Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

བོད་མི་བཙན་ཁྲིད་སྐབས་ལམ་གྲོན་སྤྲོད་དགོས་པའི་བཙན་ཤེད་བྱས་འདུག

བོད་མདོ་སྨད་མགོ་ལོག་ཁུལ་དུ་རྒྱ་གཞུང་གིས་སློབ་ཁྲིད་རྒྱ་བསྒྱུར་བྱས་པའི་སྲིད་བྱུས་ལ་རྐྱོན་བརྗོད་གནང་བར་འཛིན་བཟུང་བྱས་པའི་བོད་མི་གཞོན་སྐྱེས་བློ་བསྟན་ལགས་འཛིན་བཟུང་བྱས་ནས་ཟི་ལིང་སློབ་གསོ་ཁང་ནང་དུ་བཀག་ཉར་ཆེད་ཁྲིད་པའི་སྐབས་སུ། ཉེན་རྟོག་པས་ཁོང་ལ་ཟི་ལིང་བར་སྐྱོད་རྒྱུའི་ཆེད་སྒོར་ ༢༠༠ ཡི་ལམ་གྲོན་གཏོང་དགོས་པའི་བཙན་ཤེད་བྱས་འདུགདེ་ཡང་ཁ་སང་ཨིན་ཡུལ་ནང་དུ་རྟེན་གཞི་བྱས་པའི་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པས་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མདོ་སྨད་མགོ་ལོག་ཁུལ་རྨ་སྟོད་རྫོང་སྐྱ་རིང་གྲོང་སྡེ་ནས་ཡིན་ཞིང་རང་ལོ་ ༢༣ ཡིན་པའི་བོད་མི་གཞོན་སྐྱེས་བློ་བསྟན་ལགས་ཀྱིས།  སྐད་འཕྲིན་ཐོག་རྒྱ་གཞུང་གིས་བཙན་དབང་གི་སྒོ་ནས་རྒྱ་ཡིག་རྒྱ་སྐད་གཙོར་བཟུང་གྱིས་སློབ་ཁྲིད་དགོས་པའི་སྲིད་བྱུས་སྤེལ་བཞིན་པར་རྐྱོན་བརྗོད་ཀྱི་གླེང་གློང་བྱས་པར། ཟླ་བ་སྔོན་མའི་ཚེས་ ༡༢ ཉིན་རྨ་སྟོད་རྫོང་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་ཁྲིད་ཀྱིས་ཟི་ལིང་ཁུལ་གྱི་ཆབ་སྲིད་སློབ་གསོ་ཁང་ནང་དུ་བཀག་ཉར་བྱེད་བཞིན་ཡོད་པ་ལྟར། ད་ཆ་ས་གནས་ནས་གསར་དུ་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཁོང་འཛིན་བཟུང་བྱས་པའི་སྐབས་སུ། ཉེན་རྟོག་པས་བློ་བསྟན་ལགས་ལ་ལམ་བར་གྱི་ལམ་གྲོན་གཏོང་དགོས་པའི་བཙན་ཤེད་བྱས་ཡོད་པ་རེད་འདུག བོད་རང་དབང་ཚོགས་པས་གཞན་ཡང་བོད་ནང་གི་འབྲེལ་ཡོད་གནས་ཚུལ་གཞན་ཞིག་སྤེལ་བར་གཞིགས་ན། མགོ་ལོག་དར་རྫོང་གི་སེང་འབྲུག་སྟག་རྩེ་སློབ་གྲའི་དགེ་རྒན་རིན་ཆེན་སྐྱིད་ལགས་སྔར་ལོའི་ཕྱི་ཟླ་ ༨ པའི་ནང་དུ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་ཉེས་འཛུགས་འོག་འཛིན་བཟུང་བཙན་ཁྲིད་བྱས་པའི་རྗེས་སུ་ཉེན་རྟོག་པས་ཁོང་གི་གཟུགས་གཞིར་བརྟག་དཔྱད་ཆེད་ཟི་ལིང་ཁུལ་གྱི་སྨན་ཁང་ཞིག་གི་ནང་དུ་ཁྲིད་ནས་གར་སོང་ཆ་མེད་དུ་གྱུར་བ་དང་། སྐབས་དེར་སྨན་པས་རིན་ཆེན་སྐྱིད་ལགས་ལ་ནད་གཞི་གང་ཡང་མེད་པ་གསལ་པོ་བཟོས་ཟིན་པའི་རྗེས་སུའང་ཁོང་གི་ནང་མིར་སྐར་མ་གཉིས་ཙམ་གྱི་རིང་ལ་ཁོང་དང་ཐུག་འཕྲད་བྱེད་དུ་འཇུག་རྒྱུའི་ཆོག་མཆན་སྤྲད་ཡོད་ཀྱང། ནང་མི་རྣམས་སྨན་ཁང་དུ་མ་འབྱོར་གོང་ལ་ཁོང་སྨན་ཁང་གཞན་ཞིག་ལ་བཙན་ཁྲིད་བྱས་ཏེ་ནང་མི་རྣམས་དང་ལྷན་དུ་སྐར་མ་མ་གཉིས་ཙམ་ཡང་ཐུག་འཕྲད་བྱེད་མ་བཅུག་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག འདི་ག་གསར་འགོད་པས་གནས་ཚུལ་མཁོ་སྤྲོད་གནང་མཁན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ Tibet Watch འམ་བོད་ནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་བློ་བསྟན་ལགས་རང་གི་འདོད་མོས་ཐོག་སློབ་གསོ་ཁང་དུ་བསྐྱོད་མེད་པ་ལྟར་ཁོང་གི་ལག་ནས་ལམ་གྲོན་བླངས་པའི་གནད་དོན་དེ་ནི་དེ་སྔ་རིག་གནས་གསར་བརྗེ་སྐབས་སུ། མི་བསད་ནས་མེ་མདའི་རྡིའུའི་རིན་གོང་ལེན་པ་དང་། མི་ཕན་ཚུན་ཡིད་ཆེས་མེད་པར་བཟོས་ཏེ་གསང་ཉུལ་བྱེད་དུ་བཅུག་ནས་བྱ་དགའ་སྤྲད་པ་དང་། མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་བཏང་བ་བཞིན་དེང་སྐབས་བོད་ནང་རྒྱ་གཞུང་གིས་རིག་གནས་གསར་བརྗེ་སྐབས་ཀྱི་བྱ་འགུལ་ཤུགས་ཆེར་སྤེལ་བཞིན་པ་གསུངས་སོང་།རྩ་བའི་རྒྱ་ནག་གཞུང་གིས་སྔར་ལོ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནང་དུ་ཤེས་ཡོན་ལམ་ལུགས་རྒྱ་བསྒྱུར་བྱེད་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་འགོ་བཙུགས་པ་དང་འབྲེལ་མགོ་ལོག་ཁུལ་དུ་སེང་འབྲུག་སྟག་རྩེ་སློབ་གྲྭ་དང་ཀུན་ཕན་བརྩེ་སྐྱོང་སློབ་གྲྭ་གཙོ་བྱས་པའི་བོད་གཉེར་གྱི་སློབ་གྲྭ་ཁག་ཅིག་སྒོ་རྒྱག་ཏུ་བཅུག་པ་མ་ཟད། སློབ་གྲྭའི་དགེ་རྒན་རིན་ཆེན་སྐྱིད་ལགས་འཛིན་བཟུང་བྱས་པ་དང་། དེ་བཞིན་རྒྱ་གཞུང་གིས་དྲ་ལམ་ཁག་ལ་གསང་བའི་ལྟ་སྲུང་གིས་བློ་བསྟན་ལགས་ཀྱི་གཙོས་པའི་བོད་མི་ཁག་གཅིག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་པ་མ་ཟད། ཉེ་ཆར་བོད་ཁམས་དཀར་མཛེས་ཁུལ་གྱི་བྲག་མགོ་དགོན་པའི་སྐུ་བརྙན་དང་ཉེ་འཁྲིས་ཀྱི་མ་ཎི་དུང་འཁོར་གཏོར་བཤིག་བཏང་བ་མ་ཟད། དགོན་པའི་ནང་བསྟན་སློབ་གྲྭ་སྒོ་རྒྱག་ཏུ་བཅུག་པ་དང་། གྲྭ་ཤག་གཏོར་བཤིག་བཏང་བ་སོགས་བོད་ནང་ཕྱོགས་ཡོང་ནས་དམ་དྲག་ཤུགས་ཆེར་བྱེད་བཞིན་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་རེད།

