Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

ཨ་རིས་བོད་དུ་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་ཁྲིམས་གཞི་ཕྱག་བསྟར་གནང་འཆར།  

ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་སྔ་ལོའི་ཕྱི་ཟླ་ ༡༡ ནང་བོད་ནང་དུ་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་གཏན་འབེབས་གནང་ནས་རྒྱ་ནག་གི་དཔོན་རིགས་དང་མང་ཚོགས་རྣམས་རང་དབང་ཐོག་ཨ་རིའི་ནང་འགྲུལ་སྐྱོད་བྱེད་ཆོག་པ་ལྟར་ཨ་རིའི་མི་སེར་དག་ཀྱང་བོད་དུ་རང་དབང་ངང་འགྲུལ་སྐྱོད་གནང་འཇུག་དགོས་པའི་ཁྲིམས་གཞི་ཡོངས་བསྒྲགས་གནང་དོན་བཞིན་ཁ་སང་ཨ་རིས་སྙན་ཐོ་ཞིག་འདོན་སྤེལ་གནང་སྟེ་སྲིད་གཞུང་གི་ངོས་ནས་ཕར་འགྲོ་ཚུར་འོང་གི་ཁྲིམས་གཞི་དེ་ཕྱག་བསྟར་དོ་ནན་གནང་རྒྱུ་ཡིན་པ་གསལ་འདོན་གནང་འདུག ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཁ་སང་ཚེས་ ༢༥ ཉིན་འདོན་སྤེལ་གནང་བའི་སྙན་ཐོའི་ནང་རྒྱ་ནག་གིས་ཨ་རིའི་གཞུང་དོན་གྱི་མི་སྣ་དང་གསར་འགོད་པ། མི་མང་དཀྱུས་མ་སོགས་ཀྱིས་མཚོན་པའི་ཨ་རིའི་མི་སེར་ཡིན་པའི་བོད་མི་རྣམས་ལ་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་གྱིས་བོད་དུ་འགྲོ་རྒྱུར་ཚགས་ཚུད་པོའི་ཐོག་ནས་འཀག་སྡོམ་བྱེད་བཞིན་པ་དཔེ་མཚོན་དང་ལྡན་པའི་ཐོག་ནས་ཕྱིར་བསྒྲགས་གནང་ནས་ཨ་རིའི་ངོས་ནས་གནས་ཚུལ་དེ་དག་ལྷིང་འཇགས་ཀྱི་ངང་ནས་ངོས་ལེན་གནང་ཐབས་མེད་པར་འགྲེལ་བརྗོད་གནང་འདུགདེ་བཞིན་སྔ་ལོར་ཨ་རིའི་གཞུང་འབྲེལ་མི་སྣ་དགུས་བོད་དུ་ཕེབས་རྒྱུའི་མཐོང་མཆན་ཞུས་ཡོད་ཀྱང་དེ་དག་ལས་མི་བཞི་མ་གཏོགས་མཐོང་མཆན་རག་མེད་པ་དང་། མི་དགུ་ལས་གཅིག་ནི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ Terry Branstad ལགས་ཡིན་པ་གསལ་འདོན་གནང་འདུག བོད་ནང་འགྲོ་སྐྱོད་ཆོག་པའི་མཐོང་མཆན་ཐོབ་མཁན་ཚོ་ལའང་ཆེད་དུ་ལམ་ཁྲིད་པ་བསྐོ་གཞག་གིས་ལྟ་རྟོག་ནན་པོ་བྱས་པ་མ་ཟད། ས་གནས་ཀྱི་བོད་མི་མང་ཚོགས་ལ་མཇལ་འཕྲད་དང་གླེང་མོལ་གནང་ཆོག་གི་མེད་ཚུལ་གསལ་འདོན་གནང་ཡོད། དེ་དང་ཕྱོགས་མཚུངས་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལུང་འདྲེན་དང་འབྲེལ། རྒྱ་ནག་གཞུང་ནས་སྔ་ལོར་བོད་རང་སྐྱོང་ལྗོངས་སུ་ཕྱི་རྒྱལ་གསར་འགོད་པའི་རུ་ཁག་ཐེངས་གཅིག་མ་གཏོགས་བཏང་མེད་པ་དང་། དེའི་ཁོངས་སུ་ཨ་རིའི་གསར་འགོད་པ་གཉིས་ཡོད་པ་ལས་ཨ་རིའི་གསར་འགོད་པ་གཞན་སུ་ལའང་བོད་དུ་སྐྱོད་ཆོག་པའི་ཆོག་མཆན་སྤྲད་མེད་སྐོར་གསལ་འདོན་བྱས་འདུག དེ་ལྟ་བུའི་རྒྱ་ནག་གི་བྱེད་སྟངས་དེ་དང་བསྟུན་ནས་ཨ་རིའི་ངོས་ནས་བོད་དུ་ཕར་འགྲོ་ཚུར་འོང་གི་ཁྲིམས་གཞི་དེ་ཕྱག་བསྟར་དོ་ནན་གནང་རྒྱུ་ཡིན་པའི་བརྡ་ལན་གནང་འདུག ཐེངས་འདིའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་དེ་ནི་ཨ་རིའི་གྲོས་ཚོགས་སུ་བོད་ནང་དུ་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་ཁྲིམས་གཞི་གཏན་འབེབས་གནང་བ་དེའི་མཇུག་འབྲས་ཐོག་མ་དེ་ཆགས་ཡོད་པ་དང་། ཁྲིམས་གཞི་དེའི་ནང་གསལ་བའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་སྙན་ཐོ་འདོན་སྤེལ་གནང་བ་ཙམ་མ་ཟད། ཕྱི་ལོ་ ༢༠༡༩ ལོ་མཇུག་བར་དུ་ཨ་རིའི་མི་སེར་བོད་ནང་དུ་བསྐྱོད་རྒྱུར་བཀག་སྡོམ་བྱེད་མཁན་གྱི་འབྲེལ་ཡོད་རྒྱ་གཞུང་གི་དཔོན་རིགས་ཚོའི་མིང་གཞུང་ཞིག་ཀྱང་འདོན་སྤེལ་གནང་དགོས་ཀྱི་ཡོད་པ་རེད།ཨ་རིའི་རྒྱལ་སར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས་ཀྱིས་ཨ་རིའི་བོད་ནང་དུ་ཕར་འགྲོ་ཚུར་འོང་གི་ཁྲིམས་གཞི་དང་འབྲེལ་བའི་སྙན་ཐོ་དེ་ནི་ཁྲིམས་གཞི་དེ་ཕྱག་བསྟར་དོན་འཁྱོལ་ཡོང་བའི་མངོན་རྟགས་ཤིག་ཡིན་པ་མ་ཟད། རྒྱ་ནག་དང་འདྲ་མཉམ་གྱི་ལྟ་གྲུབ་ཐོག་གི་ཚོང་ལས་དང་དཔལ་འབྱོར་གྱི་གནད་དོན་ཙམ་མིན་པར་བོད་དུ་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་གནད་འགག་རང་བཞིན་ལྡན་པའི་དོན་གནད་གལ་ཆེན་ཞིག་ཡིན་པ་མངོན་གསལ་བྱུང་ཡོད་པ་བརྗོད་དེ། ཁྲིམས་གཞི་དེའི་དམིགས་ཡུལ་ནི་རྒྱ་ནག་གི་མི་སེར་དག་ཨ་རིར་ཡོང་རྒྱུ་བཀག་སྡོམ་བྱེད་རྒྱུ་དེ་མ་ཡིན་པར་རྒྱ་ནག་གིས་བོད་དེ་ཁེར་རྐྱང་གི་ས་ཁུལ་ཞིག་ཏུ་བསྒྱུར་ཡོད་པ་དེ་མཚམས་འཇོག་བྱེད་རྒྱུ་དེ་རེད་ཅེས་འགྲེལ་བརྗོད་དང་འབྲེལ། ཨ་རིའི་མི་མང་དང་སྲིད་གཞུང་གི་ངོས་ནས་ད་ནས་བཟུང་དབྱེ་འབྱེད་ཀྱི་སྲིད་བྱུས་དེ་དག་ལྷིང་འཇགས་ཀྱི་ངང་ནས་ནམ་ཡང་ངོས་ལེན་གནང་མི་སྲིད་ཅེས་རྒྱ་ནག་ལ་ཉེན་བརྡ་བཏང་འདུག  

