Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཁག་ཅིག་སྤེལ་འདུག

ད་ལྟའི་ཆར་ས་མཚམས་དང་ཚོང་འབྲེལ། དེ་བཞིན་ཏོག་དབྱིབས་རིམ་ནད། འགྲོ་བ་མིའི་ཐོབ་ཐང་སོགས་གནད་དོན་དུ་མ་དང་འབྲེལ་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པ་དང་བསྟུན་ཁ་ཉིན་རེས་གཟའ་སྤེན་པའི་ཉིན་བོད་རང་བཙན་ལས་འགུལ་བ་གསུམ་གྱིས་རྒྱ་ནག་གཞུང་ཚབ་མདུན་དུ་རྒྱ་ནག་གྱི་རྒྱལ་དར་མེར་བསྲེགས་བཏང་བ་སོགས་ཀྱི་ལས་འགུལ་སྤེལ་འདུགརྒྱལ་ས་ལྡི་ལིར་གནས་བཞུགས་བོད་རང་བཙན་ལས་འགུལ་བ་རྡོ་རྗེ་བཀྲིས་ལགས་དང་མིག་དམར་ཚེ་རིང་ལགས། ལེགས་ལྡན་ལགས་བཅས་ཀྱིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རྒྱ་ནག་གི་རྒྱལ་དར་མེར་སྲེག་བཞིན་བོད་རང་བཙན་གཙང་མ་ཡིན། བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་རེད། རྒྱ་ནག་གི་ཅ་དངོས་བེད་སྤྱོད་གནང་རྒྱུ་མེད། བོད་མི་རྣམས་རྒྱ་གར་གྱི་དམག་མི་དང་མི་མང་ཚོ་དང་མཉམ་དུ་ཡོད་ཅེས་སོགས་ཀྱི་འབོད་ཚིག་བསྒྲགས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་འདུག སྐབས་དེའི་ལས་འགུལ་ཁྲོད་ཁོང་རྣམ་པ་ས་གནས་རྒྱ་གར་ཉེ་རྟོག་པས་འཛིན་བཟུང་གིས་ Chanakyapuri ཉེན་རྟོག་ལས་ཁུངས་སུ་བཙོན་འཇུག་རྗེས་གློད་བཀྲོལ་བཏང་འདུག བོད་རང་བཙན་ལས་འགུལ་བ་རྡོ་རྗེ་བཀྲིས་ལགས་ཀྱིས་ད་ལྟའི་ཆར་ཏོག་དབྱིབས་རིམ་ནད་དང་ས་མཚམས་གནད་དོན། དེ་བཞིན་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་གཏན་འབེབས་དང་འབྲེལ་རྒྱལ་སྤྱིའི་ངོས་ནས་རྒྱ་ནག་ལ་གཟིགས་སྟངས་ཡག་པོ་མེད་པ་མ་ཟད། ཆབ་སྲིད་ཀྱི་འཁོར་ཡུག་འཁྲུག་པོ་ཞིག་ཆགས་ཡོད་པར་བརྟེན་བོད་མིའི་ངོས་ནས་ནང་ཁུལ་གྱི་ལྟ་སྤྱོད་སོགས་ལ་དབུ་མ་འཁོར་བར་གོ་སྐབས་དམ་འཛིན་གྱིས་ལས་འགུལ་སྤེལ་དགོས་གལ་ཡིན་པ་གསུངས་སོང་།  དེ་བཞིན་ཁ་ཉིན་ཡོ་རོབ་རྒྱལ་ཁབ་ཕ་རན་སིའི་རྒྱལ་ས་ Paris ནང་དུ་ནེ་ཇོང་ཀོང་གི་སློབ་ཕྲུག་དང་འགྲོ་བ་མིའི་ཐོབ་ཐང་རྒྱབ་སྐྱོར་བ་སོགས་ནས་ཉེ་ཆར་རྒྱ་ནག་གཞུང་གིས་ཧོང་ཀོང་རང་སྐྱོང་གི་གནས་བབས་ལ་ཐེ་བྱུས་དང་། ལྷག་པར་དུ་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་གཏན་འབེབས་བྱས་པར་ངོ་རྒོལ་དང་སྦྲགས། གོམ་བགྲོད་གནང་སྟེ་ཞི་རྒོལ་སྐད་འབོད་གནང་འདུག་པ་དང་། དེའི་ནང་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ནས་མཉམ་ཞུགས་གནང་འདུགཁ་སང་རེས་གཟའ་ཉི་མའི་ཉིན་ཉི་ཧོང་ཡུ་གུར་ཚོགས་པ་དང་ཉི་ཧོང་ཧོང་ཀོང་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱིས་གོ་སྒྲིགས་ཐོག་ཉི་ཧོང་གི་རྒྱལ་ས་ Tokyo ནང་དུ་ཧོང་ཀོང་བསྐྱར་གསོ་བྱེད་དགོས། ཐེ་ཝན་རྒྱ་ནག་དང་ཟླ་སྒྲིལ་གཏོང་རྒྱུའི་བསམ་བློ་དོར་དགོས། མནར་གཅོད་དང་བཙན་གནོན་རིགས་མཚམས་འཇོག་དགོས་པ་སོགས་ཀྱི་ཕྲེད་དར་དང་འབོད་ཚིག་སྒྲོག་བཞིན་རྒྱ་གཞུང་ལ་ངོ་རྒོལ་དྲག་པོ་གནང་འདུག སྐབས་དེའི་ལས་འགུལ་ནང་ས་གནས་མི་མང་དང་བོད་མི། ཡུ་གུར་བ། ནེ་ཇོང་ཀོང་དང་ཐེ་ཝན། ནང་སོག་བཅས་ཀྱི་མི་སེར་རྣམས་མཉམ་ཞུགས་གནང་འདུགདེ་འབྲེལ་གསར་འགོད་བསྒྲགས་གཏམ་སྤེལ་བར་ཉེ་ཆར་གཏན་འབེབས་བྱས་པའི་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་དེ་ངོས་ལན་མེད་པ་དང་ད་ཆ་རྒྱ་གཞུང་གི་སྲིད་བྱུས་འོག་ཧོང་ཀོང་དང་ཤིན་ཅང་ཙམ་མ་ཟད་བོད་དང་ནང་སོག་ཁུལ་གྱི་མང་ཚོགས་རྣམས་ཀྱང་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་སོགས་འགྲེལ་བརྗོད་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་དགའ་ཞེན་ཆེ་བའི་རྒྱལ་སྤྱིའི་མང་ཚོགས་ནས་ཆིག་སྒྲིག་ཐོག་རྒྱ་ནག་ལ་ངོ་རྒོལ་གནང་དགོས་པ་སོགས་གསུངས་འདུགགཞི་རྩའི་ད་ཆར་རྒྱལ་སྤྱིའི་ཁྱོན་དུ་རྒྱ་ནག་གཞུང་གི་བྱེད་བབས་ལ་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་དུ་མ་སྤེལ་བཞིན་པ་ལྟར། ཉེ་ཆར་ཕྱི་ཚེས་ ༡༠ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཀོད་ཁྱབ་འོག་བཞུགས་སྒར་གཙོས་རྒྱལ་སྤྱིའི་ཁྱོན་དུ་ཉིན་བརྒྱ་དུས་གཅིག་ལ་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་པའི་གཞི་རྒྱ་ཆེ་བའི་ལས་འགུལ་ སྤེལ་ཡོད་པ་རེད།

