Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

ཨ་རིའི་ནང་དུ་བོད་རང་བཙན་གོམ་བགྲོད་ལས་འགུལ་དབུ་འཛུགས།

ཁ་སང་གི་གཟའ་མཇུག་སྟེ། རྒྱ་ནག་གི་བཙན་དབང་གི་འོག་ཏུ་ཕྱི་ལོ་ ༡༩༥༡ ལོའི་ཟླ་བ་ལྔ་བའི་ཚེས་ ༢༣ ཉིན་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་པའི་ཉིན་ནག་གི་ཉིན་མོ་དང་བསྟུན། ཨ་རིའི་ཧྥི་ལ་ཌ་ཧྥེ་ཡའི་ (Philadelphia)རང་བཙན་ཚོགས་ཁང་ནས་རྒྱལ་ས་Washington DC བར་རང་བཙན་གོམ་བགྲོད་ལས་འགུལ་དབུ་འཛུགས་གནང་འདུག ལས་འགུལ་གྱི་དབུ་འབྱེད་མཛད་སྒོའི་ཐོག་ཏུ། རྒྱ་ནག་གི་བཙོན་འོག་ཏུ་མི་ལོ་བཅོ་ལྔ་ལྷག་བཙོན་དུ་ཚུད་པའི་རྒྱལ་གཅེས་དཔའ་བོ་དང་། བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་ཟུར་པ། ཞེ་བོ་བློ་བཟང་དར་རྒྱས་ལགས་དང་ཆབ་སྲིད་བཙོན་ཟུར་རྟའུ་བློ་བཟང་སྦྱིན་པ་ལགས་གཉིས་ཀྱི་གཙོ་བྱས་པའི་ཧྥི་ལ་ཌ་ཧྥེ་ཡའི་བོད་རིགས་ཚོགས་པ་དང་། ནིའུ་ཡོག་ནིའུ་ཇར་སིའི་ས་གནས་གཞོན་ནུ། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས དེ་བཞིན་ཨ་རི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཐུན་མོང་གིས་ཉམས་ཞུགས་གནང་ཡོད་པ་དང་། ལས་འགུལ་དེ་ནི་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་དང་བོད་རང་བཙན་ལ་རྒྱབ་སྐྱོར་ཡོང་ཐབས་ཆེད་སྤེལ་བ་ཞིག་ཡིན་པ་དང་། ཉིན་གྲངས་བཅུའི་རིང་གི་ལས་འགུལ་དེ་ནི་བོད་མི་བོད་མི་དྲུག་གིས་རྩ་འཛུསག་གནང་བ་གནང་བ་ཞིག་རེད་འདུག གོམ་བགྲོད་ཀྱི་ལས་འགུལ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཀྱི་བསྒྲགས་ཡིག་ནང་དུ། ལས་འགུལ་དེ་ཨ་རིའི་ཧྥི་ལ་ཌ་ཧྥེ་ཡའི་རང་བཙན་ཚོགས་པའི་མདུན་ཐང་དུ་སྤེལ་དོན་ནི། ཨ་རིའི་རང་བཙན་འཐབ་རྩོད་ཀྱི་ནང་དུ་ས་གནས་དེར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད་པ་ལྟར། ཐེངས་འདིའི་རང་བཙན་གོམ་བགྲོད་ཀྱི་ལས་འགུལ་དེར་ཡང་ཨ་རིའི་རང་བཙན་འཐབ་རྩོད་ཀྱི་ས་ཁུལ་དམིགས་བསལ་བ་དེ་ནས་སྐུལ་སློང་ཐེབས་ཐབས་སུ་བདམས་ཡོད་སྐོར་དང་འབྲེལ་ནས། རང་བཙན་གོམ་བགྲོད་ཀྱི་ལས་འགུལ་དེའི་དམིགས་འབེན་གཙོ་བོ་ནི་ཨ་རིའི་ངོས་ནས་བོད་ཀྱི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་ཡོང་ཐབས་དང་། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པར་སྐྱོན་བརྗོད་གནང་ཐབས་ཡིན་པར་བསྒྲགས་འདུག དེ་བཞིན་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་ཀྱི་མཛད་སྒོའི་སྐབས་སུ། ལས་འགུལ་བ་དོན་འགྲུབ་ལྷ་དར་ལགས་ཀྱིས་གཏམ་བཤད་གནང་བའི་ནང་དུ། འདི་ལོ་རྒྱ་ནག་གིས་བོད་ས་ཞི་བའི་བཅིངས་གྲོལ་བཏང་ནས་མི་ལོ་བདུན་ཅུ་འཁོར་གྱི་ཡོད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྟེང་ལ་དྲིལ་བསྒྲགས་ཀྱིས་བོད་ཀྱི་ལོ་རྒྱུས་ལ་འཁྱོགས་བརྗོད་གནང་གི་ཡོད་པ་དེར་མཐའ་གཅིག་གི་ཏུ་ངོ་རྒོལ་ཡོད་པའི་རྣམ་འགྱུར་སྟོན་ཡ་དང་། ད་ལྟའི་ཆར་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམ་ནད་ཀྱིས་རྒྱལ་སྤྱིའི་སྤྱོ་ཚོགས་ཧྲིལ་བོར་དཀའ་ངལ་འཕྲད་བཞིན་ཡོད་པ་ལྟར། ཨ་རིའི་ནང་དུ་ཆ་མཚོན་ནའང་མི་མང་འབུམ་ཕྲག་གི་ཚེ་སྲོག་ཤོར་ཡོད་པ་དེའི་འགན་ཡོངས་རྫོགས་རྒྱ་ནག་ལ་ཡོད་པར་བསྒྲགས་པ་དང་ལྷན་དུ། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་དེ་ནི་ཞི་བདེ་དང་རང་དབང་མཚོན་བྱེད་ཅིག་ཡིན་པར་བརྟེན། ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་རྩལ་དེ་རྒྱ་ནག་ཏུ་འཚོགས་རྒྱུའི་འོས་བབ་མེད་པར་རྩེད་འགྲན་དེ་ཕྱིར་འཐེན་བྱེད་དགོས་བ་སོགས་ཀྱི་གཏམ་བཤད་གནང་འདུག  དེ་བཞིན་དོན་འགྲུབ་ལྷ་དར་ལགས་ཀྱིས་ཁ་སང་གི་གོམ་བགྲོད་ཀྱི་ཡུལ་དངོས་ཀྱི་ཉམས་མྱོང་ཟིན་བྲིས་སུ་བཏང་བའི་ནང་དུ། རྒྱ་ནད་ཀྱི་དཀའ་ངལ་སོགས་ལ་བརྟེན། རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་དོ་སྣང་ཆེ་བའི་གནས་ཚུལ་དེ་ང་ཚོའི་གོ་སྐབས་ཡིན་པ་ལྟར། སྔོན་མ་ནང་བཞིན་མ་ཡིན་པར། དེ་རིང་གོམ་བགྲོད་ཀྱི་ཡིག་ཆ་བཀྲམས་སྐབས། ཨ་རིའི་མི་མང་གི་ཁྲོད་ནས། དོ་སྣང་སྔར་ལས་ཆེ་ཞིང་། ཡིག་ཆ་ལེན་སྐབས། ཕར་ཐུགས་རྗེ་ཆེ་ཞུ་དུས། ཚུར་ལ་ཐུགས་རྗེ་ཆེ་ལབ་པ་སོགས། ཡིག་ཆ་ཧ་ཅང་ཕོན་ཆེ་འགྲེམས་སྤེལ་ཐུབ་པ་བྱུང་སོང་བ་ནི། དེ་རིང་ལས་འགུལ་འདིའི་རེ་བའི་ཆ་ཤས་གལ་ཆེན་པོ་ཞིག་འགྲུབ་ཀྱི་ཡོད་པའི་དགའ་ཚོར་བྱུང་ཡོད་པར་འགྲེལ་བརྗོད་གནང་འདུག སྤྱིར་ཁ་སང་གི་ལས་འགུལ་དེའི་ཐོག ཁ་ན་ཊ་ནས་བོད་མི་ལས་འགུལ་བ་ sunny sonam ལགས་ཀྱང་མཉམ་བཞུགས་གནང་གི་ཡོད་ཀྱང་ཏོག་དབྱིབས་རྐྱེན་གྱིས་ཁོང་ཨ་རིར་ཕེབས་རྒྱུར་དཀའ་ངལ་འཕྲད་པ་ལྟར། ཁོང་གིས་ཁ་སང་ ཀེ་ན་ཀྲའི་ Niagra falls གྱི་ rainbow ཟམ་ཆེན་ནས་ Toronto གྲོང་ཁྱེར་བར་དུ་དེ་མཚུངས་ཀྱི་གོམ་བགྲོད་ལས་འགུལ་ཞིག་དབུ་འཛུགས་གནང་འདུག

ལཱི་ཐོ་ནི་ཡཱ་གྲོས་ཚོགས་ཀྱིས་རྒྱ་གཞུང་གིས་༸གོང་ས་མཆོག་དང་ལྷན་གྲོས་མོལ་འགོ་འཛུགས་ཀྱི་ཞུ་སྐུལ།