འཇར་མ་ནི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་བོད་དོན་རྒྱབ་སྐྱོར་གྱི་འབོད་སྐུལ།

འཇར་མ་ནིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གིས་བོད་དུ་དམ་དྲག་བྱེད་བཞིན་པ་དེ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་མ་ཟད། གང་མགྱོགས་ཁྲིམས་མཐུན་ཐོག་བོད་ཀྱི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་ལམ་འགོ་འཛུགས་དགོས་པའི་ཞུ་སྐུལ་གནང་འདུག  དེ་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ནས་མི་ལོ་ ༦༠ འཁོར་བའི་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་འཇར་མ་ནིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་མི་ཆོས་རིང་ལུགས་རོགས་ཚོགས་གཉིས་ཀྱིས་རྒྱ་ནག་གིས་བོད་ནང་དུ་དྲག་གནོན་བྱེད་བཞིན་པ་གསལ་འདོན་གྱིས་བོད་ཀྱི་རིག་གཞུང་དང་སྐད་ཡིག ངོ་བོ་། ཆོས་ལུགས་བཅས་ལ་སེམས་འཚབ་ཡོད་པར་བསྒྲགས་ཏེ་རྒྱ་ནག་གིས་བོད་མིའི་ཞི་རྒོལ་ལ་མ་ལྟོས་མེད་ཀྱིས་བོད་མིའི་གཞི་རྩའི་ཐོབ་ཐང་ཡོངས་རྫོགས་འཕྲོག་ཡོད་པར་སྐྱོན་བརྗོད་གནང་བ་དང་ཆབས་ཅིག བོད་ནང་རང་ལུས་མེར་སྲེག་གནང་མཁནབོད་མི་ ༡༥༠ ལྷག་བྱུང་ཡོད་པ་ལུང་འདྲེན་གནང་བ་དང་འབྲེལ། འཇར་མ་ནིས་བོད་ཀྱི་རིག་གཞུང་ལ་བརྩི་བཀུར་ཞུ་མཁན་ཞིག་ཡིན་སྟབས་དམ་དྲག་འོག་གི་བོད་མི་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་དང་། རྒྱ་ནག་གིས་དྲག་གནོན་ཤུགས་འཕྲལ་མར་མཇུག་སྒྲིལ་དགོས་པའི་འབོད་སྐུལ་གནང་འདུག ཁ་སང་ཡོངས་བསྒྲགས་ཐོག་ནས་སྤེལ་བའི་སྤྱི་བསྒྲགས་དེའི་ནང་རྒྱ་ནག་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་བཙན་ཤུགས་ཀྱིས་བོད་ནང་དུ་དྲག་གནོན་བྱེད་བཞིན་ཡོད་ཀྱང་། བོད་མིའི་ཡང་དག་པའི་དབུ་ཁྲིད་ཀྱིས་ཞི་བདེའི་ལམ་བུ་མཇུག་སྐྱོང་གནང་ཡོད་པ་གསལ་འདོན་བྱས་ཏེ། ༸གོང་ས་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་གི་རྩ་ཁྲིམས་ཀྱི་འོག་ཏུ་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་སྲིད་བྱུས་དེ་ནི་འབྱུང་འགྱུར་རྙོག་གླེང་གཡོལ་ཐབས་ཀྱི་ལམ་གཅིག་པོ་དེ་ཡིན་པ་གསུངས་འདུག འཇར་མ་ནི་གཞུང་འཛིན་གྱི་ཆབ་སྲིད་ཚོགས་པ་དང་དེ་མིན་གྱི་ཆབ་སྲིད་ཚོགས་པ་མང་པོས་བོད་མིའི་རང་སྐྱོང་གི་སྲིད་བྱུས་དེར་རྒྱབ་སྐྱོར་དང་ངོས་འཛིན་ཡོད་པར་ཡོངས་བསྒྲགས་གནང་ཡོད་པ་རེད། འཇར་མ་ནིའི་གསལ་བསྒྲགས་དེ་དང་འབྲེལ་ནས་ཁུལ་དེའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངེས་སྟོན་པ་སྐུ་ཞབས་ Kai Müller ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ངོས་ནས་དུས་རྒྱུན་དུ་རྒྱ་ནག་གིས་བོད་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་གླེང་སློང་གནང་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པ་གསལ་བཤད་གནང་སྟེ་བོད་ནི་རྒྱ་ནག་གི་སྲིད་དབང་སྒེར་གཅོད་ཀྱི་འོག་ཏུ་ཡོངས་སུ་དམ་དྲག་བྱེད་བཞིན་པའི་ས་ཁུལ་ཞིག་ཡིན་པར་བརྟེན། བོད་མིའི་འཚེ་བ་མེད་པའི་ངོ་རྒོལ་དང་ཞི་བདེ་རང་བཞིན་གྱི་ལམ་ནས་དཀའ་རྙོག་སེལ་རྒྱུའི་མངོན་འདོད་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་གནང་འོས་པ་ཞིག་རེད་ཅེས་བརྗོད་གསུངས་ཡོད།