རྒྱ་དཀར་ནག་དབར་སྤུན་མཆེད་ཀྱི་འདུ་ཤེས་ཡོད་ཚུལ་བརྗོད་དོན་ལྟར་ཕྱག་བསྟར་གནང་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་དཀར་ནག་གཉིས་དབར་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་བ་ཡོད་པ་མ་ཟད་དུས་ད་ལྟའང་ཆོས་ཡོན་སོགས་ཀྱི་འབྲེལ་བ་ཆེན་པོ་ཡོད་པ་ལྟར། རྒྱལ་ཁབ་ཕྱོགས་གཉིས་ཀའི་ངོས་ནས་མཐའ་མཚམས་སྲུང་སྐྱོབ་ལ་འགྲོ་གྲོན་ཕོན་ཆེན་པོ་བཏང་བ་ལས་ཕན་ཚུན་ཞི་བདེ་མཉམ་གནས་གོང་འཕེལ་སླད་འགྲོ་གྲོན་མང་ཙམ་གཏང་དགོས་པར་ལམ་སྟོན་བསྩལ་བ་དང་སྦྲགས། Hindi Chini Bhai Bhai ཞེས་རྒྱ་གར་དང་རྒྱ་ནག་དབར་སྤུན་མཆེད་ཀྱི་འདུ་ཤེས་ཡོད་ཚུལ་བརྗོད་དོན་ལྟར་དོན་འཁྱོལ་ཕྱག་བསྟར་གནང་དགོས་གལ་ཡིན་པར་བཀའ་སློབ་བཀྲིན་ཆེ་བ་བསྩལ་འདུགཁ་སང་ Time བརྒྱུད་ལམ་གྱིས་གོ་སྒྲིགས་གནང་བའི་ Time 100 Talks ཞེས་པའི་དྲྭ་རྒྱའི་ལས་རིམ་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ཁྲོད་སེམས་ཞི་བར་གནས་ཐབས་དང་ཨ་རི་གཙོས་འཛམ་གླིང་ནང་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ། དེ་བཞིན་ཁོར་ཡུག་དང་རྒྱ་དཀར་ནག་གཉིས་དབར་ས་མཚམས་དང་འབྲེལ་དཀའ་རྙོག་བཅས་ཀྱི་གནད་དོན་ཐོག་བཀའ་འདྲི་དགོངས་སྐོར་ཁག་ཅིག་ཞུས་ཡོད་པ་དང་། ༸གོང་ས་མཆོག་གིས་རྒྱ་དཀར་ནག་གཉིས་དབར་ས་མཚམས་རྩོད་རྙོག་དང་འབྲེལ་བའི་བཀའ་འདྲིར་རྒྱ་གར་དང་རྒྱ་ནག་གཉིས་ཀ་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཡིན་པ་དང་། དེ་བཞིན་གཅིག་ནི་མང་གཙོའི་རྒྱལ་ཁབ་དང་གཞན་དེ་དམར་ཤོག་རྒྱལ་ཁབ་ཡིན་པའི་ཆ་ནས་ཕན་ཚུན་འགྲན་བསྡུར་བཅས་ཀྱི་ཁྲོད་རྒྱལ་ཁབ་ནང་ཁུལ་ལ་རྩོད་རྙོག་ཕྲན་བུ་ཡོང་སྲིད་ཀྱང་། ལོ་རྒྱུས་ལ་བལྟས་ནས་རྒྱ་ནག་དེ་ནང་པའི་རྒྱལ་ཁབ་ཅིག་དང་རྒྱ་གར་ནི་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་གང་ཉིད་༸སྐུ་འཁྲུངས་སའི་ཞིང་ཁམས་ཆགས་ཀྱི་ཡོད་པ་ལྟར་སངས་རྒྱས་ཀྱི་ཆོས་བོད་སྒྱུར་མ་གནང་གོང་དུ་རྒྱ་སྐད་ནང་བསྒྱུར་ཟིན་པ་སོགས་བཀའ་བསྩལ་ཏེ་རྒྱལ་ཁབ་ཕྱོགས་གཉིས་དབར་ཡུན་རིང་ནས་ཆོས་ཡོན་སོགས་ཀྱི་འབྲེལ་བ་ཆེན་པོ་ཡོད་པ་ལྟར་དུས་ད་ལྟའང་རྒྱ་ནག་གི་ནང་པ་མང་པོ་ལོ་ལྟར་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་ལ་གནས་སྐོར་དུ་ཡོང་བཞིན་ཡོད་པ་སོགས་ལུང་འདྲེན་དང་འབྲེལ། གང་ལྟར་ཕན་མཚུན་མཉམ་གནས་གནང་དགོས་གལ་ཡིན་སྟབས་རྒྱལ་ཁབ་ཕྱོགས་གཉིས་ཀའི་ངོས་ནས་ས་མཚམས་སྲུང་སྐྱོབ་ཆེད་དུ་འགྲོ་གྲོན་ཕོན་ཆེ་བཏང་བ་ལས་ཕན་མཚུན་ཞི་བདེའི་ངང་མཉམ་གནས་ཐུབ་ཐབས་དང་ཡར་རྒྱས་ཀྱི་ཆེད་དུ་འགྲོ་གྲོན་བཏང་དགོས་པ་དང་། ལྷག་པར་དུ་དེ་སྔ་ ། Hindi Chini Bhai Bhai ཞེས་རྒྱ་གར་དང་རྒྱ་ནག་དབར་སྤུན་མཆེད་ཀྱི་འདུ་ཤེས་ཡོད་ཚུལ་བརྗོད་དོན་ལྟར་དོན་འཁྱོལ་ཕྱག་བསྟར་གནང་དགོས་གལ་ཡིན་པར་བཀའ་སློབ་བཀྲིན་ཆེ་བ་བསྩལ་འདུགདེ་བཞིན་དེང་སྐབས་ཨ་རི་ནང་མི་རིགས་ནག་པོའི་གནད་དོན་དང་འབྲེལ་མི་རིགས་དབྱེ་འབྱེད་ཀྱི་ངལ་བ་འཕྲད་བཞིན་སྐོར་དང་འབྲེལ་བཀའ་འདྲི་ཞུས་པར་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་ཡོང་དང་མི་ཡོང་ཞེས་པ་དེ་གང་ཟག་སྒེར་གྱི་ཕྱག་ཏུ་ཡོད་པ་དང་། གཞུང་གི་ངོས་ནས་མང་ཚོགས་ཀྱི་བསམ་བློར་དོ་སྣང་གནང་སྟེ་དེ་འབྲེལ་ངལ་བ་མི་འཕྲད་པར་ཐུགས་ཁུར་བཞེས་གནད་ཡིན་པ་བཀའ་བསྩལ་བ་དང་ཆབས་ཅིག དེང་སྐབས་མང་གཙོའི་དུས་རབས་ཤིག་ཡིན་སྟབས་མང་ཚོགས་ལ་ཐག་གཅོད་གནང་རྒྱུའི་འགན་དབང་ཡོད་པ་བཞིན་ནང་སེམས་ཀྱི་སློབ་སྦྱོང་ཡོད་པའི་ཐོག་ནས་མཐར་མང་ཚོགས་ནས་ཐག་གཅོད་གནང་རྒྱུ་ཡིན་པ་བཀའ་བསྩལ་འདུག༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཀྱི་མེད་ཀྱང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་དེ་དག་ཐུགས་བསྐྱེད་བཞིའི་ཁོངས་ནས་གཅིག་ཡིན་པ་ལྟར་ཐུགས་འགན་བཞེས་ཀྱི་ཡོད་པར་བརྟེན་བོད་དེ་འཛམ་གླིང་སྤྱི་ཡོངས་ཀྱི་ཁོར་ཡུག་གནས་སྟངས་དང་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད། ལྷག་དོན་ཨེ་ཤ་ཡའི་གླིང་ཆེན་གྱི་ཐུང་ཆུའི་མཛོད་ལྟ་བུ་ཡིན་སྟབས་འཛམ་གླིང་གི་ངོས་ནས་བོད་ཀྱི་ཁོར་ཡུག་གནད་དོན་ཐོག་ཐུགས་སྣང་ཆེ་ཙམ་གནང་དགོས་པ་བཀའ་བསྩལ་འདུགམགོན་པོ་མཆོག་གིས་ད་དུང་དེང་སྐབས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་ཆེས་ཛད་དྲག་གི་གནས་སྟངས་དང་འབྲེལ། རང་སྲོག་ལ་ལྟོས་མེད་ཀྱིས་འགྲོ་བ་མིའི་ཚེ་སྲོག་སྐྱོབ་མཁན་གྱི་སྨན་པ་དང་སྨན་ཞབས་རྣམས་ཀྱི་ཕྱག་ལས་ལ་ཡི་རང་བསྔགས་བརྗོད་མཛད་པ་དང་། དེ་སྔ་དུས་རབས་བརྒྱད་པའི་ནང་བོད་དུ་ཕེབས་པའི་རྒྱ་གར་གྱི་མཁས་གྲུབ་ཚོས་གལ་ཏེ་བཅོས་སུ་ཡོད་ན་དེར་ཧུར་བརྩོན་ཆེན་པོས་འབད་དགོས་པ་དང་། གལ་ཏེ་བཅོས་རྒྱུ་མེད་ཚེ་དེར་འབད་དོན་མེད་ཅེས་གསུངས་པ་ལྟར་དཀའ་ངལ་དེ་སེལ་རྒྱུ་ཡོད་ཚེ་ཧུར་བརྩོན་གནང་དགོས་པ་དང་དེ་ལྟར་མེད་ཚེ་དེའི་ཐོག་ངལ་བ་དང་སེམས་ཁྲལ་གནང་བ་དོན་མེད་ཡིན་པས་ཚང་མས་རེ་བ་མ་བརླག་པར་བཟང་ཕྱོགས་ཀྱི་ཐོག་ནས་དགོངས་པ་བཞེས་ནས་ངལ་བ་དག་ལ་གདོང་ལེན་གནང་དགོས་ཞེས་ལམ་སྟོན་མཛད་འདུགརྩ་བའི་ Time 100 Talks ཞེས་པའི་དྲྭ་རྒྱའི་ལས་རིམ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་རྒྱལ་སྤྱིའི་ཁྲོད་ཀྱི་ཆབ་སྲིད་མི་སྣ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་གྲགས་ཅན། དེ་བཞིན་ཁོར་ཡུག་ལས་འགུལ་བ། མི་རིགས་འདྲ་མཉམ་གྱི་ཐོབ་ཐང་རྩོད་ལེན་པ་སོགས་མི་སྣ་གྲགས་ཅན་ ༡༠༠ ཙམ་གདན་ཞུ་ཐོག་འཛམ་གླིང་ཞི་བདེ་ལྡན་པ་དང་མཉམ་གནས་ཐུབ་ཐབས་བསྐྲུན་གནད་སོགས་ཀྱི་བརྗོད་གཞིའི་ཐད་བཀའ་བསྡུར་གནང་ཡོད་པ་རེད།