བོད་བརྒྱུད་ནང་བསྟན་རྒྱ་ནག་གི་སྤྱི་ཚོགས་སུ་དར་ཁྱབ་ལ་འགོག་རྒོལ།

ཁ་སང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་རྒྱ་ནག་གི་སྤྱི་ཚོགས་སུ་ཁྱབ་སྤེལ་འགྲོ་མུས་ལ་འགོག་རྒོལ་བྱེད་བཞིན་པའི་སྙན་ཐོ་ཞིག་གསར་ཏུ་བཏོན་པའི་ནང་།  གསེར་རྟ་ལྔ་རིག་སློབ་གླིང་ནང་གི་རྒྱ་ནག་གི་དད་ལྡན་ཆོས་ཞུ་བ་རྣམས་ལ་དམིགས་བསལ་དམ་དྲག་གིས། ད་ཆ་བོད་བརྒྱུད་ནང་བསྟན་དང་རྒྱ་ནག་གི་ནང་པ་རྣམས་རང་ཁོངས་སོ་སོར་ཆ་བགོས་ཀྱིས་སྟངས་འཛིན་བྱེད་བཞིན་པ་མངོན་གསལ་གནང་འདུགསྙན་ཐོའི་ནང་གསལ་ལྟར་ན། འདས་པའི་ལོ་འགའི་རིང་ནས་རྒྱ་ནག་གིས་དགྲ་གྲོགས་སུ་ཡིན་གྱི་དྲིལ་བསྒྲགས་རང་བཞིན་གྱི་ཐབས་ལམ་འདྲ་མིན་སྤྱད་ནས། བོད་བརྒྱུད་ནང་བསྟན་དང་རྒྱ་ནག་གི་ནང་པ་གཉིས་ཀྱི་འབྲེལ་འདྲིས་ལ་དམ་དྲག་བྱེད་བཞིན་པའི་ཁྲོད།  རྒྱ་རིགས་བོད་བརྒྱུད་ནང་བསྟན་སློབ་གཉེར་བ་རྣམས་ཕྱིར་རྒྱ་ནག་གི་ནང་པར་བསྒྱུར་དགོས་བ་དང་། ཡང་མིན་ན་སྐྱ་སར་འབབ་དགོས་བའི་བཙན་བཀའ་བཏང་ཡོད་པ་དང་། དེ་ནི་རྒྱ་ནག་གི་གཞུང་འབྲེལ་གྱི་ལངས་ཕྱོགས་དང་ཡོངས་སུ་འགལ་བ་ཞིག་ཡིན་ཡང་། གཙོ་བོ་རྒྱ་ནག་གི་སྤྱི་ཚོགས་སུ་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་ཆོས་དཔོན་དག་གི་ཤུགས་རྐྱེན་འགོག་ཐབས་ལ་དམིགས་པ་ཞིག་ཡིན་པར་མངོན་གསལ་གནང་འདུག དེའང་རྒྱ་ནག་གིས་ཕྱི་ལོ་ ༢༠༡༩ ལོའི་ལོ་དཀྱིལ་ཙམ་ནས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཏུ་དར་ཁྱབ་ལ་ཚོད་འཛིན་བྱེད་འགོ་ཚུགས་ཡོད་པ་ནས་བཟུང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དུ་རྒྱ་ནག་གི་ནང་པའི་སློབ་གཉེར་བའི་གྲངས་འབོར་ཇེ་ཉུང་དུ་ཕྱིན་པའི་ཐོག   ཉེ་ལམ་ཕྱི་ཟླ་ ༡༡ ནས་བཟུང་ལས་དོན་དེ་ཤུགས་ཆེ་རུ་བཏང་ནས་ནང་ཆོས་ཉམས་ལེན་བྱེད་མཁན་གྱི་རྒྱ་རིགས་རྣམས་རྒྱ་ནག་ཏུ་ཕྱིར་ལོག་དགོས་བའི་བཀའ་ཁྱབ་བཏང་བ་མ་ཟད། རྒྱ་རིགས་ནང་པ་དེ་དག་རྒྱ་ནག་སྐམ་སའི་ནང་གི་རང་ཉིད་ཀྱི་གྲོང་ཚོ་སོ་སོར་འབྱོར་མཚམས་སུ་ས་གནས་ཀྱི་ཉེན་རྟོག་ལས་ཁུངས་སུ་འབྱོར་ཐོ་རྒྱག་དགོས་བ་བཟོས་པ་དང་། རྗེས་སུ་གསེར་རྟ་ནང་བསྟན་སློབ་གླིང་དུ་ཕྱིར་ལོག་མི་ཐུབ་པའི་སླད་དུས་ནས་དུས་སུ་ཉེན་རྟོག་ལས་ཁུངས་སུ་དེབ་སྐྱེལ་བྱེད་དགོས་བར་བཟོས་འདུག དེ་ཙམ་མ་ཟད། རྒྱ་རིགས་ནང་པ་དེ་དག་གསེར་རྟ་ལྔ་རིག་སློབ་གླིང་དུ་ཕྱིར་ལོག་ལ་བཀག་འགོག་བྱེད་ཆེད་དུ་དགོན་གྲོང་གི་ལམ་བར་དུ་བརྟག་དཔྱད་ས་ཚུགས་ཆེད་བཟོ་བྱས་ཡོད་པ་མ་ཟད། མཚན་སྲུང་ཡང་བཀོད་སྒྲིག་བྱས་ཏེ།  དགོན་པའི་ནང་དུ་ཉེན་རྟོག་ས་ཚུགས་གསར་འཛུགས་ཀྱིས་གྲྭ་ཤག་རེ་རེ་ཞིབ་འཇུག་གིས་རྒྱ་རིགས་ནང་པ་དེ་འདྲ་དགོན་གྲོང་དུ་སླེབ་ཡོད་མེད་ལ་དུས་ནས་དུས་སུ་བརྟག་དཔྱད་དོ་ནན་བྱེད་འགོ་ཚུགས་ཡོད་པའི་ཁྲོད། རྒྱ་རིགས་ཆོས་པ་རྣམས་རྒྱ་ནག་གི་ས་ཁུལ་གྱི་དགོན་པ་ཞིག་ཏུ་མ་ཞུགས་ཚེ། སྐྱ་སར་འབབ་དགོས་བའི་གནས་སུ་ལྷུང་ཡོད་པར་བསྒྲགས་འདུག དེ་བཞིན་ཉེ་བའི་ལོ་འགའི་རིང་། རྒྱ་ནག་གི་གྲོང་བརྡལ་མང་པོའི་ནང་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་། ད་ཆ་རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་གི་སྤྱི་ཚོགས་སུ་བཀག་འགོག་གི་སྲིད་བྱུས་དང་འབྲེལ་ནས། མི་སྐྱ་ཕོ་མོས་གྲུབ་པའི་ཆོས་ཚོགས་ཁག་དེ་དག་ཀྱང་རིམ་བཞིན་སྒོ་བརྒྱབ་ཟིན་པ་མ་ཟད། འབྲེལ་ཡོད་ཀྱི་ལས་སྣེ་བ་རྣམས་ལདྲ་ཐོག་ནས་འདྲི་རྩད་བྱེད་མུས་ཡིན་པ་དང་། ཁག་ཅིག་གོང་རིམ་ལ་སྙན་ཞུ་སོགས་འབྲི་རུ་བཅུག་པའི་ཁྲོད་ད་ཆ་ཁག་ཅིག་སྲིད་གཞུང་གི་ཉེན་རྟོག་པར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་དུ་འགྱུར་བཞིན་པ་ཡང་ཡོངས་གྲགས་གནང་འདུག དེ་ལྟར་ནའང་ད་ལྟའི་བར་དུ་རྒྱ་ནག་ཏུ་རྒྱ་རིགས་ནང་པ་རྣམས་ཀྱིས་དྲ་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་དགེ་རྒན་དང་མཉམ་དུ་ཆོས་ལུགས་ལ་སློབ་སྦྱོང་བྱེད་སྲོལ་ཡོད་པ་མ་ཟད།  གསེར་རྟ་ལྔ་རིག་སློབ་གླིང་གི་དྲ་རྒྱ་བརྒྱུད་ནས་རྒྱ་རིགས་ནང་པ་མང་པོར་དྲ་ཐོག་ནས་ཆོས་ལུགས་འཆད་ཁྲིད་བྱེད་བཞིན་ཡོད་ཀྱང་།  འདི་ལོའི་ཟླ་བ་ ༣ པའི་ཚེས་ ༡ ནས་བཟུང་དྲ་རྒྱའི་ནང་ཆོས་ལུགས་སྤེལ་ཕྱོགས་དང་འབྲེལ་བའི་ཁྲིམས་སྒྲིག་གསར་པ་ཞིག་གི་ཐོག་ནས་དེ་ལྟ་བུའི་དྲྭ་ཐོག་ནས་ཆོས་འཆད་ཁྲིད་ཀྱི་ལས་དོན་རིགས་བཀག་སྡོམ་བྱེད་རྒྱུ་ངེས་པ་མ་ཟད། གསེར་རྟ་སློབ་གླིང་གི་ཆོས་ལུགས་ཀྱི་དྲྭ་རྒྱ་ལྟ་བུར་མཚོན་ན་སྔར་ལོའི་ལོ་མཇུག་ནས་སྒོ་རྒྱག་ཏུ་བཅུག་ཟིན་པ་དང་། ཕྱི་ཟླ་གསུམ་པའི་རྗེས་སུ་དྲ་ལམ་ནས་ཆོས་ལུགས་དང་འབྲེལ་བའི་བྱེད་སྒོ་སྤེལ་ཚེ་དམར་ཤོག་སྲིད་གཞུང་གིས་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ནས་སྟངས་འཛིན་བྱེད་ཉེན་ཡོད་པར་བསྒྲགས་འདུག ཐེངས་འདིར་རྒྱ་ནག་གིས་དྲ་ཐོག་ནས་ཆོས་ལུགས་ཀྱི་བྱེད་སྒོ་ཁག་བཀག་སྡོམ་གྱི་ཁྲིམས་གཞི་གཏན་འབེབས་བྱས་པ་དེ་དག།  རྒྱ་ནག་གི་རྒྱལ་ཡོངས་ཀྱི་ཆོས་ལུགས་དོ་དམ་ལས་ཁུངས་དང་། དྲ་རྒྱ་དོ་དམ་ལས་ཁུངས། དེ་བཞིན་བརྡ་འཕྲིན་དང་འཕྲུལ་ལས་བློན་ཆེན་ལས་ཁུངས། གཞན་ཡང་རྒྱལ་ཁབ་ཀྱི་སྤྱི་མང་བདེ་འཇགས་བློན་ཆེན་ལས་ཁུངས་སོགས་ཀྱི་མཉམ་འབྲེལ་གྱིས་ཐོག་ནས་ལག་བསྟར་བྱེད་རྒྱུ་ཡིན་སྟབས། རྒྱ་ནག་གི་ནང་དུ་ཆོས་ལུགས་ཀྱི་ཚོགས་པ་དང་མི་སྒེར་སུ་འདྲ་ཞིག་ཡིན་ཡང་དྲ་ཐོག་ནས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སྐབས་ཞིང་ཆེན་རིམ་པའི་་ལས་ཁུངས་ལས་དེར་འབྲེལ་གྱི་ཆོག་མཆན་ཡི་གེ་དགོས་བར་བཟོས་མ་ཟད།  དྲ་ཐོག་གི་ཆོས་ལུགས་བྱེད་སྒོ་འགོག་བྱེད་ཀྱི་ཁྲིམས་ཡིག་གི་དོན་ཚན་དྲུག་པའི་ནང་གསེས་དང་པོའི་ནང་དུ།  དྲ་ཐོག་གི་ཆོས་ལུགས་བྱེད་སྒོ་སྤེལ་མཁན་གྱི་འབྲེལ་ཡོད་ཀྱི་ཚོགས་པ་དང་མི་སྒེར་སུ་་ཡིན་ཡང་འགན་ཁུར་བ་གཙོ་བོ་དེ་རྒྱ་ནག་སྐམ་སའི་ནང་རྟེན་གཞི་བྱས་ཡོད་པའི་རྒྱ་ནག་གི་མི་སེར་ཞིག་ཡིན་དགོས་བ་འཁོད་ཡོད་སྟབས། བོད་མི་ཞིག་གིས་དྲྭ་ཐོག་ནས་ཆོས་ལུགས་ཀྱི་བྱེད་སྒོ་གང་ཡང་སྤེལ་ཐབས་མེད་པ་དེ་རྒྱ་ནག་གིས་ཁྲིམས་སུ་བཅད་ནས་དབྱེ་འབྱེད་རང་བཞིན་གྱི་ཐོག་ནས་གཏན་འབེབས་བྱས་ཡོད་པ་ཡོངས་གྲགས་གནང་འདུག གཞ་རྩའི་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་དེ་མཁན་པོ་འཇིགས་མེད་ཕུན་ཚོགས་དམ་པ་དེ་ཉིད་ཀྱིས་ཕྱི་ལོ་ ༡༩༨༠ འི་ནང་ཕྱག་བཏབས་བ་དང་།  སློབ་གླིང་དེའི་ནང་ཕྱི་ལོ་ ༡༩༩༡ ཙམ་ལ་རྒྱ་རིགས་དད་ལྡན་ ༤༠ ཙམ་མ་གཏོགས་མེད་ཀྱང་རིམ་པས་ལྡབ་འགྱུར་གྱིས་འཕར་ནས་ཉེ་བའི་ལོ་ཤས་ནང་རྒྱ་ནག་གི་སྟངས་འཛིན་ཁྲོད་དེའི་ནང་རྒྱ་རིགས་དད་ལྡན་པ ༢༠༠༠ བར་ཡོད་པའི་ཁྲོད། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ལོ་ནས་སློབ་་གླིང་དེར་དམིགས་བསལ་གྱིས་སྡང་ཟུག་ཆེན་པོ་བྱས་ཏེ་གྲྭ་ཤག་མང་པོ་གཏོར་བཤིག་དང་གྲྭ་བཙུན་མང་པོ་ཕྱིར་ཕུད་བཏང་ཡོད་པ་རེད།