རྒྱ་གཞུང་ལ་༸སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་ཐོབ་ཐང་མེད།  

བཞུགས་སྒར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་སྐབས་བཅུ་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ལས་ཉིན་དྲུག་པའི་སྔ་དྲོའི་ཚོགས་དུས་ཐོག་འཛིན་སྐྱོང་དང་འབྲེལ་བའི་ལས་ཁུངས་ཁག་དང་། བདེ་སྲུང་ལས་ཁུངས་ཀྱི་ཁྱབ་ཁོངས་སྣེ་ལེན་འབྲེལ་མཐུད་ལས་ཁང་བཅས་ཀྱི་སྔོན་རྩིས་འགྲོ་གྲོན་གྱི་དགོས་དངུལ་མ་དངུལ་གཏན་འབེབས་ཟིན་མཚམས་སུ་ཆོས་རིག་ལས་ཁུངས་ཀྱི་དམིགས་བསལ་དང་ཟུར་བཀོད་མ་དངུལ་གཏན་འབེབས་དང་ལས་དོན་བཅས་ཀྱི་ཐོག་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་རེད།སྐབས་དེར་བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་ཉེ་ཆར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Geng Shuang ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ རྒྱ་ནག་གཞུང་གིས་གཏན་འདེབས་བྱས་པའི་བོད་ཀྱི་བླ་སྤྲུལ་ངོས་འཛིན་གནང་ཕྱོགས་ཀྱི་ཁྲིམས་སྒྲིག་དང་མཐུན་དགོས་སྐོར་བརྗོད་པ་དེར་ངོས་ལེན་ཞུ་ཐབས་མེད་པ་དང་། ལྷག་པར་དུ་རྒྱ་གཞུང་འདི་ཆོས་ལུགས་ཀྱི་ལམ་སྲོལ་དང་ལོ་རྒྱུས་བརྩི་མེད་རྡོག་རོལ་བཏང་མཁན་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་མི་བྱེད་མཁན། དེ་བཞིན་༸གོང་ས་མཆོག་ལ་གུས་བརྩི་མེད་མཁན་བཅས་ཆགས་ཀྱི་ཡོད་སྟབས། རྒྱ་གཞུང་ལ་༸སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་ཐོབ་ཐང་མེད་ཅེས་གསུངས་ཡོད།སྐབས་དེར་ཆོས་རིག་བཀའ་བློན་མཆོག་གིས་དབུས་པའི་སྤྱི་འཐུས་ཁག་གཅིག་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་བཞིན་པར་ངོས་ལེན་མེད་པའི་རྣམ་འགྱུར་ནན་པོ་ཆེད་བཏོན་གནང་སོང་།སྤྱི་འཐུས་ཁག་གཅིག་ནས་ཆོས་རིག་ལས་ཁུངས་ནས་ལོ་ལྟར་དགེ་བཤེས་མའི་མཚན་ཐོག་ལ་སྔོན་རྩིས་མ་དངུལ་འཕོན་ཆེན་པོ་ཞིག་ཞུ་བཞིན་པ་དེ་རིས་མེད་ཆོས་བརྒྱུད་ཁག་གི་བཙུན་མའི་བསླབ་པ་སློབ་གཉེར་ཐོག་གནང་གི་ཡོད་མེད་དང་། དགེ་བཤེས་མའི་ཕྱག་འཁྱེར་གནང་ཕྱོགས་སོགས་ཀྱི་ཐད་བཀའ་འདྲི་ཞུས་ཡོད་པ་དང་། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བཀའ་ཤག་རིམ་པས་མིང་ཙམ་མ་ཡིན་པར་བཙུན་མའི་ཐོས་བསམ་སློབ་གཉེར་ཐོག་འབད་བརྩོན་གནང་ཡོད་པ་དང་། ད་ལྟའི་ཆར་སྤྱིར་གྲྭ་རྒྱུན་གྱི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་ཀྱང་བཙུན་མའི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཉེ་ཆར་དགེ་བཤེས་མ་ ༢༠ ལྷག་སྔགས་ཀྱི་གསན་བསམ་སློབ་གཉེར་ཐོན་ཡོད་པ་སོགས་ངོ་སྤྲོད་དང་སྦྲགས། ཆོས་རིག་ལས་ཁུངས་ནས་རིས་སུ་མ་ཆད་པའི་ཆོས་བརྒྱུད་སོ་སོའི་སློབ་གཉེར་དང་འཚམ་པའི་བཙུན་མའི་ལས་གཞི་ཚང་མ་ལ་གཅིག་མཚུངས་ཐོག་རོགས་སྐྱོར་ཞུ་མུས་ཡིན་པ་གསུངས་ཡོད།དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་དགེ་བཤེས་མ་དང་འབྲེལ་བའི་ལས་དོན་སྤྱི་ཡོངས་ལ་བསྔགས་བརྗོད་དང་སྦྲགས། མ་འོངས་པར་དགེ་བཤེས་མ་དེ་དག་བཙུན་མའི་སྡེ་ཁག་དང་སྤྱི་ཚོགས་ཁྲོད་ནང་ཆོས་ངོ་སྤྲོད། དེ་བཞིན་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཞབས་སྟེགས་སོགས་ཀྱི་ཐོག་ཕེབས་ཐུབ་པའི་རེ་སྨོན་ཞུ་མཁན་ཡང་བྱུང་ཡོད། ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་ལས་དོན་སོགས་དང་འབྲེལ་ཏེ་ཆོས་རིག་ལས་ཁུངས་ནས་དེང་སྐབས་གྲྭ་ཁོངས་སུ་མེད་པའི་གྲྭ་བཙུན་རྣམ་པར་འཕྲོད་བསྟེན་དང་འཚོ་སྣོན་སོགས་ཀྱི་མཐུན་རྐྱེན་སྦྱོར་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་དགོངས་འཆར་དང་། བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་ ༦༠ འཁོར་བའི་མཛད་རིམ་སྐོར། དེ་བཞིན་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་ལག་བསྟར་གནང་ཕྱོགས་སོགས་ཀྱི་ཐད་བཀའ་འདྲི་ཞུ་མཁན་ཡང་བྱུང་ཡོད།  གཞན་ཡང་བགྲོ་གླེང་ཁྲོད་དོལ་རྒྱལ་གྱི་གནད་དོན་དང་དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་གཞིས་ཆགས་དང་སློབ་གྲྭ་ཁག་ཏུ་ནང་ཆོས་ངོ་སྤྲོད་གནང་སྟངས་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུས་ཡོད་པ་རེད། དེ་རིང་སྔ་དྲོའི་ཚོགས་དུས་དང་པོ་ནས་ཉིན་རྒྱབ་ཚོགས་དུས་བཞི་པ་བར་དུ་བོད་མི་མང་སྤྱི་འཐུས་རྣམ་པ་པས་ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་དང་ལས་དོན་གནང་ཕྱོགས་ཐོག་དྲི་བ་དྲིས་ལན་སོགས་གནང་གྲུབ་མཚམས་སུ་ཆོས་རིག་ལས་ཁུངས་ཀྱི་དམིགས་བསལ་འགྲོ་གྲོན་སྒོར་འབུམ་ ༦༦,༩༨༤,༤༥༠ གཏན་འབེབས་དང་། ཟུར་བཀོད་མ་དངུལ་མུ་མཐུད་སྒོ་ཕྱེ་བའི་ཐོག་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དམིགས་བསལ་འགྲོ་གྲོན་དང་ཟུར་བཀོད་མ་དངུལ་གཏན་འབེབས་དབུ་འཛུགས་གནང་ཡོད།  

