Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

པེ་རིས་ནང་བོད་ཀྱི་ཆོས་རིག་ངོ་སྤྲོད་ཀྱི་འགྲེམས་སྟོན་དང་བགྲོ་གླེང་གནང་བ།

ཡོ་རོབ་རྒྱལ་ཁབ་ཕ་རན་སིའི་རྒྱལ་ས་པེ་རིས་ནང་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང། དེ་བཞིན་སྒྱུ་རྩལ་དང་བཅས་པ་ས་གནས་མང་ཚོགས་ཁྲོད་ངོ་སྤྲོད་ཞུ་ཕྱིར་བགྲོ་གླེང་དང་འགྲེམས་སྟོན་ཀྱི་ལས་རིམ་ཞིག་གཉེར་བཞིན་འདུགཟླ་བ་འདིའི་ཕྱི་ཚེས་ ༤ ནས་ ༡༢ བར་བོད་ཀྱི་ཆོས་དང་རིག་གཞུང་གི་འགྲེམས་སྟོན་ལས་རིམ་དེ་གཙོ་བོ་ཕ་རན་སི་བོད་རིགས་ཚོགས་པས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། ཉིན་གྲངས་བཅུའི་རིང་བོད་མིའི་ཆོས་དང་རིག་གཞུང་ངོ་སྤྲོད་ཀྱི་ལས་རིམ་ཐོག་ཁུལ་དེའི་ས་གནས་མང་ཚོགས་ལ་བོད་ཀྱི་ཐོུང་མ་ཡིན་པའི་ཐང་བྲིས་སྒྱུ་རྩལ་འགྲེམས་སྟོན་དང་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་སྐྲུན། བོད་ཀྱི་ཁ་ཟས་བཤམ་སྟོན་གནང་བ་མ་ཟད། རྩ་རླུང་སྒོམ་སྒྲུབ། བོད་ཀྱི་རྒྱལ་རབས་ལོ་རྒྱུས། དེ་བཞིན་བོད་དོན་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ། བོད་ཀྱི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་སོགས་ཀྱང་གནང་གི་ཡོད་པ་རེད།  འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་རིག་གཞུང་འགྲེམས་སྟོན་གོ་སྒྲིག་གནང་མཁན་ཕ་རན་སི་བོད་རིག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྤེན་པ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་འགྲེམས་སྟོན་དེ་གཉེར་དོན་གཙོ་བོ་ནི་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་ས་གནས་སུ་བོད་རིག་གཞོན་སྐྱེས་ཁྲོད་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་དང་གོ་རྟོགས་ཡོང་ཕྱིར་དམིགས་པ་ཞིག་དང་། ལྷག་པར་དུ་ཕ་རན་སི་ནང་ཡོད་པའི་ཕྱིའི་མི་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོར་བོད་ཀྱི་ཆོས་དང་རིག་གཞུང་། བོད་པའི་གནས་སྟངས་དངོས་ར་འཕྲོད་ཐུབ་པའི་ངོ་སྤྲོད་དང་བོད་མིའི་དབར་ལ་འབྲེལ་ལམ་དམ་ཟབ་བསྐྲུན་རྒྱུའི་ཆེད་དུ་ཡིན་པ་གསུངས་སོང་།རྩ་བའི་ཉེ་ཆར་བོད་མི་མང་པོ་ཞིག་ཡོ་རོབ་རྒྱལ་ཁབ་ཁུལ་དུ་གཞི་སྤོ་གནང་བཞིན་ཡོད་པ་དང། ཤེས་རྟོགས་བྱུང་བར་ད་ལྟའི་ཆར་ཕ་རན་སི་རྒྱལ་ཁབ་ནང་ལ་མཚོན་ན་སྐྱབས་བཅོལ་བོད་མི་ ༧༠༠༠ ལྷག་ཡོད་པ་རེད་འདུག

བོད་མིའི་རིག་གཞུང་སྲུང་སྐྱོབ་སླད་རྒྱབ་སྐྱོར་སྔར་ལྷག་གནང་དགོས་པའི་བགྲོ་གླེང་།

ཉེ་ལམ་ཨིན་ཡུལ་གྲོས་ཚོགས་འོག་མའི་ནང་ཨིན་ཡུལ་རྙིང་ཞེན་ཚོགས་པའི་སྐུ་ཚབ་དང་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Tim Loughton མཆོག་ནས་བོད་དོན་གླེང་སློང་གནང་བ་དང་འབྲེལ། ཨིན་ཡུལ་གཞུང་གི་ཕྱི་རྒྱལ་རོགས་རམ་ལྷན་ཁང་གི་བློན་ཆེན་གྱིས་བོད་མིའི་རིག་གཞུང་དང་ཕ་མེས་ནས་བརྒྱུད་པའི་གཅེས་ནོར་དག་སྲུང་སྐྱོབ་ཞུ་སླད་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུའི་ཐད་འབྲེལ་ཡོད་ལྷན་ཁང་དང་ལྷན་དུ་གླེང་སློང་གནང་རྒྱུ་ཡིན་པར་གསུངས་འདུག ཉེ་ལམ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། སྐུ་ཞབས་ Tim Loughton མཆོག་གིས་གྲོས་ཚོགས་སུ་ཨིན་ཡུལ་རྒྱལ་ཁབ་ཀྱི་ངོས་ནས་སྐྱབས་བཅོལ་བ་དག་གི་རིག་གཞུང་དང་ཤེས་ཡོན་གྱི་ལས་གཞི་ཐད་རོགས་རམ་སྔར་ལྷག་གནང་ཐུབ་མིན་ཞུས་པར་ཨིན་ཡུལ་གཞུང་གི་ཕྱི་རྒྱལ་རོགས་རམ་ལྷན་ཁང་གི་བློན་ཆེན་ལྕམ་སྐུ་ Penny Mordaunt