ཡུ་རོབ་ཀྱི་རྒྱལ་ཁབ་ལཱི་ཐོ་ནི་ཡཱ་ཡི་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་ངོས་ནས་བོད་ཁུལ་དུ་རང་དབང་གི་རྟོག་ཞིབ་པ་རྣམས་བཀག་རྒྱ་མེད་པའི་ཐོག་ནས་མངགས་གཏོང་དང་། བོད་མིའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དང་ལྷན་དུ་བོད་རྒྱ་གྲོས་མོལ་བྱེད་དགོས་བའི་སྐུལ་མ་གནང་འདུག་པ་མ་ཟད། རྒྱ་ནག་གིས་ཡུ་གུར་མི་མང་རྩ་མེད་གཏོང་བཞིན་ཡོད་པ་མངོན་གསལ་གནང་འདུགདེའང་ལཱི་ཐོ་ནི་ཡཱ་ཡི་གྲོས་ཚོགས་ནང་ཁ་ས་རེས་གཟའ་ཕུར་བུའི་ཉིན་གྲོས་ཚོགས་འཐུས་མི་ལྔ་ཆ་གསུམ་གྱིས་རྒྱབ་སྐྱོར་ཐོག་ནས་གྲོས་ཆོད་གྲོས་འཆར་ཞིག་གཏན་འབེབས་གནང་ཡོད་པ་དང་། གྲོས་ཆོད་དེ་བརྒྱུད་རྒྱ་གཞུང་ལ་༧གོང་ས་མཆོག་དང་ལྷན་གྲོས་མོལ་ཞུ་དགོས་པའི་ཞུ་སྐུལ་དང་ལྷན་དུ།་ཧོང་ཀོང་ནང་གི་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་དེ་ཕྱིར་འཐེན་གནང་དགོས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་སྐུལ་གྱིས་རྒྱ་ནག་གིས་ཡུ་གུར་མི་མི་མང་བཀག་སྐྱིལ་བྱས་ཡོད་པར་ཞིབ་འཇུག་གནང་དགོས་བ་དང་དེ་བཞིན་ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱིས་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་ལ་བསྐྱར་ཞིབ་བྱེད་དགོས་བའི་འབོད་བརྡ་གསལ་བོར་བསྒྲགས་འདུག གཞི་རྩའི་རྒྱ་ནག་གིས་ཡུ་གུར་མི་རིགས་ལ་མནར་གཅོད་དང་བཀག་སྐྱིལ་བྱེད་ཀྱི་ཡོད་པའི་གནད་དོན་དང་འབྲེལ་ནས། ཨ་རི་གཞུངདང་དབྱིན་ཡུལ། དེ་བཞིན་ཁ་ན་ཊ་སོགས་ཀྱི་གྲོས་ཚོགས་ཀྱིས་རྒྱ་གཞུང་གིས་ཤིན་ཅང་ནང་ཡུ་གུར་མི་རིགས་རྩ་མེད་ཀྱི་བྱ་སྤྱོད་སྤེལ་བཞིན་ཡོད་པར་མངོན་གསལ་བྱས་ཡོད་ཀྱང་། རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་མེད་གཏོང་བཞིན་ཡོད་པའི་གླེང་གཞི་དེར་ངོས་ལེན་བྱས་མེད་པ་རེད། ཁ་ས ལཱི་ཐོ་ནི་ཡཱ་ཡི་གྲོས་ཚོགས་ནང་གྲོས་ཆོད་དེ་གཏན་འབེབས་གནང་སྐབས་གྲོས་ཚོགས་ཀྱི་དབུས་སུ་སྲིད་བློན་དང་ཕྱི་སྲིད་བློན་ཆེན་གཉིས་བཞུགས་ཡོད་ཀྱང་། ཁོང་རྣམས་གཉིས་ཀྱིས་གྲོས་ཆོད་དེར་འོས་ཤོག་གི་ལམ་ནས་ཆ་ཤས་བླངས་མེད་པ་རེད་འདུགགྲོས་ཚོགས་སུ་རྒྱ་ནག་དང་འབྲེལ་བའི་གྲོས་ཆོད་བསྣམས་མཁན། གྲོས་ཚོགས་འཐུས་མི་ལྕམ་ Dovile Sakaliene ལགས་ཀྱིས་ང་ཚོས་མང་གཙོ་ལ་རྒྱབ་སྐྱོར་བྱེད་དགོས། ང་ཚོ་བཙན་འཛུལ་གྱི་འོག་ཏུ་མི་ལོ་ལྔ་བཅུ་ལ་བསྡད་པའི་ཞེ་ནང་གི་མྱོང་བ་དེ་དག་ནམ་ཡང་བརྗེད་ཐབས་མེད་ཅེས་གཏམ་བཤད་གནང་འདུག རྩ་བའི་ ལཱི་ཐོ་ནི་ཡཱ་རྒྱལ་ཁབ་ནི་ཕྱི་ལོ་ ༡༩༤༠ ནས་ ༡༩༩༡ བར་དུ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བསྒྱུར་གྱི་འོག་ཏུ་གནས་མྱོང་མཁན་གྱི་རྒྱལ་ཁབ་ཅིག་ཡིན་སྟབས། དེང་སྐབས་ནུབ་གླིང་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་གྱི་ཁྲོད་དུ་ཨུ་རུ་སུ་དང་རྒྱ་ནག་དམར་གཞུང་ལ་ལངས་ཕྱོགས་མཁྲེགས་འཛིན་བྱེད་མཁན་གྱི་ཡུ་རོབ་མཐུན་ཚོགས་ཀྱི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད་པ་དང་། འདི་ལོའི་ཟླ་བ་གསུམ་པའི་ནང་དུ་ལཱི་ཐོ་ནི་ཡཱ་ སྲིད་གཞུང་གིས་ཐེ་ཝན་དང་མཉམ་དུ་ཚོང་འབྲེལ་ངོ་ཚབ་ཀྱི་ལས་ཁུངས་ཤིག་འཛུགས་རྒྱུ་ཡིན་པར་བསྒྲགས་ཡོད་པ་དེ་ཡིས་རྒྱ་ནག་སྲིད་གཞུང་ལ་ཁོང་ཁྲོ་བསླངས་ཡོད་པ་རེད། ཨ་རི་དང་དབྱིན་ཡུལ་གཉིས་ཀྱི་གཙོ་བྱས་པའི་ཕྱི་ལོག་གི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གིས་འདས་བའི་ལོ་འགའི་རིང་ལ་ཡུ་གུར་མི་མང་ས་ཡ་གཅིག་ལྷག་བཀག་སྐྱིལ་གྱིས་མི་རིགས་རྩ་མེད་བྱེད་ཀྱི་ཡོད་པ་གྲོས་ཚོགས་རང་བཞིན་གྱི་བགྲོ་གླེང་རིམ་པའི་ཐོག་ཐག་བཅད་གནང་སྟེ་མངོན་གསལ་གྱིས་དེར་འབྲེལ་གྱི་བསྒྲགས་གཏམ་སྤེལ་ཡོད་ཀྱང་། རྒྱ་ནག་གིས་ད་དུང་ཡང་ཁུལ་དེར་ལས་རིགས་ཆེད་སྦྱོང་གི་ལྟེ་གནས་བཙུགས་ཡོད་པ་ལས་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ཁས་ལེན་བྱེད་ཀྱི་མེད་ནའང་།  ད་ཆ་རྒྱ་ནག་གིས་ཞིན་ཅང་གི་ཁུལ་དུ་མི་མང་བཀག་སྐྱིལ་གྱིས་ཡུ་གུར་མི་མང་གི་ཆོས་དད་རང་མོས་ཀྱི་མཚོན་པའི་སྲོལ་རྒྱུན་གྱི་བསམ་པའི་དཔལ་ཡོན་ལ་བཀག་རྒྱ་རིམ་པ་བཟོས་ནས་མི་མང་གི་བསམ་པའི་འཁྱེར་སོ་ལ་བསྒྱུར་བཅོས་གཏོང་ཐབས་ཀྱི་བཙན་བཀའ་གཏོང་བཞིན་པའི་གནད་དོན་དེ་རྒྱལ་སྤྱིའི་ཐོག་ཡོངས་སུ་ཇེ་གསལ་དུ་འགྲོ་བཞིན་ཡོད་པ་རེད།

ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་དང་ཚོང་འབྲེལ་གྱི་གྲོས་མཐུན་རྩིས་མེད་ཀྱི་གྲོས་ཆོད་བཞག་པ།