ཨ་རིས་རྒྱ་ནག་གཞུང་འབྲེལ་གྱི་ལས་ཁུངས་གཅིག་དང་དཔོན་རིགས་བཞིར་ཉེས་ཆད་འགེལ་རྒྱུ་རེད་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེ་ཕྱག་བསྟར་བརྒྱུད་ཨ་རིའི་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ། དེ་བཞིན་སྲིད་དོན་པ་དང་གཞུང་འབྲེལ་ལས་བྱེད་སོགས་བོད་ནང་ཕེབས་རྒྱུར་བཀག་སྡོམ་བྱེད་མཁན་རྒྱ་གཞུང་གི་དཔོན་རིགས་ཚོ་ཨ་རིར་ཡོང་རྒྱུར་དམ་དྲག་གནང་རྒྱུ་ཡིན་པ་ཡོངས་གྲགས་གནང་ནས་ཉིན་གཉིས་སོང་མཚམས་སུ་ཨ་རི་གཞུང་ནས་ཡུ་གུར་གྱི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་སྲིད་བྱུས་དང་འབྲེལ་བ་ཡོད་པའི་རྒྱ་ནག་གཞུང་འབྲེལ་གྱི་ལས་ཁུངས་གཅིག་དང་དཔོན་རིགས་བཞིར་ཉེས་ཆད་འགེལ་རྒྱུ་ཡིན་པ་གསལ་བསྒྲགས་གནང་འདུགཁ་སང་ཕྱི་ཚེས་ ༩ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ཨ་རིའི་ Department of the Treasury ཞེས་ནོར་སྲིད་སྤྱི་ཁྱབ་ལྷན་ཁང་གཉིས་ཀྱིས་དེ་སྔ་ ༢༠༡༦ ཨ་རིའི་གྲོས་ཚོགས་སུ་གཏན་འབེབས་གནང་བའི་ Global Magnitsky Human Rights Accountability Act ཞེས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་འཁུར་ཐུབ་ཐབས་དང་འབྲེལ་བའི་ཁྲིམས་འཆར་དེ་དངོས་སུ་ཕྱག་བསྟར་བརྒྱུད་དེ་ཡུ་གུར་གྱི་ཁ་ཆེའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ཁག་རྡོག་རོལ་གཏང་མཁན་རྒྱ་ནག་གི་དཔོན་རིགས་བཞི་དང་རྒྱ་ནག་གཞུང་འབྲེལ་གྱི་ལས་ཁུངས་གཅིག་བཅས་དངོས་སུ་མིང་མངོན་གསལ་གྱིས་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུ་དང་ཨ་རིར་འགྲོ་ཆོག་པའི་མཐོང་མཆན་ལ་དམ་དྲག་གནང་རྒྱུ་ཡིན་པ་གསུངས་འདུག མིང་མངོན་གསལ་གནང་བའི་རྒྱ་ནག་གི་དཔོན་རིགས་བཞི་པོ་ནི་དེ་སྔ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་བྱེད་མྱོང་ཡོད་པ་ད་ལྟ་ཤིན་ཅང་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ Chen Quanguo དང་ཤིན་ཅང་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་ Zhu Hailun དེ་བཞིན་ཤིན་ཅང་རང་སྐྱོང་ལྗོངས་ཁོངས་སུ་ཆེད་འཛུགས་བྱས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་བདེ་ལས་ཁུངས་ཀྱི་དམར་ཤོག་དྲུང་ཆེ་དང་འགན་འཛིན་གཅིག་ལྕོགས་ Wang Mingshan ལས་ཁུངས་དེའི་དམར་ཤོག་དྲུང་ཆེ་ཟུར་པ་ Huo Liujun བཅས་ཡིན་པ་རེད།ཨ་རིའི་ཐག་གཅོད་དེའི་འོག་ཤིན་ཅང་རང་སྐྱོང་ལྗོངས་ཁོངས་སུ་ཆེད་འཛུགས་བྱས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་བདེ་ལས་ཁུངས་དང་དཔོན་རིགས་བཞི་པོ་རྣམས་ཀྱི་ས་ཁང་དང་། དཔལ་འབྱོར་སོགས་ཨ་རི་ནང་ཡོད་པ་རྣམས་བེད་སྤྱོད་བྱེད་མི་ཆོག་པ་དང་། ཁོང་རྣམ་པ་དང་དངོས་ཤུགས་བརྒྱུད་གསུམ་ནས་དཔལ་འབྱོར་དང་ཚོང་སོགས་ཀྱི་འབྲེལ་བ་ཡོད་པའི་ཨ་རིའི་གཞུང་འབྲེལ་ལས་ཁུངས་དང་གང་ཟག་སྒེར་རྣམས་ནས་ཀྱང་དེ་དག་དང་འབྲེལ་བ་གནང་མི་ཆོག་པ་བཟོས་འདུག།དེ་རྣམས་ཀྱིས་གཙོས་པའི་ནང་མི་ཉེ་འབྲེལ་རྣམས་ཨ་རིར་ཡོང་རྒྱུའི་མཐོང་མཆན་ལ་དམ་དྲག་གནང་གཏན་ཁལེ་འདུག གནད་དོན་དེ་དང་འབྲེལ་ཨ་རི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་ཨ་རིའི་ངོས་ནས་རྒྱ་ནག་གཞུང་གིས་ཤིང་ཅང་ནང་ལག་བསྟར་བྱེད་བཞིན་པའི་དྲག་པོའི་སྲིད་བྱུས་ཐད་ནམ་ཡང་ཁ་ཁུ་སིམ་པོ་བཞུགས་རྒྱུ་མིན་པ་དང་ལྷག་པར་དུ་དམར་ཤོག་ཚོགས་པའི་དྲུང་ཆེ་ Chen Quanguo ཡིས་ད་ལྟ་ཤིན་ཅང་ནང་ཙམ་མ་ཟད་དེ་སྔ་བོད་ནང་དྲག་པོའི་སྲིད་བྱུས་མང་དག་ཅིག་ལག་བསྟར་བརྒྱུད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྡོག་རོལ་མང་པོ་བཏང་མྱོང་མཁན་ཞིག་རེད་ཅེས་གསུངས་འདུགཨ་རིའི་ནོར་སྲིད་སྤྱི་ཁྱབ་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ Steven Mnuchin ལགས་ནས་ཨ་རིའི་ངོས་ནས་དཔལ་འབྱོར་གྱི་ནུས་ཤུགས་ཡོད་ཚད་ཆེད་འདོན་གྱིས་ཤིན་ཅང་གཙོས་འཛམ་གླིང་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོག་གཏང་མཁན་རྣམས་འགན་ཁུར་ལྡན་པ་ཞིག་བཟོ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུག གཞི་རྩའི་ད་རེས་ཨ་རི་གཞུང་ནས་རྒྱ་ནག་གི་དཔོན་རིགས་ཐོག་ཕྱག་བསྟར་གནང་བའི་ Global Magnitsky Human Rights Accountability Act ཞེས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་ཁུར་ཐུབ་ཐབས་དང་འབྲེལ་བའི་ཁྲིམས་འཆར་དེ་ཕྱི་ལོ་ ༢༠༡༢ ལོར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Ben Cardin ལགས་ཀྱིས་གྲོས་ཚོགས་སུ་འདོན་སྤེལ་གནང་རྗེས་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༡༢ ནང་གྲོས་ཚོགས་སུ་གཏན་འབེབས་དང་། དེ་ནས་ཕྱི་ལོ་ ༢༠༡༧ ལོར་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བསྐྱོད་ནས་ཁྲིམས་སུ་བཅད་པ་ཞིག་ཡིན་པ་དང་། ཁྲིམས་གཞི་དེའི་འོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏང་མཁན་རྒྱ་ནག་གི་དཔོན་རིགས་ཁག་ཅིག་མིང་མངོན་གསལ་གྱིས་ཉེས་ཆད་བཅད་པ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད།

རྒྱ་ནག་གི་བདེ་འཇགས་ཁྲིམས་གཞིར་ལན་འདེབས་དང་འབྲེལ་ཧོང་ཀོང་གི་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་བརྩི་མེད་བཏང་འདུག