མཆོག་གིས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་བརྒྱུད་ཆེད་མངགས་འགྲོ་བ་མིའི་བདེ་རྩའི་དོན་དང་། སྐྱབས་བཅོལ་བ་དག་གི་ངོ་བོ་སྲུང་སྐྱོབ་སླད་མ་དངུལ་གནང་མུས་ལྟར་དེའི་ཁོངས་སུ་བཙན་བྱོལ་བོད་མི་རྣམས་ཀྱང་ཚུད་ཡོད་པར་འགྲེལ་བརྗོད་དང་ཆབས་ཅིག བོད་མིའི་རིག་གཞུང་དང་ཕ་མེས་ནས་བརྒྱུད་པའི་གཅེས་ནོར་དག་སྲུང་སྐྱོབ་སླད་རྒྱབ་སྐྱོར་སྔར་ལྷག་ཡོང་བར་འབྲེལ་ཡོད་ལྷན་ཁང་དང་མཉམ་དུ་གླེང་སློང་གནང་རྒྱུ་ཡིན་པར་གསུངས་འདུག དེ་བཞིན་སྐུ་ཞབས་ Loughton མཆོག་གིས་གྲོས་ཚོགས་སུ་རྒྱ་ནག་གི་བོད་བཙན་འཛུལ་བྱས་ནས་བོད་མིའི་རིག་གཞུང་དང་སྐད་ཡིག འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་བྱེད་བཞིན་པ་མ་ཟད།   ལྷག་པར་དུ་བོད་མི་བཙན་བྱོལ་དུ་གྱར་ནས་མི་ལོ་ ༦༠ འཁོར་ཡོད་སྟབས་ང་ཚོས་བོད་མི་དེ་དག་གི་རེ་བ་གསོན་གནས་ཡོང་བར་རྒྱབ་སྐྱོར་གནང་དགོས་གལ་ཡིན་སྐོར་གསུངས་པ་དང་སྦྲགས། རིང་མིན་འཚོགས་ལ་ཉེ་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པའི་ཐོག་ཁོང་དང་ Dundee ས་ཁུལ་གྱི་གྲོས་ཚོགས་འཐུས་མི་རྣམ་གཉིས་ནས་ལྷན་ཞུགས་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། གནད་དོན་དེའི་ཐོག་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་ Kerry  McCarthy མཆོག་གིས་འཛམ་གླིང་གི་སྣེ་གསུམ་པ་འབོད་པའི་བོད་དུ་གོ་ལ་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག་རྐྱེན་གྱིས་ཧི་མཱ་ལ་ཡའི་འཁྱགས་རོགས་བཞུར་ཚད་མྱུར་པོ་ཡོད་རྐྱེན་བོད་ཁྱོན་ཡོངས་ནང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་བརྟེན་ང་ཚོས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་སྐོར་བཀལ་མོལ་གནང་སྐབས་བོད་ཀྱི་ཁོར་ཡུག་གི་གནད་དོན་དེ་སྣང་མེད་བཞག་རྒྱུ་མེད་ཅེས་གསུངས་ཡོད། གནད་དོན་དེའི་ཐད་ལྕམ་སྐུ་ Penny མཆོག་གིས་ཨིན་ཡུལ་ནས་གོ་ལའི་འཕྲོད་བསྟེན་དང་། གནམ་གཤིས། དེ་བཞིན་གནད་དོན་བཅུ་བདུན་ཐོག་རོགས་འདེགས་གནང་མུས་ཡིན་པའི་ཁོངས་སུ་གནམ་གཤིས་ཐད་རམ་འདེགས་ཞུ་ཕྱོགས་དེ་གལ་གནད་ཆེ་ཤོས་ཤིག་ཏུ་ངོས་བཞེས་གནང་གི་ཡོད་པ་དང་། ཨིན་ཡུལ་གྱི་སྲིད་བློན་མཆོག་རྒྱལ་ཚོགས་ཀྱི་དྲུང་ཆེའི་ཁྱབ་ཁོངས་གོ་ལའི་གནམ་གཤིས་གོང་མཐོར་གྱི་ལས་གཞིའི་རྒྱུན་ལས་ཡིན་སྟབས། ཁོང་ནས་སླད་མར་གནད་དོན་དེ་དག་ཐོག་གཟིགས་རྟོག་གནང་རྒྱུ་ཡིན་པར་གསུངས་འདུག གཞི་རྩའི་ལྕམ་སྐུ་མཆོག་འདི་ལོའི་ཟླ་ ༥ ཚེས་ ༡ ཉིན་ཕྱི་རྒྱལ་རོགས་རམ་ལྷན་ཁང་གི་བློན་ཆེན་གྱི་ལས་གནས་མཚམས་འཇོག་དང་ཁོང་ད་ལྟའི་ཆར་ཨིན་ཡུལ་རྒྱལ་སྲུང་བློན་ཆེན་གྱི་ལས་གནས་བཞེས་བཞིན་པ་རེད།

ཨོ་གླིང་གི་ཆབ་སྲིད་ཚོགས་པར་བོད་དང་འགྲོ་བ་མིའི་ཐོབ་ཐང་སྐོར་འདྲི་རྩད།

ཨོ་གླིང་གི་ཕྱི་ལོ་ ༢༠༡༩ ལོའི་རྒྱལ་ཡོངས་ཀྱི་འོས་བསྡུ་བསླེབ་ཉེ་དུས་སྐབས་འདིར་ཨོ་གླིང་གི་བོད་དོན་ལྷན་ཚོགས་ཀྱིས་གནད་དོན་བཞིའི་ཐོག་ནས་ཨོ་གླིང་ཆབ་སྲིད་ཚོགས་པ་གསུམ་ལ་འདྲི་རྩད་གནང་སྟེ་ཆབ་སྲིད་ཚོགས་པ་དེ་དག་གིས་བོད་དོན་ཐོག་འཛིན་པའི་བཞེངས་ཕྱོགས་ལ་རྒྱུས་ལོན་གནང་འདུག དེ་རིང་ཨོ་གླིང་གི་བོད་དོན་ལྷན་ཚོགས་ཀྱི་དྲྭ་གནས་སུ་གནས་ཚུལ་སྤེལ་བར་ཨོ་གླིང་གི་བོད་དོན་ལྷན་ཚོགས་ཀྱིས་བོད་དོན་དང་འབྲེལ་བའི་གནད་དོན་བཞི་སྟེ་ཨོ་གླིང་དང་རྒྱ་ནག་གི་འབྲེལ་ལམ་ཁྲོད་ཀྱི་བོད་དང་འགྲོ་བ་མིའི་ཐོབ་ཐང་། བོད་ནང་རང་དབང་གིས་འགྲོ་སྐྱོད་གནང་བར་རྒྱབ་སྐྱོར་ཡོད་མེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལ་ངོས་འཛིན་གནང་མིན། བོད་རྒྱ་གྲོས་མོལ་ལ་རྒྱབ་སྐྱོར་གནང་མིན་བཅས་ཀྱི་གནད་དོན་བཞིའི་ཐོག་འདྲི་རྩད་གནང་ཡོད་པ་རེད། དང་ཐོག་ཨོ་གླིང་གི་ཆབ་སྲིད་ཚོགས་པ་ཆེ་ཁག་གསུམ་སྟེ་རྒྱལ་ཡོངས་མཉམ་འདུས་ཚོགས་པ།  