རྒྱ་གཞུང་གིས་ཡུ་གུར་ཁ་ཆེ་མི་རིགས་ས་ཡ་བརྒལ་བ་ཆབ་སྲིད་སློབ་གསོ་ལྟེ་གནས་ཁང་ནང་བཀག་སྐྱིལ་བྱས་པར་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་གཞུང་གིས་བྱུས་ངན་སྲིད་བྱུས་ལ་སྐྱོན་བརྗོད་བྱས་པ་དང་། ཡུ་རོབ་མཐུན་ཚོགས་ཀྱི་བྱེད་ཕྱོགས་དེར་འཁོན་ལན་ཚུལ་དུ་རྒྱ་གཞུང་གིས་ཡོ་རོབ་མཐུན་ཚོགས་ཀྱི་འཐུས་མི་ཁག་ཅིག་ལ་རྒྱ་ནག་ནང་འགྲོ་འོང་མི་ཆོག་པའི་སྲིད་དོན་གྱི་ཉེས་ཆད་བཅད་ཡོད་པ་རེད།  འོན་ཀྱང་ད་ཆ་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་གཞུང་ངོས་ནས་མཐུན་ཚོགས་ཀྱི་འཐུས་མིར་བཀལ་བའི་ཉེས་ཆད་དེ་ཕྱིར་འཐེན་མ་བྱས་ཚེ་རྒྱ་ནག་དང་ཚོང་འབྲེལ་གྱི་གྲོས་མཐུན་གསར་པ་བཞག་པ་དེར་མཐུན་ཚོགས་ཀྱིས་མོས་མཐུན་བྱེད་རྒྱུ་མིན་པའི་གྲོས་ཆོད་བཞག་འདུགདེ་ཡང་དེ་རིང་བརྒྱུད་ལམ་ཁག་ནས་ཐོན་པའི་གནས་ཚུལ་ལ་གཞིགས་ན།  ཁ་སང་རེས་གཟའ་ཕུར་བུའི་ཉིན་ཡུ་རོབ་མཐུན་ཚོགས་ཀྱི་ཐག་གཅོད་དེར་འཐུས་མི་ ༥༩༩ ནས་རྒྱབ་སྐྱོར་དང་ ༣༠ ནས་དགག་པ་དེ་བཞིན་ ༥༨ ནས་བར་བཞུགས་གནང་མཁན་བྱུང་འདུག  སྤྱིར་ཡོ་རོབ་དང་རྒྱ་ནག་གཉིས་ཀྱི་ཚོང་འབྲེལ་གྱི་གྲོས་མཐུན་དེ་ལོ་ངོ་བདུན་ཙམ་གྱི་གྲོས་མོལ་རྗེས་སྔར་ལོའི་ལོ་མཇུག་ཏུ་གྲོས་མཐུན་བཞག་ཡོད་པ་རེད།  ད་རེས་ཡུ་རོབ་མཐུན་ཚོགས་ཀྱི་ཐག་གཅོད་དེ་བརྒྱུད་རྒྱ་ནག་གཞུང་ནས་སྲིད་དོན་གྱི་ཉེས་ཆད་བཅད་བ་དེ་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་བཏོན་འདུག་ལ།   དེ་ལྟར་མ་བྱས་ཚེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྤྱི་དང་ཚོང་འབྲེལ་སོགས་དུས་རྒྱུན་ལྟར་མུ་མཐུད་འགྲོ་བར་འགོག་རྐྱེན་བཟོ་སྲིད་པར་འཁོད་འདུགདེ་དོན་འཇར་མན་གྱི་ཡུ་རོབ་མཐུན་ཚོགས་ཀྱི་འཐུས་མི་ Reinhard Butikofer ལགས་ཀྱིས་རྒྱ་གཞུང་ནས་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མིར་ཉེས་ཆད་བཅད་པ་ནི་ནོར་བ་ཞིག་དང་།  རྒྱ་གཞུང་ནས་རང་ཉིད་ཀྱི་ནོར་འཁྲུལ་ལས་སློབ་གསོ་ལེན་དགོས་པ་མ་ཟད།  ཐག་གཅོད་མ་བྱས་གོང་བསམ་བློ་ནན་པོ་གཏོང་དགོས་སྐོར་གསུངས་འདུག  ལྷག་པར་ཁོང་གིས་རྒྱ་ནག་གིས་དེ་གའི་འཐུས་མི་དང་ཆེད་ལས་བར་་སྲིད་དོན་ཉེས་ཆད་བཅད་པ་དེ་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པ་ཞིག་མིན་སྐོར་གསུངས་འདུག གནད་དོན་དེའི་ཐད་རྒྱ་གཞུང་གི་སྐུ་ཚབ་ནས། ཕྱོགས་གཉིས་ཀྱི་ཚོང་འབྲེལ་ཐད་གཉིས་ཀར་ཁེ་ཕན་བྱུང་ངེས་ཡིན་པ་ལས་ཕྱོགས་གཅིག་གི་གཞན་ལ་མཐུན་འགྱུར་རམ་ཡང་ན་ཕན་གྲོགས་བྱས་བ་ཞིག་མིན་པ་དང་།  རྒྱ་ནག་གིས་ཡུ་རོབ་མཐུན་ཚོགས་ཀྱི་འཐུས་མི་དང་ཆེད་ལས་བར་སྲིད་དོན་གྱི་ཉེས་ཆད་བཅད་པ་དེ་ལུགས་མཐུན་གྱི་ཡ་ལན་ཞིག་ཡིན་སྐོར་བཤད་འདུག གཞི་རྩའི་དེ་སྔ་ཡུ་རོབ་མཐུན་ཚོགས་ནས་ཨ་རི་དང་ཁེ་ན་ཌ་དེ་བཞིན་དབྱིན་ཡུལ་བཅས་དང་ལྷན་རྒྱ་ནག་གཞུང་གི་ཡུ་གུར་ཁ་ཆེ་མི་རིགས་ཐོག་ཏུ་སྤེལ་བའི་སྲིད་བྱུས་ལ་སྐྱོན་བརྗོད་དང་སྦྲགས།  རྒྱ་ནག་གི་དཔོན་རིགས་ཁག་ཅིག་གི་རྒྱུ་ནོར་ལོངས་སྤྱོད་དང་ཡུ་རོབ་ནང་འགྲུལ་སྐྱོད་ཀྱི་མཐོང་མཆན་བཀག་སྡོམ་གནང་བ་བཅས་སྲིད་དོན་གྱི་ཉེས་ཆད་བཅད་ཡོད་པ་དང་།  དེར་འཁོན་ལན་ཚུལ་དུ་རྒྱ་གཞུང་གིས་སྐུ་ཞབས་Reinhard Butikofer གཙོས་ཡུ་རོབ་མཐུན་ཚོགས་ཀྱི་འཐུས་མི་བཅུ་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ཆེད་ལས་པ་དང་སྲིད་དོན་པ་སོགས་ལ་དེ་མཚུངས་ཀྱི་ཉེས་ཆད་བཅད་ཡོད་པ་རེད།

བོད་ཀྱི་ཡར་ཀླུང་གཙང་བོའི་རྒྱུད་ལ་གཤོང་ལམ་འཛུགས་སྐྲུན།

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་ཉིང་ཁྲི་ནས་མེ་ཏོག་རྫོང་བར་དུ་འཛམ་གླིང་གི་ཆེས་ཟབ་ཤོས་སུ་གྱུར་བའི་ཡར་ཀླུང་གཙང་པོའི་རྒྱུད་ལ་གཤོང་ལམ་རིང་མོ་ཞིག་འཛུགས་སྐྲུན་བྱས་འདུག རྒྱ་ནག་གི་གཞུང་འབྲེལ་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན། རྒྱ་ནག་གིས་ཕྱི་ལོ་༢༠༡༤ ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་ཁུལ་དུ་ལས་གཞི་འགོ་འཛུགས་བྱས་ཏེ་མ་དངུལ་རྒྱ་སྒོར་ཐེར་འབུམ་གཉིས་ལྷག་གི་མ་འཛུགས་ཆེད་གཏོང་གིས་རིང་ཚད་ལ་མི་ཊར་ ༦༧།༢༢ ཅན་གྱི་གཤོང་ལམ་རིང་མོ་དེ་ལེགས་འགྲུབ་བྱུང་ཡོད་པར་བརྗོད་ཡོད་པ་མ་ཟད། འཛམ་གླིང་སྟེང་གི་ལྗང་བསྒྱུར་རང་བཞིན་གྱི་ཆེས་ཟབ་ཤོས་ཀྱི་གཞོང་ལམ་ཁྲོད་སྤེལ་བའིའཛུགས་སྐྲུན་གྱི་ལས་གཞི་དེའི་ཁྲོད་དུ་ཕུགས་ལམ་ཡང་གསར་རྒྱག་བྱས་ཡོད་སྟབས། ཉིང་ཁྲི་ནས་མེ་ཏོག་རྫོང་བར་གྱི་ལམ་ཐག་སྤྱི་ལེ་ ༣༤༦ གྱི་རིང་ཚད་དེ་ད་ཆ་སྤྱི་ལེ་ ༡༨༠ ལྷག་ལས་མེད་པར་བཟོས་ཏེ་འགྲུལ་སྐྱོད་ཀྱི་ལམ་ཐག་ཆུ་ཚོད་བརྒྱད་ཀྱིས་ཉུང་འཕྲི་བཏང་ཡོད་པར་བསྒྲགས་འདུགགོང་གི་གནད་དོན་དེ་དང་འབྲེལ་ནས་འདི་གའི་གསར་འགོད་པས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་སུ་རྒྱ་ནག་གིས་ཐེངས་འདིར་འཛུགས་སྐྲུན་བྱས་པའི་གཤོང་ལམ་དེའི་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས།  ཉིང་ཁྲི་ཁུལ་དེ་འཕགས་བོད་གཉིས་ཀྱི་ས་མཚམས་ཆགས་ཀྱི་ཡོད་སྟབས་ཁུལ་དེར་རྒྱ་ནག་གིས་གཞོང་ལམ་འཛུགས་སྐུན་བྱས་པ་དེ་ནི་ཆབ་སྲིད་ཀྱི་ཐོག་ནས་ཚོར་རྣོ་བའི་དོན་རྐྱེན་ཞིག་ཡིན་པ་མ་ཟད། མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་དེ་འདྲ་ཞིག་གསར་རྒྱག་བྱས་པ་དེ་ནི་རྒྱ་ནག་གིས་བོད་ཀྱི་མཐའ་མཚམས་ཁུལ་དུ་དམག་སྟོབས་ཀྱི་དཔུང་ཁག་རྒྱ་བསྐྱེད་བྱེད་བཞིན་པར་ངོས་འཛིན་ཞུ་བཞིན་ཡོད་པར་གསུངས་སོང་། དེ་བཞིན་ཁོང་གིས་རྒྱ་ནག་གིས་བོད་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་ཅི་ཞིག་གཉེར་ཡང་ལས་གཞི་དེས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཅི་ཞིག་ཐེབས་བཞིན་པར་བརྟག་དཔྱད་བྱེད་ཀྱི་མེད་པར་མ་ཟད། གཞོང་ལམ་གསར་རྒྱག་དེ་ནི་བོད་ཀྱི་རང་བྱུང་གི་གཏེར་ཁ་རིགས་འབོར་འདྲེན་དང་ཡང་ཀླུང་གཙང་བོ་ཁ་བསྒྱུར་ལ་རམ་འདེགས་བྱེད་རྒྱུར་གསར་རྒྱག་བྱས་པ་ཞིག་ཡིན་པ་ལས་ས་གནས་བོད་མིའི་བདེ་དོན་ལ་དམིགས་པ་ཞིག་མིན་སྐོར་གྱི་དགག་གཞག་གནངབ་དང་འབྲེལ།  བོད་མཐོ་སྒང་དུ་འཛུགས་་ཞིབ་འཇུག་མ་བྱས་པར་འཛུགས་སྐྲུན་གྱི་ལས་གཞི་གཉེར་བ་དེ་ཡིས་བོད་ཁུལ་དུ་རང་བྱུང་གི་གོད་ཆགས་རིགས་མང་པོ་བྱུང་གི་ཡོད་པའི་སྐོར་འགྲེལ་བརྗོད་གནང་སོང་། གཞི་རྩའི་རྒྱ་ནག་གིས་འདས་བའི་ལོ་འགའི་རིང་ནས་བཟུང་བོད་ཀྱི་མཐའ་མཚམས་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་བསྐྱེད་ཀྱིས་མཐའ་དམག་གི་སྟོབས་ཤུགས་གོང་སྤེལ་དང་འགྲུལ་སྐྱོད་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་བཞིན་པ་མ་ཟད། རྒྱལ་ཁབ་ལ་བདེ་འཇགས་དགོས་ན་མཐའ་མཚམས་ཁག་བརྟན་བརླིང་དགོས་བའི་དྲིལ་བསྒྲགས་རྒྱ་ཆེར་སྤེལ་ཏེ། བོད་ཀྱི་ཡུལ་མི་མང་པོ་དངུལ་དངོས་ཀྱི་བསླུ་བྲིད་ཀྱིས་ས་ཞིང་བཙན་འཕྲོག་གིས་གཞུང་འབྲེལ་གྱི་ལས་གཞི་འདྲ་མིན་སྤེལ་བཞིན་ཡོད་པ་ལྟར།  འདི་ལོར་རྒྱ་ནག་གིས་བོད་དབུས་ཁུལ་གྱི་མཐའ་མཚམས་ཀྱི་ས་ཁུལ་སྟེ། ལྷུན་རྩེ་དང་དིང་རི། དེ་བཞིན་སྤུ་ཧྲེང་རྫོང་གསུམ་དུ་མ་དངུལ་སྒོར་དུང་ཕྱིར་ ༡༣༦ ལྷག་ཆེད་གཏོང་གིས་གནམ་ཐང་ཆེ་ཁག་གསུམ་གསར་རྒྱག་བྱེད་རྒྱུ་ཡིན་པར་བསྒྲགས་ཡོད་པ་རེད།

