Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཡ་ཆེན་སྒར་གྱི་དགོན་ཕྱེད་ཅིག་རྒྱ་ནག་གིས་གཏོར་བཤིག་བཏང་ཡོད་པ་ཟུང་སྐར་བརྒྱུད་མངོན་གསལ།

ཨིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པས་ཟུང་སྐར་བརྒྱུད་ནས་འཛམ་གླིང་གི་ནང་དུ་ནང་པའི་དགོན་པ་ཆེ་ཤོས་ཁོངས་སུ་གཏོགས་པ་ཡ་ཆེན་སྒར་གྱི་དགོན་ཕྱེད་ཅིག་རྒྱ་ནག་གིས་གཏོར་བཤིག་བཏང་སྟེ་གྲྭ་བཙུན་རྣམས་བཙན་ཤེད་ཀྱིས་ཕྱིར་ཕུད་བཏང་ཡོད་པ་མངོན་གསལ་གནང་འདུག  བོད་རང་དབང་ཚོགས་པས་རྒྱ་ནག་གིས་ཡ་ཆེན་སྒར་གྱི་གྲྭ་མང་གི་གྲངས་ཚད་ཉུང་དུ་གཏོང་ཐབས་སུ་དུས་ཡུན་རིང་པོ་ནས་འབད་བརྩོན་བྱས་ཡོད་པ་ལྟར་ཉེ་ལམ་ཕྱི་ཟླ ༨ ནང་གྲྭ་མང་གི་གྲྭ་ཤག་མང་པོར་གཏོར་བཤིག་ཚད་ལས་བརྒལ་བ་བཏང་ཡོད་པ་བརྗོད་དེ་ཡ་ཆེན་སྒར་གྱི་གྲྭ་མང་འདུས་སྡོད་ཆེ་ཤོས་ཀྱི་གཙང་པོའི་ནུབ་རྒྱུད་ཁག་ཏུ་སྔོན་གྱི་ཟུང་སྐར་གྱི་པར་རིས་དང་ཉེ་ཆར་གྱི་པར་རིས་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་མ་ཟད། ད་ཆ་གཙང་པོའི་ནུབ་རྒྱུད་ཁུལ་དེ་ས་སྟོང་ཏུ་གྱུར་ཡོད་པ་མ་ཟད་གྲྭ་བཙུན་སྟོང་ཕྲག་མང་པོ་རང་ཤག་ནས་བཙན་ཤེད་ཀྱིས་ཕྱིར་ཕུད་བཏང་ཡོད་པ་བརྗོད་འདུག ཚོགས་པའི་ཉམས་ཞིབ་ཀྱི་ལས་རོགས་བོད་གནས་ལྟ་ཞིབ་ཁང་གིས་འདི་ལོའི་ཕྱི་ཟླ་ ༧ ནང་རྒྱ་ནག་གིས་ཡ་ཆེན་སྒར་ནས་བཙུན་མ་ ༧༠ ཙམ་བཙན་ཤེད་ཀྱིས་ཕྱིར་ཕུད་བཏང་ཡོད་པ་དངོས་སུ་ཤེས་རྟོགས་བྱུང་ཡོད་ཀྱང་ས་གནས་ཀྱི་ཡུལ་མི་ཁག་གཅིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན་གྲྭ་བཙུན་ ༣༥༠༠ ཙམ་ཕྱིར་ཕུད་བཏང་ཡོད་པ་མངོན་གསལ་གནང་འདུག  སྤྱིར་རྒྱ་ནག་གིས་བཙུན་མ་ ༧༠ དེ་རྣམས་དགོན་གྲོང་ནས་སྤྱི་ལེ་ ༣༠༠ ཙམ་ཡོད་པའི་ཕྱིར་རང་གི་ཡུལ་འཇོ་མདའ་རུ་བཏང་སྟེ་ཁུལ་དེར་བཙུན་མ་དེ་རྣམས་ཟླ་ངོ་ ༢ ནས་ ༣ བར་དུ་བཙན་ཤེད་ཀྱིས་བཀག་བསྐྱིལ་བྱས་ཏེ་རྒྱལ་ཞེན་གྱི་སློབ་གསོ་སྤེལ་ཡོད་པ་དང་རྒྱ་ནག་སྲིད་གཞུང་ལ་བསྟོད་བསྔགས་དང་༸གོང་ས་ཏཱ་ལའི་བླ་མར་མཚན་སྨད་ཞུ་བཅུག་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་འཁོད་འདུག བོད་རང་དབང་ཚོགས་པས་ཡ་ཆེན་སྒར་དུ་རྒྱ་ནག་གིས་ལྟ་སྲུང་དོ་དམ་ནན་མོ་བྱེད་བཞིན་པ་དང་། དེ་བཞིན་དགོན་གྲོང་དེ་ས་ཆ་ཁུག་ཀྱོག་ཅིག་ཏུ་ཆགས་ཡོད་པར་བརྟེན་གནས་ཚུལ་འཚོལ་སྡུད་བྱེད་རྒྱུར་དཀའ་ལས་ཁག་པོ་ཡོད་པ་འགྲེལ་བརྗོད་དང་འབྲེལ་ཏེ་ཁུལ་དེར་རྒྱ་ནག་གིས་ལྟ་སྲུང་དོ་དམ་ཤུགས་ཆེར་བྱས་ཏེ་ཕྱི་ལོག་གི་མི་སུ་ཞིག་ཀྱང་ཁུལ་དེར་འགྲོ་སྐྱོད་བྱེད་དུ་འཇུག་གི་མེད་པ་མ་ཟད་ད་ཆ་ཡ་ཆེན་སྒར་དུ་རྒྱ་ནག་གི་དམག་མི་ ༦༠༠ ཙམ་འགྲེམས་འཇོག་གིས་གྲྭ་མང་ལ་བཏང་འཛིན་བྱེད་ཀྱི་ཡོད་པ་མངོན་གསལ་གནང་འདུག ཚོགས་པ་དེས་ད་ཆ་ཟུང་སྐར་བརྒྱུད་ནས་གསར་དུ་བླངས་པའི་པར་རིས་ལ་བལྟས་ན་རྒྱ་ནག་གིས་ཡ་ཆེན་སྒར་གྱི་བྱང་རྒྱུད་ཁག་ཏུ་གྲྭ་ཤག་ཁག་གཙང་བཟོ་བྱས་ཏེ་མགྲོན་ཁང་དང་རླངས་འཁོར་འབབ་ཚུགས། དེ་བཞིན་གཞུང་ལམ་རྒྱ་སྐྱེད་བྱེད་བཞིན་པ་མཐོང་ཐུབ་ཀྱི་ཡོད་སྟབས་རྒྱ་ནག་གིས་ཆེད་དུ་དགོན་གྲོང་དེ་ཡུལ་སྐོར་སྤྲོ་འཆམ་གྱི་ས་ཁུལ་ཞིག་ཏུ་སྒྱུར་བཞིན་པར་ཚོད་དཔག་གནང་འདུག རྩ་བའི་ཡ་ཆེན་སྒར་དུ་རྒྱ་ནག་གིས་གྲྭ་ཤག་ལ་གཏོར་བཤིག་གཏོང་བཞིན་པའི་གནས་ཚུལ་འདི་ལོའི་ཕྱི་ཟླ་ ༧ ནང་གཞི་ནས་དྲྭ་ལམ་དུ་ཐོན་ཡོད་ཀྱང་། རྒྱ་ནག་གིས་ཡ་ཆེན་སྒར་དུ་གྲྭ་མང་ཕྱིར་ཕུད་ཀྱི་ལས་གཞི་དེ་ཕྱི་ལོ ༢༠༠༡ ལོ་ནས་བཟུང་ལག་བསྟར་བྱས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཁོ་ནའི་ནང་ཡ་ཆེན་སྒར་གྱི་གཙང་བོའི་ནུབ་རྒྱུད་དུ་ཆགས་པའི་གྲྭ་ཤག་ ༣༥༠༠ ལྷག་གཏོར་བཤིག་བཏང་ནས་གཞུང་ལམ་གསར་རྒྱག་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད་གྲྭ་མང་ལ་རང་ཤག་གསར་རྒྱག་དང་ཞིག་གསོ་སོགས་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་མངོན་གསལ་གནང་འདུག ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གིས་ཡ་ཆེན་སྒར་གྱི་གྲྭ་ཤག་མང་པོ་གཏོར་བཤིག་བཏང་བའི་ཁྲོད་ཡ་ཆེན་སྒར་གྱིི་དགོན་བདག་གིས་རྒྱ་ནག་སྲིད་གཞུང་ལ་ཞུ་སྐུལ་རིམ་པ་བྱས་ཡོད་ཀྱང་། རྒྱ་ནག་གིས་ཁོང་གི་ཞུ་སྐུལ་ལ་ཐེ་གཏོགས་ཙམ་ཡང་མེད་པར་སྔར་ལྟར་གྲྭ་ཤག་རྩ་གཏོར་གྱི་ལས་གཞི་སྤེལ་མུས་ཡིན་པར་བརྟེན་དགོན་བདག་མ་བླས་གྲྭ་མང་ལ་ཞུ་སྐུལ་བྱས་ཏེ་རྒྱ་ནག་གི་གཏོར་བཤིག་དེ་ནི་རི་གཟར་ངོས་ནས་རྦབ་རྡོ་ལྷུང་བ་དང་འདྲ་བས་སུས་ཀྱང་འགོག་ཐབས་མེད་སྟབས་གནས་ཚུལ་དེར་བཀག་འགོག་དང་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་སྤེལ་མ་གནང་རོགས་ཞེས་བརྗོད་ཡོད་པ་དང་། དེ་བཞིན་ཡ་ཆེན་སྒར་གྱི་གྲྭ་བ་རྒན་གྲོས་ཤིག་བོད་རང་སྐྱོང་ལྗོངས་སུ་ཆེད་དུ་ཕེབས་ཏེ་དམར་ཤོག་སྲིད་གཞུང་ལ་བོད་རང་སྐྱོང་ལྗོངས་ཁུལ་གྱི་གྲྭ་བཙུན་རྣམས་ཡ་ཆེན་སྒར་ནས་ཕྱིར་ཕུད་མི་གཏོང་བའི་རེ་ཞུ་བྱས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གིས་གནད་དོན་དེར་ཁས་ལེན་བྱས་མེད་པ་ཡང་མངོན་གསལ་གནང་འདུག བོད་རང་དབང་ཚོགས་པའི་དྲིལ་བསྒྲགས་དང་ཞུ་གཏུགས་ཀྱི་འགན་འཛིན་སྐུ་ཞབས་ John Jones ལགས་ཀྱིས་ཉེ་ཆར་རང་ཟུང་སྐར་བརྒྱུད་ནས་ལག་སོན་བྱུང་བའི་འདྲ་པར་འདི་དག་གིས་རྒྱ་ནག་སྲིད་གཞུང་གིས་བོད་མི་རྣམས་ཀྱི་སྡོད་གནས་ལ་གཏོར་བཅོམ་དང་སྤྱི་ཚོགས་ནས་ཕྱིར་ཕུད་གཏོང་གི་ཡོད་པ་གསལ་པོར་མངོན་ཡོད་པ་དང་། རྒྱ་ནག་དམར་ཤོག་གཞུང་གིས་བྱེད་ལས་དེ་ནི་གདུག་རྩུབ་ཆེ་ཞིང་ཉེས་ཆད་ལྕི་མོ་གཅོད་འོས་པ་ཞིག་ཡིན་པ་ཤེས་ཡོད་པར་བརྟེན་རྒྱ་ནག་གཞུང་གིས་གནས་ཚུལ་དེ་འགེབ་ཐབས་བྱེད་ཀྱི་ཡོད་པ་མ་ཟད། དགོན་གྲོང་དེའི་ཕྱིར་ཕུད་བཏང་བའི་གྲྭ་བཙུན་རྣམས་བཀག་བསྐྱིལ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་རྒྱ་ནག་སྲིད་གཞུང་གིས་ཟུང་སྐར་བརྒྱུད་ནས་ལྟ་རྟོག་བྱེད་རྒྱུ་དེ་འགོག་ཐབས་ཡོད་པ་མ་རེད། ཟུང་སྐར་བརྒྱུད་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་དེ་ནི་སུས་ཀྱང་བསྙོན་འཛུགས་བྱེད་ཐབས་མེད་པའི་དཔང་པོ་ལྟ་བུ་རེད། ད་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཁག་གིས་རྒྱ་ནག་ལ་གནོན་ཤུགས་སྤྲད་ཐོག་རྒྱ་ནག་གི་གཏོར་བཤིག་གི་བྱེད་ལས་དེ་དག་འཕྲལ་ཏུ་མཚམས་འཇོག་བྱེད་དུ་འཇུག་དགོས་པ་མ་ཟད་ཡ་ཆེན་སྒར་གྱི་གྲྭ་བཙུན་རྣམས་རང་དགོན་དུ་ཞི་བདེའི་ངང་གནས་སུ་འཇུག་དགོས་ཞེས་རེ་སྐུལ་ཞུས་ཡོད་པ་ཡང་བཀོད་འདུག