ཨོ་སི་ཊོ་ལི་ཡའི་སྲིད་བློན་སྐུ་ཞབས་ Scott Morrison ལགས་ཀྱིས་རྒྱ་ནག་གིས་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་ཞེས་པ་ཞིག་གསར་དུ་ལག་བསྟར་བྱེད་བཞིན་པ་དེ་ནི་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་དང་ཡོངས་སུ་འགལ་བ་མ་ཟད་ཁུལ་དེའི་རང་སྐྱོང་གི་གནས་བབས་ལ་དོ་ཕོག་ཆེན་པོ་བཏང་ཡོད་པ་འགྲེལ་བརྗོད་དང་སྦྲགས། ཨོ་གླིང་གི་ངོས་ནས་ཧོང་ཀོང་དང་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་བརྩི་མེད་བཏང་བ་དང་། ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་ཧོང་ཀོང་མང་ཚོགས་ཀྱི་མཐོང་མཆན་དུས་འགྱངས་དང་ཚོང་གཉེར་བ་རྣམས་ཨི་གླིང་དུ་འཚོ་བ་བསྐྱར་འཛུགས་གནང་རྒྱུར་རྒྱབ་སྐྱོར་གནང་རྒྱུའི་འཆར་གཞི་ཡོད་སྐོར་གསུངས་འདུགཨོ་སི་ཊོ་ལི་ཡའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་གིས་ཨོ་སི་ཊོ་ལི་ཡའི་གཞུང་གིས་གནང་སྟངས་དེ་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐད་བྱུས་གནང་བར་སྐྱོན་བརྗོད་བྱས་པ་དང་ལྷག་དོན་ཨོ་གླིང་གཞུང་གིས་འཕྲལ་མར་དེ་ལྟར་གནང་མཚམས་འཇོག་དགོས་པའི་སྐུལ་མ་བྱས་འདུག རྩ་བའི་རྒྱ་ནག་གཞུང་གིས་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་ཟེར་བ་དེ་གཟའ་འཁོར་སྔོན་མའི་ནང་ཁྲིམས་སུ་བཅད་པ་ནས་བཟུང་ཨོ་སི་ཊོ་ལི་ཡ་ཙམ་མིན་པར་ཁེ་ན་ཌ་གཞུང་ངོས་ནས་ཀྱང་ཁྲིམས་གཞི་དེར་སེམས་འཚབ་དང་བཅས་ཧོང་ཀོང་དང་ཉེས་ཅན་པ་སྤྲོད་ལེན་གྱི་ཆིངས་ཡིག་བརྩི་མེད་བཏང་བ་མ་ཟད། དབྱིན་ཡུལ་གྱི་སྲིད་བློན་ Boris Johnson མཆོག་གིས་ཀྱང་རྒྱ་ནག་གིས་ཧོང་ཀོང་གི་ནང་དུ་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་དེ་ལག་བསྟར་བྱས་ན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གཞི་རྩའི་ཧོང་ཀོང་གི་རང་སྐྱོང་གི་གནས་བབ་ལ་དོ་ཕོག་ཆེན་པོ་འགྲོ་ངེས་ཡིན་སྟབས་དབྱིན་གཞུང་གིས་ཧོང་ཀོང་གི་མི་སེར་ས་ཡ་གསུམ་མ་ཟིན་ཙམ་ཡུལ་དེར་གཏན་སྡོད་བྱེད་ཆོག་པ་དང་རིམ་བཞིན་མི་སེར་བཞེས་རྒྱུའི་ཐོབ་ཐང་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།ཧོང་ཀོང་གི་ས་གནས་གཞུང་གི་ངོས་ནས་བདེ་འཇགས་ཀྱི་ཁྲིམས་གཞི་དེ་ནི་ཁུལ་དེའི་ནང་གི་བརྟན་ལྷིང་སྲུང་ཆེད་དགོས་ངེས་ཅན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། དཔྱད་ཞིབ་པ་རྣམས་ཀྱིས་ཁྲིམས་གཞི་དེའི་བརྒྱུད་རྒྱུན་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་དང་གཞུང་གི་ལྟ་སྤྱོད་དང་མི་མཐུན་མཁན་དག་ལ་ཉེས་ཆད་འགེལ་སླ་བ་ཆགས་ཡོད་སྐོར་གསུངས་པ་མ་ཟད། ད་ལྟའི་ཆར་ཁྲིམས་གཞི་དེའི་ནང་དོན་ཆ་ཚང་གསལ་ཁ་མེད་ཀྱང་ཁྲིམས་གཞི་དེའི་བརྒྱུད་ཕྱི་མི་དག་ཧོང་ཀོང་ནང་ཁྲིམས་མེད་ལུགས་མེད་ཀྱིས་དོ་དམ་བྱེད་ཐབས་ལ་སྤྱོད་སྲིད་པར་ཚོད་དཔག་གནང་བཞིན་པ་ལྟར། ད་ཆ་ཨོ་སི་ཊོ་ལི་ཡའི་གཞུང་དང་རྒྱལ་ཁབ་གཞན་ཁག་གཅིག་གིས་ཧོང་ཀོང་ནང་དུ་གནས་བཞུགས་ཡུལ་དེ་གའི་མི་སེར་རྣམས་ལ་ཡིད་གཟབ་གནང་དགོས་པའི་གཞེན་སྐུལ་གནང་དང་གནང་མུས་ཡིན་པ་རེད། གཞན་ཡང་ནིའུ་ཛར་ལན་ཌི་གཞུང་གི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Peters ལགས་ཀྱིས་རེས་གཟའ་ཕུར་བུ་ཉིན་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་དེར་ཧ་ཅང་གི་ཐུགས་འཁུར་ཡོད་ཅེས་གསུངས་པ་མ་ཟད་ New Zealand གཞུང་གི་ངོས་ནས་མུ་མཐུད་ཁྲིམས་གཞི་དེས་ཧོང་ཀོང་མང་ཚོགས་རྣམས་ལ་ཤུགས་རྐྱེན་ནམ་གནོན་ཤུགས་གང་ཐེབས་ཐོག་གཟིགས་རྟོག་ནན་པོ་གནང་གི་ཡིན་ཞེས་གསུངས་འདུག གཞི་རྩ་འི་ཨོ་གླིང་གཞུང་དང་ཧོང་ཀོང་དབར་གྱི་ཉེས་ཅན་རྩིས་སྤྲོད་དང་འབྲེལ་བའི་ཆིངས་ཡིག་ལོ་ངོ་བཅུའི་གོང་ནས་ཡོད་པ་ཞིག་ཆགས་ཀྱི་ཡོད་པ་རེད། ཨོ་གླིང་གཞུང་གི་ངོས་ནས་ད་རེས་ཆིངས་ཡིག་དེ་བརྩི་མེད་བཏང་བ་དང་འབྲེལ། ཡུལ་དེར་གནས་བཞུགས་ཧོང་ཀོང་གི་མང་ཚོགས་ཆིག་ཁྲི་ལྷག་ལ་ལོ་ལྔའི་རིང་མཐོང་མཆན་དུས་འགྱངས་དང་འབྲེལ་རིམ་པས་མི་སེར་གྱི་མཐུན་རྐྱེན་གནང་རྒྱུའི་ལམ་ཕྱོགས་བཟོས་ཡོད་པ་རེད།  

ཨ་རིའི་དཔོན་རིགས་དང་མི་སེར་ཚོ་རྒྱ་ནག་དང་བོད་དུ་ཕེབས་རྒྱུར་དམ་དྲག་བྱེད་ངེས་ཡིན་པ་བརྗོད་འདུག

