ་པ་མ་ཟད། དེ་སྔའི་ཨེ་ཤ་ཡའི་འགྲོས་རྒྱུག་ལུས་རྩལ་གྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༡༥ ལོའི་སི་ཕེན་རྒྱལ་ཁབ་ཏུ་ཚོགས་པའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གྱི་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འགྲོས་རྩལ་འགྲན་བསྡུར་ཁྲོད་ཨང་གཉིས་པ་དང་། རྒྱ་ནག་རྒྱལ་ཡོངས་རྟིང་རྩོད་འགྲོས་རྩལ་འགྲན་བསྡུར་གྱི་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འགྲོས་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་བཅས་ཐོབ་མྱོང་ཡོད་པ་རེད།

རྒྱ་ནག་གི་ཆོས་དད་རང་དབང་དང་འབྲེལ་བའི་ཡིག་ཆ་དཀར་པོའི་ནང་ཡར་རྒྱས་དང་བཅོས་སྒྱུར་གྱི་རྣམ་པ་གང་ཡང་མངོན་རྒྱུ་མི་འདུག

རྒྱ་ནག་གཞུང་གིས་ཆོས་དད་རང་དབང་དང་འབྲེལ་བའི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་འདོན་སྤེལ་དང་འབྲེལ། ཆོས་ལུགས་གང་འདྲ་ཞིག་ཡིན་རུང་གཞུང་གི་ཐོག་མེད་པ་དང་། རྒྱ་ནག་གི་ཆོས་དད་ལས་དོན་རྣམ་པ་ཅི་རིགས་ནང་ཕྱི་ཕྱོགས་ནས་ཐད་བྱུས་རྩ་བ་ནས་བྱེད་ས་མེད་པ་གསལ་བཏོན་གནང་འདུག ཁ་སང་ཟླ་ ༤ ཚེས་ ༣ ཉིན་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཚན་པས་གསར་འགོད་ལྷན་ཚོགས་བསྐོང་ཚོགས་དང་འབྲེལ་ Chinas Policies and Practices on Protecting Freedom of Religious Belief ཞེས་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་སྲུང་སྐྱོབ་དང་འབྲེལ་བའི་སྲིད་བྱུས་དང་ལག་བསྟར་ཞེས་པའི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་འདོན་སྤེལ་བྱས་ཡོད་པའི་ནང་ཆོས་དད་རང་དབང་ལ་གུས་བརྩི་དང་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱ་ནག་དམར་ཤོག་ཚོགས་པ་དང་གཞུང་གི་གཞི་རྩའི་སྲིད་བྱུས་ཤིག་ཡིན་པ་དང་། ཆོས་དད་ཡོད་མེད་ལ་མ་ལྟོས་པར་མི་སེར་ཡོངས་ལ་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་དང་རིག་གཞུང་བཅས་ཀྱི་ཐོབ་ཐང་འདྲ་མཉམ་ཡོད་པ། ཆོས་དད་དང་འབྲེལ་བའི་གནད་དོན་ཡོངས་རྫོགས་ཁྲིམས་མཐུན་ཐོག་ལག་བསྟར་བྱེད་མུས་དང་། དེའང་རང་དབང་དང་རང་སྐྱོང་གི་ལངས་ཕྱོགས་དང་མཐུན་ཐོག་བྱས་ཡོད་སྐོར་སོགས་བཀོད་འདུག ཡིག་ཆའི་ནང་དེ་བཞིན་ཆོས་ལུགས་ཡོངས་མཛོགས་ནས་རྒྱ་ནག་གཞུང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་དང་འཚམ་པ་བྱ་དགོས་གལ་སྐོར་མང་དག་ཞིག་ཆེད་བཀོད་ཀྱིས་ཆོས་དད་ཡོད་མཁན་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཞེས་ཆབ་སྲིད་ཀྱི་སློབ་གསོ་སྤེལ་ནས་ཤུགས་སྣོན་འཕར་མ་རྒྱག་བཞིན་ཡོད་པ་དེའང་དྲག་སྤྱོད་པའི་གཡོ་དབང་དུ་མི་ཚུད་ཆེད་ཡིན་སྐོར་བཀོད་འདུག ཨོ་སི་ཊོ་ལི་ཡའི་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་དེ་ནི་གནད་དོན་གསར་པ་ཞིག་མིན་པ་དང་། ཡར་རྒྱས་གཏང་འཆར་གྱི་རྣམ་པ་གང་ཡང་མངོན་རྒྱུ་མི་འདུག་ཅེས་སོགས་གསུངས་སོང་། གཞན་ཡང་ཨོ་སི་ཊོ་ལི་ཡ་ནང་གི་ ABC བརྒྱུད་ལམ་གྱིས་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་ཆོས་དད་རང་དབང་ལ་གུས་བརྩི་དང་སྲུང་སྐྱོབ་བྱེད་རྒྱུའི་ཡིག་ཆ་འདོན་སྤེལ་བྱས་ཡོད་ཀྱང། ཕྱོགས་གཞན་ཞིག་ནས་དེང་སྐབས་རྒྱ་ནག་ཏུ་དྲ་རྒྱའི་ཐོག་ཡི་ཤུའི་གསུང་རབ་ Bible དང་ཁ་ཆེའི་གསུང་རབ་ Kuran སོགས་ཉོ་ཚོར་གནང་ས་མེད་པ་བཟོས་ཡོད་པ་མངོན་གསལ་གནང་ཡོད་པ་རེད།

Latest news