རྒྱལ་སྤྱིའི་ཁྲོད་དུ་ཧོང་ཀོང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བ།

ཧོང་ཀོང་གི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་འཐེན་དང་སྤྱི་ཁྱབ་མང་གཙོའི་སྒོ་ནས་འདེམས་ཕྱོགས་སོགས་ཀྱི་དགོས་འདུན་འོག་འདས་པའི་ཟླ་ཤས་ནང་མང་ཚོགས་ནས་ལས་འགུལ་རྒྱུན་མི་ཆད་པར་སྤེལ་དང་སྤེལ་མུས་ཡིན་པ་ལྟར་ཁ་སང་ཧོང་ཀོང་གི་གནད་དོན་ཐོག་ཨོ་སི་ཊོ་ལི་ཡ་དང་ཐེ་ཝན། དེ་བཞིན་ཉི་ཧོང་ནས་རྒྱབ་སྐྱོར་གྱིས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་འདུག ཁ་སང་བརྒྱུད་ལམ་ཁག་ནས་ཐོན་པའི་གནས་ཚུལ་ལ་གཞིགས་ན། པེ་ཅིང་ནས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་ནས་ལོ་ངོ་ ༧༠ འཁོར་བའི་སྟ་གོན་བྱེད་པའི་སྐབས་འདིར་ཨོ་སི་ཊོ་ལི་ཡ་དང་ཐེ་ཝན་གཙོས་པའི་ས་ཁུལ་ ༦༠ ཙམ་གི་ནང་རྒྱ་གཞུང་གིས་དབང་ཆ་གཅིག་སྡུད་ཀྱི་སྲིད་གཞུང་ལ་ངོ་རྒོལ་དང་། ཧོང་ཀོང་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་སླད་ Global day of action ཞེས་སྲུང་བརྩི་ཞུས་པའི་ཁྲོད་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནི་ནང་མང་ཚོགས་སྟོང་ཕྲག་མང་པོས་སྲང་ལམ་དུ་ཨོ་གླིང་དང་ཧོང་ཀོང་། རྒྱལ་ཁབ་འདྲ་མིན་གྱི་རྒྱལ་དར་བསྣམས་ཐོག་རང་དབང་དོན་དུ་འཐབ་རྩོད་བྱོས། ཧོང་ཀོང་ལ་རྒྱབ་སྐྱོར་གྱིས་ཞེས་སོགས་ཀྱི་འབོད་ཚིག་སྒྲོགས་པ་དང་། མེལ་བྷོརན་དང་བྷི་རིས་བྷེན་ནང་ལས་འགུལ་བས་ཧོང་ཀོང་ཞི་རྒོལ་གྱི་གླུ་བླངས་ཏེ་ངོ་རྒོལ་སྐད་འབོད་གནང་འདུག ཧོང་ཀོང་ནས་ཡིན་པ་ཟླ་བ་གཉིས་སྔ་རོལ་ཙམ་དུ་སིཌ་ནི་ནང་གནས་སྤོས་གནང་མཁན་རང་ལོ་ ༢༥ ལ་སོན་པ་ Bill Lam ལགས་ཀྱིས་ཧོང་ཀོང་ནང་ལས་འགུལ་བ་ཚོ་རེ་བ་བྲལ་བ་ལྟ་བུ་ཆགས་པ་དང་། ཁོང་ཚོའི་གཞུང་ནས་མང་ཚོགས་ཀྱི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་འདོད་ཀྱི་ཡོད་པ་གསུངས་འདུག  རང་ཉིད་ལྟ་བུར་མཚོན་ན་ཡུལ་གཞན་ནང་སླེབས་ཀྱང་ཁོང་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་གསུངས་འདུག ཨོ་གླིང་དུ་ལོ་མང་རིང་གནས་བཞུགས་གནང་མཁན་ Frankie Lo ལགས་ཀྱིས་ཀྱང་ང་ཚོ་ནས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ལ་ད་ལྟ་ཡང་ཡིད་ཆེས་ཡོད་པ་དང་།  འོན་ཀྱང་རྒྱ་ནག་ནས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་སྲིད་བྱུས་ལ་བརྩི་བཀུར་ཞུས་དགོས་པ་བརྗོད་འདུག གཞི་རྩའི་ཧོང་ཀོང་ནང་སྤྱི་ཁྱབ་པས་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་འཐེན་བྱས་ཟིན་པ་དང་། མང་ཚོགས་ནས་སྤྱི་ཁྱབ་ཀེ་རི་ལེམ་རང་གི་ལས་གནས་ནས་རྩ་དགོངས་ཞུ་དགོས་པ་དང་། དེ་བཞིན་ཧོང་ཀོང་གི་སྤྱི་ཁྱབ་མང་གཙོའི་ལམ་ལུགས་ཐོག་འདེམས་སྒྲུག་དང་། ཉེན་རྟོག་པའི་བྱ་སྤྱོད་ལ་རང་དབང་ལྡན་པའི་སྒོ་ནས་འདྲི་རྩད་བྱེད་དགོས་པ། ལས་འགུལ་ཁྲོད་འཛིན་བཟུང་བྱས་པ་རྣམས་ཆ་རྐྱེན་མེད་པར་གློད་བཀྲོལ་དགོས་པ་སོགས་ཀྱི་དགོས་འདུན་ཆེད་བཏོན་བྱས་ཡོད་པ་རེད།  ཉེ་ལམ་ཧོང་ཀོང་གི་སྤྱི་ཁྱབ་ནས་ཡུལ་དེའི་མང་ཚོགས་ཁག་གཅིག་དང་ཐུག་འཕྲད་ཀྱིས་བཞུགས་མོལ་ཚོགས་འདུ་ཚོགས་ཡོད་པ་དང་།  སྐབས་དེར་མང་ཚོགས་ཁག་ལ་ལས་དགོས་འདུན་ལྔ་པོ་བསྒྲུབ་མེད་པར་སྤྱི་ཁྱབ་ལ་སྐྱོན་བརྗོད་སོགས་བྱས་ཡོད་པ་རེད།ཐེ་པི་ནང་བོད་མི་གཙོས་པའི་མང་ཚོགས་སྟོང་ཕྲག་གཉིས་ཙམ་ཞིག་གིས་གྲོས་ཚོགས་ཕྱི་རོལ་དུ་འཛོམས་ནས་བོད་ཀྱི་རྒྱལ་དར་དང་དབྱིན་ཇིའི་རྒྱལ་དར་སོགས་བསྣམས་ཏེ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་།  ལས་འགུལ་བའི་ཁྲོད་དུ་ལོ་ན་ ༤༠ ནང་ཕེབས་པའི་ Pan Hou-hsun ལགས་ཀྱིས་ཐེ་ཝན་གྱི་མང་གཙོ་དང་རང་དབང་སྲུང་སྐྱོབ་བྱེད་པར་ང་ཚོ་ཧོང་ཀོང་དང་མཉམ་དུ་ཡོད་ཅེས་གསུངས་འདུག ཉི་ཧོང་གི་རྒྱལ་ས་ཊོཀ་ཡོ་ནང་མི་གྲངས་ ༤༠༠ མན་ཙམ་ཞིག་ལས་འགུལ་ནང་མཉམ་ཞུགས་ཀྱིས་ཧོང་ཀོང་གི་རང་དབང་སླད་འཐབ་རྩོད་བྱོས་ཞེས་པའི་འཕྲེད་དར་བསྣམས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་འདུག རྒྱ་ནག་གི་རྒྱལ་སྟོན་འཚོགས་ལ་ཉེ་བ་དང་བསྟུན་ཧོང་ཀོང་ནང་གཟའ་འཁོར་སྔོན་མའི་རེས་གཟའ་ཉི་མའི་ཉིན་རྒྱ་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་ཆས་གོས་དམར་པོ་བཀྲས་ཐོག་ལག་ཏུ་རྒྱ་ནག་གི་རྒྱལ་དར་དང་། ང་རྒྱ་ནག་གི་མི་སེར་ཡིན་ཞེས་འཕྲེད་དར་བསྣམས་པ་མ་ཟད་རྒྱ་ནག་གི་རྒྱལ་གླུ་དང་། སྐྱེས་སྐར་ཉིན་མོར་འཚམས་འདྲི་ཡོད་ཅེས་གླུ་བླངས་འདུག འོན་ཀྱང་ལས་འགུལ་བས་རེས་གཟའ་མིག་དམར་ཉིན་ས་ཁུལ་ཁག་འདྲ་མིན་ ༡༦ ནང་འདུ་འཛོམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་ལས་འགུལ་སྤེལ་འཆར་ཡོད་པ་རེད་འདུག