ཞི་ཅིན་ཕིང་ལ་ངོ་རྒོལ་གྱིས་ཕ་རན་སིར་སྣེ་ལེན།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཡོ་རོབ་རྒྱལ་ཁབ་ཨི་ཊ་ལི་ནང་གི་གཞུང་འབྲེལ་ལས་དོན་གྲུབ་རྗེས་ཕ་རན་སི་རྒྱལ་ཁབ་ནང་ཁ་སང་འབྱོར་ཡོད་པ་དང་བསྟུན། ཁུལ་དེར་ཡོད་པའི་ས་གནས་བོད་རིགས་ཚོགས་པས་རྐང་འགན་བཞེས་ཐོག་ས་གནས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་དང་། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཡུ་གུར་བ། ཝེ་ཏི་ནམ་བཅས་ཀྱི་མང་ཚོགས་ཚོས་ཞི་ཅིན་ཕིང་ལ་ངོ་རྒོལ་དང་སྐྱོན་བརྗོད་ཀྱིས་ཁོ་པར་སྣེ་ལེན་ཞུས་འདུག སྐབས་དེར་ལས་འགུལ་བ་རྣམས་ནས་རྒྱལ་ས་པེ་རིས་ནང་རྟེན་གཞི་བྱས་པའི་ Trocadero ཐང་ཆེན་དུ་འདུ་འཛོམས་ཀྱིས་བོད་མི་ལས་འགུལ་བ་ཚོས་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་བོད་ནང་དུ་བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་བ་དང་། རྒྱ་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་བོད་མི་དམར་གསོད་བཏང་དང་གཏོང་པའི་དངོས་ཡོད་གནས་སྟངས་མཚོན་པའི་གཏམ་བརྗོད་ཀྱི་ལམ་ནས་གསལ་བཏོན་བྱས་འདུགརྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཡོ་རོབ་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་སྐྱོད་བྱས་པའི་དམིགས་དོན་གཙོ་བོ་གཅིག་ནི་ཞི་ཡི་ངོས་ནས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གོ་ལའི་ཚོང་དོན་གྱི་ལས་གཞི་ཐོག་ཡོ་རོབ་མཐུན་ཚོགས་དང་ཡོ་རོབ་རྒྱལ་ཁབ་ཁག་གི་ངོས་ལེན་དང་གན་རྒྱ་འཇོག་ཐོབ་ཕྱིར་ཡིན་པ་དང་། ཕྱི་ཚེས་ ༢༣ ཉིན་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་དེའི་ཐོག་ཡོ་རོབ་རྒྱལ་ཁབ་ཨི་ཊ་ལིས་ལས་འཆར་དེའི་ཐོག་རྒྱབ་སྐྱོར་གྱིས་རྒྱ་ནག་དང་ལྷན་དུ་གན་རྒྱ་བཞག་ཡོད་པ་དང་། དེ་ནི་ཨ་རི་དང་ཁེ་ན་ཌ། ཕ་རན་སི། འཇར་མན། ཨི་ཊ་ལི། ཉི་ཧོང་། དེ་བཞིན་དབྱིན་ཡུལ་བཅས་ G7 ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁོངས་ནས་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད།ད་རེས་ཀྱི་གནད་དོན་འདིས་ཨ་རི་དང་ཡོ་རོབ་མཐུན་ཚོགས་ནས་ཨེ་ཤ་ཡའི་དཔལ་འབྱོར་དབང་སྒྱུར་གྱི་འཐབ་རྩོད་ལ་གདོང་ལེན་བྱ་རྒྱུར་དངངས་སྐྲག་གི་མེ་ཚག་ཞིག་སྤར་ཡོད་པ་བརྒྱུད་ལམ་ཁག་ཏུ་གསལ་འདུགའདི་ག་རླུང་འཕྲིན་ཁང་ནས་གནད་དོན་འདིའི་ཐོག་སུད་སི་བཅར་བཞུགས་༸གོང་ས་མཆོག་གིས་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་སུ་གཟིགས་ཚུལ་ཇི་བྱུང་ཐོག་བཀའ་འདྲི་ཞུས་པར་ད་ལྟའི་ཆར་ཡོ་རོབ་ནང་དེ་སྔ་དང་མི་འདྲ་བར་རྒྱ་ནག་ལ་ལྟ་ཕྱོགས་ཀྱི་རྣམ་པ་ཆེས་འགྱུར་ཡོད་སྟབས་ཨི་ཊ་ལི་དང་ལྷན་བཞག་པའི་གན་རྒྱ་འདིས་ཡོ་རོབ་རྒྱལ་ཁབ་གཞན་དང་ཡོ་རོབ་མཐུན་ཚོགས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཁག་པོ་རེད་ཅེས་གསུངས་ཡོད།སྤྱིར་ད་རེས་སྲིད་འཛིན་ཞི་ཅིན་ཕིང་དང་ཕ་རན་སིའི་སྲིད་འཛིན་ Emmanuel Macron ལགས་གཉིས་དབར་མཇལ་མོལ་གནང་ཡོད་པ་དང་བསྟུན་ཁུལ་དེར་ཡོད་པའི་ཕ་རན་སི་བོད་རིགས་ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ། མདོ་སྨད་དང་དབུ་གཙང་ཚོགས་པ། དེ་བཞིན་མདོ་ཁམས་ཆུ་བཞི་སྒང་དྲུག་བཅས་ཚོགས་པ་དྲུག་མཉམ་རུབ་ཀྱིས་ཕ་རན་སིའི་སྲིད་འཛིན་མཆོག་ལ་ཐེངས་འདིའི་མཇལ་མོལ་སྐབས་སུ་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་བཀའ་མོལ་གནང་སྐྱོང་ཡོང་བའི་ཞུ་སྙན་ཞིག་ཕུལ་བ་འདུག་པ་མ་ཟད། ཁ་སང་བོད་པའི་ཚོགས་སྐྱིད་ཁག་མཉམ་སྦྲེལ་གྱིས་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་ནང་ཕ་རན་སིའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Jacqueline Eustache Brinio ལགས་ཀྱིས་གཙོས་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཡུ་གུར་དང་ཝེ་ཏི་ནམ་སོགས་ཚོགས་པ་ཁག་གི་སྐུ་ཚབ་ནས་ཁོ་པར་ངོ་རྒོལ་དང་སྐྱོན་བརྗོད་གནང་བ་དང་སྦྲགས། བོད་མིའི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་བཤད་སྤེལ་བ་དང་བོད་མི་ལས་འགུལ་བ་རྣམས་ཀྱིས་བོད་ཀྱི་རྒྱལ་དར་དང་ལག་ཏུ་བསྣམས་ཏེ་བྱང་ཆུབ་སེམས་མཆོག་བསྔོ་སྨོན་གསུང་དོན། བོད་ནི་དེ་སྔ་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་དབུ་མའི་ལམ་ནི་བོད་རྒྱ་གཉིས་ཕན་གྱི་མཐའ་མའི་ཐབས་ལམ་ཡིན། བོད་ལ་རང་དབང་དགོས། བོད་མིར་ཐོབ་ཐང་དགོས། བོད་ཡོངས་ལ་ཆིག་སྒྲིལ་གྱི་རང་སྐྱོང་ཚད་ལྡན་ཞིག་དགོས་པ་སོགས་ཀྱི་འབོད་ཚིག་སྒྲོག་པའི་ཐོག་ནས་ཞི་བའི་གོམ་བགྲོད་དང་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།རྩ་བའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ད་རེས་ཡོ་རོབ་རྒྱལ་ཁབ་ཕ་རན་སི་ནང་ཁ་སང་ཕྱི་ཚེས་ ༢༤ ནས་ ༢༦ བར་ཉིན་གྲངས་གསུམ་གྱི་རིང་ཕྱོགས་སྐྱོད་བྱེད་ཀྱི་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༢༥ ཉིན་ཕ་རན་སིའི་རྒྱལ་ས་པེ་རིས་ལ་ཞི་ཅིན་ཕིང་དང་ཕ་རན་སིའི་སྲིད་འཛིན་གཉིས་དབར་གཞུང་འབྲེལ་ངོ་ཐུག་བྱས་ཡོད་པ་རེད། ཞི་ཅིན་ཕིང་གིས་བརྒྱུད་ལམ་ཐོག་ད་རེས་ཕ་རན་སི་རྒྱལ་ཁབ་ཀྱི་ངོས་ནས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་ཐོག་རྒྱབ་སྐྱོར་ཡོང་བའི་རེ་བ་བྱེད་བཞིན་ཡོད་ཅེས་བརྗོད་འདུག་ཀྱང་། གནད་དོན་དེའི་ཐོག་ཕ་རན་སི་ནས་ད་ལྟའི་རྒྱ་ནག་དང་ལྷན་དུ་ཚོང་དོན་མ་འཇོག་གི་འབྲེལ་མོལ་ཙམ་ལས་གནད་དོན་གཞན་ཐོག་གན་རྒྱ་འཇོག་རྒྱུའི་འཆར་གཞི་མེད་པ་དང་། སྲིད་འཛིན་ EmmanuelMacron མཆོག་གིས་ཡོ་རོབ་མཐུན་ཚོགས་མཉམ་རུབ་ཀྱིས་རྒྱ་ནག་གོ་ལ་ཁྱོན་ཡོངས་ལ་ཤུགས་རྐྱེན་གྱི་དམིགས་འདུན་ལ་གདོང་ལེན་གྱི་ནུས་པ་མཉམ་སྤུངས་དགོས་གལ་ཡིན་པར་བརྗོད་འདུག