ཧྥ་རན་སིའི་གྲོས་ཚོགས་ནས་རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་མེད་གཏོང་བཞིན་ཡོད་པའི་གྲོས་ཆོད་གཏན་འབེབས། 

ཁ་སང་ཧྥ་རན་སིའི་གྲོས་ཚོགས་འོག་མར་རྒྱ་གཞུང་གིས་ཡུ་གུར་མི་རིགས་གཙོ་བོར་གྱུར་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་བྱས་ཡོད་པ་ནི་མི་རིགས་རྩ་མེད་གཏོང་རྒྱུའི་བྱ་སྤྱོད་ཅིག་ཡིན་པར་སྐྱོན་བརྗོད་ཀྱིས་གྲོས་ཆོད་གཏན་འབེབས་གནང་འདུག དེའང་ཧྥ་རན་སིའི་གྲོས་ཚོགས་ཀྱི་གྲོས་ཚོགས་འོག་མའི་གྲོས་ཆོད་དེ་བཞིན་ཁ་སང་རེས་གཟའ་ཕུར་བུའི་ཉིན་ཡུལ་དེའི་སྤྱི་ཚོགས་རིང་ལུགས་ཕྱོགས་འགལ་ཚོགས་པས་འདོན་གནང་བ་ཞིག་དང་། གྲོས་ཆོད་དེར་ངོ་རྒོལ་གནང་མཁན་གཅིག་མ་གཏོགས་གཞན་ཧྥ་རན་སིའི་སྲིད་འཛིན་ Emmanuel Macron ལགས་ཀྱི་སྤྱི་མཐུན་མདུན་སྐྱོད་ཚོགས་པ་གཙོས་པའི་ཁྱོན་གྲོས་ཚོགས་འཐུས་མི་ ༡༦༩ རྒྱབ་སྐྱོར་ཐོབ་འདུགཐེངས་འདིའི་གྲོས་ཆོད་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཡུ་གུར་བའི་ཐོག་ལ་ལག་བསྟར་བྱེད་བཞིན་པའི་དྲག་རྩུབ་ཆེ་བའི་སྤྱོད་ཚུལ་དེ་འགྲོ་བ་མིའི་རིགས་ལ་གནོད་འཚེ་དང་མི་རིགས་རྩ་མེད་བཟོ་བའི་ནག་ཉེས་ཆགས་ཡོད་པར་གཞུང་འབྲེལ་ངོས་འཛིན་བྱ་རྒྱུ་ཡིན་ཞེས་བྲིས་གནང་ཡོད་པ་དང་ད་དུང་ཧྥ་རན་སིའི་སྲིད་གཞུང་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བའི་དེ་གའི་ཕྱི་འབྲེལ་སྲིད་བྱུས་ཁྲོད་དགོས་ངེས་ཀྱི་ཐབས་ཤེས་གང་ཡོད་གནང་སྟེ་ཤིན་ཅང་ས་གནས་ཀྱི་གྲངས་ཉུང་མི་རིགས་ལ་སྲུང་སྐྱོབ་གནང་དགོས་པའི་འབོད་སྐུལ་ཡང་གནང་འདུག གྲོས་ཆོད་གྲོས་འཆར་འདོན་མཁན་ཧྥ་རན་སིའི་སྤྱི་ཚོགས་རིང་ལུགས་ཚོགས་པའི་དབུ་ཁྲིད་གྲོས་ཚོགས་འཐུས་མི་སྐུ་ཞབས་ Oliver Faure ལགས་ཀྱིས་རྒྱ་ནག་ནི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་ཞིང་ང་ཚོས་རྒྱ་རིགས་མི་མང་ལ་དགའ་ཞེན་བྱེད་ཀྱི་ཡོད་པ་དེ་ལྟར་ཡང་། ང་ཚོས་རྒྱ་ནག་དམར་ཤོག་སྲིད་གཞུང་ལྟ་བུའི་འདོད་རྔམ་ལ་བརྟེན་ཏེ་འཛེམ་ཟོན་མེད་པར་རང་ཉིད་ཀྱི་མི་རིགས་རྩ་མེད་བཟོ་མཁན་སྲིད་གཞུང་གི་འཁྱོགས་བཤད་དྲིལ་བསྒྲགས་ལ་རྩ་བ་ཉིད་ནས་མགོ་སྒུར་རྒྱུ་མིན་ཞེས་གསུངས་པ་དང་ཆབས་ཅིག རྒྱ་གཞུང་གིས་མནར་གཅོད་མྱོང་མཁན་ཡུ་གུར་བ་ཚོས་ཧྥ་རན་སིའི་ གྲོས་ཚོགས་ལ་མཁོ་འདོན་གནང་བའི་དཔང་པོའི་ཞུ་ཚིག་དེ་ཚོའང་རེ་རེ་བཞིན་འགྲེལ་བརྗོད་གནང་འདུག གཞི་རྩའི་སྔར་ལོའི་ཕྱི་ཟླ་དང་པོའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་རྙིང་གཉིས་ཀས་རྒྱ་གཞུང་གིས་ཡུ་གུར་མི་རིགས་གཙོ་བོར་གྱུར་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་སྤེལ་བ་ནི་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་ཅིག་ཡིན་པའི་གྲོས་ཆོད་བཞག་པའི་རྗེས་སུ་འདས་ལོའི་ཕྱི་ཟླ་ ༢ ནང་ཁེ་ན་ཌས་ཀྱང་རྒྱ་གཞུང་གིས་བྱ་སྤྱོད་དེ་དག་མི་རིགས་རྩ་མེད་ཀྱི་བྱ་སྤྱོད་ཅིག་ཡིན་པར་ངོས་འཛིན་གནང་བ་ནི་ཨ་རི་གཞུང་གིས་དེ་ལྟར་ངོས་འཛིན་གནང་བའི་རྗེས་ཀྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཆགས་ཀྱི་ཡོད་པ་མ་ཟད། དེ་རྗེས་སླར་ཡང་ནི་ཐར་ལནཌིའི་གྲོས་ཚོགས་ནས་ཀྱང་རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་མེད་བཏང་བར་གྲོས་ཆོད་གཏན་འབེབས་གནང་ཡོད་པ་རེད།

ཨོ་སི་ཀྲི་རི་ཡའི་ནང་༢༠༢༢ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་མགྲན་ཚོགས་ལ་ངོ་རྒོལ།