ཧྥ་རན་སིའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་རྐང་སྤོལ་འགྲན་བསྡུར་ཐོག་བོད་ཀྱི་རྒྱལ་དར་འཕྱར་བ།

ཧྤ་རན་སིའི་རྒྱལ་ས་ lyon ཁུལ་དུ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་གནང་བཞིན་པ་དང་བསྟུན་ཁ་ཉིན་ཕྱི་ཚེས་ ༢༨ ཉིན་གྱི་ཁུལ་དེའི་ཆུ་ཚོད་ ༡༌༣༠ ཐོག་ཧྥ་རན་སའི་རྒྱལས་ས་ lyon རུ་ཁག་ Olympique Lyonnaise དང་རྒྱལ་ས་ Nantes ཡི་ FC Nantes ཞེས་པའི་རུ་ཁག་གཉིས་དབར་རྩེད་འགྲན་གནང་སྐབས་ lyon རུ་ཁག་གི་རྒྱབ་སྐྱོར་བ་ Bad Gones ཞེས་པའི་ཚོགས་པས་གོ་སྒྲིག་འོག་དང་དུ་བླངས་ཀྱི་མི་སྣ་བརྒྱ་ཕྲག་ཁ་ཤས་ཤིག་གིས་ཕྱག་ལ་བོད་རྒྱལ་དར་གྱི་ཚོན་གཞི་ཅན་གྱི་ཤོག་བུ་བསྣམས་ཏེ་དེ་དག་ལས་གྲུབ་པའི་བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་དང་དཀྱིལ་དུ་དབྱིན་ཡིག་ཐོག་ free Tibet ཞེས་འཁོད་པའི་སྦྱར་ཡིག་བསྣམས་ཐོག་གཡས་གཡོན་དུ་རས་གཟུགས་སུ་ཡོད་པའི་བོད་ཀྱི་རྒྱལ་དར་ཁ་ཤས་ཤིག་འཕྱར་ཏེ་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བཏོན་འདུག རྒྱལ་སྤྱིའི་རྩེད་འགྲན་ཆེ་གྲས་ཤིག་གི་ཐོག་བོད་ཀྱི་རྒྱལ་དར་འཕྱར་དོན་ནི་རྒྱ་ནག་གི་ཁུལ་དུ་བརྙན་འཕྲིན་བརྒྱུད་རྩེད་འགྲན་དེ་ཐད་གཏོང་གནང་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་བོད་དེ་བཙན་བཟུང་བྱས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་ཟིན་ཡང་བོད་ཀྱི་བདེན་མཐའ་མ་སེལ་བར་དེ་མུར་ལྷག་ནས་ཡོད་པའི་བརྡ་ལན་སྤྲད་རྒྱུ་དང་། སྤྱིར་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་ཉིན་རྒྱབ་ལ་རྩེ་བཞིན་ཡོད་ཀྱང་དུས་ཚིགས་དེ་དང་བསྟུན་ནས་དུས་ཚོད་སྔ་སྣུར་གྱིས་རྩེད་འགྲན་པ་དང་མང་ཚོགས་ནས་དེར་འདོད་བློ་མ་ཁེངས་པ་ཞིག་བྱུང་ཡོད་སྟབས། ཁུལ་དེར་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱུན་ལས་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ལས་འགུལ་དེ་སྤེལ་ཡོད་སྐོར་གསུངས་སོང་། དེ་བཞིན་དེ་རིང་གྲོས་ཚོགས་སུའང་བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་ནས་ཁ་ཉིན་ཧྥ་རན་སིའི་རྐང་སྤོལ་རྩེད་འགྲན་ཐོག་ཏུ་བོད་དོན་ལ་བརྩེ་ཞེན་ཡོད་མཁན་མི་མང་བརྒྱ་ཕྲག་མང་པོས་བོད་ཀྱི་རྒྱལ་དར་བཟོས་ནས་དཀྱིལ་དུ་བོད་རང་བཙན་འཁོད་པའི་སྦྱར་ཡིག་འཕྱར་བཞིན་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ངོ་དེབ་བཀོལ་སྤྱོད་གནང་མཁན་བོད་རིགས་ཚོས་ཁྱབ་སྤེལ་གང་མང་གནང་དགོས་པ་གསུངས་སོང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་ལྟ་ཧྥ་རན་སིའི་རྩེད་འགྲན་དེའི་ཐོག་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནད་དོན་དེ་གལ་ཆེ་བར་མཐོང་ནས་མི་མང་སྟོང་ཕྲག་མང་པོས་རང་ཉིད་ཀྱི་ཚོར་བ་དང་འབྲེལ་ནས་རྒྱབ་སྐྱོར་གནང་བ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཤིན་ཅང་དང་ཧོང་ཀོང་ལ་རྒྱབ་སྐྱོར་དང་བརྒྱུད་ལམ་ཁག་ཏུ་ཁོང་ཚོའི་གནད་དོན་དང་འབྲེལ་བའི་གསར་འགྱུར་མང་པོ་འཐོན་བཞིན་ཡོད་ཀྱང་རྒྱལ་སྤྱིའི་མི་མང་ཁྲོད་དུ་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་ལ་རྒྱབ་སྐྱོར་གནང་མཁན་མང་བ་འབྱུང་བཞིན་པ་ནི་རྩ་ཆེན་པོ་ཞིག་རེད་ཅེས་གསུངས་ཡོད།