ཁ་ཉིན་ཕྱི་ཚེས་ ༧ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་དེ་སྔ་ ༢༠༡༨ ལོར་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་སུ་གཏན་འབེབས་གནང་རྗེས་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་མཚན་རྟགས་བསྐྱོན་ནས་ཨ་རིའི་ཁྲིམས་སུ་གཏན་ལ་ཕབ་པའི་Reciprocal Access to Tibet Act ཞེས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེ་ཕྱག་བསྟར་བརྒྱུད་ཨ་རིའི་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ། དེ་བཞིན་སྲིད་དོན་པ་དང་གཞུང་འབྲེལ་ལས་བྱེད་སོགས་བོད་ནང་ཕེབས་རྒྱུར་བཀག་སྡོམ་བྱེད་མཁན་རྒྱ་གཞུང་གི་དཔོན་རིགས་ཚོ་ཨ་རིར་ཡོང་རྒྱུར་དམ་དྲག་གནང་རྒྱུ་ཡིན་པ་ཡོངས་གྲགས་གནང་ཡོད་པ་རེད།གནད་དོན་དེ་དང་འབྲེལ་ཁ་སང་རྒྱ་ནག་གཞུང་འབྲེལ་གྱི་ཉིན་རེའི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Zhao Lijian ཡིས་ཨ་རིས་བོད་དང་འབྲེལ་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐད་བྱུས་གནང་རྒྱུ་ངེས་པར་དུ་མཚམས་འཇོག་བྱས་ཏེ་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་བཟང་དུ་གཏང་རྒྱུར་དོ་སྣང་གནང་དགོས་ཞེས་བརྗོད་པ་དང་ཆབས་ཅིག ཨ་རིས་བོད་ཀྱི་གནད་དོན་དང་འབྲེལ་རྒྱ་ནག་གི་དཔོན་རིགས་ཚོ་ཨ་རི་ནང་བསྐྱོད་རྒྱུའི་མཐོང་མཆན་གནང་རྒྱུ་མིན་སྐོར་བརྗོད་པ་དེར་རྒྱ་ནག་ཕྱོགས་ནས་ཀྱང་བོད་དོན་འབྲེལ་བ་དམ་ཟབ་ཡོད་པའི་ཨ་རིའི་གཞུང་འབྲེལ་མི་སྣ་དང་མི་སྒེར་རྣམས་རྒྱ་ནག་དང་བོད་ནང་ཕེབས་རྒྱུར་དམ་དྲག་བྱེད་ངེས་ཡིན་ཞེས་ལན་འདེབས་བྱས་འདུགཁོ་པས་ད་དུང་རྒྱ་ནག་གི་ངོས་ནས་བོད་འདི་རྒྱལ་སྤྱིའི་གཞུང་ཚབ་དང་ཡུལ་སྐོར་སྤྲོ་འཆམ་པ་ཚོར་དུས་རྟག་ཏུ་སྒོ་ཕྱེ་ཡོད་པ་མ་ཟད་ཕྱི་ལོ་ ༢༠༡༥ ནས་ ༢༠༡༨ བར་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁོ་ནའི་ནང་གཞུང་ཚབ་པ་དང་ཡུལ་སྐོར་སྤྲོ་འཆམ་པ་ ༡༧༦༠༠༠  ལྷག་བཏང་ཡོད་པར་འགྲེལ་བརྗོད་དང་སྦྲགས། ད་རེས་ཨ་རིས་ཕྱག་བསྟར་གནང་རྒྱུའི་ཁྲིམས་འཆར་དེ་ནི་གནང་སྟངས་ཡག་པོ་ཞིག་མིན་པ་དང་། རྒྱ་ནག་ནས་བོད་ཐོག་འགྲོ་སྐྱོད་ཆོག་མིན་དང་འབྲེལ་བའི་སྒྲིག་ཁྲིམས་གཏན་འབེབས་ཡོད་པ་དེ་བོད་ཀྱི་ས་བབས་གནས་སྟངས་ལ་གཞིགས་ཏེ་ཕྱི་མིའི་བདེ་འཇགས་ལ་ཆེད་དམིགས་ཀྱིས་བཟོས་པ་ཞིག་རེད་ཅེས་བརྗོད་འདུགརྒྱ་གཞུང་གི་ཡར་ལན་དེ་དང་འབྲེལ་ཁ་སང་གསར་འགོད་པ་ཁག་ཅིག་ནས་ཨ་རི་ཕོ་བྲང་དཀར་པོའི་གསར་འགོད་ལྷན་ཚོགས་སྐབས་གསར་འགོད་དྲུང་ཆེ་ Kayleigh McEnany ལགས་སུ་བཀའ་འདྲི་ཁག་ཅིག་ཞུ་སྐབས་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་ནས་རྒྱ་ནག་གི་བྱ་སྤྱོད་ཡར་ལན་སོགས་ཀྱི་ཐད་ཕྱག་བསྟར་གནང་རྒྱུའི་སྲིད་བྱུས་དང་འཆར་གཞི་ཁག་ཅིག་གཏན་འབེབས་གནང་ཡོད་པས་དེ་དག་རིམ་པས་མཁྱེན་རྟོགས་ཡོང་གི་རེད་ཅེས་གསུངས་ཡོད་པ་ལས་དེ་མིན་ཕྱག་བསྟར་གནང་རྒྱུའི་འཆར་གཞི་གང་དག་ཡོད་མེད་ཁ་གསལ་གནང་མེད་པ་རེད།གཞི་རྩའི་རྒྱ་ནག་གཞུང་ནས་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱལ་སྤྱིའི་གཞུང་ཚབ་མི་སྣ་དང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་རང་དབང་ཐོག་བསྐྱོད་རྒྱུར་དམ་དྲག་བྱེད་བཞིན་པ་དེ་ནི་དངོས་ཡོད་གནས་སྟངས་ཤིག་ཡིན་པ་དང་། གལ་སྲིད་གཞུང་ཚབ་མི་སྣ་གཙོས་ཕྱི་མི་ཞིག་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱིས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་རྒྱུའི་ཆོག་མཆན་སྤྲད་དབང་དུ་བཏང་ཡང་ས་གནས་རྒྱ་གཞུང་ལས་བྱེད་ཚོས་ཁོང་ཚོར་ལྟ་སྲུང་ནན་པོ་བྱས་ནས་བོད་མི་དང་ཐུག་འཕྲད་གནང་རྒྱུར་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་རེད།ཁ་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ཕྱག་བསྟར་བརྒྱུད་རྒྱ་གཞུང་གི་དཔོན་རིགས་ཚོ་ཨ་རིར་ཡོང་རྒྱུར་དམ་དྲག་གནང་རྒྱུ་ཡིན་པ་ཡོངས་ཁྱབ་གནང་བ་དང་འབྲེལ། དེ་སྔ་ཁྲིམས་དེ་ཨ་རིའི་གྲོས་ཚོགས་སུ་ཆེད་འདོན་གནང་མཁན་ཁོངས་སུ་ཡོད་པ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་ནས་དགའ་བསུ་དང་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་གཏང་མཁན་རྒྱ་ནག་གི་དཔན་རིགས་ཚོ་ཨ་རི་ནང་རང་དབང་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་ཡོད་མ་རེད་ཅེས་ནན་བརྗོད་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་ཁ་སང་རྒྱ་གར་གྱི་ Republic གསར་ཁང་གི་བཅར་འདྲི་ཐོག་ཨ་རིས་རྒྱ་གཞུང་གི་དཔོན་རིགས་ཚོ་ཨ་རིར་ཡོང་རྒྱུར་དམ་དྲག་གནང་རྒྱུ་ཡིན་པ་ཡོངས་ཁྱབ་གནང་བ་དེ་ནི་དགའ་བསུ་ཞུ་འོས་པ་དང་རྒྱལ་སྤྱིར་བསྒྲགས་ཆོག་པའི་བརྡ་ལན་ཞིག་ཀྱང་རེད་ཅེས་གསུངས་འདུགསྲིད་སྐྱོང་མཆོག་ནས་ད་དུང་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་རྒྱལ་སྤྱིའི་མང་ཚོགས་ནས་བློ་འཚབ་ཀྱིས་དོ་སྣང་ཆེན་པོ་གནང་བཞིན་ཡོད་པ་མ་ཟད། ཉེ་ཆར་ཡོ་རོན་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ཆེ་མཐོའི་ལྷན་ཚོགས་ཐོག་བོད་དོན་གླེང་བ་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྱད་ལས་པ་ ༥༠ ཐུན་མོང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་ཞིབ་འཇུག་ཆེད་ཕེབས་འདོད་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་སོགས་གསུངས་ཡོད། དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་དང་འབྲེལ་ལོ་རྒྱུས་ཐོག་རྒྱ་གར་དང་རྒྱ་ནག་དབར་གྱི་ས་མཚམས་ཞེས་པ་ཞིག་མེད་པ་དང་། བོད་དང་རྒྱ་གར་གཉིས་དབར་ས་མཚམས་ཞེས་པ་ཞིག་ཡོད་སྟབས། གསར་ཁང་ཁག་གིས་གཙོས་པའི་ཉམས་ཞིབ་པ་རྣམས་ནས་རྒྱ་དཀར་ནག་མིན་པར་བོད་དང་རྒྱ་གར་གྱི་ས་མཚམས་ཞེས་བེད་སྤྱོད་གནང་དགོས་པ་དང་། བོད་མི་རྣམས་དུས་རྟག་ཏུ་རྒྱ་གར་དང་ལྷན་དུ་ཡོད་ཅེས་གསུངས་འདུགགཞི་རྩའི་ད་ལྟའི་ཆ་ས་མཚམས་དང་ཚོང་འབྲེལ། དེ་བཞིན་ཏོག་དབྱིབས་རིམས་ནད་དང་འགྲོ་བ་མིའི་ཐོབ་ཐང་སོགས་གནད་དོན་དུ་མ་ཞིག་གི་ཐད་ནས་རྒྱ་ནག་ལ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པ་མ་ཟད། ལྷག་པར་དུ་ཨ་རིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེ་ཕྱག་བསྟར་དུ་འཛུགས་གནང་མུས་ཀྱི་དུས་སྐབས་འདིར་དབྱིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས Tim Loughton ལགས་ཀྱིས་དབྱིན་ཡུལ་གྲོས་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏང་མཁན་རྒྱ་ནག་གི་དཔོན་རིགས་རྣམས་དབྱིན་ཡུལ་ནང་ཡོང་རྒྱུར་བཀག་སྡོམ་གནང་དགོས་པའི་གླེང་སློང་དང་། དབྱིན་ཡུལ་སྲིད་གཞུང་གིས་ཀྱང་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་གཏན་འབེབས་གནང་དགོས་པའི་གཞེན་སྐུལ་གནང་ཡོད།

ཁེ་ན་ཌའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་བོད་དོན་ལས་འགུལ་བར་རྒྱབ་སྐྱོར་གནང་བ། 