༢༠༢༢ལོའི་པེ་ཅིང་དགུན་དུས་ཨོ་རྩལ་མགྲན་ཚོགས་ཚོགས་པའི་དུས་ཚིགས་ཉིན་རེ་བཞིན་ཐག་ཉེ་རུ་འགྲོ་བཞིན་ལྟར་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་ཁག་གི་ངོས་ནས་ཀྱང་པེ་ཅིང་དགུན་དུས་ཨོ་རྩལ་མགྲན་ཚོགས་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད་པ་རེད།  ཁ་སང་ཡོ་རོབ་རྒྱལ་ཁབ་ཨོ་སི་ཀྲི་རི་ཡ་གྲོང་ཁྱེར་Vienna ནང་ཁུལ་དེའི་ནང་ཡོད་པའི་བོད་སྐྱོབ་ཅེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཨོ་སི་ཀྲི་རི་ཡ་བོད་རིགས་ཚོགས་པ་གཉིས་མཉམ་འབྲེལ་ཐོག གཏམ་བརྗོད་དང་མར་མེ་འདུ་འཛོམས་སོགས་བརྒྱུད་འཚོགས་ལ་ཉེ་བའི་༢༠༢༢ ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་མགྲན་ཚོགས་ལ་ངོ་རྒོལ་སྐད་འབོད་བྱས་འདུགསྐབས་དེར་ས་གནས་སུ་གནམ་གཤིས་ཧ་ཆང་གྲང་ངར་ཆེ་ཞིང་ཁ་བ་བུ་ཡུག་འཚུབ་བཞིན་པའི་ཁྲོད། ས་གནས་སུ་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་རྣམས་ནས། གྲོང་ཁྱེར་Vienna ནང་གི་ཨོ་སི་ཀྲི་རི་ཡའི་ཕྱི་སྲིད་ལས་ཁུངས་ཀྱི་ཉེ་འཁྲིས་སུ་འདུ་འཛོམས་ཀྱིས།  འཚོགས་ལ་ཉེ་བའི་ ༢༠༢༢ ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་མགྲན་ཚོགས་ལ་ངོ་རྒོལ་དང་སྦྲགས། རྒྱ་ནས་གཞུང་གིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང། བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་རྩ་མེད་དུ་གཏོང་བཞིན་པའི་ཐོག   ས་གནས་བོད་མིའི་ཐོག་དྲག་གནོན་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་སོགས་བོད་ནང་གི་བོད་མི་རྣམད་ཡ་ང་བའི་མནར་གཅོད་གཏོང་བཞིན་པའི་དངོས་ཡོད་གནས་སྟངས་རྣམས་སྲང་ལམ་གཏམ་བརྗོད་ཀྱི་ལམ་ནས་གསལ་སྟོན་བྱས་པ་མ་ཟད། དེ་བཞིན་པེ་ཅིང་དགུན་དུས་ཨོ་རྩལ་མགྲན་ཚོགས་ཕྱིར་འཐེན་དགོས་སོགས་ཀྱི་ངོ་རྒོལ་སྐད་འབོད་དང་། རྒྱ་ནག་མངའ་འོག་ཏུ་སྡུག་རྩུབ་མྱོང་བཞིན་པའི་བོད་མི་གཙོས་པའི་གཞན་གྲངས་ཉུང་མི་རིགས་ཁག་ལ་གདུང་སེམས་མཉམ་སྐྱེད་ཆེད་མར་མེ་མཆོད་འབུལ་བཅས་ཀྱི་ལས་འགུལ་ཡང་སྤེལ་འདུག ལྷག་པར་དུ་ཁ་སང་གི་ལས་འགུལ་དེ་ནི་གཙོ་བོ་ད་ལྟའི་ཆར་ཡུ་རོབ་ནང་དུ་༢༠༢༢ལོའི་རྒྱ་ནག་དགུན་དུས་ཨོ་རྩལ་མགྲན་ཚོགས་ཕྱིར་འཐེན་ཡོང་བར་ཞུ་གཏུགས་སྐོར་བསྐྱོད་གནང་བཞིན་པའི་བོད་མི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཆེད་ཀྱང་ཆགས་ཀྱི་འདུག   ངོ་རྒོལ་ལས་འགུལ་གྱི་འདུ་འཛོམས་ཐོག་དོན་འགྲུབ་དབང་ཆེན་ལགས་ཀྱིས་༢༠༢༢ལོའི་རྒྱ་ནག་དུ་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་མགྲན་ཚོགས་འདི་ནི་རྒྱ་ནག་དམར་པོའི་གཞུང་དང་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་གཉིས་ངན་པ་ལག་འབྲེལ་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་སོགས་ཀྱི་གཏམ་བཤད་སྤེལ་འདུག སྤྱིར་བོད་མི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས། ལོ་སྔོན་མའི་ཕྱི་ཟླ་༡༡ ཚེས་༡༨ཉིན་ཧྥ་རན་སི་ནས་དབུ་འཛུགས་ཀྱིས། ཁྱོན་ཡུ་རོབ་རྒྱལ་ཁབ་༡༤ལྷག་ནང་དུ་འཚོགས་ལ་ཉེ་བའི་༢༠༢༢ལོའི་པེ་ཅིང་དགུན་དུས་ཨོ་རྩལ་མགྲན་ཚོགས་ཕྱིར་འཐེན་ཡོང་བའི་ཞུ་གཏུགས་སྐོར་བསྐྱོད་གནང་བཞིནཡོད་པ་དང་། ཕྱི་ཚེས་༡༨ཉིན་ཁོང་ཨོ་སི་ཀྲི་རི་ཡ་ནང་བདེ་འབྱོར་གྱིས། ཁུལ་དེར་ཡོད་པའི་བོད་སྐྱོབ་ཚོགས་པའི་གོ་སྒྲིག་འོག  ས་གནས་སུ་གཞུང་འབྲེལ་ཆབ་སྲིད་མི་སྣར་མཇལ་འཕྲད་སོགས་ཀྱི་ཞུ་གཏུགས་གནང་བཞིན་ཡོད་པ་རེད་འདུག གཞི་རྩའི་༢༠༢༢ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་ཟླ་བ་རྗེས་མའི་ཕྱི་ཚེས་༤ཉིན་འགོ་འཛུགས་རྒྱུ་ཡིན་པ་དང་། ད་བར་ཨ་རི་དང་དབྱིན་ཡུལ། ཁ་ན་ཊ། ཨོ་གླིང་། ལི་ཐུའུ་ནི་ཡ། New Zealand ཉི་ཧོང་དང་ Scotland དང་གྲན་མག དེ་བཞིན་ནི་དར་ལེནཊསོགས་རྒྱལ་སྤྱིའི་རང་དབང་ཅན་གྱི་རྒྱལ་ཁབ་མི་ཉུང་བ་ཞིག་ནས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་ཐོག་ལ་གཞུང་འབྲེལ་སྐུ་ཚབ་མི་སྣ་མི་གཏོང་རྒྱུའི་ཐག་གཅོད་གསལ་བསྒྲགས་གནང་བ་བྱུང་ཡོད་པ་རེད། པར་དབང་། བོད་རིགས་ཚོགས་པ།  

རྒྱ་ནག་གིས་སྤང་གོང་མཚོ་ཐོག་ཏུ་ཟམ་ཆེན་འཛུགས་སྐྲུན་གྱི་ལས་གཞི་ཇེ་མྱུར་དུ་གཏོང་བཞིན་པ་ཕྱིར་མངོན།