ལྕམ་ Nancy Pelosi མཆོག་གིས་ཕྱི་འབྲེལ་དཔོན་རིགས་ཚོས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་བྱ་རྒྱུའི་ཞུ་སྐུལ།

ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གིས་ཉན་ཞིབ་ཀྱི་ཚོགས་འདུ་ཞིག་གི་ཐོག་འཛམ་གླིང་རྒྱལ་ཁབ་ཚང་མས་རང་ཉིད་ཀྱི་ཚད་མཐོའི་གཞུང་འབྲེལ་དཔོན་རིགས་རྣམས་རྒྱ་ནག་ནང་ཆེད་གཏོང་གིས་དམར་ཤོག་སྲིད་གཞུང་ལ་ཆེ་བསྟོད་བྱ་རྒྱུ་མཚམས་འཇོག་དགོས་ཞེས་ནན་བརྗོད་གནང་འདུག ཁ་སང་ཨ་རི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གཉིས་ཟུང་འབྲེལ་ཐོག་ཉན་ཞིབ་ཀྱི་ཚོགས་འདུ་ཞིག་ཚོགས་འདུག་པ་དང་ཚོགས་འདུ་དེའང་རིམ་པ་གཉིས་སུ་ཆ་བགོས་ཀྱིས་རིམ་པ་དང་པོའི་ཐོག་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གིས་དགོངས་ཚུལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་བ་མ་ཟད། གྲོས་ཚོགས་ཀྱིི་དམངས་གཙོ་དོན་གཉེར་ཅན་གྱི་འཐུས་མི་ཁག་ཅིག་དང་ལྷག་དོན་མགྲོན་འབོད་གནང་བའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་དང་བེུད་ཀྱི་ཐོབ་ཐང་དོན་གཉེར་བའི་ཚོགས་སྡེ་བཅས་ཀྱི་མི་སྣ་གྲགས་ཅན་སོགས་ནས་ཉན་ཞིབ་ཀྱི་ཚོགས་འདུ་དེའི་ནང་ཞུགས་ཡོད་པ་རེད་འདུགཚོགས་འདུ་དེ་གཙོ་སྐྱོང་ནི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ Christ Smith ལགས་དང་མང་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ Jim Mcgovern ལགས་རྣམ་གཉིས་ཀྱིས་གནང་ཡོད་པ་དང་ཁོང་གཉིས་ཀས་རྒྱ་ནག་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིག་གཞུང་། འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་ཐེར་འདོན་གནང་འདུག སྐབས་དེར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Pelosi མཆོག་གིས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་མཐའ་མ་ཡིན་པ་དང་ད་ཆ་ཨ་རིའི་གཞུང་གིས་ཀྱང་རྒྱ་ནག་གི་མི་མང་ལྡེབ་གསོད་དང་མི་རིགས་རྩ་གཏོར་གཏོང་བཞིན་པའི་ངན་སྤྱོད་སྤེལ་གྱི་ཡོད་པར་ངོས་འཛིན་ཐོབ་ཡོད་པ་མ་ཟད། རྒྱ་ནག་གིས་བོད་དང་ཤིན་ཅང་གཙོ་བོར་གྱུར་པའི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བྱེད་བཞིན་པའི་ངན་སྤྱོད་དེ་སྤེལ་ཤུགས་ཇེ་ཆེར་འགྲོ་མུས་བཅས་ལ་བརྟེན་ནས་དགུན་དུས་ Olympic རྩེད་འགྲན་དེ་པེ་ཅིང་ལ་མགྲོན་བདག་བྱེད་རྒྱུར་ངོ་རྒོལ་བྱེད་ཕྱོགས་ཀྱི་ནང་ལ་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་དཔོན་རིགས་ཚོས་རྩེད་འགྲན་སྐབས་སུ་པེ་ཅིང་ལ་མི་བསྐྱོད་པའི་ཐོག་ནས་ངོ་རྒོལ་བྱེད་དགོས་ཀྱི་ཡོད་པའི་དགོངས་ཚུལ་བཏོན་འདུག དེ་བཞིན་ལྕམ་སྐུ་མཆོག་གིས་ང་ཚོས་ངོས་ནས་རྒྱ་ནག་ནང་འཚོགས་རྒྱུའི་ Olympic རྩེད་འགྲན་དེར་སྐྱོན་ཆ་གང་ཡང་མེད་པར་ངོས་འཛིན་གྱིས་མདུན་བསྐྱོད་གནང་ན་འགྲིག་གི་མེད་པ་དང་ལྷག་པར་དུ་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེའི་ཐོག་ལ་དྲང་བདེན་མིན་པའི་ཁྲིམས་གཏུགས་བྱེད་བཞིན་པར་སྐྱོན་བརྗོད་ཀྱིས་གནོན་ཤུགས་འཕར་མ་སྤྲོད་ཆེད་ཨ་རི་དང་འཛམ་གླིང་རྒྱལ་ཁབ་གཞན་ཚོས་རང་རྒྱལ་ཁབ་ཀྱི་ཚད་མཐོའི་སྐུ་ཚབ་རྣམ་པ་རྒྱ་ནག་ནང་ཆེད་གཏོང་བྱ་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད། རྒྱ་གཞུང་གིས་འདས་པའི་ལོ་བཅུ་ཕྲག་གསུམ་ནང་སྤེལ་བའི་ངན་སྤྱོད་ལ་འགྱུར་བ་ཕྲན་བུ་གཏོང་རྒྱུའི་རེ་བ་མེད་པར་གསལ་བོ་ཆགས་ཡོད་ཅེས་གསུངས་འདུག ད་དུང་ལྕམ་སྐུ་མཆོག་གིས་ཨ་རིའི་ངོས་ནས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་བཞིན་པའི་ཐོག་ལ་ཐེར་འདོན་མ་གནང་བ་ཡིན་ན་ང་ཚོས་འཛམ་གླིང་གི་ས་ཕྱོགས་གང་དུའང་འགྲོ་བ་མིའི་ཐོབ་ཐང་ཐོག་གཏམ་བཤད་བྱེད་རྒྱུར་འོས་བབ་ལྷག་མེད་ཅེས་གསུངས་བ་མ་ཟད། ལྕམ་སྐུ་མཆོག་གི་དགོངས་ཚུལ་དེར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་ Sophie Richardson ལགས་ཀྱིས་ཁོང་ནི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཡིན་ཞིང་རྒྱ་ནག་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལོ་བཅུ་ཕྲག་མང་པོའི་རིང་ཕྱག་ལས་གནང་མྱོང་མཁན་ཞིག་ཀྱང་ཡིན་པས་ཁོང་གི་བཀའ་མོལ་འདི་གལ་ཆེན་པོ་ཆགས་ཀྱི་ཡོད་ཅེས་གསུངས་འདུགཉན་ཞིབ་ཀྱི་ཚོགས་འདུ་དེའི་ཐོག་གཞན་ཡང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ Christ Smith ལགས་ཀྱིས་དགུན་དུས་Olympic རྩེད་འགྲན་གྱི་འཚོགས་ཡུལ་དེ་རྒྱ་ནག་ནང་མ་ཡིན་པར་རྒྱལ་ཁབ་གཞན་ནང་གནང་དགོས་པའི་འདུན་པ་ཡོད་སྟབས་རྩེད་འགྲན་དེར་རོགས་སྐྱོར་གནང་མཁན་དང་འབྲེལ་བ་ཡོད་པའི་ Coca Cola སོགས་པའི་ཨ་རིའི་ཚོང་ལས་ཁག་གི་ངོས་ནས་གནད་དོན་དེའི་ཐོག་བདེན་དཔང་བྱེད་དགོས་པའི་ཞུ་སྐུལ་གནང་བ་མ་ཟད། བྱེད་ལས་དེའི་རྐྱེན་པས་གོང་ཞུས་ཚོང་ལས་ཁག་ལ་དངུལ་གྱི་གྱོང་གུད་བྱུང་སྲིད་ཀྱང་ཁོང་རྣམས་ཀྱི་ངོས་ནས་མི་རིགས་ལྡེབ་གསོད་བྱེད་མཁན་སྲིད་དབང་སྒེར་འཛིན་ལམ་ལུགས་ཤིག་ནས་མ་དངུལ་ལེན་རྒྱུ་དེ་ནི་གནོད་འཚེ་ཅན་གྱི་ཁེ་ཕན་ཞིག་ཡིན་པར་ཟུར་ཟ་བྱས་འདུག རྩ་བའི་ Financila Times ཡིས་ཉེ་དུས་གནད་དོན་དེའི་ཐད་དགུན་དུས་ Olympic རྩེད་འགྲན་ལ་རོགས་སྐྱོར་གནང་མཁན་དང་འབྲེལ་བ་ཡོད་པའི་ཚོང་ལས་སྡེ་ཁག་ ༢༤ ལྷག་ལ་འབྲེལ་བ་གནང་ཐབས་བྱས་ཀྱང་དེ་དག་ཁོངས་ནས་ཕལ་ཆེ་བས་དགོངས་ཚུལ་གསུང་རྒྱུར་ཁས་ལེན་གནང་མེད་པ་མ་ཟད། ཐེངས་འདིའི་ཉན་ཞིབ་ཚོགས་འདུའི་ཐོག་ཚང་མས་གནད་དོན་གཙོ་བོ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཚབས་ཆེན་བྱེད་བཞིན་པར་བརྟེན་ནས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ནང་འཚོགས་རྒྱུར་དགག་པ་བརྒྱབས་ཏེ་ངོ་རྒོལ་ངེས་པར་དུ་བྱེད་དགོས་པར་ནན་བརྗོད་གནང་འདུག

ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གིས་བོད་མིར་མནར་གཅོད་བཏང་བའི་བྱ་སྤྱོད་ལ་སྐྱོན་བརྗོད།

ཡུ་རོབ་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་དང་བདེ་སྲུང་བློན་ཆེན་སྐུ་ཞབས Josep Borrell ལགས་ཀྱི་མཚན་ཐོག་ལ་ཟླ་བ་སྔོན་མའི་ནང་དུ་ཡིག་ཐོག་བརྒྱུད་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་མི་སྤྱོད་ལས་འདས་བའི་མནར་གཅོད་གཏོང་བཞིན་པའི་སྐོར་ལ་དྲི་བ་ཁག་ཅིག་ཕུལ་བ་ལྟར། ཁ་སང་སྐུ་ཞབས་ Josep Borrell ལགས་ཀྱིས་དྲི་བ་ཁག་ལ་ལན་འདེབས་ཀྱིས་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་ས་ཕྱོགས་གང་དུ་སྡུག་སྦྱོང་མནར་གཅོད་ཀྱི་ལས་ཅི་ཞིག་གཉེར་བཞིན་ཡོད་ནའང་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་དང་འབྲེལ། ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་གོ་སྐབས་ནམ་བྱུང་ལ་རྒྱ་ནག་དང་མཉམ་དུ་བོད་ནང་གི་མི་སྤྱོད་ལས་འདས་བའི་གྱོད་དོན་རེ་རེ་གྲོས་མོལ་བྱེད་རྒྱུ་ཡིན་པར་གསུངས་འདུགདེ་ཡང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་ཕུལ་བའི་དྲི་བ་ཁག་གི་ནང་དུ། ཉེ་བའི་རིང་ལ་བོད་ཀྱི་ཆབ་སྲིད་བཙོན་པ་ཨ་མ་ལྷ་མོ་ལགས་དང་གྲྭ་བསྟན་འཛིན་ཉི་མ་ལགས། དེ་བཞིན་ཡུལ་སྐོར་སྣེ་ཤན་པ་དཀོན་མཆོག་སྦྱིན་པ་སོགས་ཀྱི་མཚོན་པའི་ཆབ་སྲིད་བཙོན་པ་མང་པོ་ཞིག་རྒྱ་ནག་གི་བཀག་སྐྱིལ་ཁང་དུ་མི་སྤྱོད་ལས་འདས་བའི་སྡུག་སྦྱོང་མནར་གཅོད་འོག་ཚེ་སྲོག་ཤོར་ཡོད་པ་ལུང་འདྲེན་གྱིས། ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཡོངས་ཁྱབ་རང་བཞིན་གྱི་ཐོག་ནས་རྒྱ་ནག་གིས་བོད་ནང་དུ་མི་སྤྱོད་ལས་འདས་བའི་མནར་གཅོད་གཏོང་བཞིན་པ་དེར་སྐྱོན་བརྗོད་གནང་ཡོད་མེད་དང་། དེ་བཞིན་ཡུ་རོབ་དང་རྒྱ་ནག་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་སྐབས་སུ་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་བོད་གི་འགྲོ་མ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབ་དེ་མཚམས་འཇོག་ཡོང་ཐབས་སུ་ཐབས་ལམ་ཅི་ཞིག་སྤྱད་ཡོད་མིན་སོགས་ཀྱི་གནད་དོན་ཁག་ཅིག་འཁོད་འདུག གོང་གི་དོགས་འདྲི་དེ་དག་དང་འབྲེལ་ནས་སྐུ་ཞབས Josep Borrell ལགས་ཀྱིས་ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་བཀའ་ལན་གནང་བའི་ནང་དུ། ཡུ་རོབ་མཐུན་ཚོགས་ཀྱིས་གོ་སྐབས་ནམ་བྱུང་ལ་རྒྱལ་སྤྱིའི་ཁྲིམས་སྒྲིག་གཞིར་བཟུང་གིས་རྒྱ་ནག་གཞུང་དང་གཞུང་འབྲེལ་ཡིན་མིན་ཅི་རིགས་ཀྱིས་བོད་མི་རྣམས་ལ་མནར་གཅོད་ཀྱིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེར་དགག་ལན་གནང་གི་ཡོད་པར་འགྲེལ་བརྗོད་གནང་འདུག དེ་བཞིན་ཁོང་གིས། ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཡང་ནས་བསྐྱར་དུ་རྒྱ་ནག་ལ་འབོད་སྐུལ་རིམ་པ་གནང་སྟེ། རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་བརྩི་འཇོག་གིས་བོད་དང་ཤིན་ཅང་གི་མཚོན་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་བར་ནན་བརྗོད་ཀྱིས། སྔར་ནས་ཀྱང་ཡུ་རོབ་མཐུན་ཚོགས་ཀྱི་དཔོན་རིགས་དང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་བར་འབྲེལ་བ་ནམ་བྱུང་ལ་བོད་དོན་གླེང་སློང་བྱས་ཡོད་པར་ལུང་འདྲེན་གནང་འདུག གཞན་ཡང་ཁོང་གིས། བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་ན་གཞོན་བཀྲ་ཤིས་དབང་ཕྱུག་ལགས་རྒྱ་ནག་གིས་ཕྱི་ལོ་ ༢༠༢༡ ལོའི་ཟླ་བ་ ༡ པོའི་ཚེས་ ༢༩ ཉིན་བཙོན་གྲོལ་བཏང་མཚམས་སུ་ཡང་། ཡུ་རོབ་མཐུན་ཚོགས་ཀྱི་ཆེས་མཐོ་དཔོན་རིགས་ཀྱི་མགྲིན་ཚབ་པས་རྒྱ་ནག་ལ་ཞུ་སྐུལ་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ་ཡང་། རྒྱ་ནག་གིས་བཙན་དབང་གི་འོག་ཏུ་བོད་མི་མང་པོ་ཞིག་བཀག་སྐྱིལ་གྱིས་ཁྲིམས་ཐག་བཅད་པ་དང་། དེ་བཞིན་བཙོན་ཁང་ནས་འདས་གྲོངས་སུ་གྱུར་བ། གཞན་ཡང་གར་སོང་ཆ་མེད་དུ་བསྒྱུར་བཞིན་པ་སོགས་ཀྱི་གནད་དོན་མང་པོ་ཞིག་དང་འབྲེལ་ནས། བོད་མི་རྣམས་ཀྱིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱད་པ་ཙམ་གྱིས་འཛིན་བཟུང་བཙོན་འཇུག་བྱས་པ་རྣམས་འཕྲལ་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་གྲོལ་གཏོང་དགོས་བའི་འབོད་སྐུལ་དང་སྦྲགས། རྒྱ་ནག་གིས་བོད་མི་རྣམས་ཀྱི་ཁྲིམས་གཏུགས་ཀྱི་བྱ་རིམ་ལ་དྲང་བདེན་སྐྱོང་དགོས་བ་དང་། བཀག་སྐྱིལ་བྱས་པ་རྣམས་ལ་མནར་གཅོད་མི་གཏོང་བར་བདག་གཅེས་གང་ལེགས་བྱ་དགོས་བའི་འབོད་སྐུལ་གནང་ཡོད་པ་ཡང་ཡོངས་གྲགས་གནང་འདུག མ་ཟད་སྐུ་ཞབས་ Borrell ལགས་ཀྱིས་ཡུ་རོབ་མཐུན་ཚོགས་ངོས་ནས་བོད་མི་རྣམས་གང་བྱུང་འཛིན་བཟུང་དང་གར་སོང་ཆ་མེད་དུ་བསྒྱུར་བ། གཞན་ཡང་མི་སྤྱོད་ནས་འདས་བའི་མནར་གཅོད་བཏང་བ་སོགས་ཀྱི་གནད་དོན་རྣམས་ཕྱི་འབྲེལ་འཐབ་བྱུས་ཀྱི་ལམ་ནས་སེལ་རྒྱུ་དོན་གནད་དུ་འཛིན་བཞིན་ཡོད་པ་ལྟར། འདི་ལྟ་བུའི་མི་སྒེར་སོ་སོའི་གྱོད་དོན་མཐའ་དག་མུ་མཐུད་དུ་རྒྱ་ནག་གི་དཔོན་རིགས་དང་མཉམ་དུ་གླེང་སློང་བྱ་ངེས་བ་དང་། དེ་བཞིན་མི་མང་རང་བཞིན་དང་ཕྱོགས་ངོས་མང་པོ་ནས་མཚམས་མི་ཆད་པར་གླེང་སློང་རིམ་པ་གནང་རྒྱུ་ཡིན་པར་གསུངས་འདུག གཞི་རྩའི་ཟླ་བ་སྔོན་མའི་ཟླ་མཇུག་ཏུ་ཡོ་རོབ་མཐུན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱ་ནག་འགོ་ཁྲིད་ཁག་ཅིག་ཐོག་ཉེས་ཆད་བཏང་བར་རྒྱ་གཞུང་གིས་ཡོ་རོབ་མཐུན་ཚོགས་ལ་འཁོན་ལན་སློག་པའི་གནད་དོན་དང་འབྲེལ་ཟླ་བ་བཞི་བའི་ཚེས་ ༢༨ ཉིན་ཡོ་རོབ་གྲོས་ཚོགས་ནང་དུ་རྒྱ་ནག་ཐོག་དམིགས་བསལ་གྱི་བགྲོ་གླེང་ལས་རིམ་སྐོང་ཚོགས་བྱས་ཡོད་པ་དང། སྐབས་དེར་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་དང་བདེ་སྲུང་བློན་ཆེན་ Josep Borrell ལགས་གཙོས་གྲོས་ཚོགས་འཐུས་མི་ ༣༠ ལྷག་ནས་རྒྱ་གཞུང་གི་བྱ་སྤྱོད་དེ་ནི་ཡོ་རོབ་ཀྱི་མང་གཙོ་དང་སྨྲ་བརྗོད་རང་དབང་གི་རིན་ཐང་ལ་མཐོང་ཆུང་ཁྱད་གསོད་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།