liberal/national coalition དེ་བཞིན་ལྗང་ཁུ་ཚོགས་པ། Green དང་ངལ་རྩོལ་ཚོགས་པ་ labour བཅས་ལ་ཨོ་གླིང་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཐད་ནས་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་སྒོས་བོད་དང་ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གཙིགས་ཆེར་འཛིན་པའི་ཚད་གཞི་གང་འདྲ་ཞིག་ཡིན་པར་འདྲི་རྩད་གནང་བར་རྒྱལ་ཡོངས་མཉམ་འདུས་ཚོགས་པའི་ངོས་ནས་རྒྱ་ནག་གི་འབྲེལ་ལམ་གྱི་སྲིད་བྱུས་ནང་འགྲོ་བ་མིའི་ཐོབ་ཐང་ནི་སྲིད་གཞུང་དེའི་ངོས་ནས་མེད་དུ་མི་རུང་བའི་ཆ་ཤས་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གནང་བཞིན་ཡོད་པ་དང་། ཚོགས་པ་དེས་དུས་རྒྱུན་ནས་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་ཐད་ནས་གླེང་སློང་བྱེད་བཞིན་ཡོད་པར་བརྗོད་དེ། དངོས་ཤུགས་བརྒྱུད་གསུམ་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གཙིགས་འཛིན་བྱེད་ཀྱི་ཡོད་པ་ལྟར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོས་པའི་བརྒྱུད་ལམ་སྣ་མང་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་གི་ཡོད་སྟབས། དེའི་ཁོངས་སུ་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཁག་ཀྱང་ཚུད་ཡོད་པར་ལན་འདེབས་གནང་འདུགདེ་བཞིན་ལྗང་ཁུ་ཚོགས་པས་སྤྱི་ཡོངས་ཀྱི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཕྱོགས་དང་སྒོས་རྒྱ་ནག་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་ཐོག་ནས་གླེང་སློང་བྱེད་རྒྱུ་དེ་རྒྱ་ནག་ལ་ཕྱོགས་པའི་སྲིད་བྱུས་ཀྱི་དཀྱིལ་སྙིང་ཡིན་པར་ལན་འདེབས་གནང་སྟེ་ཚོགས་པས་ལོ་རྒྱུས་རིང་པོའི་ངང་བོད་མི་དག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། ཉེ་བའི་ཆར་ནས་བཟུང་ཡུ་གུར་མི་རིགས་ལའང་དཀའ་ངལ་འཕྲད་བཞིན་པར་དེར་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་ཡོངས་བསྒྲགས་གནང་འདུག དེ་བཞིན་ངལ་རྩོལ་ཚོགས་པས་ཀྱང་རྒྱ་ནག་གི་བཙན་དབང་གི་འོག་ཏུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པར་སྤྱི་ཡོངས་ནས་ངོས་འཛིན་གནང་གི་ཡོད་པ། ཚོགས་པ་དེའི་ངོས་ནས་འགྲོ་བ་མིའི་ཐོབ་དང་སྤྱི་མང་གི་རང་དབང་དེ་གཙིགས་སུ་འཛིན་གྱི་ཡོད་པ་ལྟར་རྒྱ་ནག་དང་ལྷན་དུ་གནད་དོན་དེ་གླེང་སློང་གནང་རྒྱུ་ཡིན་པར་བསྒྲགས་འདུག དེ་བཞིན་དྲི་བ་གཉིས་པ་སྟེ་རྒྱ་རིགས་མང་པོ་ཞིག་རང་དབང་ཐོག་ནས་ཨོ་གླིང་དུ་བཀག་སྡོམ་མེད་པར་ཡོང་བཞིན་པ་ལྟར། ཨོ་གླིང་གི་གཞུང་འབྲེལ་མི་སྣ་དང་། གསར་འགོད་པ། མི་སེར་སྤྱི་དང་ཨོ་གླིང་གི་བོད་རིགས་རྣམས་རྒྱ་ནག་ཏུ་རང་དབང་ངང་འགྲོ་སྐྱོད་གནང་བར་རྒྱབ་སྐྱོར་ཞུ་མིན་སྐོར་ལ་འདྲི་རྩད་གནང་བར་རྒྱལ་ཡོངས་མཉམ་འདུས་ཚོགས་པས་དུས་རྒྱུན་ནས་རྒྱ་ནག་ལ་འབོད་སྐུལ་གྱིས་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་དང་། ཕྱི་རྒྱལ་གྱི་གསར་འགོད་པ། དེ་བཞིན་ཕྱི་ལོག་གི་བོད་རིགས་རྣམས་བོད་དུ་འགྲོ་སྐྱོད་གནང་བར་བཀག་སྡོམ་རྒྱུ་མཚམས་འཇོག་བྱེད་དགོས་བར་འབོད་སྐུལ་གནང་བཞིན་ཡོད་པར་བརྗོད་དེ། སྔར་ལོའི་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་ཚོགས་ཐོག་ཏུའང་ཚོགས་པའི་ངོས་ནས་རྒྱ་ནག་ལ་ཞུ་སྐུལ་བྱས་ཏེ་བོད་མི་དང་ཡུ་གར་བར་དམ་དྲག་བྱེད་རྒྱུ་མཚམས་འཇོག་བྱས་ནས་ཕྱི་ལོག་གི་གསར་འགོད་པ་བོད་ནང་དུ་གཏོང་རྒྱུ་དང་། རྒྱ་ནག་གི་ཁྲིམས་སྒྲིག་གི་ཐོག་ནས་མི་སྒེར་གྱི་ཆོས་ལུགས་དད་མོས་ཀྱི་རང་དབང་ལ་སྲུང་སྐྱོབ་དགོས་པའི་ཞུ་སྐུལ་བྱས་ཡོད་པའི་ལན་འདེབས་གནང་འདུག