ཁ་སང་བོད་དོན་ཞི་བའི་གོམ་བགྲོད་པ་སངས་རྒྱས་སྐྱབས་ལགས་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཁྲ་བཱར་འབྱོར་ཏེ་ཁུལ་དེའི་གྲོས་ཚོགས་ཀྱི་འཐུས་མི། སྐུ་ཞབས་ Garnett Genuis དང་Arif Virani ལགས་གཉིས་སུ་མཇལ་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་ཞུ་སྐུལ་གནང་འདུག གཞི་རྩའི་ཁ་སྔོན་ཟླ་བ་སྔོན་མའི་ཚེས་ ༢༨ ཉིན། ནུབ་གླིང་གི་རྒྱལ་ཁབ་ཁེ་ན་ཌར་རྟེན་གཞི་བྱས་པའི་བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱིས།  བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་ལྔ་བདག་གིར་བཞེས་པའི་འཁྲུངས་སྐར་དང་བསྟུན་ཁེ་ན་ཌའི་ཁྲོ་རན་ཊོ་ནས་གྲོང་ཁྱེར་ནས་རྒྱལ་ས་ཨོ་ཁྲ་བཱ་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་བ་ལྟར།  ཁ་སང་ ཁེ་ན་ཌའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་ཨོ་ཁྲ་བཱའི་ནང་ཁོང་དང་དངོས་སུ་མཇལ་འཕྲད་གནང་སྟེ་ཁོང་གི་བོད་དོན་གྱི་ཞི་བའི་གོམ་བགྲོད་དེར་རྒྱབ་སྐྱོར་ཡོད་པར་ཡོངས་གྲགས་གནང་འདུག སྐབས་དེར་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས།  Arif Virani ལགས་ཀྱིས་བརྙན་ལམ་བརྒྱུད་དེ་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱིས་འདས་བའི་ཉིན་བརྒྱད་ཀྱི་རིང་ལ་ཁེ་ན་ཌའི་ཁྲོ་རན་ཊོ་ནས་གྲོང་ཁྱེར་ནས་རྒྱལ་ས་ཨོ་ཁྲ་བཱ་བར་ཞི་བའི་གོམ་བགྲོད་གནང་ནས་ཁོང་ལ་མཇའ་འཕྲད་དུ་ཡོང་བ་ཞིག་ཡིན་སྐོར་ངོ་སྤྲོད་ཀྱིས།  ཁོང་ཉིད་གྲོས་ཚོགས་ཀྱི་འཐུས་མི་ཞིག་དང་། དམིགས་བསལ་དུ་ཁེ་ན་ཌ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡིན་པས་ཆ་ནས། སངས་རྒྱས་སྐྱབས་ལགས་ཀྱི་དགོས་འདུན་དོན་ཚན་ཁག    ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཆེད་དྲང་བདེན་གྱི་ཐོག་ནས་ཞི་བའི་གྲོས་མོལ་གནང་དགོས་པ། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྒྱབ་སྐྱོར་དགོས་པ། བོད་མི་ཆབ་སྲིད་བཙོན་པ་དགུང་ལོ་ཆུང་ཤོས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་བཀྲིས་དབང་ཕྱུག་ལགས་དང་དེ་མིན་བོད་མིའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་བཅས་ཀྱི་དགོས་འདུན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པར་གསུངས་འདུག སྐབས་དེར་སྐུ་ཞབས་ Arif Virani ལགས་ཀྱིས། སངས་རྒྱས་སྐབས་ལགས་སུ་ཁོང་གིས་ཐེངས་འདིར་ཞི་བའི་གོམ་བགྲོད་གནང་བ་དེ་གལ་ཆེན་པོ་ཅི་ཙམ་ཡིན་སྐོར་བཀའ་འདྲི་ཞུས་པར་ཁོང་གིས།  འདི་ལོར་བོད་མིའི་བླ་མ་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་ལྔ་བདག་གིར་བཞེས་པའི་འཁྲུངས་སྐར་དང་སྟབས་བསྟུན་གྱིས་ཁོང་གིས་དམིགས་བསལ་གྱི་བོད་དོན་གྱི་ལས་འགུལ་དེ་དབུ་འཛུགས་གནང་བ་ཞིག་ཡིན་སྐོར་དང་སྦྲགས། རྒྱ་ནག་གི་བཙན་དབང་གི་འོག་ཏུ་ཡོད་པའི་རང་རིགས་བོད་མི་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱེད་ཆེད་དུ་ཡིན་པར་གསུངས་ཏེ། རྩ་བའི་གོམ་བགྲོད་ཀྱི་ལམ་ཐག་རིང་པོ་ཡོད་ནའང་།  ལས་འགུལ་དེ་ལེགས་འགྲུབ་བྱུང་བས་དགའ་སྤྲོ་སྐྱེ་བཞིན་ཡོད་སྐོར་གྱི་ལན་འདེབས་གནང་འདུགདེ་བཞིན་སྐབས་དེར་གྲོས་ཚོགས་འཐུས་མི། སྐུ་ཞབས་ Garnett Genuis ལགས་ཀྱིས་ཀྱང་། ཚ་གདུང་ཆེ་བའི་དུས་སྐབས་དེར། བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱིས་དཀའ་སྡུག་ལ་མ་འཛེམ་པར་ལམ་ཐག་རིང་པོ་བརྒྱུད་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བར་བསྔགས་བརྗོད་ཡོད་པ་དང་། ཁོང་གི་དགོས་འདུན་དོན་ཚན་ཁག་ལ་གསལ་བ་བཞིན། འཐུས་མི་ཁོང་གི་ངོས་ནས་ཀྱང་གང་མགྱོགས་བོད་རྒྱ་ཞི་མོལ་ཡོང་བ་དང་། བོད་ནང་གི་དྲང་བདེན་མ་ཡིན་པའི་དཀའ་སྡུག་ཁག་མཚམས་འཇོག་ཡོང་བར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུངས་འདུག གཞི་རྩའི་བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ནི་ལོ་རབས་བརྒྱད་བཅུའི་སྨད་དུ་བོད་མདོ་སྨད་མཛོད་དགེ་རྩྭ་ཐང་དུ་སྐྱེས་བ་ཞིག་ཡིན་པ་དང་། ཕྱིས་སུ་རྒྱ་གར་དུ་འབྱོར་ནས་སུ་ཇཱ་སློབ་གྲྭར་དབྱིན་བོད་རྩིས་གསུམ་ལ་སློབ་སྦྱོང་གང་ལེགས་གནང་རྗེས་ཕ་ཡུལ་དུ་ལོག་རྩིས་བྱས་ནའང་། རྒྱ་ནག་གི་ཁོང་བོད་ནང་དུ་ལོག་ཆོག་པའི་འགྲུལ་སྐྱོད་ཀྱི་ལམ་ཡིག་མ་སྤྲད་པར་བརྟེན། ༢༠༡༥ ཡས་མས་སུ་ཁོང་ཁེ་ན་ཌའི་ནང་དུ་ཕེབས་ཡོདཔ་དང་། ད་ཆ་ཁོང་གིས་རེས་གཟའ་ལྷག་པ་ནམ་ཡིན་ལ་འཆར་ཅན་ཁུལ་དེའི་རྒྱ་ནག་གི་གཞུང་ཚབས་ཁང་གི་མདུན་དུ་བོད་དོན་གྱི་ལས་འགུལ་སྤེལ་ནས་ལོ་གསུམ་མ་ཟིན་ཙམ་འགྲོ་མུས་ཡིན་པ་ལྟར། འདི་ལོའི་འཁྲུངས་སྐར་དང་སྟབས་བསྟུན་གྱིས་ཁོང་གིས་བོད་དོན་གྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་སྟེ། ཁ་སང་གྲོས་ཚོགས་ཀྱི་འཐུས་མི་གཉིས་དང་མཇལ་འཕྲད་གནང་རྗེས། རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ཉིན་གཅིག་གི་རིང་ཟས་བཅད་ངོ་རྒོལ་གནང་ཡོད་པ་རེད།  མི་འགྱངས་བར་ཁོང་སླར་ཡང་གྲོང་ཁྱེར་ཨོ་ཁྲ་བ་ནས་གྲོང་ཁྱེར་ཁྲོ་རོན་ཊོ་རུ་མུ་མཐུད་དུ་གོམ་བགྲོད་ཀྱིས་བོད་དོན་ལས་འགུལ་མཇུག་སྐྱོང་གནང་རྒྱུ་རེད་འདུག

སྐོར་སྲུང་བའི་ལས་དོན་གཉེར་སྐབས་རྩུབ་པོ་བྱེད་དགོས་བྱུང་ཡང་ཀུན་སློང་རྣམ་དག་ཁྱེར་དགོས།