ཐེ་ཝན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་དོན་དང་འབྲེལ་བའི་གློག་བརྙན་ཞིག་གཟིགས་འབུལ་ཞུ་རྒྱུ།

རིང་མིན་ཕྱི་ཟླ་ ༡༠ ཚེས་ ༤ ནས་ཚེས་ ༡༨ བར་ཐེ་ཝན་རྒྱལ་ས་ Taipei དུ་འཚོགས་གཏན་འཁེལ་བའི་ Taiwan International Ethnographic Film Festival ཞེས་པའི་ཐེ་ཝན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་དོན་འཐབ་རྩོད་དང་འབྲེལ་བའི་ Rituals of Resistance ཞེས་འགོག་རྒོལ་ཁྲོད་ཀྱི་ཆོ་ག་ཞེས་པ་གཟིགས་འབུལ་ཞུ་རྒྱུ་རེད་འདུག གཞི་རྩའི་གློག་བརྙན་དེ་ནི་ཨ་རི་ནང་འཚར་ལོངས་འབྱུང་བཞིན་པའི་བོད་པའི་ན་གཞོན་བསྟན་འཛིན་ཕུན་ཚོགས་ལགས་དང་ཀོ་རི་ཡར་སྐྱེས་ཤིང་ཨ་རི་ནང་འཚར་ལོངའ་བྱེད་བཞིན་པ་ Joey Deetree ལགས་གཉིས་ནས་ཕྱི་ལོ་ ༢༠༡༣ ལོ་ནས་རྒྱ་གར་དང་བལ་ཡུལ། དེ་བཞིན་བོད་དང་ཨ་རི་བཅས་སུ་བརྙན་པར་བླངས་ཏེ་བཟོ་སྐྲུན་ཞུས་པ་ཞིག་རེད་འདུག གློག་བརྙན་དེའི་སྔོན་འགྲོའི་གསལ་བསྒྲགས་ནང་གསལ་ལྟར་ན་གློང་བརྙན་དེ་ཁོང་རྣམ་གཉིས་ནས་བོད་འདི་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པ་ནས་བཟུང་སྟེ་ད་བར་བོད་དོན་འཐབ་རྩོད་ཁྲོད་དུ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བོད་ཐོག་སྤེལ་བའི་ལས་གཞི་དང་བོད་ཀྱི་དགེ་འདུན་པ་མང་པོ་ཞིག་སྐྱ་བོར་བབས་ཏེ་འཐབ་རྩོད་ཁྲོད་ཞུགས་པའི་ལོ་རྒྱུས། དེ་བཞིན་བོད་མི་མི་ཉུང་བ་ཞིག་༸གོང་ས་མཆོག་གི་དགོངས་བཞེད་ལྟར་དབུ་མའི་ལམ་དུ་ཞུགས་པ་དང་བོད་མི་གཞོན་སྐྱེས་མི་ཉུང་བ་ཞིག་གིས་བོད་དོན་སླད་རང་ལུས་མེར་བསྲེགས་ཀྱིས་ལས་འགུལ་སྤེལ་ཡོད་པ་སོགས་མངོན་གསལ་གནང་བ་མ་ཟད། ད་བར་བོད་མིའི་མི་རབས་གསུམ་ཙམ་བརྗེ་པོ་རྒྱག་བཞིན་པའི་ཁྲོད་དུ་བོད་དོན་འཐབ་རྩོད་ཀྱི་རྣམ་པར་འགྱུར་བ་ཇི་བྱུང་ལ་སོགས་པ་ཆེས་གསལ་འདོན་གནང་འདུག གཞི་རྩའི་གློག་བརྙན་དེ་དེ་སྔ་ཨ་རི་དང་སུད་སི་སོགས་རྒྱལ་ཁབ་ཁག་ཅིག་ཏུ་གཟིགས་འབུལ་ཞུས་ཟིན་ཡོད་པ་དང་རིང་མིན་ཕྱི་ཟླ་ ༡༠ ནང་ཐེ་ཝན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་། བཞུགས་སྒར་དུ་འཚོགས་གཏན་ཁེལ་བའི་བོད་ཀྱི་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་ཞུ་རྒྱུ་རེད་འདུག བསྟན་འཛིན་ཕུན་ཚོགས་ལགས་ཨ་རིར་གནས་སྡོད་བྱེད་བཞིན་ཡོད་པ་དང་འདས་པའི་ལོ་དུས་ནང་ཁོང་གིས་བཟོས་པའི་གློག་བརྙན་རྣམས་གཙོ་ཆེ་ཤོས་བོད་མིའི་ཆབ་སྲིད་དང་འཐབ་རྩོད་ཀྱི་གནས་སྟངས། དེ་བཞིན་བཙན་བྱོལ་གི་གནས་སྟངས་སོགས་མཚོན་པ་བྱས་པའི་དངོས་བྱུང་གློག་བརྙན་ཞིག་ཆགས་ཡོད་པ་དང་། ཁོང་གི་གློག་བརྙན་དང་པོ་དེ་ The Rebellion Ceremony ཡིན་པ་རེད།

བྱང་ཀེལ་ཕོ་ནི་ཡའི་ Richmond སྲང་ལམ་ལ་ Dalai Lama གཞུང་ལམ་ཞེས་མཚན་བཏགས་རྒྱུའི་ཞུ་སྐུལ།

བྱང་ཀེལ་ཕོ་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ Richmond གྲོང་སྡེ་ལྷན་ཚོགས་དང་སྤྱི་ཁྱབ་ལ་བོད་རིགས་སྤྱི་མཐུན་ཚོགས་པའི་སྡེ་བཞི་ཕུན་ཚོགས་གླིང་ཚོགས་ཁང་ཆགས་ཡུལ་གཞུང་ལམ་ལ་ Dalai Lama གཞུང་ལམ་ཞེས་མཚན་བཏགས་རྒྱུ་ཞུ་སྐུལ་གནང་འདུག དེ་སྔ་བོད་རིགས་སྤྱི་མཐུན་ཚོགས་པས་གྲོང་སྡེ་ལྷན་ཚོགས་དང་གྲོང་སྡེ་སྤྱི་ཁྱབ་སྐུ་ཞབས་ Tom Butt ལགས་ཀྱི་མཚན་ཐོག་ཏུ་སྡེ་བཞི་ཕུན་ཚོགས་གླིང་ཚོགས་ཁང་ཆགས་ཡུལ་Huntington གཞུང་ལམ་གྱི་ཆ་ཤས་ཤིག་ལ་ Dalai Lama གཞུང་ལམ་ཞེས་མཚན་བསྒྱུར་བཅོས་གནང་དགོས་པ་དང་དེ་བཞིན་འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༤ ལ་ཕེབས་པར་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་ཉིན་མོར་ཏཱ་ལའི་བླ་མའི་ཉིན་མོ་ཞེས་གསལ་བསྒྲགས་དགོས་པའི་འབོད་སྐུལ་ཞུས་པ་བཅས་གཞུང་ལམ་དེར་གནས་སྡོད་མང་ཚོགས་ཁག་ལས་མཚན་རྟགས་བསྡུ་རུབ་ཀྱིས་ཞུ་སྙན་ཕུལ་ཡོད་པ་ལྟར། Richmond གྲོང་སྡེ་ལྷན་ཚོགས་ནས་ཟླ་བ་ ༧ ཚེས་ ༡༦ ཉིན་༸གོང་ས་མཆོག་ལ་ཆེ་བསྟོད་དང་སྦྲགས་ཟླ་ ༧ ཚེས་ ༦ ཉིན་མོ་དེ་ཏཱ་ལའི་བླ་མའི་ཉིན་མོ་ཞེས་ཡོངས་བསྒྲགས་གནང་ཡོད་པ་རེད། གཞི་རྩའི་ Dalai Lama གཞུང་ལམ་ཞེས་མཚན་བཏགས་སླད་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་འདུའི་ཐོག་ཐག་གཅོད་མ་གནང་གོང་ Recreation དང་ Parks Commision ཞེས་པའི་ཚོགས་ཆུང་ནས་རྒྱབ་སྐྱོར་དགོས་གལ་ཡིན་པ་དང་དེ་འབྲེལ་རྒྱབ་སྐྱོར་འདི་ལོའི་ཟླ་ ༨ ཚེས་ ༧ ཉིན་ཐོབ་ཡོད་པ་དང་།  མཚན་བསྒྱུར་བཅོས་ཀྱི་མཐའ་མའི་ཐག་གཅོད་དེ་གཟའ་འཁོར་རྗེས་མའི་རེས་གཟའ་མིག་དམར་ཉིན་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་འདུའི་ཐོག་གནང་རྒྱུ་ཡིན་པ་རེད། བྱང་ཀེལ་ཕོ་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་པ་བསྟན་འཛིན་རང་གྲོལ་ལགས་སུ་བཅར་འདྲི་ཞུས་པར་འདི་ལོར་མགོན་པོ་༸གང་ཉིད་མཆོག་དགུང་གྲངས་ ༨༤ ལ་ཕེབས་པ་དང་བསྟུན་ད་བར་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིས་གཙོས་པའི་རྒྱལ་སྤྱིའི་ཁྲོད་ཞི་བདེ་དང་འཚེ་བ་མེད་པ།  བྱམས་བརྩེའི་ཁོར་ཡུག་བསྐྲུན་སླད་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་ཡོད་པ་དང་། ནོ་སྦེལ་ཞི་བདེ་གཟེངས་རྟགས་དང་ཨ་རི་གསེར་གྱི་གཟེངས་རྟགས་སོགས་ཆེ་བསྟོད་མང་དག་ཅིག་ཞུས་ཡོད་སྟབས་གྲོང་སྡེ་ངོས་ནས་༸གོང་ས་མཆོག་གི་མཛད་པ་འཕྲིན་ལས་ལ་ཆེ་བསྟོད་ཐུབ་སླད་དེ་ལྟར་ཞུ་སྐུལ་གནང་ཡོད་སྐོར་གསུངས་སོང་། རྩ་བའི་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་ཁུར་གྱིས་གཞུང་ལམ་ལ་མིང་བསྒྱུར་གནང་རྒྱུའི་གྲོང་སྡེའི་སྤྱི་ཁྱབ་ལ་རེ་སྐུལ་ཞུས་པ་དེ་ཆེས་ཐོག་མ་ཆགས་ཀྱི་མེད་པར་ཉེ་ལམ་ཨ་རི་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཀྱང་སྤྱི་ཁང་ཕུན་ཚོགས་སྡེ་བཞི་མདུན་དུ་ཡོད་པའི་སྲང་ལམ་ལ་བོད་ཀྱི་ལམ་འམ་ Tibet Way ཞེས་མཚན་བཏགས་ཐུབ་པ་བྱུང་ཡོད་པ་རེད།  