རྒྱ་ནག་གིས་སྤང་གོང་མཚོ་ཐོག་ཏུ་ཟམ་ཆེན་འཛུགས་སྐྲུན་གྱི་ལས་གཞི་མྱུར་དུ་གཏོང་བཞིན་པ་ཕྱིར་མངོན། རྒྱ་ནག་གིས་འཕགས་བོད་མཐའ་མཚམས་སུ་ཁེལ་བའི་རྒྱ་དཀར་ནག་གི་བར་གྱི་རྩོད་རྙོག་ཆེ་ཤོས་ཁུལ་གྱི་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་སྤང་གོང་མཚོ་ཐོག་ཏུ་རིང་ཚད་ལ་མི་ཊར་༤༠༠ ཅན་གྱི་ཟམ་ཆེན་ཞིག་གསར་རྒྱག་བྱེད་བཞིན་པ་ལྟར། ཉེ་ལམ་ཟུང་སྐར་པར་ལེན་བརྒྱུད་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གིས་ལས་གཞི་དེ་ཇེ་མགྱོགས་བཏང་སྟེ་ད་ཆ་ཟམ་ཆེན་མཇུག་བསྒྲིལ་ལ་རན་པ་དང་། ཟམ་ཆེན་དེ་ནི་རྒྱ་དཀར་ནག་གི་མཐའ་དམག་གི་གདོང་ཐུག་སྐབས་སུ་གོ་མཚོན་དང་དམག་མི་བསྡུ་སྐོང་གི་འཐབ་བྱུས་རང་བཞིན་གྱི་འཛུགས་སྐྲུན་ལས་གཞི་གལ་ཆེན་ཞིག་ཆགས་ཡོད་པ་མངོན་གསལ་གནང་འདུག རྒྱ་གར་གྱི་གསར་ལམ་ཁག་ཏུ་བཀོད་པར་གཞིགས་ན། རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་དེ་ལེགས་འགྲུབ་བྱུང་བ་ཡིན་ན། བྱང་ཁུལ་གྱི་མཐའ་དམག་གི་ས་ཚུགས་སུ་སྤྱི་ལེ་༢༠༠ ལྷག་ཡོད་པའི་འགྲུལ་ལམ་ཇེ་ཉེར་བཏང་སྟེ། སྤྱི་ལེ་ ༡༥༠ ལྷག་གི་འགྲུལ་ལམ་གི་བགྲོད་ལམ་ཐག་ཉེར་བསྒྱུར་ཐུབ་པར་མངོན་གསལ་གནང་འདུག རྒྱ་གར་གྱི་དམག་དོན་དཔྱད་བརྗོད་པ་ Sim Tack ལགས་ཀྱིས་ཐེངས་འདིར་སྤང་གོང་མཚོ་ཐོག་ཏུ་ཟམ་ཆེན་ཞིག་འཛུགས་སྐྲུན་བྱས་པ་དེ་ཡིས་མ་འོངས་བར་ཡང་རྒྱ་ནག་གིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དཀའ་རྙོག་ཆེ་བའི་མཐའ་མཚམས་བརྒལ་ནས་འཛུགས་སྐྲུན་ལས་གཞི་གཉེར་རྒྱུ་ཡིན་པར་མངོན་གསལ་གྱིས། ཟམ་ཆེན་གྱི་ལས་གཞི་དེ་བརྒྱུད་ནས་རྒྱ་དཀར་ནག་བར་གྱི་དཀའ་རྙོག་ཆེ་རུ་འགྲོ་རྒྱུ་ཡིན་པར་བརྗོད་འདུགདེ་བཞིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མཐའ་མཚམས་ཀྱི་འཛུགས་སྐྲུན་ལས་གཞིར་ལྟ་རྟོག་བྱེད་མཁན་གྱིས། རྒྱ་ནག་གིས་ཐེངས་འདིར་ཟམ་ཆེན་འཛུགས་སྐྲུན་བྱེད་ས་དེ་ནི་འདས་བའི་ལོ་ངོ་༦༠ ལྷག་ལ་རྒྱ་ནག་གིས་ཁྲིམས་འགལ་གྱི་ཐོག་ནས་བཙན་བཟུང་བྱས་པའི་ས་ཁུལ་དུ་ཁེལ་ཡོད་པ་ཞིག་ཡིན་པར་བསྒྲགས་ཏེ། རྒྱ་གར་གྱི་ངོས་ནས་རྒྱ་ནག་གི་ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་ནམ་ཡང་ངོས་ལེན་བྱེད་ཐབས་བྲལ་བར་གསུངས་འདུག ཐེངས་འདིའི་གནད་དོན་དང་འབྲེལ་རྒྱ་གར་ཕྱོགས་འགལ་ཚོགས་པའི་ངོས་ནས་དབུས་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང། རྒྱ་གར་གྱི་སྲིད་བློན་མོ་རྡི་མཆོག་གི་གནང་དོན་དེའི་ཐོག་ཁ་ཁུ་སིམ་པོར་གནས་དགོས་དོན་ཇི་ཡིན་འདྲི་རྩད་གནང་འདུག སྤྱིར་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱིས་བརྗོད་པ་ལྟར་ན། ད་ཆ་རྒྱ་གར་གྱི་ངོས་ནས་སྔར་བྱུང་མྱོང་མེད་པའི་མ་དངུལ་ཆེད་གཏོང་གིས་འཕགས་བོད་མཐའ་མཚམས་ཁུལ་དུ་འགྲུལ་ལམ་དང་ཟམ་པ་སོགས་ཀྱི་མཚོན་པའི་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་པ་དང་། རྒྱ་ནག་གིས་ཐེངས་འདིར་སྤང་གོང་མཚོ་ཐོག་ཏུ་ཟམ་པ་འཛུགས་སྐྲུན་བྱེད་བཞིན་པ་དེ་ཡང་རྒྱ་གར་གྱི་དམག་ཤུགས་ཀྱིས་མཐའ་མཚམས་ཁུལ་དུ་དཔུང་འཇུག་བྱས་ཏེ་སྤོང་གོ་མཚོའི་ལྷོ་རྒྱུད་བཙན་བཟུང་བྱེད་ཐབས་བྱས་པར་བརྡ་ལན་སྤྲོད་བཞིན་པ་ཞིག་ཡིན་པར་གསུང་འདུག ཡང་དེ་རིང་གསར་ལམ་ཁག་ཏུ་འབྲེལ་ཡོད་གནས་ཚུལ་གཞན་ཞིག་ཐོན་པ་ལྟར་ན། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་གྱི་འཕགས་བོད་མཐའ་མཚམས་ཁུལ་དུ། ཁ་ཉིན་ཚེས་ ༡༨ ཉིན། རྒྱ་ནག་གི་མཐའ་མཚམས་ཀྱི་བཅིངས་གྲོལ་དམག་མིས་ལོ་ན་༡༧ ཅན་གྱི་རྒྱ་གར་གྱི་གཞོན་སྐྱེས་ཤིག་བཙན་ཁྲིད་བྱས་འདུག དེའང་ཨ་རུ་ན་ཅལ་ཁུལ་གྱི་གྲོས་ཚོགས་འཐུས་མི་ཤིག་གིས་གནད་དོན་དེ་སྒེར་གྱི་འཕྲུལ་སྒྲའི་དྲ་ལམ་དུ་སྤེལ་བ་མ་ཟད། རྒྱ་གར་གྱི་སྲིད་བློན་མྰོ་ཌི་མཆོག་དང་བདེ་སྲུང་བློན་ཆེན། དེ་བཞིན་ནང་སྲིད་བློན་ཆེན་སོགས་ལ་དེ་འབྲེལ་གྱི་གནས་ཚུལ་ཁྱབ་སྤེལ་བྱས་ཏེ། རྒྱ་ནག་གིས་རྒྱ་གར་གྱི་ས་ཐོག་ནས་གཞོན་སྐྱེས་ཤིག་བཙན་ཁྲིད་བྱས་པའི་གནད་དོན་དེར་རྩད་ཞིབ་གཟབ་ནན་གནང་དགོས་བའི་འབོད་སྐུལ་ཞུས་འདུགགཞི་རྩའི་རྒྱ་ནག་གི་རྒྱལ་ཁོངས་རྒྱ་བསྐྱེད་ཀྱི་སྲིད་བྱུས་ཀྱི་འོག་ཏུ། བོད་ཁུལ་བརྒྱུད་ནས་རྒྱ་གར་དང་བལ་ཡུལ། དེ་བཞིན་འབྲུག་སོགས་དང་ས་འབྲེལ་ཡོད་པའི་མཐའ་མཚམས་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་སྣ་མང་གཉེར་བཞིན་པ་མ་ཟད། མཐའ་མཚམས་ཁུལ་དུ་གྲོང་ཚོ་གསར་རྒྱག་གིས་མི་ཤུགས་འོར་འདྲེན་བྱེད་བཞིན་པའི་ཁྲོད་ད་བར་རྒྱ་དཀར་ནག་གི་བར་དུ་གྲོས་མོལ་ཐེངས་བཅུ་བཞི་ཙམ་བྱས་པའི་ཁྲོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཐའ་མཚམས་ཀྱི་དཀའ་རྙོག་དང་འབྲེལ་ནས་གྲོས་མོལ་མཇུག་སྐྱོང་བྱེད་རྒྱུ་ཡིན་པར་གྲོས་མཐུན་བྱུང་བ་ཙམ་ལས། དངོས་ཐོག་བདེན་འཚོལ་གྱི་གྲུབ་འབྲས་གང་ཡང་བྱུང་མེད་པ་མངོན་གསལ་གནང་འདུག

བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ནང་གི་བོད་ཡིག་གི་སྤྱོད་སྒོར་བློ་འཚབ་ཀྱི་ཞུ་སྐུལ་ལ་རྒྱ་ནག་གིས་འདྲི་རྩད།

བོད་ཀྱི་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ནང་གི་བོད་སྐད་ཡིག་བཀོད་སྤྱོད་ཀྱི་ཐད་ནས་བློ་འཚབ་རང་བཞིན་གྱི་ཞུ་སྐུལ་ཡི་གེ་ཞིག་སྤེལ་ཏེ། བོད་ཁུལ་གྱི་ལས་བྱེད་གསར་འདེམས་ཀྱི་ཁྲོད་དུ་བོད་སྐད་བོད་ཡིག་གི་རྒྱུགས་ཤོག་ངེས་བར་དུ་གཏན་འབེབས་དགོས་བའི་སྐུལ་མ་གནང་མ་ཟད། ཟླ་བ་ ༡ པོའི་ཚེས་ ༡༢ ཉིན་ཁོང་ཡུལ་ཤུལ་གྲོང་ཁྱེར་གྱི་གཙོ་འཛིན་ལས་ཁུངས་སུ་གནད་དོན་དེ་དང་འབྲེལ་ཞུ་སྐུལ་གྱི་ཆེད་དུ་བཅར་འདུག་ཀྱང་སྐབས་དེར་ཁོང་བཀག་འགོག་གིས་ལས་ཁུངས་སུ་འགྲོ་ཐུབ་མི་འདུག ཁོང་གིས་ཁ་སང་ཚེས་ ༡༨ ཉིན་སྤྱི་ཚོགས་དྲ་བ་ weibo ཐོག་གནས་བུལ་སྤེལ་བ་ལྟར་ན། ཁོང་ཡུལ་ཤུལ་ས་གནས་གཞུང་ལ་ཞུ་སྐུལ་ཆེད་བཅར་བའི་རྗེས་ཀྱི་ཚེས་ ༡༧ ཉིན། ཡུལ་ཤུལ་གྱི་རྫོང་ཉེན་རྟོག་པས་ཁོང་ཉེན་རྟོག་ལས་ཁུངས་སུ་འབོད་འགུག་གིས་ཆུ་ཚོད་གསུམ་ལྷག་ལ་འདྲི་གཅོད་བྱས་པའི་ཁྲོད། ཁོང་ལ་བོད་ཁུལ་གྱི་སྐད་ཡིག་ལ་སེམས་ཁུར་བྱེད་རྒྱུའི་འགན་དབང་དང་ཐོབ་ཐང་ཅི་ཡོད་སོགས་ཀྱི་ཟུར་ཟ་བྱས་འདུག་ཀྱང་ཁོང་གིས་རང་ཉིད་བོད་མི་ཞིག་ཡིན་ཕྱིན་དེང་སྐབས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་མང་པོ་རྩ་སྟོང་དུ་འགྱུར་བཞིན་པར་སེམས་ཁྲལ་ཡོད་པའི་ཐད་ནས་བོད་སྐད་བོད་ཡིག་ལ་བློ་འཚབ་ཡོད་པའི་ལན་འདེབས་བྱས་ཡོད་པ་འཁོད་འདུགརྩ་བའི་ཁོང་གི་བོད་སྐད་བོད་ཡིག་དང་འབྲེལ་བའི་ཞུ་སྐུལ་གྱི་ཡི་གེ་དེ་དོན་ཚན་གསུམ་དུ་དབྱེ་ཡོད་པའི་ཁྲོད། དང་པོ་བོད་རང་སྐྱོང་ལྗོངས་ཀྱི་མཚོན་པའི་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཁག་ཏུ་གོང་རིམ་གྱིས་འབྲེལ་ཡོད་སྡེ་ཁག་སོ་སོར་གཞུང་འབྲེལ་གྱི་ལས་བྱེད་བསྐོ་བཞག་བྱེད་སྐབས་བོད་སྐད་བོད་ཡིག་གི་རྒྱུགས་ལེན་གྱི་ཡོད་མིན་དང་འབྲེལ་ནས་དགོངས་ཚུལ་བརྗོད་ཡོད་པའི་ནང་དུ། འབྲེལ་ཡོད་ཀྱི་ཡིག་འབྲེལ་གྱི་རྒྱུ་ཆར་བོད་སྐད་བོད་ཡིག་བཀོལ་མིན། དེ་བཞིན་བོད་ཁུལ་གྱི་སློབ་གྲྭ་ཁག་གི་ནང་དུ་བོད་ཡིག་གི་སློབ་ཚན་གཅིག་རྐྱང་བ་མ་ཡིན་པར། བསླབ་གཞི་གཞན་དག་ཀྱང་བོད་སྐད་བོད་ཡིག་གི་ལམ་ནས་སློབ་ཁྲིད་གནང་ཐུབ་ཚེ་རང་ས་རང་ཡུལ་ནས་བོད་སྐད་ཡིག་སྲུང་སྐྱོབ་བྱེད་ཐུབ་པའི་ཐད་ནས་དགོངས་ཚུལ་བྲིས་གནང་འདུག དོན་ཚན་གཉིས་བའི་ནང་དུ། ཁོང་གིས་བོད་ཁུལ་གྱི་སློབ་མ་མང་པོ་ཞིག་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་ནས་སློབ་མཐར་སོན་རྒྱུའི་དམིགས་ཚད་དེ་གཞུང་ཞབས་སྡེ་ཁག་གང་ཞིག་ལ་རྒྱུགས་བླངས་ནས་རང་ཉིད་ཀྱི་རང་ཉིད་ཀྱི་དམིགས་འདུན་མངོན་འགྱུར་བྱེད་རྒྱུ་ཡིན་སྟབས། བོད་ཁུལ་གྱི་གཞུང་འབྲེལ་གྱི་ལས་བྱེད་ས་མིག་ཁག་ཏུ་བོད་ཡིག་གི་རྒྱུགས་གཞི་མེད་སོང་བ་ཡིན་ན། རང་བཞིན་གྱིས་བོད་ཁུལ་གྱི་སློབ་མ་རྣམས་ཀྱིས་བོད་སྐད་བོད་ཡིག་སློབ་སྦྱོང་གི་འདུན་པ་དེ་དོར་འགྲོ་བ་ཡིན་དུས། ངེས་བར་དུ་བོད་ཁུལ་གྱི་གཞུང་འབྲེལ་སྡེ་ཁག་སོ་སོའི་ཐོག་མའི་ཡིག་རྒྱུགས་ཀྱི་ཆ་རྐྱེན་ནང་དུ་བོད་ཡིག་གི་རྒྱུགས་ལེན་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་འབྲེལ་ནས། ད་ལྟའི་ཆར་བོད་རིགས་སློབ་མ་མང་པོ་ཞིག་གིས་སློབ་ཆེན་གྱི་གོམ་པ་དང་པོ་ནས་བོད་སྐད་བོད་ཡིག་དང་ཁ་ཐག་རིང་དུ་འགྲོ་བཞིན་པའི་ཁྲོད་བོད་སྐད་བོད་ཡིག་གི་གནས་བབ་ཆེས་ཉམས་དམས་སུ་འགྲོ་བཞིན་པ་མངོན་གསལ་གནང་འདུག དེ་བཞིན་དོན་ཚན་གསུམ་པའི་ནང་དུ། ཁོང་གིས་དེང་སྐབས་བོད་ཁུལ་གྱི་གཞུང་འབྲེལ་གྱི་སྡེ་ཁག་སོ་སོའི་ནང་དུ། གཞོན་སྐྱེས་ལས་བྱེད་རྣམས་ཀྱི་གཙོ་བྱས་པའི་ལོ་ན་བཞི་བཅུ་ལོན་པའི་ལས་བྱེད་ཀྱི་ནང་དུ་ཡང་བོད་སྐད་བོད་ཡིག་མི་ཤེས་བའི་ལས་བྱེད་ཀྱི་སྣང་བརྙན་མང་དུ་སོང་ཡོད་པར་བློ་འཚབ་དང་སྦྲགས། དེ་ལྟ་བུའི་གོང་རིམ་གྱི་དཔོན་རིགས་ཀྱི་བྱ་སྤྱོད་དེ་ཡིས་བོད་ཁུལ་གྱི་བོད་སྐད་བོད་ཡིག་གི་གནས་བབ་ཆེས་ཉམས་དམས་སུ་གཏོང་བཞིན་པ་ཞིག་ཡིན་པ་མངོན་གསལ་གྱིས། ཁོང་གི་ཕ་ཡུལ་ཡུལ་ཤུལ་ལྟ་བུར་མཚོན་ན་ཡང་། དམའ་རིམ་གྱི་སློབ་གྲྭ་ཁག་གི་ནང་དུ་བོད་སྐད་ཡིག་གི་འཛིན་གྲྭ་གཅིག་མ་གཏོགས། དེ་མིན་གྱི་བསླབ་གཞི་ཡོད་ཚད་རྒྱ་སྐད་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་བཞིན་པར་བརྟེན་བོད་སྐད་བོད་ཡིག་སྲུང་སྐྱོབ་བྱེད་པའི་ནུས་བ་ཐོན་མེད་པར་འགྲེལ་བརྗོད་དང་སྦྲགས། དེང་སྐབས་སློབ་གྲྭ་ལ་ལ་རུ་བོད་རིགས་སློབ་མ་ཁག་ཅིག་དབྱིན་ཡིག་འཛིན་གྲྭ་རུ་ཆ་བགོས་བྱས་ཡོད་སྟབས་བོད་སྐད་བོད་ཡིག་རྩ་བ་ནས་སྦྱོང་གི་མེད་པར་བློ་འཚབ་དང་དང་བཅས། འདི་ལྟ་བུའི་སྣང་བརྙན་དེ་ད་དུང་མི་མཐུད་དུ་མཇུག་སྐྱོང་བྱས་པ་ཡིན་ན་མ་འོངས་བའི་ལོ་བཅུ་ཕྲག་གཅིག་གི་རྗེས་སུ་བོད་ཁུལ་ནས་བོད་སྐད་བོད་ཡིག་གི་གནས་བབ་ཆེས་ཛ་དྲག་རང་བཞིན་གྱི་ངོ་བོར་འགྱུར་རྒྱུ་ཡིན་པར་གསུངས་ཏེ། བོད་ཁུལ་གྱི་ལས་བྱེད་གསར་འདེམས་ཀྱི་སྔོན་འགྲོའི་ཆ་རྐྱེན་དུ་བོད་སྐད་བོད་ཡིག་གི་རྒྱུགས་ཤོག་གཏན་འབེབས་བྱེད་དགོས་བ་དང་། དེ་བཞིན། བོད་རིགས་སློབ་མ་རྣམས་ཀྱིས་དུས་རྒྱུན་ནས་བོད་སྐད་བོད་ཡིག་ལ་གཙིག་འཛིན་བྱེད་དགོས་བའི་ཐད་ནས་དགོངས་ཚུལ་ལྷུག་བརྗོད་ཀྱིས་ཞུ་སྐུལ་གནང་འདུག རྩ་བའི་ཁམས་ཡུལ་ཤུལ་ནས་ཡིན་པའི་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཡིག་བོད་སྐད་ཀྱི་ཐོབ་ཐང་དང་འབྲེལ་རྒྱ་ནག་གཞུང་ལ་ཞུ་གཏུག་ལན་མང་གནང་བ་མ་ཟད་ New York Times གསར་ཁང་ལ་གནད་དོན་དེའི་སྐོར་གསུངས་པར་བརྟེན་རྒྱ་གཞུང་གིས་ཁོང་ཐོག་མར་ཕྱི་ལོ་ ༢༠༡༦ ཟླ་ ༡ པོའི་ནང་འཛིན་བཟུང་དང་དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ཀུན་སློང་སྤེལ་བའི་ཉེས་མིང་འོག་ལོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་ལྟར། ཕྱི་ལོ་ ༢༠༢༡ ལོའི་ལོ་འགོར་བཙོན་འཇུག་གི་ལོ་དུས་རྫོགས་ནས་ཕྱིར་རང་ཁྱིམ་དུ་ཕྱིར་ལོག་གནང་ཡོད་ཀྱང་། ཁོང་ཉིད་ད་དུང་ཡང་རྒྱ་ནག་གི་ལྟ་རྟོག་འོག་ཡོད་པའི་གནས་ཚུལ་ཕྱི་ལ་ཐོན་པ་ཙམ་ལས། ཁོང་གིས་ད་ལྟའི་ཆར་ལས་རིགས་ཅི་ཞིག་གཉེར་བཞིན་པ་སོགས་ཤེས་རྟོགས་ཐུབ་མེད་ཀྱང་། སྔར་ལོར་ཁོང་གིས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་བྱ་བ་ཞིག་གཉེར་འདོད་ཡོད་པར་བརྗོད་པའི་གནས་ཚུལ་ཞིག་སྤྱི་ཚོགས་དྲ་ལམ་དུ་ཐོན་ཡོད། རྩ་བའི་རྒྱ་ནག་གིས་འདས་བའི་ལོ་འགིའི་རིང་ནས་སྐད་ཡིག་རྒྱ་བསྒྱུར་གྱི་ལས་འགུལ་སྤེལ་མུས་ཡིན་པ་ལྟར། ད་ཆ་ཕྱི་ལོ་ ༢༠༣༥ བར་རྒྱ་ནག་སྤྱི་ཡོངས་དང་རྒྱ་ནག་གི་དབང་སྒྱུར་འོག་གི་གྲངས་ཉུང་མི་རིགས་ས་ཁུལ་གང་སར་རྒྱ་སྐད་རྒྱ་ཡིག་གི་སྤྱི་སྐད་ཀྱི་སྤྱོད་སྒོ་འཐུས་ཚང་བྱེད་རྒྱུ་ཡིན་པར་རྒྱ་ནག་དབུས་གཞུང་གིས་ཕྱིར་བསྒྲགས་བྱས་ཡོད་པ་མ་ཟད། སྔར་ལོ་བོད་ནང་དུ་སེང་འབྲུག་སྟག་རྩེ་སོགས་ཀྱི་མཚོན་པའི་བོད་སྐད་བོད་ཡིག་གཙོར་བཟུང་གི་སློབ་གྲྭ་ཁག་ཅིག་དངོས་སུ་སྒོ་རྒྱབ་པ་མ་ཟད། བོད་པའི་ཤེས་ཡོན་པའི་སྡེ་གྲལ་གྱི་བོད་སྐད་ཡིག་ཆེད་གཉེར་གྱི་རྩོམ་པ་པོ་མང་པོ་ཞིག་ཀྱང་འཛིན་བཟུང་བཀག་སྐིལ་བྱས་ཏེ་སྐད་ཡིག་རྒྱ་བསྒྱུར་གྱི་སྲིད་བྱུས་དངོས་སུ་ལག་བསྟར་བྱེད་མུས་ཡིན་པ་རེད།

རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་ཨོ་རྩལ་མཉེན་ཆས་ནང་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་སྐྱོན་ཆ་ཡོད་པ་མངོན་གསལ།

རྒྱ་ནག་གཞུང་གིས་བཟོ་སྐྲུན་བྱས་པའི་ My2022 ཞེས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་རྩེད་འགྲན་པ་དང་གསར་འགོད་པ་སོགས་མཉམ་ཞུགས་གནང་མཁན་ཡོངས་ཀྱིས་ངེས་པར་དུ་བེད་སྤྱོདགཏོང་དགོས་ཟེར་བའི་དྲ་རྒྱའི་མཉེན་ཆས་ནང་དུ་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་སྐྱོན་ཆ་ཆེན་པོ་ཡོད་པ་མ་ཟད།་མཉེན་ཆས་དེའི་ནང་དུ་ཁྲིམས་འགལ་གྱི་ཚིག་བརྗོད་༢༤༠༠ ལྷག་གི་ཐོ་གཞུང་བཀོད་ཡོད་པའི་ནང་དུ། བོད་དང་ཤིན་ཅང་། ཐེ་ཝན་། དེ་བཞིན་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་གྱི་དྲུག་བཞིའི་དོན་རྐྱེན་སོགས་འཁོད་ཡོད་པའི་ཐོག་ལ་གླེང་སློང་བཀག་སྡོམ་བྱེད་བཞིན་ཡོད་པ་རེད་འདུག དེ་ཡང་ཁ་སང་ BBC བརྒྱུད་ལམ་གྱི་གནས་ཚུལ་སྤེལ་བར་གཞིགས་ན། རིང་མིན་ཟླ་བ་རྗེས་མར་རྒྱ་ནག་ནང་དུ་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་འགོ་འཛུགས་ལ་རན་པ་དང་བསྟུན། རྒྱ་ནག་གཞུང་གིས་ My2022 ཞེས་པའི་དྲ་རྒྱའི་མཉེན་ཆས་ཤིག་བཟོ་སྐྲུན་བྱས་ཡོད་པ་དང་། རྩེ་འགྲན་པ་དང་ལས་བྱེད་པ། གསར་འགོད་པ་དང་གཞུང་འབྲེལ་མི་སྣ་སོགས་རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་ཡོངས་ནས་རྩེད་འགྲན་མགོ་མ་བཙུགས་པའི་ཉིན་གྲངས་ ༡༤ སྔོན་ནས་དོ་བདག་སོ་སོའི་ལག་ཐོག་ཁ་པར་དང་གློག་ཀླད་ནང་དུ་མཉེན་ཆསདེ་་ཕབས་ལེན་བྱེད་དགོས་པ་རེད་འདུག དེ་དོན་ཁ་སང་ཁེ་ན་ཌའི་ Toronto བཙུག་ལག་སློབ་གཉེར་ཁང་གི་ Munk School of Global Affairs and Public Policy ཉམས་ཞིབ་སྡེ་ཚན་འོག་གི་ Citizen Lab ཞེས་པའི་དྲ་རྒྱའི་བདེ་འཇགས་ཉམས་ཞིབ་ཚན་པས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་དུ། མཉེན་ཆས་དེའི་ནང་གི་བདེ་འཇགས་དང་འབྲེལ་བའི་སྐྱོན་ཆ་ཁག་ཅིག་ཐེར་འདོན་གནང་བའི་ཁྲོད། My2022 གཉེན་ཆས་སྤྱོད་མཁན་་རྣམས་ཀྱི་སྒེར་གྱི་ཡིག་འབྲེལ་དང་སྒྲ་སྒམ་སོགས་ Encryption འམ་གསང་བ་ཉར་ཚགས་བྱེད་རྒྱུའི་མཐུན་རྐྱེན་བརྟན་པོ་མེད་པ་དང་མི་གཞན་གྱི་ལྟ་ཀློག་དང་བེད་སྤྱོད་ལོག་པ་བྱེད་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་མ་ཟད། མཉེན་ཆས་དེ་བརྒྱུད་གང་ཟག་ཚང་མས་ཕྱིར་སྐྱོད་ལག་འཁྱེར་དང་འཕྲོད་བསྟེན་དང་འབྲེལ་བའི་ཡིག་ཆ་གནད་འགག་ཅན་མང་པོ་ཡོད་པ་རྣམས་སུས་བེད་སྤྱོད་བཏང་ཆོག་གི་ཡོད་མེད་ཡང་གསལ་པོ་མེད་པ་ཐེར་འདོན་གནང་འདུག དེ་བཞིན་མཉེན་ཆས་དེའི་ནང་དུ་རྒྱ་ནག་གི་དམ་དྲག་བྱེད་བཞིན་པའི་ཚོར་རྣོ་བའི་གནད་དོན་དང་འབྲེལ་བའི་ཁྲིམས་འགལ་གྱི་ཚིག་བརྗོད་ཁག་ཅིག་བཀོད་པའི་ཐོ་གཞུང་ཞིག་བཞག་ཡོད་པའི་ནང་དུ། བོད་དང་ཤིན་ཅང་། ཐེ་ཝན་དང་གནམ་བདེ་སྒོ་མོ་ཐང་ཆེན་གྱི་དོན་རྐྱེན་སོགས་འཁོད་ཡོད་པ་ཐེར་འདོན་གནང་སྟེ།  མཉེན་ཆས་ཀྱི་བདེ་འཇགས་དང་འབྲེལ་བའི་སྐྱོན་ཆ་དེ་དག་གིས། Google དང་ Apple མཉེན་ཆས་སྒྲིག་གཞིར་འགལ་གྱི་ཡོད་པ་མ་ཟད། རྒྱ་ནག་རང་གི་ཁྲིམས་དང་གསང་རྒྱ་སྲུང་སྐྱོབ་གྱི་སྒྲིག་གཞི་ལ་ཡང་འགལ་ཡོད་པ་མངོན་གསལ་གནང་འདུག དེ་བཞིན་Internet 2.0 ཞེས་པའི་དྲ་རྒྱའི་བདེ་འཇགས་ཉམས་ཞིབ་ཁང་གི་སྙན་ཐོ་འདོན་སྤེལ་གནང་བའི་ནང་དུའང་ My2022 མཉེན་ཆས་བེད་སྤྱོད་གཏོང་མཁན་རྣམས་ལ་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁ་ཡོད་པ་གསལ་སྟོན་གནང་བ་མ་ཟད། རྒྱ་ནག་གཞུང་གིས་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་ཐེར་འདོན་གནང་བ་དང་འབྲེལ། པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་ནང་མཉམ་ཞུགས་གནང་མཁན་རྣམས་ནས་ Burner Phone འམ་ལྟ་སྲུང་བྱེད་ས་མེད་པའི་གནས་སྐབས་ཀྱི་ཁ་པར་བེད་སྤྱོད་གཏོང་དགོས་པ་སོགས་ཀྱི་གཞེན་སྐུལ་གནང་འདུག འོན་ཀྱང་རྒྱ་ནག་གཞུང་གིས་ངོས་ནས་དེ་གའི་ Global Times གཞུང་འབྲེལ་གསར་ལམ་བརྒྱུད། རྒྱ་ནག་གི་ཨོ་རྩལ་མཉེན་ཆས་དེར་སྐྱོན་ཆ་གང་ཡང་མེད་པ་དང་། མཉེན་ཆས་དེ་སྔར་ལོ་ Tokyo ཨོ་རྩལ་འགྲན་ཚོགས་ཐོག་བེད་སྤྱོད་བཏང་བའི་་མཉེན་ཆས་དང་གཅིག་མཚུངས་ཡིན་སྐོར་དང་། གསང་བ་ཉར་ཚགས་བྱེད་པ་ཤ་རྟགས་ཡིན་པར་བརྗོད་འདུག དེ་བཞིན་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ནས་ཀྱང་རྒྱ་ནག་གི་བཤད་པ་བསྐྱར་ནན་གྱིས་རྒྱབ་སྐྱོར་གྱི་རྣམ་པ་བསྟན་འདུགདེའི་བར་ན་ཉེ་ཆར་ཨ་རིའི་གཞུང་གི་བོད་དོན་དམིགས་གསལ་འབྲེལ་མཐུད་པ་ Uzra Zeya ལགས་ཀྱིས་བོད་མིའི་སྒྲིག་འཛུགས་གཙོས་པོའི་བརྒྱུད་ལམ་ཁག་གི་བཅར་འདྲིར་ལན་འདེབས་སྐབས། ཨ་རི་གཞུང་གི་སྣེ་ཁྲིད་འོག་རྒྱལ་ཁབ་མང་དག་ཅིག་ནས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཐོག་གཞུང་འབྲེལ་མི་སྣ་གཏོང་རྒྱུ་མིན་པའི་ཐག་གཅོད་གནང་ཡོད་པ་ལུང་འདྲེན་དང་འབྲེལ། ཨ་རི་གཞུང་གི་ངོས་ནས་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་བཞིན་རྒྱུན་ལྡན་གྱི་གནད་དོན་ཞིག་ལ་ངོས་འཛིན་གནང་གི་མེད་པ་དང་། ཨ་རིའི་གཞུང་གི་བཞེངས་ཕྱོགས་དེས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་མངོན་གསལ་གནང་རྒྱུར་ཕན་ཐོག་ཆེན་པོ་ཡོང་རྒྱུ་ཡིན་པ་སོགས་གསུངས་ཡོད་པ་རེད།

པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི་བགྲོ་གླེང་ལས་རིམ་སྐོང་འཚོགས།

འཚོགས་ལ་ཉེ་བའི་༢༠༢༢ ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་ཆེད། ཁ་སང་ཕྱི་དྲོ་སུད་སི་གྲོང་ཁྱེར་ཛུ་རིག་ནང་གི་ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་གོ་སྒྲིག་འོག རང་དབང་མེད་ན་རྩེད་འགྲན་མེད་ཅེས་པའི་གླེང་བརྗོད་ཐོག བགྲོ་གླེང་གི་ལས་རིམ་ཞིག་སྐོང་འཚོགས་གནང་ཡོད་པ་རེད།ཐེངས་འདིའི་བགྲོ་གླེང་ལས་རིམ་དེའི་ཐོག སུད་སི་གྲོས་ཚོགས་འཐུས་མི་ལྕམ་ Doris Fiala ལགས་དང་། པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་ཆེད་དུ་ཡུ་རོབ་ནང་ཞུ་གཏུགས་སྐོར་སྐྱོད་གནང་མཁན་བོད་མི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་། དེ་བཞིན་ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ལས་འགུལ་འགན་འཛིན་བསྟན་འཛིན་སྣེ་ཚང་ལགས་བཅས་ནས་མཉམ་ཞུགས་གནང་སྟེ། ཁོང་རྣམས་གཙོ་བོ་བོད་གཙོས་པའི་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ས་གནས་ཁག་ནང་གི་དངོས་ཡོད་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་། རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ནས་མང་ཚོགས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་གཞུང་ལྟ་བུར་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་སྤྲད་པ་ནི་ནོར་འཁྲུལ་ཅན་གྱི་ཐག་གཅོད་ཅིག་ཡིན་པར་སྐྱོན་བརྗོད་སོགས་ཀྱི་གླེང་སློང་གནང་ཡོད་པ་རེད།ཐེངས་འདིའི་བགྲོ་གླེང་ལས་རིམ་གོ་སྒྲིག་ཞུ་མཁན་ཀྱི་ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་གཙོ་ཞེ་རྩེ་ཚང་བཀྲ་ཤིས་ལགས་ཀྱིས། ལས་རིམ་དེ་ཡང་གཙོ་བོ་བོད་མི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཀྱི་ཞུ་གཏུགས་སྐོར་གྱི་ལས་འགུལ་ལ་དང་འབྲེལ།   ༢༠༢༢ ལོའི་པེ་ཅིང་དགུན་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི་རྣམ་པ་སྟོན་ཆེད་གོ་སྒྲིག་ཞུས་པ་ཞིག་ཡིན་པར་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད། རྩ་བའི་ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ངོས་ནས། སྔར་ལོའི་ལོ་སྟོད་ནས་འགོ་འཛུགས་ཀྱི་ལོ་འཁོར་མོ་གཅིག་རིང་།  ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་དང་ཞུ་གཏུགས་ལས་འགུལ་ཤུགས་ཆེར་སྤེལ་མཁན་གྲས་ཤིག་ཆགས་ཀྱི་ཡོད་པ་མ་ཟད། ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་གཙོས་པའི་ས་གནས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སུད་སི་གཞུང་ལ་༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་སུད་སི་གཞུང་འབྲེལ་སྐུ་ཚབ་ཆེད་གཏོང་ཕྱིར་འཐེན་ཡོང་བའི་ས་གནས་མང་ཚོགས་༧༠༠༠ ལྷག་རྒྱབ་སྐྱོར་མཚན་རྟགས་འཁོད་པའི་ཞུ་སྙན་ཕུལ་མིན་ལ་མ་ལྟོས་པར། ཉེ་ཆར་སུད་སི་ནས་ ༢༠༢༢ ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་སུད་སི་གཞུང་འབྲེལ་སྐུ་ཚབ་ཆེད་གཏོང་བྱ་རྒྱུ་ཡོངས་གྲགས་བྱས་ཡོད་པ་རེད། གོང་གསལ་གནད་དོན་འདི་དང་འབྲེལ་ཞི་རྩེ་ཚང་བཀྲ་ཤིས་ལགས་སུ་གནས་ཚུལ་བཀའ་འདྲི་ཞུ་སྐབས།  ཁོང་གི་སུད་སི་གཞུང་ནས་སྐབས་དེར་གསར་འགོད་ལྷན་ཚོགས་ཐོག་བོད་གཙོས་པའི་རྒྱ་ནག་མངའ་འོག་ཏུ་ཡོད་པའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་གཅིག་ཀྱང་མ་བྱས་པར་མ་ཟད། ལྷག་པར་དུ་སུད་སི་མང་ཚོགས་ ༧༠༠༠ ལྷག་གི་དགོས་འདུན་གྱི་ཞུ་སྙན་སྣང་མེད་དུ་བཏང་བར་བློ་ཕམ་དང་སྦྲགས། སུད་སི་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།གཞི་རྩའི་༢༠༢༢ ལོའི་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་ཟླ་བ་རྗེས་མའི་ཕྱི་ཚེས་༤ ཉིན་འགོ་འཛུགས་རྒྱུ་ཡིན་པ་དང་། ད་བར་ཨ་རི་དང་དབྱིན་ཡུལ། ཁ་ན་ཊ། ཨོ་གླིང་། ལི་ཐུའུ་ནི་ཡ། New Zealand ཉི་ཧོང་དང་ Scotlandདང་གྲན་མག  དེ་བཞིན་ནི་དར་ལེནཊ་སོགས་རྒྱལ་སྤྱིའི་རང་དབང་ཅན་གྱི་རྒྱལ་ཁབ་མི་ཉུང་བ་ཞིག་ནས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་ཐོག་ལ་གཞུང་འབྲེལ་སྐུ་ཚབ་མི་སྣ་མི་གཏོང་རྒྱུའི་ཐག་གཅོད་གསལ་བསྒྲགས་གནང་ཡོད་པ་རེད།  