རྒྱལ་སྤྱིའི་ཆུའི་ཉིན་མོར་བོད་མཐོ་སྒང་གི་གཙང་ཆུ་དང་འབྲེལ་བའི་གཏམ་བཤད།

ཁ་སང་ཟླ་ ༣ ཚེས་ ༢༢ ཉིན་བཞུགས་སྒར་བོད་ཀྱི་འགྲེམས་སྟོན་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་བོད་ཀྱི་འགྲེམས་སྟོན་ཁང་གིས་གོ་སྒྲིག་འོག་འཛམ་གླིང་ཆུའི་ཉིན་མོ་དང་བོད་ཀྱི་གལ་གནད་ཞེས་པའི་བརྗོད་གཞིའི་ཐོག་རྩོམ་པ་པོ་དང་བོད་དོན་ཉམས་ཞིབ་པ་སྐུ་ཞབས་ Michael Buckley ལགས་ཀྱིས་བོད་མཐོ་སྒང་གི་ཆུ་བོའི་གལ་གནད་དང་རྒྱ་ནག་གི་ཁོར་ཡུག་གཏོར་བཅོམ་སོགས་ཀྱི་ཐད་ནས་གཏམ་བཤད་གནང་སོང་།སྐབས་དེར་ཁོང་གིས་པར་རིས་བརྙན་སྟོན་བརྒྱུད་ནས་བོད་མཐོ་སྒང་གི་ས་བཀྲ་དང་། བོད་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བཞུར་བཞིན་པའི་བོད་ཀྱི་གཙང་ཆུ་ཁག་གི་འགོ་ཁུངས་དང་ཆུ་བོའི་ཡན་ལག་སོགས་ངོ་སྤྲོད་བྱས་ཏེ། དེ་རིང་གི་འཛམ་གླིང་འདིར་བོད་མཐོ་སྒང་ནི་འཛམ་གླིང་འདིའི་སྟེང་གི་སྣེ་གསུམ་པ་ཡིན་པ་ཟད་བོད་ཀྱི་ས་ཁུངས་ནས་ཆད་ཡོང་བའི་གཙང་ཆུ་ཁག་ནི་འཛམ་གླིང་གི་ལྷོ་བྱང་གཉིས་ཀྱི་འཁྱགས་རོམ་ལས་ལྷག་པའི་འཐུང་ཆུའི་འགོ་ཁུངས་གལ་ཆེན་ཞིག་ཡིན་པར་ངོ་སྤྲོད་གནང་ནས་བོད་ཀྱི་རྒྱུག་ཆུ་ཁག་གི་བཞུར་རྒྱུན་གྱིས་ཨེ་ཤ་ཡའི་རྒྱལ་ཁབ་བཅུ་ལྷག་གི་འགྲོ་བ་ཡོངས་ཀྱི་ཚེ་སྲོག་དང་འབྲེལ་བའི་གནད་དོན་ཡིན་པར་གསལ་བཤད་དང་སྦྲགས། ད་ཆ་རྒྱ་ནག་གི་ཤིང་ནགས་གཅོད་འབྲེག་དང་གཏེར་ཁ་སྔོག་འདོན། དེ་བཞིན་ཆུ་མཛོད་གསར་རྒྱག་སོགས་ཀྱིས་བོད་མཐོ་སྒང་གི་རང་བྱུང་སྐྱེ་ཁམས་ལ་གཏོར་བཅོམ་གཏོང་གི་ཡོད་པ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་འཐུང་ཆུའི་དཀའ་ངལ་སོགས་ཀྱི་འཇིགས་སྣང་སྐྲུན་བཞིན་ཡོད་པར་གསལ་བཤད་གནང་ཡོད།ཁོང་གིས་རྒྱ་ནག་གིས་བོད་ཁུལ་དུ་བཟོ་ལས་འཛུགས་སྐྲུན་གྱི་ལས་གཞི་རྒྱ་སྐྱེད་དང་གཏེར་ཁ་སྔོག་འདོན་གྱི་གད་སྙིགས་མང་དག་ཅིག་གཙང་ཆུ་ཁག་ཏུ་གཡུག་བཞིན་པར་བརྟེན། བོད་མཐོ་སྒང་གི་ཕྱུགས་ཟོག་མང་པོ་ཤི་བཞིན་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་འཕྲོད་བསྟེན་གྱི་ཐད་ལ་ཡང་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་ཆགས་ཡོད་པར་བརྗོད་དེ་རྒྱ་ནག་གིས་བོད་མཐོ་སྒང་གི་འབྲོག་ཁྱིམ་མང་པོ་བཙན་དབང་གིས་གནས་སྤོར་དུ་བཅུག་ནས་ས་ཆ་མང་པོ་སྲིད་གཞུང་གི་སྒེར་བདག་རང་བཞིན་གྱི་སྐྱེད་མོས་ཚལ་དུ་སྒྱུར་བཞིན་པར་མངོན་གསལ་གནང་བ་དང་ཆབས་ཅིག་ཏུ་མཚོ་སྔོན་ཁུལ་དུ་ས་ཁྱོན་བརྒྱ་ཆ་ ༥༠ ལྷག་གཞུང་གིས་གླིང་ཁར་བསྒྱུར་ཡོད་པར་གསུངས་ཡོད། རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ཁྱོན་ཡོངས་ནང་ཆུ་སྲུང་སྐྱོབ་དང་ཆུའི་གལ་གནད་ལ་དོ་སྣང་ཡོང་ཐབས་སུ་ཕྱི་ལོ་ ༡༩༩༣ ཕྱི་ཟླ་ ༣ ཚེས་ ༢༢ ཉིན་མོར་འཛམ་གླིང་ཆུའི་ཉིན་མོ་ཞེས་གཏན་འབེབས་གནང་དོན་ལྟར་ལོ་ལྟར་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།