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་ཁྲིམས་འཆར་གསར་པ་ཆེད་འདོན།

ཁ་སང་ཕྱི་ཚེས་ ༢༤ ཉིན་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་མཉམ་འབྲེལ་ཚོགས་གཙོ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱིས་ཉེ་ཆར་ཚོགས་ཆུང་དེའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས་གྲོས་ཚོགས་འོག་མའི་ནང་ཆེད་འདོན་གནང་བའི་ Tibetan Policy and Support Act of 2019 ཞེས་པའི་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པ་དེ་གྲོས་ཚོགས་གོང་མར་ཆེད་འདོན་གནང་འདུག སྐབས་དེར་སྐུ་ཞབས་ Marco Rubio ལགས་ཀྱིས་རྒྱ་ནག་གཞུང་གི་བོད་མིའི་ཐོག་འགོག་རྐྱེན་འདྲ་མིན་བཟོ་བཞིན་པའི་དུས་སྐབས་འདིར་ཨ་རིའི་སྲིད་གཞུང་ནས་བོད་ཐོག་ཐོག་འཛིན་པའི་སྲིད་བྱུས་དེ་དུས་ཚོད་དང་མཐུན་པའི་ཁ་གསབ་གནང་རྒྱུ་གལ་ཆེན་པོ་ཡིན་སྟབས། བོད་དོན་ཁྲིམས་འཆར་གསར་པ་ཆེད་འདོན་གནང་བ་ཞིག་ཡིན་ཞེས་གསུངས་པ་དང་ཆབས་ཅིག དུས་རྒྱུན་དུ་ཨ་མི་རི་ཀའི་ངོས་ནས་རྒྱ་ནག་གཞུང་གིས་དྲག་གནོན་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མིའི་གནས་སྟངས་ཐེར་འདོན་གནང་དགོས་པ་མ་ཟད་བོད་ཕྱི་ནང་གཉིས་སུ་བོད་མིའི་ཆོས་དད་རང་དབང་དང་སྐད་ཡིག ཐུན་མོང་མ་ཡིན་པའི་རིག་གཞུང་ཁག་སྲུང་སྐྱོབ་ཐུབ་ཐབས་སུ་ཐབས་བྱུས་འདྲ་མིན་ཆེད་འདོན་གནང་གལ་ཆེན་པོ་རེད་ཅེས་གསུངས་འདུག སྐུ་ཞབས་ Marco Rubio ལགས་ནས་ཆེད་འདོན་གནང་བའི་བོད་དོན་ཁྲིམས་འཆར་གསར་པ་དེར་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀ་ལས་གྲུབ་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Ben Cardin ལགས་དང་སྐུ་ཞབས་ Tom Cotton ལགས། ལྕམ་སྐུ་  Dianne Feinstein ལགས། སྐུ་ཞབས་ Lindsey Graham ལགས།  དེ་བཞིན་སྐུ་ཞབས་ Ed Markey ལགས་བཅས་ཁྱོན་གྲོས་ཚོགས་གོང་མའི་འཐུས་མི་ལྔས་རྒྱབ་སྐྱོར་གནང་ཡོད་པ་དང་། སྐུ་ཞབས་ Ben Cardin ལགས་ཀྱིས་བོད་དོན་ཁྲིམས་འཆར་གསར་པ་འདིས་ཨ་རིའི་ངོས་ནས་བོད་མིའི་གཞི་རྩའི་གྲོ་བ་མིའི་ཐོབ་ཐང་དང་རང་སྲིད་རང་སྐྱོང་གི་གནས་བབས་སོགས་ཀྱི་ཐོག་རྒྱབ་སྐྱོར་མཚོན་པ་མ་ཟད་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་༸གོང་ས་མཆོག་གིས་དབུས་པའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱས་པར་ཨ་རིའི་ངོས་ནས་དུས་ནམ་ཡང་ཁ་ཁུ་སིམ་པོར་བཞུགས་ཀྱི་མ་རེད་ཅེས་གསུངས་འདུག དེ་བཞིན་སྐུ་ཞབས་ Lindsey Graham ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་བྱེད་བཞིན་པར་ངོས་ལེན་ནམ་ཡང་ཞུ་ཐབས་མེད་སྐོར་གསུངས་འདུག་པ་མ་ཟད། ལྕམ་སྐུ་  Dianne Feinstein ལགས་ཀྱིས་ཀྱང་ཨ་རི་བོད་ཐོག་གཏན་འབེབས་གནང་བའི་ Tibetan Policy Act of 2002 ཞེས་ཨ་རི་བོད་ཐོག་འཛིན་པའི་སྲིད་བྱུས་དེ་གཏན་འབེབས་གནང་སྟེ་ད་ཆ་ལོ་ངོ་ ༡༧ ལྷག་འགྲོ་བཞིན་ཡོད་ཀྱང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་མེད་པར་ལོ་རེ་བཞིན་ཆེས་ཇེ་སྡུག་ཏུ་ཕྱིན་ཡོད་པར་འགྲེལ་བརྗོད་གནང་བ་འབྲེལ་ཏེ་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ངེས་པར་དུ་བསྐྱར་བཅོས་གནང་དགོས་པ་དང་། ད་རེས་བོད་དོན་ཁྲིམས་འཆར་གསར་དེར་གདེང་སྤོབས་ཆེན་པོས་རྒྱབ་སྐྱོར་ཞུ་ཡི་ཡིན་ཞེས་གསུངས་འདུག སྐུ་ཞབས་ Tom Cotton ལགས་ཀྱིས་རྒྱ་ནག་གཞུང་གིས་དེ་སྔ་བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་དག་བཙན་ཁྲིད་བྱས་པ་མ་ཟད་ད་ཆ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་སྐབས་འདིར་ཨ་རིའི་བོད་དོན་ཁྲིམས་འཆར་འདི་གཏན་འབེབས་བརྒྱུད་རྒྱ་གཞུང་གི་ཐེ་བྱུས་ཅན་གྱི་ལས་དོན་རྣམས་འགོག་ཐུབ་ངེས་ཡིན་སྐོར་གསུངས་འདུག སྐུ་ཞབས་ Ed Markey ལགས་ནས་ཨ་རིའི་གྲོས་ཚོགས་ནང་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པ་དེ་གཏན་འབེབས་གནང་སྟེ་རྒྱ་ནག་གཞུང་ལ་ཨ་མི་རི་ཀའི་སྲིད་གཞུང་འདི་དབང་ཆ་གཅིག་བསྡུས་ཀྱི་རིང་ལུགས་ལ་རྒྱབ་སྐྱོར་མེད་པར་རང་དབང་ལ་དགའ་ཞེན་ཆེ་བའི་མི་མང་ཚོར་རྒྱབ་སྐྱོར་ཡོད་པའི་བརྡ་ལན་གསལ་པོ་ཞིག་གནང་དགོས་ཞེས་གསུངས་འདུག གཞི་རྩའི་ Tibetan Policy and Support Act of 2019 ཞེས་པའི་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པ་དེ་ཟླ་ ༩ ཚེས་ ༡༣ ཉིན་སྐུ་ཞབས་ Jim McGovern ལགས་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཆེད་འདོན་གནང་སྟེ་ཆབ་སྲིད་ཚོགས་པ་གཉིས་ཀ་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་བདུན་ནས་རྒྱབ་སྐྱོར་གནང་ཐོག་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་། ཁྲིམས་ལུགས་ཚོགས་ཆུང་གཉིས་སུ་ཁྲིམས་འཆར་གྱི་དོན་ཚན་ཁག་ལ་གྲོས་བསྡུར་དང་དཔྱད་ཞིབ་གནང་མུས་ཡིན་པ་དང་། སྐབས་དེར་རླུང་འཕྲིན་ཁང་གིས་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཁག་གཅིག་ཞུས་པར་ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་གསར་པ་ཆེད་འདོན་གནང་བ་དེས་རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་སྔོན་བརྡ་ཞིག་མཚོན་ཐུབ་ཀྱི་ཡོད་པ་གསུངས་ཡོད། གཞི་རྩའི་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པའི་ནང་དེ་སྔ་ ༢༠༠༢ ལོར་གཏན་འབེབས་གནང་བའི་ Tibet Policy Act 2002 ཞེས་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ནང་གསལ་བའི་དོན་ཚན་ཁག་ལ་རྒྱས་བཤད་དང་༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན། དེ་བཞིན་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དགོས་པ། ཨ་རི་གཞུང་ནས་བོད་མིར་རོགས་སྐྱོར་མུ་མཐུད་གནང་དགོས་པ་སོགས་དོན་ཚན་ཆེ་ཁག་ལྔ་འཁོད་འདུག ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་ཁྲིམས་འཆར་འདོན་འཇོག་གནང་བ་དང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཞུགས་སྒར་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་ཁྲིམས་འཆར་དེའི་ཐོག་ཕྱག་རོགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད་ཁྲིམས་འཆར་དེ་ཁྲིམས་ཆགས་པར་བོད་མི་རྣམས་ནས་ཞུ་གཏུག་གནང་དགོས་པའི་ཞུ་སྐུལ་གནང་སོང་།

རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཆོས་དད་རང་དབང་ཐོག་མཉམ་ལས་གནང་དགོས་པའི་ཞུ་སྐུལ།

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐེངས་ ༧༤ པ་འཚོགས་བཞིན་པ་དང་བསྟུན་ཁ་ཉིན་རེས་གཟའ་ཟླ་བའི་ཉིན་ཨ་རིའི་རྒྱལ་སྲིད་གཞུང་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་ཀྱི་ཚོགས་འདུ་ཞིག་ཆེད་བསྐོང་གནང་བའི་ཁྲོད་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་དང་སྲིད་འཛིན་གཞོན་པ Mike Pence མཆོག དེ་བཞིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་ Sam Brownback ལགས་དང་ཕྱི་སྲིད་བློན་ཆེན་ Mike Pompeo སོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་ཆོས་ལུགས་ཀྱི་དབུ་ཁྲིད་མང་དག་ཅིག་མཉམ་ཞུགས་གནང་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་ནས་ཆོས་ལུགས་དད་མོས་རྐྱེན་པས་སྡུག་སྦྱོང་མནར་གཅོད་མྱོང་མཁན་མང་པོ་གདན་འདྲེན་བྱས་ཡོད་པ་ལྟར་བོད་ཀྱི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་མ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱང་གདན་ཞུ་གནང་འདུག  རྒྱལ་སྤྱིའི་ཆོས་རང་དབང་གི་ལྷན་ཚོགས་དེ་གྲོལ་མཚམས་སུ་ཨ་རིའི་སྲིད་གཞུང་གིས་གསར་འགོད་ལྷན་ཚོགས་ཤིག་བསྡུ་བསྐོང་གནང་བའི་ཁྲོད་ཉི་མ་ལྷ་མོ་ལགས་ཀྱིས་བོད་ནང་གི་ཆོས་དད་རང་མོས་ཀྱི་གནས་སྟངས་སྐོར་ལ་གསུང་བཤད་གནང་འདུག་པ་དང་། སྐབས་དེར་ཁོང་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཆོས་དད་རང་མོས་ཀྱི་གནད་དོན་ཐོག་མཉམ་ལས་གནང་རྒྱུའི་དུས་ལ་བབ་ཡོད་པ་དང་། ཨ་རིའི་གཞུང་ ནས་ད་རེས་ཀྱི་ལྷན་ཚོགས་བརྒྱུད་ནས་གོ་སྐབས་འདི་བསྐྲུན་ཐུབ་ཡོད་པ་འགྲེལ་བརྗོད་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་ཉི་མ་ལྷ་མོ་ལགས་སུ་ཞལ་པར་བརྒྱུད་བཅར་འདྲི་ཞུས་པར་ཁོང་གིས་བོད་ནང་གི་བོད་མི་རྣམས་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་མེད་པའི་ཁར་གནས་ཚུལ་དེར་ཕྱི་ལ་བསྒྲགས་རྒྱུའི་ཐོབ་ཐང་ཡང་མེད་པར་བརྟེན་ད་རེས་ཁོང་གིས་གཞིས་ལུས་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ་བོད་ནང་གི་ཆོས་དད་རང་དབང་སྤྱི་དང་རང་ལུས་མེར་བསྲེགས་ཀྱི་གནད་དོན། དེ་བཞིན་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་སྐོར་སོགས་སྙན་གསེང་ཞུ་རྒྱུའི་གོ་སྐབས་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་ངོ་སྤྲོད་གནང་སོང་། ཨ་རིའི་གཞུང་ནས་ཐེངས་འདིའི་ལྷན་ཚོགས་ཐོག་ཉི་མ་ལྷ་མོ་ལགས་དང་ལྷན་དུ་ཤིན་ཅང་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་པ་སྐུ་ཞབས་ Ilham Tohti ལགས་ཀྱི་བོུ་གཙོས་པའི་ཆོས་ལུགས་དད་མོས་དང་འབྲེལ་བའི་མནར་གཅོད་མྱངས་དང་མྱོང་མཁན་གྱི་མི་སྣ་ཁག་གཅིག་གདན་ཞུ་གནང་ཡོད་པ་རེད། རླུང་འཕྲིན་ཁང་གིས་ཉི་མ་ལྷ་མོ་ལགས་སུ་ཐེངས་འདིའི་ཆོས་དད་རང་དབང་ལྷན་ཚོགས་ཐོག་ཏུ་དམིགས་བསལ་གྱིས་ཁོང་གདན་འདྲེན་ཞུས་པ་དེར་གཟིགས་ཕྱོགས་ཇི་བྱུང་བཀའ་འདྲི་ཞུས་པར་གཙོ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་མཆོག་གིས་བོད་ནང་གི་ཆོས་དད་རང་དབང་གི་ཐད་ནས་ཕྱག་ལས་རྒྱ་ཆེར་གནང་སྟེ་མཐར་རྒྱ་ནག་གིས་ཁོང་ལ་མ་ཉེས་ཁ་གཡོགས་ཀྱིས་སྐུ་ཚེ་མ་ཟིན་པའི་གནས་སྟངས་ཤིག་བྱུང་ཡོད་པར་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་གསལ་པོ་ཡོད་པ་ཞིག་ཡིན་སྟབས་ཁོང་ལ་ཆ་མཚོན་ན་རིན་པོ་ཆེའི་གནད་དོན་དེ་དངོས་སུ་མཐོང་མྱོང་མཁན་གྱི་བདེན་དཔང་ལྟ་བུ་ཞིག་ཡིན་པས་ཐེངས་འདིའི་ལྷན་ཚོགས་ཐོག་གདན་འདྲེན་ཞུས་པ་ཞིག་ཆགས་ཡོད་པར་གསུངས་སོང་། རྩ་བའི་ཨ་རིའི་གཞུང་གིས་གོ་སྒྲིག་གནང་བའི་ཆོས་དད་རང་དབང་གི་ལྷན་ཚོགས་ཐོག་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་ཁོང་ནི་འཛམ་གླིང་ནང་གི་ཆོས་ལུགས་རང་དབང་ཐད་ཚོགས་ཆེན་བསྡུ་བསྐོང་གནང་མཁན་ཨ་རིའི་སྲིད་འཛིན་ཐོག་མ་དེ་ཡིན་པ་གསུངས་པ་དང་འབྲེལ། ཨ་རིའི་ངོས་ནས་ཨ་སྒོར་ས་ཡ་ ༢༥ ལྷག་ཆེད་གཏོང་གིས་ཆོས་ལུགས་དད་མོས་རང་དབང་དང་ཆོལ་ལུགས་ཀྱི་གནའ་ཤུལ་སྲུང་སྐྱོབ་གནང་རྒྱུ་ཡིན་པ་མ་ཟད། ཆོས་ལུགས་སྲུང་སྐྱོབ་ཀྱི་ཚོགས་པ་ཞིག་ཀྱང་གསར་དུ་འཛུགས་རྒྱུ་ཡིན་པ་གསུངས་ཏེ་ཆོས་ལུགས་སྲུང་སྐྱོབ་གནང་རྒྱུ་ནི་ཨ་རིའི་དམིགས་འབེན་དང་པོ་ཡིན་པ་གསུངས་འདུག   འཛམ་གླིང་དབུ་ཁྲིད་ཚོས་ཆོས་དད་རང་དབང་ལ་དམ་དྲག་གི་ལས་དོན་ཡོངས་སུ་མཚམས་འཇོག་དགོས་པ་དང་ཆོས་ལུགས་དད་མོས་དང་འབྲེལ་བའི་བཙོན་པ་ཡོད་ཚད་གློད་བཀྲོལ་གཏོང་དགོས་པ། དེ་བཞིན་ཆོས་དད་རང་དབང་ལ་དམ་དྲག་བྱས་པའི་ཁྲིམས་སྒྲིག་ཡོངས་ལ་བསྒྱུར་བཅོས་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད། ཨ་རིའི་ངོས་ནས་ཐེངས་དང་པོར་དམིབས་བསལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་སུ་ཆོས་ལུགས་དད་མོས་ཀྱི་རང་དབང་གི་སྐོར་ཚོགས་འདུ་བསྐོང་བ་དེའི་གལ་གནད་དང་འབྲེལ་ཏེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གཞོན་པ་བུ་ཆུང་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་  ད་ལྟའི་གཞུང་འཛིན་གྱི་ཆབ་སྲིད་ཚོགས་པའི་ངོས་ནས་ཆོས་དད་དབང་དེ་གཙོ་ཆེར་འཛིན་བཞིན་པ་མ་ཟད་ཨ་རིའི་འཛིན་གཞོན་པ་སྐུ་ཞབས་ Mike Pence ལགས་དུས་རྒྱུན་ནས་ཆོས་དད་རང་དབང་གི་ཐོག་ཐུགས་སྣང་ཆེས་ཆེར་ཡོད་པའི་མི་སྣ་ཞིག་ཡིན་པ་བཤད་སྲོལ་ཡོད་པ་བཞིན་འདི་ལོའི་ཕྱི་ཟླ་ ༧ ནང་དུ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཚོགས་འདུ་བསྡུ་བསྐོང་བྱས་ཡོད་པ་སོགས་ངོ་སྤྲོད་གནང་སོང་བ་དང་ཆབས་ཅིག་ཏུ་ཨ་རིའི་ངོས་ནས་ཆོས་དད་རང་དབང་གི་གནད་དོན་ལ་རྒྱབ་སྐྱོར་ཡོད་པ་གསལ་པོ་ཆགས་ཡོད་སྐོར་གསུངས་ཡོད། ཨ་རིའི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་འཚོགས་བཞིན་པ་དང་བསྟུན་རྒྱལ་སྤྱིའི་ཆོས་དད་རང་མོས་ལ་འབོད་སྐུལ་ཞེས་པའི་བརྗོད་གཞིའི་འོག་ཉིན་གཉིས་ཀྱི་རིང་ཚོགས་འདུ་བསྡུ་བསྐོང་བྱས་ཡོད་པ་ལྟར་ཁ་སང་ཨ་རིའི་ཕྱི་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ John Sullivan ལགས་ཀྱིས་རྒྱ་ནག་ནང་གི་ཤིན་ཅང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཞེས་པའི་བརྗོད་གཞི་ཐོག་དམིགས་བསལ་ཚོགས་འདུ་ཞིག་ཀྱང་བསྡུ་བསྐོང་གནང་བའི་ཁྲོད་འཇར་མན་དང་དབྱིན་ཡུལ་སོགས་ཀྱིས་མཚོན་པའི་རྒྱལ་ཁབ་ ༢༡ ནས་ཚོགས་ཞུགས་གནང་འདུག རྒྱལ་སྤྱིའི་རྒྱལ་ཁབ་ཡོངས་ཀྱི་ངོས་ནས་རྒྱ་ནག་ལ་གནོད་ཤུགས་སྤྲད་ཐོག་རྒྱ་ནག་སྲིད་གཞུང་གིས་ཤིན་ཅང་ཁུལ་དུ་མི་སྤྱོད་ལས་འདས་པའི་དམ་དྲག་བྱེད་བཞིན་པའི་གནས་བབ་དེ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་གནང་འདུག