དེ་རིང་ཕྱི་ཟླ་ ༧ ཚེས་ ༨ ཉིན་གྱི་སྔ་དྲོ་ཚོུད་ ༡༠ མ་ཟིན་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་ཐད་གཏོང་བརྒྱུད་ཨིན་ཇིའི་རྒྱལ་ས་ལོན་ཌན་གྱི་སྐོར་སྲུང་བ་དང་ལས་བྱེད་ཁག་ཅིག་དང་ལྷན་གསུང་མོལ་གྱི་མཛད་འཕྲིན་ཞིག་བསྐྱངས་སོང་བ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་ཕྱི་ལོ་ ༡༩༠༤ ལོར་དབྱིན་ཇིའི་དམག་མི་ Francis Young husband བོད་དུ་ཕེབས་ཞུགས་གནང་བའི་ལོ་རྒྱུས་དང་། ལྷག་པར་དུ་དབྱིན་ཇིའི་དམག་མི་ཚོ་ལྷ་སར་ཡོང་སྐབས་མགོན་པོ་༸གང་ཉིད་མཆོག་ལ་ཕྱག་རྟགས་སུ་རྩེད་ཆས་ཕུལ་སྲོལ་ཡོད་པ་སོགས་དབྱིན་ཇི་དང་བོད་དབར་གྱི་ཐོག་མའི་འབྲེལ་བ་ཁག་ཅིག་དྲན་གསོ་དང་མཛད་རིམ་ཐོག་ཕེབས་པའི་སྐོར་སྲུང་བ་ཡོངས་ལ་འཚམས་འདྲི་མཛད་སོང་།༸གོང་ས་མཆོག་གིས་གོ་མཚོན་དང་དམག་འཁྲུག་ཅན་གྱི་དུས་ཚོད་དེ་ནི་ཡོལ་ཟིན་པའི་གནས་སྟངས་ཤིག་ཡིན་པ་དང་ང་ཚོས་མུ་མཐུད་ནས་དམག་འཁྲུག་ཐོག་ཕྱིན་ན་ཕྱོགས་གཉིས་ཀར་ཕན་ཐོགས་མེད་པ་དང་། ལྷག་པར་དུ་གོ་ལ་གཅིག་གྱུར་གྱི་དུས་སྐབས་འདིར་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་དཀའ་ངལ་ནི་རྒྱལ་ཁབ་དང་གླིང་འཕྲན་སོགས་དབྱེ་བ་མེད་པར་ཚང་མར་འཕྲད་བཞིན་ཡོད་སྟབས། དུས་རབས་ཉེར་གཅིག་འདི་བཞིན་གྲོས་མོལ་གྱི་དུས་རབས་ཤིག་དང་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་བསྐྲུན་རྒྱུར་དགོངས་པ་བཞེས་དགོས་པའི་ལམ་སྟོན་བསྩལ་ཡོད།  མགོན་པོ་༸གང་ཉིད་མཆོག་ནས་སེམས་ཁམས་འཕྲོད་བསྟེན་གྱི་གལ་གནད་དང་འབྲེལ་ཏེ་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་འཕྲད་བཞིན་པའི་རྩོད་རྙོག་དང་ཟིང་འཁྲུག་དེ་དག་ཁོང་ཁྲོ་སོགས་སེམས་ཚོར་དྲག་པོའི་དབང་གིས་ཡོང་གི་ཡོད་སྟབས་ང་ཚོས་ཕྱི་ལུས་པོའི་འཕྲོད་བསྟེན་ལ་དོ་སྣང་བྱེད་བཞིན་པ་ལྟར་ནང་སེམས་ཀྱི་འཕྲོད་བསྟེན་ལ་དེ་བཞིན་བྱེད་གལ་ཡིན་པ་དང་། གཙོ་བོ་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བྱམས་པ་དང་བརྩེ་བའི་བསམ་བློ་དེ་དག་སྨོན་ལམ་གསུང་འདོན་གནང་བའི་ཐོག་ནས་ཡོང་རྒྱུ་མེད་པར་ཤེས་ཡོན་སློབ་གསོའི་ཐོག་ནས་བྱམས་བརྩེ་གོང་འཕེལ་དང་། ཁོང་ཁྲོ་བའི་གཉེན་པོ་བསྟེན་སྟངས་སོགས་སློབ་འཁྲིད་གནང་ཚེ་དགེ་མཚན་ཆེན་པོ་ཡོད་པ་བཀའ་བསྩལ་སོང་།  ༸གོང་ས་མཆོག་གི་སྔོན་འགྲོ་བཀའ་སློབ་ཁག་གྲུབ་མཚམས་སུ་སྐོར་སྲུང་བ་ཁག་ཅིག་ནས་མགོན་པོ་༸གང་ཉིད་མཆོག་ལ་སྐོར་སྲུང་གིས་ལས་དོན་ཁྲོད་ཉིན་ལྟར་འཚེ་བ་དང་འཕྲོག་བཅོམ་སོགས་ཀྱི་གནས་སྟངས་མཐོང་གི་ཡོད་སྟབས། སེམས་ཞི་བར་གནས་སྟངས་དང་འཚེ་བའི་ལས་ཉུང་དུ་གཏོང་ཐབས་སོགས་བཀའ་འདྲི་དགོངས་སྐོར་ཞུས་སོང་བ་དང་། སྐབས་དེར་མགོན་པོ་མཆོག་གིས་སྐོར་སྲུང་བའི་ལས་དོན་གཉེར་སྐབས་རྩུབ་པོ་རིགས་བྱེད་དགོས་བྱུང་ཡང་དུས་རྟག་ཏུ་ནང་སེམས་ཀྱི་ཀུན་སློང་དེ་རྣམ་པར་དག་པ་ཞིག་ཁྱེར་དགོས་པ་དང་སྤྱི་ཚོགས་ཁྲོད་དཀའ་ངལ་བཟོ་མཁན་དེ་ལ་དབྱུག་པ་ཞུ་དགོས་བྱུང་ཡང་སྙིང་རྗེའི་ཀུན་སློང་ཐོག་ནས་གནང་རྒྱུ་ཡོད་པ་རེད་ཅེས་ལམ་སྟོན་མཛད་སོང་།   ལྷག་པར་དུ་༸གོང་ས་མཆོག་གིས་སྤྱི་ཚོགས་ཀྱི་དཀའ་ངལ་མང་པོ་ཞིག་འདས་པའི་དུས་ཚོད་ནང་ལ་བྱམས་པ་དང་སྙིང་རྗེ་སོགས་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་རིན་ཐང་ཁག་ལ་དོ་སྣང་མ་གནང་བའི་དབང་གིས་དེ་ལྟར་བྱུང་བར་བཀའ་བསྩལ་དང་སྦྲགས། ད་ལྟ་ནས་རིན་ཐང་དེ་དག་ཤེས་ཡོན་གྱི་སྡེ་ཚན་ནང་བཞག་ནས་སློབ་ཁྲིད་གནང་གལ་ཡིན་པ་དང་སླད་མར་སྤྱི་ཚོགས་ནང་དཀའ་ངལ་དེ་རིགས་ཉུང་དུ་གཏང་ཐུབ་ངེས་རེད་ཅེས་བཀའ་ལན་མཛད་ཡོད།  དེ་བཞིན་༸གོང་ས་མཆོག་གིས་བེུད་ཀྱི་གནད་དོན་དང་འབྲེལ་བའི་བཀའ་འདྲིར་བཀའ་ལན་མཛད་སྐབས་བེུད་ནི་བྱམས་བརྩེའི་མཚོན་བྱེད་ངོ་མ་དེ་ཡིན་པ་དང་། གལ་སྲིད་འཛམ་གླིང་ཐོག་བེུད་ཀྱི་འགོ་ཁྲིད་མང་པོ་ཐོན་ཐུབ་ན་དམག་འཁྲུག་དང་རྩོད་པ་རྣམས་ཉུང་དུ་འགྲོ་རྒྱུ་ཡིན་པ་དང་། བེུད་ཚོས་ཀྱང་བྱམས་བརྩེ་གོང་འཕེལ་ཐོག་དམིགས་བསལ་འགན་འཁུར་བཞེས་དགོས་པ་བཀའ་བསྩལ་ཡོད།  ལས་རིམ་གྱི་མཐའ་མར་སྐོར་སྲུང་བ་དང་ལས་བྱེད་ཐུན་མོང་ནས་མངར་ཟས་འདེགས་འབུལ་ཞུས་པའི་ཐོག་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་མགོན་པོ་༸གང་ཉིད་མཆོག་སླར་ཡང་དབྱིན་ཡུལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་སོང་། ༸གོང་ས་མཆོག་གིས་སྤྱིར་དགུང་ནའི་བབས་ཀྱི་ཆ་ནས་དུས་ཚོད་རིང་པོའི་འགྲུལ་བཞུད་དེ་དཀའ་བའི་གནས་ཡིན་ཀྱང་། རྣམ་པ་ཚོས་རེ་སྐུལ་ཞུས་བ་དེ་ངོས་ཀྱི་སེམས་ནང་བཞག་རྒྱུ་ཡིན་ལ། རིམ་བཞིན་དེར་གཟིགས་ཆོག་སྐོར་བཀའ་བསྩལ་ཡོད།

 ཐེ་ཝན་གྲོས་འཐུས་ཞེ་དྲུག་གིས་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་བསྐྱར་འཛུགས།

རིང་སྔ་དྲ་ཕྱག་ཚོད་བཅུ་དང་ཕྱེད་ཀའི་ཐོག    ཐེ་ཝན་གྱི་རྒྱལ་ས་ཐེ་པཱེ་རུ་རྟེན་གཞི་བྱས་པའི་ཐེ་ཝན་གྱི་གྲོས་ཚོགས་ཁང་གི་དབུས་སུ།  ཐེ་ཝན་ནང་གི་སྐབས་བཅུ་བའི་གྲོས་ཚོགས་ཀྱི་འཐུས་མི་གསར་འདེམས་བྱུང་བ་དང་འབྲེལ་ནས། གྲོས་ཚོགས་འཐུས་མི་༤༦ ལྷག་གི་རྒྱབ་སྐྱོར་གྱི་འོག    བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་གསར་བ་ཞིག་བསྐྱར་དུ་བཙུགས་འདུགདེ་རིང་གི་ཐེ་ཝན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་འདུའི་སྐབས་སུ། གྲོས་ཚོགས་འཐུས་མི་༤༦ གི་དབུ་བཞུགས་ཀྱི་ཐོག   ཐེ་ཝན་དོན་གཅོད་པ་ཟླ་བ་ཚེ་རིང་ལགས་དང་དོན་གཅོད་ཁང་གི་ལས་བྱེད། དེ་བཞིན བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་བཅས་ཀྱིས་མཉམ་ཞུགས་གནང་བའི་ཐོག   གྲོས་ཚོགས་ཀྱི་འཐུས་མི་བརྒྱད་ཀྱིས་ཆ་ཤས་བླངས་ནས་བོད་དོན་དང་འབྲེལ་བའི་གཏམ་བཤད་གནང་འདུག     སྐབས་དེར་ཐེ་ཝན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་གཙོ་སྐུ་ཞབས་Freddy Lim གྱིས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་མ་ཟད། བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་ལ་ཡང་རྩ་གཏོར་གཏོང་གི་ཡོད་པ་ཡོངས་གྲགས་གནང་བ་དང་སྦྲགས། ༸གོང་ས་སྐྱབས་མགོན་རིན་པོ་མཆོག་ག་དུས་ཐེ་ཝན་དུ་ཕེབས་པ་ཡིན་ན་ཡང་ཐེ་ཝན་སྲིད་གཞུང་གིས་དགའ་བསུ་ཞུ་རྒྱུ་ཡིན་པའི་གཏམ་བཤད་གནང་འདུགདེ་རིང་གི་ཐེ་ཝན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་འདུ་དང་འབྲེལ་ནས། འདི་གའི་གསར་འགོད་པས་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་ནས་བཀའ་འདྲི་ཞུས་པར།  ཁོང་གིས་ཐེ་ཝན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་དེ་ནི་དེབ་སྐྱེལ་བྱས་ཡོད་པའི་ཚོགས་པ་ཞིག་ཆགས་ཀྱི་ཡོད་པ་དང་། གྲོས་ཚོགས་ཀྱི་འོས་བསྡུ་དང་འབྲེལ་ནས་འཐུས་མི་གསར་བ་མང་པོ་ཞིག་བྱུང་ཡོད་སྟབས་དེ་རིང་སླར་ཡང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་དེ་བསྐྱར་དུ་བཙུགས་པ་ཞིག་ཡིན་སྐོར་ངོ་སྤྲོད་ཀྱིས། ཚོགས་འདུའི་ཐོག་རྒྱ་གཞུང་གིས་བོད་ཀྱི་ཆོས་རིག་ལ་གཏོར་བཅོམ་གཏོག་གི་ཡོད་པའི་ཐད་ནས་གཏམ་བཤན་གནང་མཁན་མང་པོ་བྱུང་ཡོད་པར་གསུངས་སོང་།དེ་བཞིན་ཁོང་གིས་གསར་འགོད་པ་རྣམས་ཀྱིས་སྐྱབས་མགོན་རིན་པོ་ཆེ་ཐེ་ཝན་ལ་ཆིབས་བསྒྱུར་གནང་ཐུབ་མིན་གྱི་སྐོར་ནས་བཀའ་འདྲི་གནང་སྐབས། གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་༸གོང་ས་མཆོག་ག་དུས་ཕེབས་ཀྱང་དགའ་བསུ་ཞུ་རྒྱུ་ཡིན་པར་གསུངས་བ་དང་འབྲེལ།  ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཀྱང་སྐུ་མདུན་ཀྱི་དགུང་ལོའི་བབ་དང་བསྟུན་ནས་ས་ཐག་རིང་པོར་འགྲུལ་བཞུད་བྱེད་རྒྱུ་ཁག་པོ་ཡིན་ནའང་། མ་འོངས་བར་མགོན་པོ་གང་ཉིད་ཐེ་ཝན་དུ་ཆིབས་བསྒྱུར་བསྐྱང་ཐུབ་པའི་རེ་བ་ཡོད་སྐོར་ངོ་སྤྲོད་གནང་ཡོད་ལུགས་གསུངས་སོང་། གཞན་ཡང་ཁོང་གིས་དེ་རིང་གི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་འདུའི་གོ་སྐབས་དང་སྟབས་བསྟུན་གྱིས།  བཙན་བྱོལ་ནང་གི་རྒྱ་སྐད་རྒྱ་ཡིག་ཤེས་མཁན་གྱི་མི་རབས་གཉིས་བ་རྣམས་རྫོགས་འགྲོ་བཞིན་ཡོད་པར་བརྟེན། གྲོས་ཚོགས་འཐུས་མི་རྣམས་ཀྱི་རྒྱབ་སྐྱོར་གྱི་འོག་ནས་མ་འོངས་བར་བོད་རིགས་སློབ་མ་རྣམས་ལ་རྒྱ་སྐད་རྒྱ་ཡིག་སློབ་སྦྱོང་གི་སློབ་ཡོན་འབུལ་རྒྱུའི་རེ་སྐུལ་གནང་ཡོད་པར་གསུངས་སོང་།