རྒྱ་ནག་གི་ཤེས་ཡོན་གནོད་ཤུགས་ཁྱབ་སྤེལ་བཀག་འགོག་གི་དོན་ཚན་བཅུ་གཉིས་གཏན་འབེབས།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གིས་ཐབས་བརྒྱ་ཇུས་སྟོང་གིས་ཁུང་རྩི་ཤེས་ཡོན་ལྟེ་གནས་ཆེད་འཛུགས་ཀྱིས་ཕྱི་ཕྱོགས་སུ་རྒྱ་ནག་གི་གནོད་ཤུགས་ཁྱབ་སྤེལ་དང་ཤེས་ཡོན་གྱི་རང་དབང་ཉམ་དམས་སུ་གཏོང་བཞིན་ཡོད་པ་གསལ་འདོན་དང་སྦྲགས། ཕྱི་ཕྱོགས་ཀྱི་མཐོ་སློབ་དང་གཙུག་ལག་སློབ་ཆེན་སོགས་ཀྱིས་ལག་བསྟར་བྱེད་དགོས་པའི་སྒྲིག་ཡིག་དོན་ཚན་བཅུ་གཉིས་ཅན་ཞིག་ཁྱབ་བསྒྲགས་ཀྱིས་རྒྱ་ནག་གི་གནོད་ཤུགས་ལ་བཀག་འགོག་བྱེད་དགོས་བའི་འབོད་བརྡ་བཏང་འདུག ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་དྲྭ་གནས་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་སྒྲིག་ཡིག་དོན་ཚན་བཅུ་གཉིས་ཅན་དེ་ཡོངས་བསྒྲགས་གནང་ཡོད་པ་དང་། ཚོགས་པའི་རྒྱ་ནག་ལྟ་ཞིབ་སྡེ་ཚན་གྱི་འགན་འཛིན་ལྕམ་ Sophie Richardson ལགས་ཀྱིས་གསར་འགོད་གསལ་བསྒྲགས་དེའི་ནང་མཐོ་སློབ་སློབ་ཁག་དང་གཙུག་ལག་སློབ་སློབ་ཆེན་སོགས་ཀྱིས་མཉམ་འབྲེལ་ཐོག་རྒྱ་ནག་གི་སུན་གཙེར་དང་ཞིབ་བཤེར་གྱི་ཁ་གཏད་དུ་ལངས་ནས་ཕྱི་རྒྱལ་གྱི་སློབ་གྲྭ་ཁག་གི་ཁོངས་སུ་རྒྱ་ནག་གི་གནོད་ཤུགས་དང་ཤེས་ཡོན་གྱི་རང་དབང་ལ་ཞིབ་བཤེར་གནང་བཞིན་པ་དེ་བཀག་འགོག་གནང་དགོས་བའི་སྐུལ་མ་གནང་འདུག  རྩ་བའི་ཕྱི་ལོག་གི་ཤེས་ཡོན་ལྟེ་གནས་དག་གིས་ལག་བསྟར་བྱེད་དགོས་པའི་རྒྱ་ནག་གི་གནོད་ཤུགས་བཀག་འགོག་གི་དོན་ཚན་བཅུ་གཉིས་ཅན་གྱི་སྒྲིག་ཡིག་དེ་ཕྱི་ལོ་ ༢༠༡༥ ནས་ ༢༠༡༨ བར་ཨོ་གླིང་དང་ཨ་རི། དེ་བཞིན་ཁེ་ན་ཌ། ཕ་རན་སི་བཅས་མཚོན་པའི་ཕྱིའི་རྒྱལ་ཁབ་ཀྱི་གཙུག་ལག་སློབ་གྲྭའི་ཆེད་མཁས་པ་དང་སློབ་མ་སོགས་ལ་ཆེད་དུ་བཅར་འདྲི་ཞུས་པ་བརྒྱུད་ནས་གཏན་འབེབས་གནང་བ་ཞིག་ཡིན་པ་དང་། བཅར་འདྲི་དེ་དག་བརྒྱུད་རྒྱ་ནག་སྲིད་གཞུང་གིས་ཕྱི་ཕྱོགས་ཀྱི་ཤེས་ཡོན་ལྟེ་གནས་འདྲ་མིན་ནང་གི་རྒྱ་རིགས་སློབ་མ་དག་ལ་བཏང་འཛིན་ནན་པོ་བྱས་ཏེ་ཞིབ་བཤེར་བྱེད་བཞིན་པ་ཤེས་རྟོགས་བྱུང་བ་མ་ཟད། རྒྱ་ནག་གི་མགྲིན་ཚབ་པ་དག་གིས་གཙུག་ལག་སློབ་ཆེན་འདྲ་མིན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་རྒྱུའི་མཛད་འཆར་ལའང་བཀག་འགོག་བྱེད་བཞིན་ཡོད་པ་མངོན་གསལ་གནང་ཡོད་པ་རེད། ཕྱི་ལོག་ཏུ་ཡོད་པའི་རྒྱ་རིགས་སློབ་མ་ཁག་གིས་རྒྱ་ནག་སྲིད་གཞུང་དང་འབྲེལ་བའི་སྐད་ཆ་ཕྱི་ལོག་ཏུ་བཤད་པ་ཡིན་ན་རྒྱལ་ནང་དུ་ཡོད་པའི་ནང་མི་དག་ལ་འཇིགས་སྐུལ་བྱེད་བཞིན་ཡོད་པའི་གནས་ཚུལ་དང་། དེ་བཞིན་ཕྱི་ལོག་གི་རྒྱ་རིགས་མཁས་དབང་རྣམས་ཀྱིས་ཀྱང་རྒྱ་ནག་སྲིད་གཞུང་ལ་སྐྱོན་བརྗོད་སོགས་ཀྱི་གཏམ་བཤད་གནང་ཚེ་ཐད་ཀར་སྲིད་གཞུང་ནས་འཇིགས་སྐུལ་བྱེད་བཞིན་པའི་གནས་ཚུལ་མང་པོ་ཤེས་རྟོགས་བྱུང་བ་མ་ཟད། དབྱིན་ཡུལ་གྱི་གཙུག་ལག་སློབ་ཆེན་གཉིས་ནང་ནམ་རྒྱུན་ནས་རྒྱ་ནག་ལ་སྐྱོབ་བརྗོད་གནང་བཞིན་པའི་མཁས་དབང་གི་གཏམ་བཤད་གནང་རྒྱུ་ཕྱིར་འཐེན་བྱས་ཡོད་པ་སོགས་རྒྱ་ནག་གི་གནོད་ཤུགས་ཇེ་ཆེར་འགྲོ་བཞིན་པ་མངོན་གསལ་གནང་འདུག འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཐེངས་འདིར་འདོན་སྤེལ་གནང་བའི་དོན་ཚན་བཅུ་གཉིས་ཅན་གྱི་སྒྲིག་ཡིག་དེའི་ནང་ཕྱི་ཕྱོགས་ཀྱི་ཤེས་ཡོན་ལྟེ་གནས་ཁང་ནས་སློབ་ཆེན་གཞན་དང་མཉམ་འབྲེལ་ཐོག་རྒྱ་ནག་གི་སྤྱི་ཚོགས་ལ་ཞིབ་འཇུག་གི་ཁོར་ཡུག་རྒྱ་སྐྱེད་བྱས་ཏེ་སློབ་ཆེན་དུ་རྒྱ་ནག་གི་ཁུང་རྩི་སློབ་གཉེར་གྱི་ཡན་ལག་འཛུགས་རྒྱུར་བཀག་འགོག་གནང་དགོས་པ། སློབ་ཆེན་ནང་རྒྱ་གཞུང་གིས་དམ་དྲག་དང་སུན་གཙེར། འཇིགས་སྐུལ་སོགས་ཀྱི་གནས་ཚུལ་ཡོངས་རྫོགས་ཐོ་འགོད་གསལ་པོ་གནང་ནས་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་དགོས་པ། སློབ་མ་རྣམས་ལ་དེ་འདྲའི་དཀའ་ངལ་རིགས་འཕྲད་སྐབས་མིང་གསལ་མ་ཡིན་པའི་སྒོ་ནས་འབྲེལ་གཏུགས་གནང་ཡུལ་སྐུ་ཚབ་བསྐོ་གཞག་སོགས་ཀྱི་སྒྲིག་གཞི་གཏན་འབེབས་དགོས་པ། རྒྱ་ནག་ནང་ཞིབ་འཇུག་གནང་མཁན་སློབ་མ་དང་མཁས་དབང་རྣམས་ལ་གཞུང་གི་དམ་དྲག་སོགས་ཀྱི་དཀའ་ངལ་འཕྲད་སྐབས་ཞིབ་འཇུག་གི་དུས་ཚོད་འཕར་འགྱང་དང་རང་ཉིད་ཀྱི་མིང་སྤྱོད་མི་དགོས་པ་བཅས་ཀྱི་སྒྲིག་གཞི་ཆག་ཡང་གཏོང་དགོས་པ། སློབ་གྲྭའི་ཁོར་ཡུག་ཏུ་རྒྱ་ནག་གི་གནོད་ཤུགས་ཡོད་མེད་ལ་ལྟོས་མེད་རང་དབང་གི་གཏམ་བཤད་པ་དག་གནད་ཞུ་བྱས་ནས་སྤྱི་ཡོངས་ཀྱི་སློབ་སྦྱོང་གི་ཁོར་ཡུག་ལ་རང་དབང་བསྐྲུན་རྒྱུ། རྒྱ་གཞུང་ནས་རག་སོན་བྱུང་བའི་དངུལ་དང་འབྲེལ་ཡོད་ལས་གཞི་བཅས་ཀྱི་སྐོར་ལ་ཕྱི་གསལ་ནང་གསལ་དགོས་པ་དང་། རྒྱ་རིགས་སློབ་མ་དང་མཁས་དབང་མཐུན་ཚོགས་གཙོ་གྱུར་རྒྱ་ནག་གི་གཞུང་ཚབ་ཁང་དང་གཞུང་འབྲེལ་ཚན་པ་ཁག་གྱི་རྒྱབ་སྐྱོར་ཡོད་པའི་སློབ་ཆེན་སོ་སོའི་ནང་གི་ཚོགས་པ་ཁག་ལ་ཞིབ་འཇུག་ནན་པོ་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག རྩ་བའི་རྒྱ་ནག་གཞུང་གིས་ཨ་རི་དང་ཁེ་ན་ཌ། ཨོ་སི་ཊོ་ལི་ཡ་སོགས་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནང་གི་གཙུག་སློབ་གཉེར་ཁང་མང་པོ་ཞིག་ཏུ་ཁུང་རྩི་སློབ་གླིང་ཞེས་པ་ཆེད་འཛུགས་བརྒྱུད་རྒྱ་སྐད་དང་རྒྱ་ཡིག་སློབ་ཁྲིད་བྱེད་ཚུལ་གྱི་མིང་ཐོག་ནས་དོན་དངོས་སུ་སློབ་གླེང་དེ་དག་གི་ཤེས་ཡོན་སློབ་གསོའི་རང་དབང་ལ་ཐེ་གཏོགས་དང་འབྲེལ་རྒྱ་ནག་དམར་ཤོག་གི་ལྟ་སྤྱོད་གོང་འཕེལ་དང་རྒྱལ་སྤྱིའི་ཁྲོད་རྒྱ་ནག་ལ་ལྟ་ཕྱོགས་འགྱུར་བ་གཏོང་ཐབས་བྱེད་བཞིན་པ་ལྟར། འདས་པའི་ལོ་ཤས་ནས་དེའི་ཐོག་བློ་འཚབ་དང་བཅས་ཨ་རིའི་  Chicago དང་ Massachusetts དེ་བཞིན་ Boston བཅས་ཀྱི་གཙུག་ལག་སློབ་གཉེར་ཁང་མང་པོར་ཁུང་རྩི་སློབ་གླིང་གི་ཡན་ལག་ཁག་སྒོ་བརྒྱབས་ཟིན་པའི་གནས་ཚུལ་བྱུང་ཡོད་པ་རེད། བཞུགས་སྒར་དྷ་རྨ་ས་ལར་འཚོགས་བཞིན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུའང་རྒྱ་ནག་གི་ཁུང་རྩི་སློབ་གླིང་གི་སྐོར་ནས་བགྲོ་གླེང་གནང་ནས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་གནོད་ཤུགས་ཆུང་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་གླེང་སློང་བྱུང་ཡོད་པ་རེད།