   བོད་ཀྱི་སོན་རྩ་ཚོས་བོད་ཀྱི་ཁོར་ཡུག་གི་གནས་བབ་ཤེས་རྟོགས་བྱེད་དགོས།

སུད་ཌེན་རྒྱལ་ཁབ་ཀྱི་རང་ལོ་བཅུ་དྲུག་ཡིན་པའི་ཁོར་ཡུག་གི་ལས་འགུལ་བ་གྲགས་ཅན་བུ་མོ་ Greta Thunberg ལགས་ཀྱིས་སྣེ་ཁྲིད་པའི་འོག་ཁ་སང་རྒྱལ་སྤྱིའི་སློབ་ཕྲུག་ས་ཡ་མང་པོས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་རྒྱ་ཆེ་སྤེལ་བའི་ཁྲོད་བོད་མི་རྣམས་ནས་ཀྱང་རང་ཉིད་ཀྱི་གནས་ཡུལ་ས་གནས་སོ་སོའི་ལས་འགུལ་ནང་མཉམ་ཞུགས་དང་གོ་རྟོགས་ཀྱི་ཟབ་སྦྱོང་གོ་སྒྲིག དེ་བཞིན་བརྙན་པར་དང་བརྙན་ཐོག་སོགས་འདོན་སྤེལ་བརྒྱུད་བོད་ནང་གི་ཁོར་ཡུག་དང་འབྲེལ་བའི་ཛ་དྲག་གི་དཀའ་ངལ་གསལ་འདོན་གནང་འདུག རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ནས་ཁ་སང་སྐར་མ་གཅིག་ཅན་གྱི་བརྙན་ཐུང་ཞིག་འདོན་སྤེལ་གནང་བ་བརྒྱུད་ནས་བོད་མཐོ་སྒང་གི་ཚ་དྲོད་འཕར་ཚད་དེ་གོ་ལ་སྤྱི་ཡོངས་ལས་ལྡབ་གསུམ་མང་བ་འཕར་བཞིན་ཡོད་སྐོར་གསུངས་ཏེ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གནས་བོད་ནང་གི་ཛ་དྲག་གི་དཀའ་ངལ་དེ་སེལ་རྒྱུའི་དུས་ལ་བབ་ཡོད་པ་གསུངས་འདུག  བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་ཁ་སང་ཉིན་རྒྱབ་ཏུ་དྷ་ཤོད་བོད་ཁྱིམ་གྱི་ཚོགས་ཁང་དུ་རྒྱལ་སྤྱིའི་ཁོར་ཡུག་གི་ལས་འགུལ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བ་བརྒྱུད་བོད་ནང་གི་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག་སོགས་ཀྱི་པར་རིས་འགྲེམས་སྟོན་གནང་སྟེ་སློབ་ཕྲུག་རྣམས་ལ་ཟབ་སྦྱོང་ཞིག་གོ་སྒྲིག་གནང་སོང་། ཟབ་སྦྱོང་ཐོག་ཏུ་དྷ་ཤོད་བོད་ཁྱིམ་གྱི་དབུ་འཛིན་མཆོག་གིས་གཙོས་པའི་ལས་བྱེད་ཡོངས་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་ལྔའི་སྐུ་ཚབ། འཛིན་གྲྭ་དྲུག་པ་ནས་བཅུ་པའི་བར་གྱི་སློབ་མ་ཚོ་ཟབ་སྦྱོང་དེར་མཉམ་ཞུགས་ཀྱིས་འཛམ་གླིང་གི་རང་བྱུང་ཁོར་ཡུག་ཉམས་ཉེས་ཀྱི་གློག་བརྙན་སྤྱི་དང་སྒོས་བོད་ནང་རྒྱ་ནག་གིས་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་གྱིས་ཤིང་ནགས་གཅོད་འབྲེག་དང་གཏེར་ཁ་སྔོག་འདོན། གཙང་ཆུ་ཁ་བསྒྱུར་དང་ཆུ་མཛོད་གསར་རྒྱག་སོགས་ཀྱི་ཤུགས་རྐྱེན་ཇི་ཐེབས་ཀྱི་པར་རིས་འགྲེམས་སྟོན་དང་གཏམ་བཤད་གནང་སོང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་སྤེན་པ་ལགས་ཀྱིས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བདུན་གཅིག་རིང་གི་ཁོར་ཡུག་གི་ལས་འགུལ་དེ་འགྲེལ་བརྗོད་གནང་བ་དང་སྦྲགས། བོད་ཀྱི་གཞོན་ནུ་རྣམས་ནི་མ་འོངས་པའི་བོད་ཀྱི་སོན་རྩ་ཡིན་ཞེས་པ་ལྟར་ཆུང་དུས་ནས་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནས་བབ་སྐོར་ལ་ཤེས་རྟོགས་ཐུབ་པར་འབད་དགོས་གལ་ཡིན་པ་གསུངས་སོང་། དེ་བཞིན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འཐུས་ཚབ་དབང་མོ་ལགས་ཀྱིས་བོད་ནང་གི་ཁོར་ཡུག་གི་གནས་བབ་དང་འབྲེལ་ཏེ་བོད་མཐོ་སྒང་ནི་ཨེ་ཤ་ཡིའི་ཁྱིམ་མཚེས་རྒྱལ་ཁབ་ཁག་བརྒྱད་ལྷག་གི་འཚོ་རྟེན་བཅོལ་སའི་ཆུ་བོ་ཀུན་གྱི་འགོ་ཁོངས་ཡིན་སྟབས་ཨེ་ཤ་ཡའི་རྒྱལ་ཁབ་ཀུན་གྱི་སྲོག་རྩ་ཡིན་ཚུལ་དང་། དེ་བཞིན་གངས་རི་ར་བས་ཡོངས་སུ་སྐོར་ཡོད་པའི་ཆ་ནས་འཛམ་གླིང་གི་སྣེ་གསུམ་པར་འབོད་བཞིན་པའི་འཛམ་གླིང་གི་འཁྱགས་རོམ་གྱི་ས་ཁུལ་དམིགས་བསལ་བ་ཞིག་ཆགས་ཡོད་པ་ངོ་སྤྲོད་གནང་སྟེ་ད་ཆ་རྒྱ་ནག་གིས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཚད་བརྒལ་གྱིས་གཏོར་བཅོམ་གཏོང་གི་ཡོད་པའི་པར་རིས་སོགས་ཀྱང་འགྲེམས་སྟོན་གནང་ཡོད། སྐབས་དེར་གཞན་ཡང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་འཐུས་ཚབ་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་གསར་འགོད་པར་ཁ་སང་ནས་བཟུང་བདུན་གཅིག་གི་རིང་ལ་རྒྱལ་སྤྱིའི་ཁྱོན་ཡོངས་ནས་སློབ་ཕྲུག་རྣམས་ཀྱིས་འགོ་ཁྲིད་ཐོག་རང་བྱུང་ཁོར་ཡུག་གཅེས་སྲུང་དགོས་པའི་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་གནང་གི་ཡོད་སྟབས་བོད་པའི་སློབ་ཕྲུག་རྣམས་ཀྱིས་ཀྱང་ལས་འགུལ་དེ་དང་འབྲེལ་ནས་བོད་ནང་གི་གནས་བབ་སོགས་གླེང་སློང་གནང་བ་བརྒྱུད་ནས་ཐེངས་འདིའི་རྔམ་སྟོན་ཁྲོམ་སྐོར་དེར་མཉམ་ཞུགས་ཡག་པོ་ཡོང་ཐབས་ལ་དམིགས་ཏེ་ཟབ་སྦྱོང་དེ་གོ་སྒྲིག་གནང་ཡོད་སྐོར་གསུངས་སོང་། རྩ་བའི་ཁ་ས་རེས་གཟའ་པ་སངས་ནས་དབུ་འཛུགས་ཀྱིས་བདུན་གཅིག་རིང་གི་གཞི་རྒྱ་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་གི་ལས་འགུལ་དེ་ནི་རྒྱལ་སྤྱིའི་ཁོར་ཡུག་གི་ལས་འགུལ་དེ་ནི་ Sweden རྒྱལ་ཁབ་ཀྱི་རང་ལོ་བཅུ་དྲུག་ཡིན་པའི་ཁོར་ཡུག་གི་ལས་འགུལ་བ་གྲགས་ཅན་བུ་མོ་ Greta Thunberg ལགས་ཀྱིས་སྣེ་ཁྲིད་པའི་ Friday for future ཞེས་པའི་རེས་གཟའ་པ་སངས་ནི་མ་འོངས་པའི་ཆེད་དུ་ཡིན་པའི་འབོད་ཚིག་གི་འོག་ནས་འགོ་བརྩམས་པ་ཞིག་ཡིན་སྟབས་ཁ་སང་ནས་རྒྱལ་སྤྱིའི་སློབ་ཕྲུག་ས་ཡ་མང་པོས་ཁོར་ཡུག་གི་ལས་འགུལ་འདིར་མཉམ་ཞུགས་ཀྱིས་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། བཞུགས་སྒར་མེག་གྷན་གྱི་བཞི་མདོར་ཡང་རྒྱ་གར་དང་དབྱིན་ཇི་སོགས་གཙོས་པའི་མི་མང་མཉམ་འཛོམས་ཀྱིས་ཁོར་ཡུག་སྲུང་དགོས་པའི་རྔམ་སྟོན་ཁྲོམ་སྐོར་ཞིག་གནང་བའི་ཁྲོད་དུ་ཡང་བོད་མི་མང་པོས་ཡང་མཉམ་ཞུགས་གནང་བ་མ་ཟད། རྒྱལ་ས་རྒྱ་གར་རྒྱལ་ས་ལྡི་ལི་དང་།  Australia ཨ་རི། དེ་བཞིན་ཡོ་རོབ་ཀྱི་རྒྱལ་ཁབ་གང་སར་གནས་སྡོད་བོད་མི་རྣམས་ནས་ས་གནས་སོ་སོའི་ལས་འགུལ་ནང་ཆ་ཤས་བླངས་ཡོད་པ་རེད། དེ་དང་ཕྱོགས་མཚུགས་སུ་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁ་སང་ཉིན་མོ་དང་བསྟུན་བོད་ནང་གི་གཙང་ཆུ་དང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སྟེ་བོད་ཀྱི་ཁོར་ཡུག་གི་གལ་གནད་ཆེ་བའི་རང་བཞིན་དང་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ཁག་གསལ་འདོན་གནང་འདུག  

ཡོ་རོབ་བོད་མི་ཚོས་ཇི་ནི་ཝར་གཞི་རྒྱ་ཆེ་བའི་རྔམ་སྟོན་ལས་འགུལ་སྤེལ་བ།

སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༢ པ་འཚོགས་བཞིན་པ་དང་བསྟུན་དེ་རིང་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཡོ་རོབ་ཁུལ་དུ་གནས་སྡོད་བོད་མི་དང་ཡུ་གུར་བ།བོད་དོན་རྒྱབ་སྐྱོར་བ་བཅས་འདུ་འཛོམས་ཀྱིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གིས་རྒྱ་གཞུང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཁག་དོན་འཁྱོལ་ལག་བསྟར་བྱེེད་རྒྱུར་ནུས་ལྡན་གནོན་ཤུགས་སྤྲོད་རོགས་ཞེས་པའི་དགོས་འདུན་འོག་གཞི་རྒྱ་ཆེ་བའི་རྔམ་སྟོན་ལས་འགུལ་སྤེལ་གནང་འདུག སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་༸གོང་ས་མཆོག་གི་དབུ་ཁྲིད་དང་གཞིས་ལུས་བོད་མིའི་འགྱུར་བ་མེད་པའི་སྙིང་སྟོབས། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་རྒྱབ་སྐྱོར་བཅས་ལ་བརྟེན་ནས་བོད་མིའི་བདེན་པའི་འཐབ་རྩོད་དེ་ནག་སུབ་གཏང་ཐུབ་ཀྱི་མ་རེད་ཅེས་གསུངས་ཡོད་པ་རེད། རླུང་འཕྲིན་ཁང་གི་གསར་འགོད་པའི་བཅར་འདྲིར་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༤༢ པ་བརྒྱུད་ནས་བོད་དང་རྒྱ་ནག་ནང་མང་གཙོ་དང་རང་དབང་དགོས་ཀྱི་འདུག་ཅེས་གསུངས་སོང་བ་དང་། ཁོང་རྣམས་ནས་ད་རེས་ཀྱི་ལས་འགུལ་དང་བསྟུན་ཏེ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་གི་མཚན་ཐོག་ཏུ་དོན་ཚན་ལྔ་ཅན་གྱི་ཞུ་སྙན་ཞིག་ཀྱང་ཕུལ་ཡོད་པ་དང། གཙོ་འཛིན་མཆོག་གིས་རྒྱ་ནག་གཞུང་ལ་ནུས་ལྡན་ཐོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་ཁག་ལག་བསྟར་གནང་བར་གནོན་ཤུགས་སྤྲད་དགོས་པ་དང་། བོད་ནང་ཡར་རྒྱས་འཛུགས་སྐྲུན་གྱི་ལས་གཞི་རྣམས་རྒྱ་གཞུང་ནས་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མངོན་འདོད་གཙོ་བོར་འཛིན་ཐོག་སྤེལ་དགོས་པར་ནན་སྐུལ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག རྒྱ་གཞུང་ནས་ཡ་ཆེན་སྒར་དང་བླ་རུང་སྒར་སྟོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་ལས་གཞི་འཕྲལ་མར་མཚམས་འཇོག་བྱེད་དགོས་པ། དེ་བཞིན་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་ནས་བོད་ཀྱི་ས་ཁུལ་དུ་རྒྱ་གཞུང་གིས་བཀག་འགོག་གང་ཡང་མེད་པར་བསྐྱོད་རྒྱུར་འབད་བརྩོན་གནང་རོགས་ཞེས་དང་། ལྷག་དོན་རྒྱ་ནག་གཞུང་ལ་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་སླར་གསོ་ཡོང་རྒྱུར་སྐུལ་འདེད་གནང་བའི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག

Latest news