དེ་བཞིན་ལྗང་ཁུ་ཚོགས་པའི་ངོས་ནས་བོད་ནང་རང་དབང་ཐོག་འགྲུལ་སྐྱོད་དགོས་པའི་དྲི་བ་དེར་རྒྱབ་སྐྱོར་ཡོད་པར་གསུངས་ཡོད། དྲི་བ་གསུམ་པ། ཆབ་སྲིད་ཚོགས་པ་དེ་དག་གི་དབུ་ཁྲིད་ཀྱི་ངོས་ནས་རྒྱལ་སྤྱིའི་སྟེང་གི་བྱམས་བརྩེ་ཡི་བདག་ཉིད་ཆེན་མོ། ༸གོང་ས་ཏ་ལའི་བླ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་སུ་མཇལ་འཕྲད་གནང་གི་ཡིན་མིན་གྱི་སྐོར་ལ་འདྲི་རྩད་བྱས་པར། རྒྱལ་ཡོངས་མཉམ་འདུས་ཚོགས་པའི་་ངོས་ནས།  རྩ་བའི་ཨོ་གླིང་རྒྱལ་ཁབ་ཀྱི་ངོས་ནས།  བོད་མིའི་སྒྲིག་འཛུགས་དེ་ངོས་ལེན་བྱེད་ཀྱི་མེད་ནའང་། གྲོས་ཚོགས་ཀྱི་འཐུས་མི་རྣམས་མི་སྒེར་གྱི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམས་ལ་མཇལ་འཕྲད་བྱས་ཆོག་པར་བརྗོད་དེ། སྤྱི་ལོ་༢༠༡༧ ལོར་ཨོ་གླིང་གི་སྐུ་ཚབ་ཅིག་རྡ་སར་ཆེད་ཕེབས་གནང་བ་ལུང་འདྲེན་ཞུས་འདུག    ཡང་ལྗང་ཁུ་ཚོགས་པའི་ངོས་ནས། ༸གོང་ས་ཏཱ་ལའི་བླ་མ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་གཉིས་ལ་མཇའ་འཕྲད་གནང་གི་ཡིན་པར་ལན་འདེབས་གནང་ཡང་། ངལ་རྩོལ་ཚོགས་པའིང་ངོས་ནས་བཀའ་ལན་ཁ་གསལ་གང་ཡང་གནང་མི་འདུག འདྲི་རྩད་བཞི་པ། རྒྱལ་སྤྱིའི་སྟེང་གི་ཁྲིམས་སྒྲིག་གི་ཁོངས་ནས་བོད་མི་དག་ལ་ཕྱི་ལོག་གི་གནོད་ཤུགས་དང་ཐེ་གཏོགས་གང་ཡང་མེད་པར་ཆབ་སྲིད་ཀྱི་ལངས་ཕྱོགས་དང་དཔལ་འབྱོར་འཕེལ་རྒྱས། དེ་བཞིན་སྤྱི་ཚོགས་དང་རིག་གཞུང་གོང་འཕེལ་གཏོང་རྒྱུའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་མེད་དང་།  ཚོགས་པ་ཁག་གི་ངོས་ནས་དེ་དག་ལ་རྒྱབ་སྐྱོར་གནང་མིན།  དེ་བཞིན་བོད་རྒྱ་ཞི་མོལ་གནང་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཡོང་ཐབས་སོགས་ཀྱི་ཐོག་འདྲི་རྩད་གནང་བར་རྒྱལ་ཡོངས་མཉམ་འབྲེལ་ཚོགས་པའི་ངོས་ནས་ཨོ་གླིང་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༡༩༧༢ ལོ་ནས་བཟུང་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་པར་ཁས་ལེན་བྱས་ཡོད་པར་བརྟེན། རང་བཞིན་གྱིས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱས་ཚར་ཡོད་ནའང་། ཚོགས་པའི་ངོས་ནས་༸གོང་ས་ཏཱ་ལའི་བླ་མའམ་ ཡང་ན་ཁོང་གི་སྐུ་ཚབ་བརྒྱུད་རྒྱ་ནག་དང་ལྷན་དུ་གྲོས་མོལ་གནང་རྒྱུར་རྒྱབ་སྐྱོར་ཡོད་པའི་ལན་འདེབས་གནང་འདུག ལྗང་ཁུ་ཚོགས་པས་བོད་མིར་ཆོས་རིག་དང་དཔལ་འབྱོར། ཚོང་ལས་དང་ཆབ་སྲིད་སོགས་ཀྱི་ཐད་ནས་རང་ཐག་རང་གཅོད་གནང་རྒྱུར་ཐོབ་ཐང་ཡོད་པར་ཁས་ལེན་དང་རྒྱབ་སྐྱོར་ཡོད་པ་མ་ཟད། བོད་རྒྱ་གྲོས་མོལ་ཡོང་རྒྱུ་ལའང་རྒྱབ་སྐྱོར་ཡོད་སྐོར་ལན་འདེབས་གནང་འདུག འོན་ཀྱང་ངལ་རྩོལ་ཚོགས་པའི་ངོས་ནས་ལན་འདེབས་གང་ཡང་གནང་མི་འདུག        

བོད་ནང་དུ་ཕྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོ་རང་དབང་ཐོག་གཏོང་དགོས།

དེ་རིང་ཕྱི་ཟླ་ ༥ ཚེས་ ༣ ཉིན་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་དང་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་བོད་ཀྱི་གསར་འགོད་མཐུན་ཚོགས་གཉིས་ཟུང་འབྲེལ་གྱིས་ནོར་བུ་གསོལ་མགྲོན་ཁང་དུ་རྒྱ་ནག་གི་དབང་སྒྱུར་འོག་ནས་བོད་ནང་གི་གསར་འགོད་རང་དབང་དང་འགྲུལ་སྐྱོད་བཀག་སྡོམ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་བོད་ནང་གི་འགྲུལ་སྐྱོད་རང་དབང་གི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་ཐབས་ཀྱི་ཁྲིམས་སྒྲིག་ཁག་མྱུར་དུ་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས་པ་མ་ཟད། རྒྱ་གཞུང་གིས་ངེས་པར་དུ་ཕྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོ་སྲིད་གཞུང་གི་ལྟ་རྟོག་མེད་པར་རང་དབང་གི་ཐོག་ནས་བོད་ནང་འགྲུལ་སྐྱོད་གནང་ཆོག་པའི་ཆོག་མཆན་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད།མཛད་སྒོའི་ཐོག་མར་བོད་ནང་གསར་འགོད་ཀྱི་ཉམས་མྱོང་ཡོད་པའི་མཚོ་སྔོན་བརྙན་འཕྲིན་ཁང་གི་གསར་འགོད་པ་ཟུར་པ་སྒྲོལ་མ་ལགས་དང་། རྒྱ་ནག་ཏུ་ལོ་མང་བཞུགས་མྱོང་ཡོད་པ་ South China morning post ཡི་གསར་འགོད་པ་ Paul Mooney ལགས། དེ་བཞིན་ཕ་ལྷ་འཁྲབ་སྟོན་གྱི་འཁྲབ་ཁྲིད་པ་ Abhishek Majumdar ལགས་བཅས་ལ་བོད་ནང་གི་གསར་འགོད་རང་དབང་དང་འབྲེལ་བའི་བཅར་འདྲི་ཞུས་པའི་བརྙན་ཐུང་ཞིག་གཟིགས་འབུལ་ཞུས་པ་མ་ཟད། བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གཙོ་སྐྱོང་གནང་ཐོག་འདི་ག་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་སྒྲོན་ལགས་དང་། བོད་ཀྱི་དུས་བབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་པདྨ་མཚོ་ལགས། སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་བཅས་ནས་བོད་ནང་གསར་འགོད་རང་དབང་གི་གནས་བབ་དང་། གསར་འགྱུར་རྒྱུས་ལོན་གནང་སྐབས་གདོང་ལེན་བྱེད་དགོས་པའི་གནད་དོན། དེ་བཞིན་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱའི་ཐོག་དམ་དྲག་སོགས་ཀྱི་སྐོར་ལ་གསུང་བཤད་ཀྱི་ལས་རིམ་དང་བགྲོ་གླེང་བཅས་གནང་ཡོད།སྐབས་དེར་བགྲོ་གླེང་གཙོ་སྐྱོང་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་པའི་གསར་ལམ་ཁག་ནས་གནད་དོན་དཔྱད་ཞིབ་ཀྱི་ལས་དོན་ཉུང་གྲགས་ཀྱི་ཡོད་པ་དང་། བོད་ཀྱི་གསར་འགོད་མཐུན་ཚོགས་དང་རྒྱ་གར་གསར་འགོད་པ། བོད་དོན་ལ་ཐུགས་སྣང་གནང་མཁན་ཚོའི་ངོས་ནས་མཉམ་རུབ་ཀྱི་ཐོག་ནས་བོད་ནང་གི་གསར་འགོད་རང་དབང་གི་གནས་བབ་དང་གསར་འགོད་ལས་དོན་གཉེར་སྐབས་འཕྲད་པའི་དཀའ་ངལ་སོགས་འཁོད་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པ་གསུངས་སོང་།འདི་ག་རླུང་འཕྲིན་ཁང་ནས་དེ་རིང་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་དང་འབྲེལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་གསར་འགོད་རང་དབང་གི་ཉིན་མོ་འདི་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། བོད་ནང་གི་གནས་ཚུལ་མང་དག་ཅིག་ཕྱིར་ཐོན་ཐུབ་ཀྱི་མེད་སྟབས། དེ་རིང་གི་ཉིན་མོ་འདི་དམིགས་ཁྱད་ཅན་ཞིག་ཆགས་ཡོད་པར་འགྲེལ་བརྗོད་གནང་ཡོད།གཞི་རྩའི་དེ་རིང་ཕྱི་ཟླ་ ༥ ཚེས་ ༣ ཉིན་མཉམ་རྒྱལ་ཚོགས་ཀྱི་ངོས་ནས་མང་ཚོགས་ཁྲོད་གསར་འགོད་རང་དབང་གི་གལ་གནད་སྐོར་ལ་གོ་རྟོགས་སྤེལ་རྒྱུ་དང་། ལྷག་པར་དུ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་སོ་སོའི་ངོས་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་གསལ་ལྟར་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་དང་གུས་བརྩི་དགོས་པའི་དྲན་སྐུལ་ཞུ་ཆེད་ཐོག་མར་ཕྱི་ལོ་ ༡༩༩༣ ལོར་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་ཞེས་གཏན་འབེབས་གནང་ཡོད་པ་རེད།

རྒྱུད་གཅིག་ལམ་གཅིག་གིས་བོད་ཁུལ་དུ་ཤུགས་རྐྱེན་ཐེབས་བཞིན་པར་དཔྱད་ཞིབ་བྱེད་དགོས།