བདམས་ཐོན་སྲིད་སྐྱོང་གིས་རྒྱ་ནག་ལ་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་ལ་འགྱུར་བ་མེད་པར་ནན་བཤད།

ཉེ་ལམ་ཟླ་ ༥ པའི་ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་བ་དང་སྦྲགས།  རྒྱ་ནག་གི་དཔྱད་ཞིབ་པས་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་གསལ་བསྒྲགས་བྱས་ཡོད་ཀྱང་གཞུང་འཛིན་གསར་བས་བོད་རང་བཙན་རྩོད་རྒྱུའི་བཞེངས་ཕྱོགས་དེར་འགྱུར་བ་གཏང་གི་མ་རེད་ཅེས་བཤད་འདུགདེ་ཡང་ཁ་ཉིན་རྒྱ་ནག་གཞུང་འབྲེལ་གྱི་Global Times གསར་ཁང་ནས་འདོན་སྤེལ་བྱས་པའི་གནས་ཚུལ་ནང་།  ཚོགས་ཟུར་སྤེན་པ་ཚེ་རིང་ལགས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་བདམས་ཐོན་བྱུང་ཡོད་ཀྱང་གཞུང་འཛིན་གསར་པའི་བོད་རང་བཙན་རྩོད་རྒྱུའི་བཞེངས་ཕྱོགས་ལ་འགྱུར་བ་གཏང་གི་མ་རེད་ཅེས་དང་།   ལྷག་པར་འདི་ལོའི་འོས་བསྡུའི་བརྒྱུད་རིམ་ཁྲོད་བཙན་བྱོལ་བོད་མིའི་ནང་ཁུལ་གྱི་རྙོག་གྲ་ཡོངས་མངོན་གསལ་བྱུང་བ་མ་ཟད།  ནང་ཁུལ་གྱི་རྩོད་རྙོག་དེ་བཞིན་ཇེ་སྡུག་ཏུ་བཏང་ཡོད་པར་བཤད་འདུག རྒྱ་ནག་གི་བོད་གནས་ཉམས་ཞིབ་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་ Xiao Jie ཡིས་གསར་ལམ་དེའི་ཐོག་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་དང་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྣམ་གཉིས་ཀྱིས་རྒྱབ་ལྗོངས་མཚུངས་བསྡུར་དང་སྦྲགས།  བཙན་བྱོལ་སྒྲིག་འཛུགས་དེ་བཞིན་སུས་འགོ་ཁྲིད་ཀྱང་ཏཱ་ལའི་རུ་ཚོགས་ནས་བོད་རང་བཙན་ཆེད་དུ་འཐབ་རྩོད་བྱེད་རྒྱུའི་རང་བཞིན་ལ་འགྱུར་བ་ཐེབས་ཐབས་མེད་པ་བཤད་འདུགདེ་བཞིན་བཙན་བྱོལ་སྤྱི་ཚོགས་ནང་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་དབང་ཚད་ཐ་དད་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་དེ་བཞིན་ཕྱི་རྒྱལ་ནས་རྒྱབ་སྐྱོར་འཚོལ་རྒྱུའི་ཚོགས་པ་ཞིག་དང་།  སྲིད་སྐྱོང་ནི་ཚོགས་པ་དེའི་འགོ་ཁྲིད་ལྟ་བུ་ཞིག་ཡིན་པ་བཤད་འདུག་པ་མ་ཟད།   ཁོས་རྒྱ་ནག་གཞུང་ནས་ད་ལྟ་བོད་མིའི་སྒྲིག་འཛུགས་ལ་འབྲེལ་བ་བྱེད་ཀྱི་མ་རེད་ལ།   རྒྱ་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་མུ་མཐུད་སྤེལ་གྱི་རེད་ཅེས་བཤད་འདུག མ་ཟད་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་ Zhu Weiqun ཡིས་གསར་ཁང་དེར་དབུ་མའི་ལམ་གྱི་སྲིད་བྱུས་ཟེར་བ་དེ་ནི་བོད་ལ་ཚད་མཐོའི་རང་སྐྱོང་དང་དེའང་རིམ་བཞིན་རང་བཙན་རྩོད་རྒྱུའི་སྲིད་བྱུས་ཤིག་ཡིན་པས།  འདི་ནི་ཡོང་མི་སྲིད་པ་ཞིག་ཡིན་པ་བཤད་འདུག  མ་ཟད།  ཁོས།  འདས་པའི་དུས་ཡུན་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ལས་དོན་གཅིག་རྗེས་གཉིས་མཐུད་ལམ་ལྷོང་བྱུང་མེད་པ་དང་དེ་འབྲེལ་གྱི་གནས་སྟངས་གཅིག་མཚུངས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འཕྲད་ངེས་ཡིན་པ་དང་ཆབས་ཅིག  སྤེན་པ་ཚེ་རིང་ལགས་ནས་གདོང་ལེན་བྱེད་དགོས་པའི་གནས་ཚུལ་གལ་ཆེ་གཅིག་ནི་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཆགས་ཀྱི་ཡོད་པ་བཤད་འདུག ད་དུང་ཁོས་༸གོང་ས་མཆོག་ནི་ཏཱ་ལའི་རུ་ཚོགས་ཀྱི་གཙོ་བོ་ཞིག་ཡིན་སྟབས། ཏཱ་ལའི་རུ་ཚོགས་ཀྱི་འབྱུང་འགྱུར་ནི་བཤད་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད་འདུག   འདི་ག་རླུང་འཕྲིན་ཁང་ནས་དེ་རིང་རྒྱ་ནག་གི་ Global Times གསར་ཤོག་སྤེལ་བའི་གནས་ཚུལ་དེའི་སྐོར་ལ་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་སྐབས།  ཁོང་གིས།  Zhu Weiqun ཡིས་གནས་ཚུལ་དེའི་ནང་གང་བཤད་པ་དེ་གསར་པ་གང་ཡང་མིན་པ་དང་།  ལྷག་པར་དུ་བོད་གནས་ཉམས་ཞིབ་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་ Xiao Jie ཟེར་བས་བཤད་པ་དེ་རང་ངོས་ནས་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་ལ་ང་ཚོས་སྙོབས་རྒྱུ་ཐབས་ཤེས་བྱེད་རྒྱུ་་ཡིན་ཞེས་བརྗོད་པ་དེར་ལན་ལྟ་བུ་ཞིག་གོ་བ་ལེན་གྱི་ཡོད་པ་དང་།  ཁོ་རང་ཚོས་བཤད་པ་དེ་སྤྱིར་བཏང་གི་ལངས་ཕྱོགས་ཙམ་ཞིག་མ་གཏོགས་དོན་ངོ་མའི་ཐོག་རྒྱ་གཞུང་གི་བསམ་ཚུལ་ཅིག་ཡིན་པ་ངོས་འཛིན་ཞུ་ཐུབ་ཐབས་མེད་གསུངས་པ་དང་ཆབ་ཅིག བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་གང་ཡིན་པ་དེ་དེ་སྔ་ནས་གང་བཤད་པ་དེར་འགྱུར་བ་རྩ་བ་ནས་མེད་པ་སྐོར་གསུངས་བྱུང་། རྩ་བའི་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ།   བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གཞུང་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཐད་ཐེ་ཇུས་བྱེད་རྒྱུའི་འགན་དབང་མེད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་རྣམས་ཀྱིས་ཆོས་་ཁས་ལེན་བྱེད་ཀྱི་མེད་པར་འགྲེལ་བརྗོད་ཀྱིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ནི་ཆོས་ཕྱོགས་དང་འབྲེལ་བ་ཆགས་ཀྱི་ཡོད་སྐོར་གསུངས་ཡོད་པ་རེད།