རྒྱལ་ཚོགས་སུ་བོད་དོན་ཞུ་གཏུགས་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

ཇི་ནི་ཝའི་ནང་འཚོགས་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༠ པ་དང་བསྟུན་རྒྱ་གཞུང་གིས་འདས་པའི་ལོ་ངོ་དྲུག་ཅུའི་ནང་བོད་དུ་ཐབས་བརྒྱ་ཇུས་གཏོང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཁག་མཚམས་འཇོག་དགོས་པའི་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་སོང་།དེ་རིང་ཟླ་ ༣ ཚེས་ ༢༢ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༤༠ པའི་ཉིན་མཐའ་མ་དང་བསྟུན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་འོག་ཇི་ནི་ཝའི་རྒྱལ་ཚོགས་མདུན་གྱི་ལས་འགུལ་ཐང་ཆེན་དུ་སུད་སི་ནང་གི་ས་གནས་ཁག་འདྲ་མིན་གི་བོད་མི་མང་ཚོགས་དང་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག དེ་བཞིན་བོད་དོན་རྒྱབ་སྐྱོར་བ་རྣམས་འདུ་འཛོམས་ཀྱིས་རྒྱལ་གཅེས་པ་འདས་གསོན་རྣམས་ལ་མྱ་ངན་གུས་འདུད་ཀྱི་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་འབྲེལ། ལས་འགུལ་བ་རྣམས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་དང་རྒྱ་གཞུང་ནས་བོད་དུ་འགྲོ་བ་མིའི་ཐོབ་རྡོག་རོལ་དང་བོད་མི་དམར་གསོད་ཀྱི་སྲིད་བྱུས་མཚམས་འཇོག་དགོས་པ་དང་། ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་ཆབ་སྲིདབཙོན་པ་རྣམས་གློད་བཀྲོལ་དགོས་པ། དེ་བཞིན་རྒྱལ་ཚོགས་ནས་བོད་མིར་དྲང་བདེན་གནང་དགོས་པའི་དགོས་འདུན་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་།སྐབས་དེར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ནོར་བུ་མཚམས་རྡོ་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་བཙན་འཛུལ་བྱས་པ་ནས་བཟུང་འདས་པའི་ལོ་ངོ་ ༦༠ ནང་བོད་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ཡོད་པ་པ་དང་། བོད་མིའི་ཐོབ་ཐང་གི་ཆེད་རྒྱབ་སྐྱོར་གནང་བ་འདི་ནི་རྒྱལ་སྤྱིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལ་རྒྱབ་སྐྱོར་གནང་བ་དང་གཅིག་མཚུངས་རེད་ཅེས་གསུངས་ཡོད།ལས་འགུལ་འདིའི་ཁྲོད་རྒྱལ་ཚོགས་སུ་ཞུ་སྙན་ཞིག་ཕུལ་སོང་བ་དང་། དེའི་ནང་རྒྱ་གཞུང་གིས་འདས་པའི་ལོ་ངོ་དྲུག་ཅུའི་རིང་བོད་ནང་ཐབས་བརྒྱ་ཇུས་གཏོང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཁག་མཚམས་འཇོག་དགོས་པ་དང་རྒྱ་གཞུང་ནས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་གནང་དགོས་པ། རྒྱ་གཞུང་གིས་འདི་ལོའི་དུས་བཀག་བསྐྱར་ཞིབ་ཐོག་རྒྱལ་ཚོགས་ལ་བཟང་ཕྱོགས་ཀྱི་རྣམ་པ་གང་ཡང་བཏོན་མེད་སྐོར་སོགས་དོན་ཚན་གསུམ་ཅན་གྱི་ཞུ་སྙན་ཞིག་ཇི་ནི་ཝའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལྕམ་སྐུ་ Michelle Bachelet ལགས་ཀྱི་མཚན་ཐོག་ཏུ་ཕུལ་ཡོད་པ་རེད། རྩ་བའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༠ པ་དེ་རིང་མཇུག་སྒྲིལ་གནང་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་། དེ་བཞིན་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་སྐོར་རྒྱལ་ཚོགས་སུ་བསྐྱར་ནན་གྱིས་སྙན་གསེང་དང་། རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐོག་ཆ་ཤས་བཞེས་ཕྱོགས་ལ་སྐྱོན་བརྗོད། དེ་བཞིན་རྒྱལ་ཚོགས་ནས་བོད་ནང་དམིགས་བསལ་རྟོག་ཞིབ་མིསྣ་ཆེད་གཏོང་གནང་རྒྱུ། བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཡོང་རྒྱུར་རྒྱ་གཞུང་ལ་ཕྱོགས་གང་ས་ནས་ཤུགས་སྣོན་གནང་གནད་ཡིན་པའི་རེ་འདུན་ཤུགས་ཆེ་གནང་ཡོད་པ་རེད།

ཁེ་ན་ཌའི་གྲོས་ཚོགས་ནང་བོད་དོན་དང་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཐོབ་ཐང་དགོས་པའི་གྲོས་འཆར་ཆེད་བཏོན།

ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Thanh Hai Ngo ལགས་ཀྱིས་ཡུལ་དེའི་གྲོས་ཚོགས་གོང་མའི་ནང་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དང་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཐོབ་ཐང་དགོས་པའི་གྲོས་ཆོད་གྲོས་འཆར་ཆེད་བཏོན་གནང་འདུག དེ་ཡང་ Canada Tibet Committee འམ་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པས་ཁ་སང་ཁེ་ན་ཌ་གྲོས་ཚོགས་གོང་མའི་ནང་ Ontario ས་གནས་ཀྱི་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Thanh Hai Ngo ལགས་ཀྱིས་ཁེ་ན་ཌ་གཞུང་ལ་འབོད་སྐུལ་གྱི་གྲོས་འཆར་ཞིག་བསྣམས་ཏེ་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དགོས་པ་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པ། བོད་མིའི་སྐད་ཡིག་དང་རིག་གཞུང་། འགྲུལ་སྐྱོད། བསམ་བློ། ཆོས་དད་རང་དབང་ལ་གུས་བརྩི། དེ་བཞིན་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་དགོས་པ་དང་བོད་མི་གང་བྱུང་དུ་འཛིན་བཟུང་མཚམས་འཇོག་དགོས་པ། ལྷག་པར་དུ་ཁེ་ན་ཌའི་མི་སེར་རྣམས་ལ་བོད་ནང་བཀག་སྡོམ་མེད་པར་འདྲ་མཉམ་འགྲུལ་སྐྱོད་ཀྱི་རང་དབང་དགོས་པའི་གནད་དོན་བཅས་ཀྱི་ཐོག་ཁེ་ན་ཌ་གཞུང་གིས་རྒྱབ་སྐྱོར་ཡོད་པའི་ཐོག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ་གནང་འདུག རྩ་བའི་སྐུ་ཞབས་ Thanh Hai Ngo ལགས་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཐུགས་ཁུར་ཆེ་བཞེས་གནང་མཁན་ཞིག་དང་ལོ་མང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད། ཁོང་ནས་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་ཡུལ་དེའི་སྲིད་བློན་ Trudeau མཆོག་རྒྱ་ནག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་བསྟུན། གྲོས་ཚོགས་འཐུས་མི་སྐུ་ཞབས་ Dennis Glen Patterson ལགས་ཀྱིས་སྣེ་ཁྲིད་འོག་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་གཞན་ཁག་གཅིག་དང་ལྷན་དུ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང། བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས། དེ་བཞིན་སྨན་པ་ཡེ་ཤེས་ཆོས་སྒྲོན་ལགས་གསུམ་གྱིས་དབུས་པའི་བོད་ནང་བོད་མི་ཆབ་སྲིད་བཙོན་པའི་གནས་སྟངས་ཐོག་རྟོག་ཞིབ་ཀྱི་ལས་དོན་དབུ་འཛུགས་གནང་མྱོང་ཡོད་པ་རེད།

ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་སུ་བོད་དོན་གླེང་སློང་གནང་བ།

ཉེ་ལམ་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་སུ་ཁུལ་དེའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Kevin Mileham མཆོག་གིས་ཚོར་ཤུགས་ཆེན་པོའི་ཐོག་ནས་རྒྱ་ནག་གི་སྐོར་གསུང་བཤད་གནང་སྐབས་བོད་ཀྱི་གནད་དོན་ཐོག་གླེང་སློང་གནང་བ་དང་འབྲེལ། ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་ཀྱི་དཀའ་ངལ་དེ་ལྷོ་ཨ་ཕི་རི་ཀ་རང་གི་མི་རིགས་ཚོས་སེལ་དགོས་པ་ལས་དེ་འབྲེལ་རྒྱ་ནག་དམར་ཤོག་ཚོགས་པ་ལྟ་བུ་ནས་སེལ་རྒྱུ་མེད་ཅེས་གསུངས་སོང་། སྐུ་ཞབས་ Kevin མཆོག་གིས་གྲོས་ཚོགས་སུ་རྒྱ་ནག་ནི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་དང། ང་ཚོོས་རྒྱ་ནག་ནས་སློབ་སྦྱོང་གནང་རྒྱུ་མང་པོ་ཡོད་ཀྱང། ངེས་པར་དུ་རྒྱ་ནག་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་དག་གི་འབྲེལ་ལམ་ཐད་ནོར་འཁྲུལ་གང་བྱུང་བ་དེར་ཐུགས་སྣང་གནང་དགོས་པ་དང་། འདས་པའི་ལོ་བཅུའི་ནང་རྒྱ་གཞུང་ནས་དབུལ་ཕོངས་མེད་པ་བཟོ་རྒྱུར་འབད་ཀྱང་། ཉེ་ཆར་ང་ཚོ་རྒྱ་ནག་གྲོང་གསེབ་ཁུལ་དུ་བསྐྱོད་སྐབས་མི་མང་པོ་ཞིག་དབུལ་ཕོངས་ཀྱི་གནས་བབས་ཐོག་གནས་ཡོད་པ་མཐོང་རྒྱུ་འདུག་པས་རྒྱ་ནག་ནང་དབུལ་ཕྱུག་དབར་བར་ཁྱད་ཆེན་པོ་ཡོད་པ་མངོན་གསལ་གནང་འདུག ཁོང་གིས་རྒྱ་གཞུང་གིས་ས་གནས་གང་སར་དམ་དྲག་ཇེ་ཆེར་བཏང་ནས་གདོང་རིས་ངོས་འཛིན་ཐུབ་པའི་འཕྲུལ་ཆས་དང།   ས་གནས་གང་སར་བསྐྱོད་མི་ཆོག་པའི་བཀག་སྡོམ། དེ་བཞིན་ཕྱི་རྒྱལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་མི་སེར་རྣམས་བོད་ནང་ཕེབས་སྐབས་རྒྱ་རིགས་ལམ་སྟོན་པ་གཅིག་ངེས་པར་དུ་མཉམ་དུ་བཏང་ཏེ་འགྲེལ་བརྗོད་གནང་ཡོད་པ་དང་རྒྱ་གཞུང་གིས་རྒྱའི་མངའ་ཁོངས་སུ་ཡོད་པའི་མི་རིགས་དག་གི་གཞུང་འཛིན་ལ་རང་སྐྱོང་ལྗོངས་ཟེར་ནས་མིང་བཏགས་ཀྱང་དོན་དངོས་ཐོག་རྒྱ་གཞུང་གིས་བཏང་འཛིན་བྱེད་ཀྱི་ཡོད་པ་དང་འབྲེལ། དེའི་ཁོངས་སུ་བོད་ཚུད་ཡོད་སྟབས་བོད་ལྟ་བུར་ཆ་མཚོན་ན་དེ་སྔ་རང་དབང་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང། ཕྱི་ལོ་ ༡༩༤༩༌༡༩༥༠ ལོར་རྒྱས་བོད་དུ་བཙན་འཛུལ་བྱས་ཡོད་སྐོར་དང། བོད་ཀྱི་རིག་གཞུང་། ངོ་བོ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་སོགས་ལ་རྒྱལ་སྤྱིའི་ཚོགས་པ་ནས་བློ་ཚབ་གནང་དགོས་པ་ཞིག་ཆགས་ཡོད་པ་གསུངས་འདུག དེ་བཞིན་ལྷོ་ཨ་ཕི་རི་ཀའི་ངོས་ནས་རྒྱ་ནག་གིས་གནོན་ཤུགས་འོག་བོད་མིའི་བླ་ན་མེད་པའི་དབུ་ཁྱིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་༸ཞབས་སོར་འཁོད་པར་མཐོང་མཆན་ཕུལ་མེད་སྐོར་དང། ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་ཀྱི་དཀའ་ངལ་དེ་ལྷོ་ཨ་ཕི་རི་ཀ་རང་གི་མི་རིགས་ཚོས་སེལ་དགོས་པ་ལས་དེ་འབྲེལ་རྒྱ་ནག་དམར་ཤོག་ཚོགས་པ་ལྟ་བུ་ནས་སེལ་རྒྱུ་མེད་ཅེས་གསུངས་སོང་། གཞི་རྩའི་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་དབང་ཤུགས་འོག་དཔལ་འབྱོར་གྱི་དཀའ་ངལ་འོག་ལྷུང་བའི་རྒྱལ་ཁབ་མང་པོ་ཞིག་ནས་རྒྱ་ནག་དང་ལག་སྦྲེལ་བྱས་པ་དང།  ལྷོ་ཨ་ཕི་ར་ཀར་ཆ་མཚོན་ན་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་ཐེངས་གསུམ་བསྐྱངས་མྱོང་ཡོད་ཀྱང་། ཉེ་བའི་ལོ་ཤས་ནང་རྒྱ་གཞུང་གིས་གནོན་ཤུགས་འོག་༸གོང་ས་མཆོག་ཆིབས་བསྒྱུར་བསྐྱང་སླད་མཐོང་མཆན་ཕུལ་མེད་པ་རེད།

Latest news