བོད་ནང་ཕར་འགྲོ་ཚུར་འོང་ཐོག་བཀག་སྡོམ་བྱེད་མཁན་རྒྱའི་དཔོན་རིགས་ཚོར་དམ་དྲག་གནང་རྒྱུ།

ཨ་རིའི་ཕྱི་སྲིང་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་རྒྱ་གཞུང་གིས་ཨ་རིའི་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ། དེ་བཞིན་སྲིད་དོན་པ་དང་གཞུང་འབྲེལ་ལས་བྱེད་སོགས་བོད་ནང་བསྐྱོད་པར་བཀག་སྡོམ་བྱེད་མཁན་རྒྱ་གཞུང་གི་དཔོན་རིགས་ཚོ་ཨ་རིར་ཡོང་རྒྱུར་དམ་དྲག་གནང་རྒྱུ་ཡིན་པ་གསུངས་འདུགཕྱི་ལོ་ ༢༠༡༨ ལོའི་ཟླ་མཇུག་ཏུ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་གཏན་འབེབས་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་དེར་མཚན་རྟགས་བསྐྱོན་པ་དེ་ལྟར་ཡང་ཨ་རིའི་སྲིད་གཞུང་ནས་ཁྲིམས་འཆར་དེ་ད་བར་ཕྱག་བསྟར་གནང་མེད་སྟབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཁྲིམས་འཆར་དེ་ཕྱག་བསྟར་གནང་དགོས་པའི་ཞུ་གཏུག་སོགས་གནང་མུས་ཡིན་པ་རེད། དེའི་ཁྲོད་ཁ་སང་ New York Times གསར་ཁང་གིས་སྐུ་ཞབས་ Mike Pompeo མཆོག་གིས་བོད་ནང་དམ་དྲག་མེད་པའི་ཐོག་ཕར་འགྲོ་ཚུར་འོང་བྱེད་རྒྱུ་དེ་ནི་ས་གནས་དེའི་བདེ་འཇགས་དང་། ཁོར་ཡུག་གི་གནད་དོན་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་སྐོར་གསུངས་པ་དང་འབྲེལ། ཨ་རིའི་ངོས་ནས་བོད་ནང་བསྐྱོད་པར་དམ་དྲག་བྱེད་མཁན་རྒྱ་གཞུང་གི་དཔོན་རིགས་ཚོར་ཨ་རི་ནང་བསྐྱོད་ཆོག་པའི་མཐོང་མཆན་གནང་རྒྱུའི་ཐད་དམ་དྲག་གནང་རྒྱུ་ཡིན་པ་དང་།  སྒོས་སུ་ཨ་རིས་རྒྱ་ནག་དང་ལྷན་དུ་མུ་མཐུད་ཕན་ཚུན་གཉིས་ཕན་གྱི་འབྲེལ་ལམ་ཞིག་ཡོང་བར་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་འདུག  རྩ་བའི་ད་ཆ་ཁོང་གིས་རྒྱ་རིགས་དཔོན་རིགས་སུའི་མཐོང་མཆན་ཐད་དམ་དྲག་གནང་རྒྱུ་ཡིན་པའི་མིང་ཁག་གསལ་ཁ་གནང་མི་འདུག དེ་བཞིན་ཁོང་གིས་ཨ་རིའི་ངོས་ནས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་དང་ལྷག་པར་དུ་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་གཅེས་འཛིན་གྱིས་སྲུང་སྐྱོབ་གནང་བར་རྒྱབ་སྐྱོར་མུ་མཐུད་གནང་ངེས་ཡིན་པ་སོགས་གསུངས་འདུག གཞི་རྩའི་ཕྱི་ལོ་ ༢༠༡༨ ལོའི་ཟླ་མཇུག་ཏུ་ཨ་རི་ནས་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་གཏན་འབེབས་གནང་རྗེས་བོད་ནང་པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ Terry Branstad ལགས་ཀྱིས་གཙོས་པའི་ཨ་རིའི་དོན་ཁང་གི་ལས་བྱེད་མ་གཏོགས་འཚམས་གཟིགས་སུ་ཕེབས་རྒྱུ་བྱུང་མེད་པ་རེད། གནད་དོན་དེ་དག་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས་ཀྱིས་ད་ལན་ཨ་རིའི་ཕྱོགས་ནས་རྒྱ་ནག་གི་གཞུང་འབྲེལ་ལས་བྱེད་ཚོར་དམ་དྲག་གནང་བ་དེས་རྒྱ་ནག་ནས་མུ་མཐུད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་སྒོས་བོད་དེ་རྒྱལ་སྤྱིའི་རྒྱལ་ཁབ་དང་འབྲེལ་བ་མེད་པར་ལོགས་སུ་འཇོག་པར་བརྡ་ལན་གསལ་སྤྲོད་གནང་ཡོད་སྐོར་གསུངས་འདུག ཁོང་གིས་ད་དུང་ད་རེས་དམ་དྲག་འདི་བརྒྱུད་ཨ་རིའི་སྲིད་གཞུང་ནས་བོད་མི་ཨ་རི་མི་སེར་ཡིན་པ་དང་བོད་ནང་ཕ་མ་སྤུན་མཆེད་དང་ཐུག་འདོད་ཡོད་པ། རང་གི་ཕ་ཡུལ་ལ་ཕྱིར་འགྲོ་འདོད་ཡོད་རིགས་ཚོར་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་ཡོད་ཅེས་གསུངས་ཡོད་པར་ངོ་སྤྲོད་གནང་འདུགརླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲིལ་བསྒྲགས་དྲུང་ཆེ་ཨ་རྱ་ཚེ་དབང་རྒྱལ་པོ་ལགས་སུ་བཀའ་འདྲི་ཞུས་པར་རྒྱ་གཞུང་ནས་དུས་རྟག་ཏུ་བོད་ནང་ཡར་རྒྱས་འགྲོ་ཡོད་ལུགས་དང་བོད་མི་རྣམས་རང་ཡུལ་དུ་སྐྱིད་པོ་ཡོད་ཟེར་ནས་བསྒྲགས་ཀྱི་ཡོད་པ་དེ་ལྟར་ཡང་། བོད་ནང་ཕྱི་མི་གསར་འགོད་པ་གཙོས་སྲིད་དོན་གྱི་མི་སྣ་གཏང་གི་མེད་པ་དེས་རྒྱ་གཞུང་གིས་རྫུན་གཏམ་བཤད་ཀྱི་ཡོད་པ་དང་སྒོས་ད་ཆ་ཨ་རི་ཕྱི་སྲིང་དྲུང་ཆེ་མཆོག་གིས་ཁྲིམས་འཆར་དེ་ཕྱག་བསྟར་གནང་རྒྱུའི་གནད་དོནགསུངས་པ་དེ་ནི་རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་དེ་གསལ་པོ་ཞིག་ཆགས་ཡོད་སྟབས། རྒྱ་ནག་ནས་ཁྲིམས་འཆར་དེར་བརྩི་སྲུང་དང་ལག་བསྟར་བྱེད་དགོས་པ་གསུངས་ཡོད་སྐོར་གསུངས་སོང་། རྩ་བའི་ཨ་རྒྱ་གཉིས་དབར་འདས་པའི་ཟླ་ཤས་ནས་ཚོང་གཙོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཐད་རྩོད་གླེང་མི་ཉུང་བ་བྱུང་ཡོད་པ་མ་ཟད། ཉེ་ལམ་ཨ་རི་གཙོས་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་ནག་ནས་ཏོག་དབྱིབས་གཉན་རིམས་སྟངས་འཛིན་བྱེད་ཕྱོགས་ཐད་སྐྱོན་བརྗོད་གནང་ཡོད་པ་རེད། ཉེ་ལམ་དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས Tim Loughton ལགས་ཀྱིས་དབྱིན་ཡུལ་གྲོས་ཚོགས་ནང་རྒྱ་ནག་གིས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཤུགས་ཆེར་གཏོང་བཞིན་ཡོད་པ་མངོན་གསལ་གྱིས་རྒྱ་ནག་གི་དཔོན་རིགས་རྣམས་དབྱིན་ཡུལ་ནང་ཡོང་རྒྱུར་བཀག་སྡོམ་གནང་དགོས་བའི་གླེང་སློང་གནང་བ་དང་། དབྱིན་ཡུལ་སྲིད་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་གཏན་འབེབས་གནང་དགོས་བའི་ཞུ་སྐུལ་གནང་ཡོད་པ་རེད།

Latest news