ཨ་རིའི་གཞུང་གིས་གྲོས་མོལ་ནི་བོད་ཀྱི་གནད་དོན་སེལ་རྒྱུར་ཐབས་ལམ་བཟང་ཤོས་ཤིག་ཏུ་ངོས་འཛིན།

ཨ་རིའི་སྲིད་འཛིན་སྐུ་ཞབས་ཇཱོ་བྷ་ཊན་མཆོག་གི་སྣེ་ཁྲིད་པའི་ཨ་རིའི་སྲིད་གཞུང་གི་ངོས་ནས་བོད་རྒྱ་གྲོས་མོལ་གནང་རྒྱུ་དེ་ནི་ཕྱོགས་གཉིས་ཀྱི་དཀའ་རྙོག་སེལ་རྒྱུ་དང་། ལྷག་པར་དུ་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོག་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་རང་དབང་སྒོ་ནས་ཉམས་ལེན་དང་འཛིན་སྐྱོང་ཐུབ་རྒྱུ་སོགས་ཕུགས་རྒྱང་རིང་པོ་ལ་དགེ་མཚན་ཆེ་བའི་ཐབས་ལམ་དང་རེ་བ་བཟང་ཤོས་ཤིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་གསུངས་འདུགཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ ༢༠༠༢ ཀྱི་དགོངས་དོན་འོག་ལོ་ལྟར་ཨ་རིའི་སྲིད་འཛིན་མཆོག་དང་ཕྱི་སྲིད་ལས་ཁུངས་གཉིས་ནས་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་ཐོག་ལས་དོན་ག་རེ་གནང་ཡོད་མེད་ཀྱི་སྙན་ཐོ་ཞིག་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་འབུལ་དགོས་ཀྱི་ཡོད་ལྟར། ཟླ་བ་འདིའི་ཕྱི་ཚེས་ ༡ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་འདས་ལོའི་ཕྱི་ཟླ་ལྔ་པ་ནས་འདི་ལོའི་ཕྱ་ཟླ་བཞི་པའི་བར་གྱི་ལོ་འཁོར་སྙན་ཐོ་དེ་གྲོས་ཚོགས་ཀྱི་ཚོགས་ཆུང་སོ་སོར་ཕུལ་ཡོད་པ་དང་། དེ་ནི་བྷ་ཊན་སྲིད་གཞུང་གིས་བོད་རྒྱ་གྲོས་མོལ་ཐད་ཀྱི་སྙན་ཐོ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། སྙན་ཐོ་དེའི་སྔོན་གླེང་གི་ནང་དུ་ཕྱི་ལོ་ ༢༠༡༠ ལོ་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་༧གོང་ས་མཆོག་གམ་མགོན་པོ་གང་ཉིད་མཆོག་གི་སྐུ་ཚབ་དབར་གཞུང་འབྲེལ་གྱི་འབྲེལ་མོལ་བྱུང་མེད་པ་དང་། ཨ་རིའི་སྲིད་གཞུང་གི་ངོས་ནས་དུས་རྟགས་ཏུ་བོད་རྒྱའི་བར་ཆ་རྐྱེན་གང་ཡང་མེད་པའི་ཐོག་དོན་སྙིང་ལྡན་པའི་གྲོས་མོལ་ཡོང་རྒྱུར་སྐུལ་འདུད་བྱེད་བཞིན་ཡོད་པ་མ་ཟད། ལྷག་པར་དུ་ད་ལྟའི་ཆ་ལ་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་ཙམ་ཡང་མེད་པའི་ཁར། རྒྱ་ནག་གཞུང་ནས་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་རྩིད་མེད་རྡོག་རོལ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་རྩ་མེད་གཏོང་ཐབས་བྱེད་བཞིན་པར་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པ་གསུངས་བ་དང་ཆབས་ཅིག རྒྱ་ནག་གཞུང་ནས་བློ་འཚབ་ཅན་གྱི་གནད་དོན་དེ་དག་ཁ་གསལ་བཟོས་ཏེ། བོད་རྒྱ་གཉིས་ཀྱི་གནད་དོན་ཞི་འགྲིག་ཡོང་རྒྱུར་འབད་བརྩོན་གནང་དགོས་པ་མ་ཟད། དེ་ནི་བོད་རྒྱ་གཉིས་དབར་ཕུགས་ནས་ཞི་བདེ་ལྷིང་འཇགས་ཡོང་རྒྱུའི་དགེ་མཚན་ཡང་ཡོད་པ་གསུངས་འདུག མ་ཟད་ཨ་རིའི་སྲིད་གཞུང་གི་རྩ་བའི་སྲིད་བྱུས་ཀྱི་ཆ་ནས་བོད་འདི་རྒྱ་ནག་གྱི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། ད་ལྟའི་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སུ་གྲོས་མོལ་གནང་རྒྱུ་དང་། ལྷག་པར་དུ་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོག་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཉམས་ལེན་དང་འཛིན་སྐྱོང་ཐུབ་པ་གནང་རྒྱུ་སོགས་ནི་ཕུགས་རྒྱང་རིང་བོ་ལ་དགེ་མཚན་ཆེ་བའི་ཐབས་ལམ་དང་རེ་བ་བཟང་ཤོས་ཤིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་གསུངས་འདུག དེ་བཞིན་ཐེངས་འདིའི་སྙན་ཐོའི་ནང་ལ། རྒྱ་ནག་གཞུང་གིས་བོད་ཀྱི་ས་གནས་ཁག་ཏུ་འཛིན་པའི་སྲིད་བྱུས་ཁག་ལ་བསྐྱར་བཅོས་གནང་སྟེ། བོད་མི་ཚོར་རང་ཉིད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མངོན་འདོད་རྣམས་རང་དབང་ཐོག་ནས་གསུང་རྒྱུའི་ཐོབ་ཐང་སྤྲོད་དགོས་པ་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་སྐུ་ཚབ་དང་གསར་འགོད་པ། དེ་བཞིན་ཡུལ་སྐོར་བ་རྣམས་བོད་ཀྱི་ས་གནས་ཁག་ཏུ་རང་དབང་ཐོག་སྐྱོད་རྒྱུར་དམ་དྲག་བྱེད་བཞིན་པ་རྣམས་ཕྱིར་འཐེན་བྱེད་དགོས་པ། དེ་བཞིན་རྒྱ་ནག་གཞུང་ནས་བླ་སྤྲུལ་ངོས་འཛིན་གྱི་གནད་དོན་གཙོས་པའི་བོད་མིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་ཐེ་བྱུས་བྱེད་བཞིན་པ་རྣམས་མཚམས་འཇོག་བྱེད་དགོས་པ་སོགས་ཀྱི་དགོས་འདུན་ཁག་ཅིག་བཏོན་འདུག་པ་མ་ཟད། སྔར་ལོའི་ཕྱི་ཟླ་བདུན་པའི་ནང་རྒྱ་ནག་གཞུང་ནས་ཁྲིན་ཏོའུ་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་སྒོ་བརྒྱབ་པ་དེ་ཡིས། ཨ་རི་གཞུང་ནས་བོད་ནང་གི་གནས་སྟངས་རྒྱུས་ལོན་བྱེད་རྒྱུར་འགོག་རྐྱེན་འཕར་མ་ཞིག་བཟོས་ཡོད་པ་གསུངས་འདུགགཞན་ཡང་སྙ་ཐོ་དེའི་ནང་འདས་ལོའི་ཕྱི་ཟླ་དགུ་པའི་ནང་སྐབས་དེའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo ལགས་ནས་རྒྱ་ནག་གཞུང་གིས་ཆ་རྐྱེན་མེད་པར་༧གོང་ས་མཆོག་གམ་མགོན་པོ་གང་ཉིད་མཆོག་གི་སྐུ་ཚབ་ལྷན་དུ་གྲོས་མོལ་གནང་དགོས་པ་བསྐྱར་ནན་གནང་པ་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་ Robert A. Destro  ལགས་ནས་དྲ་ཐོག་བརྒྱུད་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་དང་གསར་འགོད་པ་སོགས་དང་མཇལ་འཕྲད་གནང་སྟེ་བོད་དོན་གླེང་སློང་གནང་བ་ཁག་གསལ་སྟོན་གནང་འདུག ཐེངས་འདིའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་དེ་དང་འབྲེལ། ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས། སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གི་སྣེ་ཁྲིད་པའི་ཨ་རིའི་སྲིད་གཞུང་ནས་ཨ་རི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་གཞིའི་དགོངས་དོན་འོག་བོད་རྒྱ་གྲོས་མོལ་ཡོང་ཐབས་སུ་རྒྱལ་སྤྱིའི་རྒྱལ་ཁབ་གཞན་དང་ཟུང་འབྲེལ་ཐོག་ནུས་པ་སྔར་ལྷག་འདོན་དགོས་བ་དང་། སྔར་ལོ་ལྟར་མ་ཡིན་པར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དེ་བཞིན་གང་མགྱོགས་བསྐོ་བཞག་གནང་དགོས་པའི་རེ་སྐུལ་གནང་འདུག གཞི་རྩའི་ཨ་རིའི་གཞུང་ནས་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་དང་འབྲེལ་བའི་སྙན་ཐོ་ཐེངས་དང་པོ་དེ་སྤྱི་ལོ་ ༢༠༠༣ ལོར་སྲིད་འཛིན་སྐུ་ཞབས་ George W. Bush མཆོག་གི་ཡུལ་དེའི་གྲོས་ཚོགས་སུ་སྙན་སྒྲོན་གནང་ཡོད་པ་དང་། ད་ལྟའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ཇཱོ་བྷ་ཊན ་མཆོག་གིས་འོས་བསྡུའི་བརྒྱུད་རིམ་ཁྲོད་མ་འོངས་སྲིད་འཛིན་དུ་འཁོད་པ་ཡིན་ན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་མཇལ་འཕྲད་ཞུ་རྒྱུ་མ་ཟད། བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་སླད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་དང་། བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་གནང་གི་ཡིན་ཞེས་གསུངས་ཡོད་པ་རེད།