རྒྱ་ནག་གི་མུ་མཐུད་དུ་བོད་ཁུལ་དུ་རིག་གནས་གསར་བརྗེའི་ལྟ་བ་ལག་བསྟར།

རྒྱ་ནག་གི་སྲིད་འཛིན་མོའོ་ཙེ་ཏུང་གི་དུས་སྐབས་སུ་བོད་ཁུལ་དུ་རིག་གནས་གསར་བརྗེ་ལས་འགུལ་སྤེལ་འགོ་ཚུགས་པ་ལྟར། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དུས་སྐབས་འདིར་ཀྱང་སྔོན་གྱི་རིག་གནས་གསར་བརྗེ་ཡི་ལས་འགུལ་མུ་མཐུད་མཇུག་སྐྱོང་བྱེད་བཞིན་ཡོད་པར་མངོན་གསལ་གནང་འདུག དེ་ཡང་འཇར་མ་ནིའི་ Berlin གྲོང་ཁྱེར་དུ་རྟེན་གཞི་བྱེད་པའི་ Global Order ཞེས་པའི་རྒྱལ་སྤྱིའི་སྲིད་བྱུས་ཉམས་ཞིབ་ཁང་ཞིག་གིས་བོད་ཁུལ་གྱི་ད་ལྟའི་གནས་བབ་ལ་རྒྱུས་ལོན་གྱིས་སྙན་ཐོ་ཞིག་འདོན་སྤེལ་བྱས་པའི་ནང་དུ། རྒྱ་ནག་གིས་ལོ་རབས་དྲུག་ཅུའི་ནང་དུ་རིག་གནས་གསར་བརྗེ་ལས་འགུལ་སྤེལ་བའི་སྐབས་བོད་བརྒྱུད་ནང་བསྟན་ལ་དམིགས་དཀར་གྱིས་དྲག་གནོན་ཤུགས་ཆེར་བྱས་པ་ལྟར། ད་ལྟ་སྲིད་འཛིན་ཞི་ཅིན་ཕིག་གི་དབང་བསྒྱུར་འོག་ཏུའང་ཐབས་ཤེས་ཡོད་དགུ་བཏང་ནས་བོད་ཁུལ་དུ་རིག་གནས་གསར་བརྗེ་ཡི་ལས་འགུལ་མུ་མཐུད་སྤེལ་བཞིན་པར་འགྲེལ་བརྗོད་དང་འབྲེལ། དེ་ལྟ་བུའི་དྲག་གནོན་གྱི་མཁའ་དབུགས་ཀྱི་ཁྲོད་དུ་བོད་ཁུལ་དུ་ཆོས་ལུགས་ཀྱི་རང་དབང་ཕྲ་མོ་ཙམ་ལས་མེད་པ་ནི། རྒྱ་ནག་གིས་རྒྱུན་ལྡན་གྱི་མཁྱོགས་བཤད་དྲིལ་བསྒྲགས་བྱེད་བཞིན་པ་དང་ཡོངས་སུ་འགལ་ཡོད་པར་ཡོངས་གྲགས་གནང་འདུགཉམས་ཞིབ་ཁང་གིས་སྙན་ཐོའི་ནང་གཞན་ཡང་རྒྱ་ནག་གིས་བོད་ཕྱི་ནང་གཉིས་སུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་རྩ་གཏོར་གྱི་ལས་འགུལ་གང་སར་སྤེལ་བཞིན་པ་དང་འབྲེལ་ནས། བོད་ཁུལ་དུ་དགོན་པ་གྲྭ་ཚང་མང་པོ་ཞིག་རྩ་གཏོར་བཏང་ཟིན་པ་དང་། དེ་བཞིན་དགོན་གྲོང་མང་པོའི་ནང་དུ་གྲྭ་བཙུན་གྱི་གྲངས་འབོར་ལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པ་ཡང་གསལ་འགྲེལ་གནང་འདུག་པ་མ་ཟད། ཉེ་ལམ་བོད་ཁམས་བྲག་མགོ་རྫོང་གི་དགའ་ལྡན་རྣམ་རྒྱལ་གླིང་དགོན་པའི་ནང་དུ་ཕུ་ཁྲུ་ ༩༩ ལྷག་ཅན་གྱི་སྟོན་པའི་སྐུ་བརྙན་ཞིག་གི་མཐོ་ཚད་བརྒལ་ཡོད་པའི་ཉེས་མིང་གི་འོག་གཏོར་བཅོམ་བཏང་བ་དང་། དགོན་གྲོང་དེའི་དགེ་འདུན་པ་དང་ས་གནས་ཀྱི་ཡུལ་མི་རྣམས་བཙན་དབང་གིས་ཡུལ་དངོས་སུ་སྐད་བཏང་སྟེ་སྐུ་བརྙན་དེ་རྩ་གཏོར་གཏོང་བཞིན་པའི་སྣང་བརྙན་ལ་ལྟ་རུ་བཅུག་ཡོད་པ་དང་སྦྲགས། བྱེད་བབ་དེ་ནི་ཕྱི་ལོགས་ཀྱི་ཆེད་མཁས་བས་བོད་ཀྱི་ཆོས་རིག་རྩ་གཏོར་ཡིན་པར་འགྲེལ་བརྗོད་བྱས་ཡོད་པ་ལུང་འདྲེན་གནང་འདུག དེ་བཞིན་སྐབས་དེའི་སྟོན་པའི་སྐུ་བརྙན་རྩ་གཏོར་དང་འབྲེལ་ནས། ས་གནས་ཀྱི་དགེ་འདུན་པ་དང་ཡུལ་མི་༡༡ ཙམ་ཡུལ་དངོས་ཀྱི་གནས་ཚུལ་བོད་ཕྱི་ལོགས་སུ་མཁོ་སྤྲོད་བྱས་པའི་བསྙད་འདོགས་ཀྱི་འོག་ནས་འཛིན་བཟུང་བྱས་པའི་ཁྲོད། ལྷ་མོ་དབྱངས་སྐྱིད་དང་ཚེ་རིང་བསམ་འགྲུབ་སོགས་ཀྱི་མཚོན་པའི་མི་གཞན་བཞི་དངོས་སུ་རྒྱ་ནག་གིས་འཛིན་བཟུང་བཙན་ཁྲིད་བྱས་པའི་གནས་ཚུལ་ཕྱི་ལོགས་ཀྱི་གསར་ཁང་ཁག་གིས་སྤེལ་ཡོད་པ་ཡང་མངོན་གསལ་གནང་འདུགANI གསར་ཁང་གིས་ Global Order ཉམས་ཞིབ་ཁང་གིས་འདོན་སྤེལ་བྱས་པའི་སྙན་ཐོ་དང་འབྲེལ། ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམSophie Richardson ལགས་ཀྱིས་བོད་ཁུལ་གྱི་ཆོས་ལུགས་དད་མོས་དང་འབྲེལ་ནས་གཏམ་བཤད་སྤེལ་བའི་གནས་ཚུལ་ཞིག་ལུང་འདྲེན་བྱས་པའི་ནང་དུ། བོད་ཁུལ་གྱི་དད་ལྡན་མང་ཚོགས་རྣམས་ཀྱིས་ཡུལ་དེའི་ཁྲིམས་ལུགས་སམ། རྩ་ཁྲིམས་ནང་གསལ་ཆོས་ལུགས་སྲུང་སྐྱོབ་སོགས་ཀྱི་འབྲུ་དོན་ལ་བརྟེན་ས་མེད་པར་གྱུར་བ་དང་། ད་ལྟའི་རྒྱ་ནག་གི་ཆེས་མཐོའི་རྒྱལ་ཞེན་རིང་ལུགས་དང་དབང་ཆ་གཅིག་སྡུད་རིང་ལུགས་ཀྱིས་དབང་ཆ་ཡོད་ཚད་རྒྱལ་ཁབ་ཀྱི་བདག་ཏུ་བཟུང་སྟེ། མང་ཚོགས་རྣམས་མཐོང་ཆུང་དང་དོགས་པའི་གནས་སུ་བཞག་ཡོད་པ་ཞིག་ཡིན་པར་འགྲེལ་བརྗོད་བྱས་འདུགགཞི་རྩའི་འདས་བའི་ལོ་འགའི་རིང་རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་མཐོའི་ཚོགས་ཆེན་རིམ་པའི་ཐོག་ནས་བོད་བརྒྱུད་ནང་བསྟན་རྒྱ་བསྒྱུར་གྱི་ལས་གཞི་རྒྱུན་སྐྱོང་བྱེད་དགོས་ལུགས་ཀྱི་གྲོས་ཆོད་བཞག་པ་མ་ཟད། བོད་ཁུལ་གྱི་དགོན་པ་ཁག་ཏུ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཉུང་དུ་བཏང་ནས་རྒྱ་ནག་གིས་གཏན་འབེབས་བྱས་པའི་ལོ་རྒྱུས་དང་ཁྲིམས་ལུགས་ཀྱི་སློབ་ཁྲིད་བྱེད་འགོ་ཚུགས་ཡོད་པ་མ་ཟད། སྔར་ལོ་བོད་མཚོ་སྔོན་ཁུལ་གྱི་བྱ་ཁྱུང་དགོན་དང་ངྷི་ཚ་དགོན་གཉིས་སུ་གྲ་པ་བརྒྱད་བཅུ་ཕྱིར་ཕུད་བཏང་ཟིན་པ་དང་དེ་མིན་གྱི་དགོན་སྡེ་ཁག་ཡོངས་སུ་རང་ལོ་བཅོ་བརྒྱད་མ་ལོན་པའི་དགེ་འདུན་པ་རྣམས་ཕྱིར་ཕུད་བཏང་ཡོད་པ་མ་ཟད། སྔར་ལོ་མཁན་པ་ལུང་དགོན་པར་རྒྱ་ནག་གི་ལས་བྱེད་ཀྱིས་དངོས་སུ་དྲིལ་བསྒྲགས་སློབ་གསོ་སྤེལ་འགོ་བཙུགས་ཏེ། བོད་བརྒྱུད་ནང་བསྟན་དེ་ཡང་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐུན་པ་ཞིག་ཏུ་བཟོ་རྒྱུར་ཤུགས་སྣོན་བྱེད་བཞིན་པ་ཡོངས་གྲགས་ཆགས་ཡོད་པ་རེད།

Latest news