ཡོ་རོབ་ཁུལ་དུ་༸པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་སོང་ནས་ལོ་ངོ་༢༦འཁོར་བ་སྲུང་བརྩི།

ཁ་སང་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་མོ་སྟེ། ༸གོང་ས་སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་གི་ངོས་འཛིན་ཞུས་པའི་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉིན་མ་མཆོག་གི་དབུས་བའི་རིན་པོ་ཆེ་མཆོག་གིས་ཡབ་ཡུམ་སྐུ་འཁོར་དང་བཅས་བ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་སོང་སྟེ་མི་ལོ་ཧྲིལ་པོ་ ༢༦ འཁོར་བའི་དུས་དྲན་ཡིན་པ་དང་། ཉིན་འདིར་ཡོ་རོབ་ཡུལ་གྲུ་ཁག་ནང་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་ལས་འགུལ་རྣམ་པ་འདྲ་མིན་བརྒྱུད་ནས་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པ་རེད།དེ་ཡང་ཡོ་རོབ་རྒྱལ་ཁབ་སུད་སི་ནང་ལ་ཆ་མཚོན་ན། སུད་སི་ས་གནས་བོད་ཀྱི་བེུད་ལྷན་ཚོགས་དང་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱིས་སྣེ་ཁྲིད་འོག སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་། དེ་བཞིན་སུད་བོད་མཐུན་ཚོགས་བཅས་ནས། ཛུ་རིག་ Werdmühleplatz  ས་ཚིགས་ནས་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་བར་། བོད་མི་རྣམས་ནས་ལག་དུ་བོད་ཀྱི་རྒྱལ་དར་དང་། པཎ་ཆེན་རིན་པོ་ཆེའི་སྐུ་པར། དེ་བཞིན་རྒྱ་གཞུང་ལ་ཞི་རྒོལ་གྱི་འབོད་ཚིག་འཁོད་པའི་འཕྲེད་དར་་སོགས་འཁྱེར་ནས་། ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་ཡོད་པ་སུད་སི་ས་གནས་བོད་ཀྱི་བེུད་ལྷན་ཚོགས་ནས་ཚོགས་གཙོ་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་གསུངས་ཡོད། དེ་བཞིན་ད་ལན་ལས་འགུལ་དེའི་ཐོག་སུད་སི་གྲོས་ཚོགས་ཀྱི་འཐུས་མི་ Fabian Mollina ལགས་དང། དེ་བཞིན་Balthasar Glattli ལགས་ཀྱིས་བོད་མིའི་ལས་འགུལ་ཐོག་མཉམ་ཞུགས་ཀྱིས་རྒྱབ་སྐྱོར་གཏམ་བཤད་སྤེལ་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་ཚབ་མདུན་ངོས་སུ་བོད་མི་རྣམས་ཀྱིས། ༸པཎ་ཆེན་རིན་པོ་ཆེ་མཆོག་གི་དབུས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་པ་དང་། བོད་ལ་རང་དབང་དགོས།   རྒྱ་ནག་གཞུང་ནས་བོད་ནང་མི་གསོད་ཁྲག་སྦྱོར་མཚམས་འཇོག་དགོས། ངོ་ཚ་ཁྲེལ་གཞུང་མེད་པའི་རྒྱ་ནག་གཞུང་སོགས་ཀྱི་ཞི་བའི་སྐད་འབོད་ལས་འགུལ་ཡང་སྤེལ་འདུགཡང་ཡོ་རོབ་རྒྱལ་ཁབ་ཧྥ་རན་སིའི་ནང་ལ་ཆ་མཚོན་ན། ཁུལ་དེའི་སི་ཊ་སི་སྦག་བོད་རིགས་མཐུན་ཚོགས་དང་ཁུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་༢༦འཁོར་བའི་དུས་དྲན་ཉིན་གཉིས་སྔ་ནུར་གྱིས་སྲུང་བརྩི་ཞུས་འདུག་ཅིང་། སྐབས་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་ཡན་ལགས་ལས་ཁུངས་བར་རྔམ་སྟོམ་ཁྲོམ་སྐོར་དང། རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་དུ་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག་པ་མ་ཟད།  ཁོང་རྣམས་ནས་བོད་ལ་རང་དབང་དགོས་པ་དང་། རྒྱ་གཞུང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། བོད་མིའི་སྐད་ཡིག་རིག་གཞུང་རྩ་མེད་རྡོག་རོལ་མཚམས་འཇོག་དགོས་ཞེས་མཚན་རྟགས་བསྡུ་རུབ་བྱས་པའི་ཞུ་སྙན་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་ཡིག་སྒམ་ནང་དུའང་བླུགས་འདུག དེ་བཞིན་ཁ་སང་ཉིན་མོ་འདིར་ཡོ་རོབ་རྒྱལ་ཁབ་སི་པན་ནང་ལ་ཆ་མཚོན་ན། སི་པན་བོད་ཁང་གི་ཀྱི་འགན་འཛིན་དང་འདེམས་ཐོན་ཡོ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱི་གཙོ་བྱས་པའི་ས་གནས་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས། ཁུལ་དེའི་རྒྱ་ནག་གཞུང་ཚབ་ཡན་ལགས་ལས་ཁུངས་མདུན་དུ། བོད་ཀྱི་རྒྱལ་དར་དང་༸པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་པར། རིན་པོ་ཆེ་མཆོག་གློད་གྲོལ་དགོས་པ་དང་། བོད་ལ་རང་དབང་དགོས། དེབཞིན་༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་རྩོད་ཕྱིར་འཐེན་དགོས་སོགས་འཁོད་པའི་ཤོག་བྱང་དང་འཕྲེད་དར་སོགས་ཁྱེར་ནས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་ལས་འགུལ་སྤེལ་ཏེ་ཉིན་མོ་དེ་སྲུང་བརྩི་ཞུས་འདུགགཞན་ཡང་དེ་བཞིན་ཉིན་དེའི་ཕྱི་དྲོ་དབྱིན་ཡུལ་རྒྱལ་ས་Londonརྒྱ་ནག་གཞུང་ཚབ་ཁང་མདུན་ངོས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོ་ས་བོད་ཀྱི་རྒྱལ་དར་དང་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉིན་མ་མཆོག་གི་སྐུ་པར་ཁྱེར་ནས་རྒྱ་གཞུང་ལ་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག་ལ།  དེ་བཞིན་ཉིན་འདིར་ཨི་ཊ་ལི་བོད་རིགས་ཚོགས་པས་ཁུལ་དེའི་བོད་པའི་ན་ཆུང་བྱིས་པ་ཁག་ནས་རྒྱ་ནག་གཞུང་ལ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་དགོས་སོགས་ཀྱི་རེ་འདུན་བཏོན་པའི་དམིགས་བསལ་ཆེད་སྒྲིག་བརྙན་ཐུང་སྤྱི་ཚོགས་དྲ་ལམ་ཁག་ཏུ་སྤེལ་དེ་ཁ་སང་གི་ཉིན་མོ་དེ་ཉི་ནག་གི་དུས་ཚིགས་ཞིག་ལ་སྲུང་བརྩི་ཞུས་འདུག་པ་མ་ཟད།   དེ་མིན་ཡོ་རོབ་ཁུལ་གྱི་བོད་མིའི་གཞུང་སྒེར་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་ཁ་སང་དུས་ཚིགས་དང་བསྟུན་དྲ་ཐོག་ཏུ་བསྒྲགས་གཏམ་སྤེལ་བ་དང་རྒྱལ་ཚོགས་ལ་ཞུ་སྙན་ཕུལ་བ་སོགས་ལས་འགུལ་རྣམ་པ་འདྲ་མིན་བརྒྱུད་སྲུང་བརྩི་ཞུས་ཡོད་པ་རེད།  

Latest news