བོད་ནང་གི་བོད་མི་དག་གིས་དུས་རྒྱུན་ནས་སེམས་ཁྲལ་བྱེད་གཞི་ཆེ་ཤོས་ཤིག་ནི་རྒྱ་ནག་གིས་བོད་དུ་བཟོ་ལས་འཛུགས་སྐྲུན་གྱི་མ་དངུལ་ཕོན་ཆེན་གཏོང་བཞིན་པ་ནི་བོད་མིའི་འཚོ་བ་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་དམིགས་པ་ཞིག་མ་ཡིན་པར་པེ་ཅིང་གིས་བོད་ཕྱོགས་ཡོངས་ནས་དམ་འཛིན་བྱེད་པར་དམིགས་པ་ཞིག་རེད་ཅེས་གསུངས་འདུག ཁ་སང་རྒྱ་གར་གྱི་དཔལ་འབྱོར་གསར་ཤོག་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ Roy Chaudhury ལགས་ཀྱིས་ The economic times དྲྭ་གནས་སུ་རྩོམ་ཡིག་ཅིག་སྤེལ་ཏེ་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་རྒྱ་ནག་གིས་བོད་ཀྱི་རང་བྱུང་ཁོར་ཡུག་རྩ་གཏོར་དང་སྲོལ་རྒྱུན་གྱི་འབྲོག་པའི་འཚོ་བར་བཙན་དབང་གིས་གནས་སྤོར་བྱེད་དུ་འཇུག་བཞིན་པ་སོགས་ཐེར་འདོན་དང་འབྲེལ། རྒྱ་ནག་གིས་ལས་གཞི་དེ་སྤྱི་དང་ལྷག་པར་བོད་མི་ཚོར་གནོན་སྐྱོན་ཅི་ཙམ་ཐེབས་བཞིན་པའི་ཐད་དཔྱད་ཞིབ་ནན་པོ་བྱེད་དགོས་པ་གསུངས་འདུག ཁོང་གིས་རྒྱ་ནག་གིས་བོད་ཀྱི་འབྲོག་པ་ས་ཡ་མང་པོ་བཙན་དབང་གིས་གནས་སྤོར་བྱེད་དུ་བཅུག་སྟེ་བོད་ཀྱི་བསྲེ་ལྷད་མ་ཞུགས་པའི་རང་བྱུང་ཁོར་ཡུག་གི་གཏེར་ཁ་སྔོག་འདོན་བྱེད་བཞིན་པ། དེ་བཞིན་བོད་ཀྱི་ཡན་ལག་བརྒྱད་ལྡན་གྱི་གཙང་ཆུ་དག་འབག་བཙོག་ཅན་དུ་བསྒྱུར་ནས་བོད་མིའི་འཚོ་བ་ཉེན་ཚབས་ཅན་དུ་བསྒྱུར་བ། བོད་ནང་བཟོ་ལས་འཛུགས་སྐྲུན་གྱི་ལས་གཞི་རྒྱ་སྐྱེད་ཀྱིས་ལམ་ཁ་གསར་རྒྱག་དང་མེ་འཁོར་ལྕགས་ལམ་ཆེད་འཛུགས་ཀྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་དག་རྐུན་འཕྲོག་བྱེད་བཞིན་ཡོད་པ་གསུངས་ཡོད། རྒྱ་ནག་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཆེ་ཁག་གི་ལམ་ཁ་དང་དེ་བཞིན་པ་ཀི་སི་ཐན་དང་ནུབ་ཕྱོགས་ཀྱི་ལམ་ཁ་ཡོད་ཚད་བོད་བརྒྱུད་ནས་འགྲོ་དགོས་སྟབས་བོད་མི་དག་གི་འདོད་མོས་ཡོད་མེད་ལ་ལྟོས་མེད་རྒྱ་ནག་གིས་ད་ཆ་བོད་དེ་སྔར་ལས་དམ་དྲག་ཆེ་བ་བྱེད་སྲིད་པར་བརྗོད་དེ། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་བོད་ནང་གི་རང་བྱུང་ཐོན་ཁུངས་ཁག་སྔར་ལྷག་ཕྱིར་འདྲེན་བྱེད་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པར་གསལ་བཤད་གནང་འདུགགཞན་ཡང་ཁོང་གིས་ང་ཚོས་གསལ་པོར་ཤེས་དགོས་པ་ནི་རྒྱ་ནག་གིས་བོད་ནང་གི་རང་བྱུང་གི་ཐོན་ཁུངས་ཡོད་ཚད་ཕྱིར་འདྲེན་བྱེད་པའི་ལས་འཆར་བསྒྲིགས་ཟིན་པ་ལྟར་མཐུན་རྐྱེན་ཡང་སྤྲོད་བཞིན་ཡོད་པར་བརྟེན། བོད་མི་དག་གི་ཉིན་རེའི་འགྲོ་འདུག་སྤྱོད་གསུལ་ལ་འགག་སྒོ་གསར་པ་བཙུགས་ནས་དམ་དྲག་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་སུ་སྔར་ལས་ལྷག་དམ་དྲག་ཤུགས་ཆེར་བཏང་ནས་གསང་བའི་མྱུལ་ཞིབ་བྱས་ཏེ་བོད་དུ་མི་མང་གི་ངོ་རྒོལ་གྱི་རིགས་ལ་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག བོད་མི་རྣམས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབ་འོག་འཚོ་བཞིན་པར་གསལ་བཤད་གནང་ནས་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་འཕྲལ་དུ་འཛིན་བཟུང་གིས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་དང་གཏོང་བཞིན་ཡོད་པ་སོགས་བརྗོད་འདུག ཁོང་གིས་རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་ཀྱི་ཐད་ནས་བོད་ནི་ཆེས་གནད་འགག་རང་བཞིན་གྱི་ས་ཁུལ་ཞིག་ཆགས་ཡོད་པར་བརྗོད་དེ། ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གི་ཕྱི་འབྲེལ་བདེ་འཇགས་ལྷན་ཁང་གི་ཚོགས་གཞོན་གྱིས་རྒྱུད་གཅིག་ལམ་གཅིག་གི་ལས་དོན་དང་འབྲེལ་ནས་གཏམ་བཤད་སྤེལ་སྐབས་བོད་ཁུལ་ནི་ཨེ་ཤ་ཡའི་ལྷོ་རྒྱུད་ཀྱི་རྒྱལ་སྒོ་ཆགས་ཡོད་པར་བརྗོད་པ་ལུང་འདྲེན་གནང་འདུག དེ་བཞིན་རྒྱ་ནག་གིས་བོད་རྒྱུད་ནང་བསྟན་ལ་བཏང་འཛིན་ཤུགས་ཆེར་བྱེད་བཞིན་པ་དེ་ནི་ནང་ཆོས་ཆེས་ཆེར་དར་ཡོད་པའི་བལ་ཡུལ་དང་ཤྲི་ལངྐ་སོགས་ཀྱི་ནང་རྒྱུད་གཅིག་ལམ་གཅིག་ལ་རྒྱབ་སྐྱོར་ཐོབ་ཆེད་དུ་སྤེལ་ཐབས་བྱེད་བཞིན་པར་བརྗོད་དེ། ཕྱི་ལོ་ ༢༠༡༨ ལོར་སྐབས་ལྔ་པའི་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་དེ་རྒྱ་ནག་ཏུ་འཚོགས་ཡོད་པ་གསལ་འདེབས་ཀྱིས་སྐབས་དེར་བོད་རྒྱུད་ནང་བསྟན་བརྒྱུད་ནས་རྒྱུད་གཅིག་ལམ་གཅིག་ཀྱི་བཟོ་ལས་འཛུགས་སྐྲུན་རྒྱ་སྐྱེད་ལ་རོགས་འདེགས་ཅི་ལྟར་བྱེད་དགོས་པའི་དམིགས་བསལ་གྱི་ཚོགས་འདུ་ཞིག་འཚོགས་ཡོད་པ་ལུང་འདྲེན་གནང་འདུག མཇུག་ཏུ་ཁོང་གིས་རྒྱུད་གཅིག་ལམ་གཅིག་གི་བཟོ་ལས་འཛུགས་སྐྲུན་བརྒྱུད་ནས་རྒྱ་ནག་གིས་བོད་ནང་དམ་དྲག་ཤུགས་ཆེར་བཏང་ནས་རང་བྱུང་གཏེར་ཁ་སྔོག་འདོན་བྱེད་བཞིན་པ།  དེ་བཞིན་མྱུལ་ཞིབ་ཀྱི་ལས་གཞི་རྒྱ་སྐྱེད་ཀྱིས་ཆོས་ལུགས་ལ་དམ་དྲག་བྱེད་བཞིན་པ་སོགས་མངོན་གསལ་གནང་ཐོག་རྒྱ་ནག་གིས་བོད་ཁུལ་དུ་བཟོ་ལས་འཛུགས་སྐྲུན་བརྒྱུད་བོད་ནང་གི་དངོས་ཟོག་ཐོན་སྐྱེད་ཀྱི་རྩ་འབོར་ GDP གོང་མཐོར་འགྲོ་བཞིན་ཡོད་པར་བརྗོད་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་བརྒྱུད་ནས་རྒྱ་ནག་གིས་བོད་ས་མི་སེར་སྤེལ་ཡུལ་དུ་སྒྱུར་བཞིན་པ་དང་། དེ་བཞིན་བོད་ཀྱི་ས་ཆུ་འབག་བཙོག་ཅན་དུ་སྒྱུར་བཞིན་པ་མ་ཟད། རང་བྱུང་གི་གཏེར་ཁ་ཡོད་ཚད་ཕྱིར་འདྲེན་བྱེད་ཀྱི་ཡོད་པར་ཡོངས་བསྒྲགས་གནང་ཡོད་པ་ལུང་འདྲེན་གནང་འདུག

རྒྱ་ནག་ལ་ཤིན་ཅང་ཁུལ་དུ་ཡོད་པའི་མི་རིགས་དག་གི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པའི་རེ་སྐུལ།

རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Antonio Guterres མཆོག་ཉེ་ལམ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱུད་གཅིག་ལམ་གཅིག་གི་ཚོགས་འདུར་ཕེབས་བསྟུན་ཁོང་གིས་རྒྱལ་སྤྱིའི་ཁྲོད་རྒྱ་གཞུང་གིས་ཤིན་ཅང་ཁུལ་དུ་ཡོད་པའི་ཡུ་གུར་གྱི་ཁ་ཆེ་མི་རིགས་ཐོག་བཏང་འཛིན་དོ་སྣང་ནན་པོ་བྱེད་བཞིན་པ་དྲན་སྐུལ་དང་འབྲེལ་ཏེ་རྒྱ་གཞུང་ནས་མི་རིགས་དེ་དག་གི་ཐོབ་ཐང་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་པའི་རེ་སྐུལ་གནང་འདུགཟླ་བ་འདིའི་ཚེས་ ༢༩ ཉིན་བརྒྱུད་ལམ་ཁག་ཏུ་སྤྱི་ཁྱབ་དྲུང་ཆེ་ Antonio  མཆོག་གིས་རྒྱ་གཞུང་ནས་ལྟ་བ་མཐར་ལྷུང་དང་འཇིགས་སྐུལ་རིང་ལུགས་འགོག་རྒོལ་གྱི་བརྒྱུད་རིམ་ཁྲོད་མང་ཚོགས་ལ་བདག་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་པ་དང་སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་ངོ་བོ་ལ་གཞན་གྱི་གུས་བརྩི་བྱེད་དགོས་པ་ནི་ཚོར་བའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བ་ཡོད་པའི་གནད་དོན་གསུམ་གྱི་ཐོག་གླེང་སློང་གནང་འདུག སྤྱི་ཁྱབ་དྲུང་ཆེ་མཆོག་གིས་འཚམས་གཟིགས་ཁྲོད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་མཇལ་འཕྲད་གནང་འདུག་པ་དང་། འཚམས་གཟིགས་དེར་མཉམ་ཞུགས་གནང་མཁན་ཁོངས་སུ་ཡོད་པ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ Stephane Dujarric ལགས་ཀྱིས་རྒྱ་ནག་གི་འགོ་ཁྲིད་དང་ལྷན་དུ་གྲོས་མོལ་དེ་སྤྲོ་སེམས་འཁོལ་པོ་ཞིག་དང་འགྲོག་བདེ་གཤིབ་བདེ་བྱུང་སོང་བར་འགྲེལ་བརྗོད་དང་ཆབས་ཅིག དེ་འབྲེལ་གྲོས་མོལ་མུ་མཐུད་ནས་ཡོང་རྒྱུ་ཡིན་སྐོར་གསུངས་འདུག ད་རེས་ཀྱི་འཚམས་གཟིགས་དེའི་སྔ་རོལ་དུ་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་ཨ་རི་དང་དབྱིན་ཡུལ།  དེ་བཞིན་འཇར་མ་ནི་དང། ནེ་ཌར་ལན་ཌི། ཨོ་སི་ཊོ་ལི་ཡ།  ཁེ་ན་ཌ།  ཊར་ཀི་བཅས་ཀྱི་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་མཇལ་འཕྲད་ཀྱིས་སྐུ་ཚབ་རྣམས་ནས་རྒྱ་ནག་གི་འགོ་ཁྲིད་དང་མཇལ་འཕྲད་སྐབས་ཤིན་ཅང་གི་གནད་དོན་དེ་ངེས་པར་དུ་གླེང་དགོས་པའི་དགོས་འདུན་ཆེད་བཏོན་གནང་ཡོད། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྤྱི་ཁྱབ་ངེས་སྟོན་པ་སྐུ་ཞབས་ Kenneth Roth མཆོག་གིས་བདུན་ཕྲག་སྔོན་མར་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Antonio མཆོག་ཕྱི་ལོ་ ༢༠༡༧ ལོར་ད་ལྟའི་ལས་གནས་བཞེས་པ་ནས་བཟུང་ཡུ་གུར་མི་རིགས་ཀྱི་གནད་དོན་གཅིག་ཀྱང་གླེང་སློང་གནང་མེད་སྐོར་བརྒྱུད་ལམ་ཁག་གི་གསར་ཤོག་བརྒྱུད་སྐྱོན་བརྗོད་ནན་པོ་གནང་ཡོད་པ་རེད།སྤྱིར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལྕམ་ Michelle Bachelet མཆོག་ནས་འདི་ལོའི་ཟླ་བ་ ༣ པའི་ནང་སུད་སི་ཇི་ན་ཝར་ཚོགས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་རྒྱལ་སྤྱིའི་རྒྱལ་ཁབ་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ཕུལ་བའི་ཐོག་ཤིན་ཅང་ནང་ཡུལ་མི་གར་སོང་ཆ་མེད་དུ་གྱུར་བ་དང་། བཙན་དབང་གིས་འཛིན་བཟུང་བཀག་ཉར་བྱེད་པའི་གནད་དོན་གླེང་ཀྱང་། དེའི་ཐོག་རྒྱ་གཞུང་གི་སྐུ་ཚབ་ནས་དགག་པ་བརྒྱབས་པ་མ་ཟད། རྒྱ་གཞུང་གི་འཇིགས་སྐུལ་རིང་ལུགས་འགོག་རྒོལ་གྱི་གནས་བབས་དེ་ད་ཆ་ཡར་རྒྱས་འགྲོ་བཞིན་པའི་ཁར་སླད་མར་འཇིགས་སྐུལ་རིང་ལུགས་མེད་པ་འགྱུར་ངེས་ཡིན་པ་དང་། རྒྱ་གཞུང་གི་འཇིགས་སྐུལ་རིང་ལུགས་འགོག་རྒོལ་གྱི་སྲིད་བྱུས་ལག་བསྟར་བྱེད་པ་དེས་ཤིན་ཅང་དང་འཛམ་གླིང་སྤྱི་ཡོངས་སུ་དྲག་པོའི་བྱ་སྤྱོད་བཀག་སྡོམ་བྱེད་ཀྱི་ཡོད་པར་ལན་འདེབས་བྱས་ཡོད། འདས་ལོར་ལྕམ་ Michelle Bachelet མཆོག་གིས་རྒྱ་གཞུང་ལ་ཤིན་ཅང་ཁུལ་དུ་གནས་ཚུལ་རྟོག་ཞིབ་སླད་ཕེབས་ཆོག་པའི་ཞུ་སྐུལ་གནང་ཡོད་ཀྱང་། ཁོང་གིས་ཟླ་བ་སྔོན་མར་རྒྱ་གཞུང་ནས་དེ་འབྲེལ་ཆོག་མཆན་སྤྲད་མེད་པར་སྐྱོན་བརྗོད་བྱས་ཡོད་པ་རེད། རྩ་བའི་རྒྱ་གཞུང་གིས་ཤིན་ཅང་ཁུལ་དུ་ཡུ་གུར་གྱི་ཁ་ཆེ་མི་རིགས་གཙོས་པའི་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་གཉིས་ལྷག་ཆབ་སྲིད་སློབ་གསོའི་བསྟི་གནས་ཁང་དུ་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་སྟབས། རྒྱལ་སྤྱིའི་གཞུང་དང་ཚོགས་སྐྱིད་ཁག་ནས་སྐྱོན་བརྗོད་མང་དག་ཅིག་གནང་ཡོད་ཀྱང་། རྒྱ་གཞུང་གིས་དེར་འཇིགས་སྐུལ་རིང་ལུགས་འགོག་རྒོལ་དང་ལས་རིགས་སྦྱོང་བརྡར་བཅས་ཀྱི་མིང་བཏགས་པའི་ཐོག་ནོར་འཁྲུལ་སྦས་གསང་བྱེད་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གཙོས་པའི་ཚོགས་སྐྱིད་ཁག་དང་སྒོས་ཉེ་ལམ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་སྤེལ་བའི་སྙན་ཐོའི་ནང་རྒྱ་ནག་ནི་ཆོས་ཕྱོགས་ཐད་ཆེས་སྡང་འཛིན་ཅན་གྱི་རྒྱལ་ཁབ་ཡིན་པར་ཐེར་འདོན་གནང་ཡོད།

ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་རྒྱ་ནག་གི་སྐད་ཡིག་སློབ་ཁྲིད་ཀྱི་མ་དངུལ་མཚམས་འཇོག

ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་ད་ནས་བཟུང་ཁུང་ཙི་སློབ་གླིང་དང་འབྲེལ་བ་ཡོད་པའི་ཨ་རིའི་གཙུག་ལག་སློབ་ཁང་ཁག་ལ་རྒྱ་ནག་གི་སྐད་ཡིག་སློབ་ཁྲིད་ཐད་མ་དངུལ་སྤྲོད་ཐབས་མེད་སྐོར་གསུངས་ཡོད་པ་དང་འབྲེལ། ད་ཆ་ཁུང་ཙི་སློབ་གསོ་ཁྱབ་སྤེལ་བྱེད་བཞིན་པའི་ཡུལ་དེའི་ཤེས་ཡོན་ལྟེ་གནས་མང་པོ་ཞིག་གང་མགྱོགས་སྒོ་རྒྱག་རྒྱུ་རེད་འདུག དེའང་ The Newsweek དྲྭ་གནས་སུ་གནས་ཚུལ་སྤེལ་བར་ཉེ་བའི་ལོ་ཤས་རིང་ནས་བཟུང་རྒྱ་ནག་དམར་ཤོག་གཞུང་གིས་ཁུང་ཙི་ཤེས་ཡོན་ལྟེ་གནས་མང་དག་ཅིག་ལ་མ་དངུལ་ཆེད་གཏོང་གིས་རྒྱ་ནག་གི་སྐད་དང་རིག་གཞུང་ཁྱབ་སྤེལ་གཏོང་བཞིན་ཡོད་པའི་ཁྲོད། ཕྱི་ཕྱོགས་ཀྱི་ཤེས་ཡོན་གྱི་རང་དབང་ལ་དོ་ཕོག་འགྲོ་བཞིན་ཡོད་པར་སྐྱོན་བརྗོད་གནང་མཁན་མང་དུ་འགྲོ་བཞིན་ཡོད་སྟབས། ཨ་རིའི་གྲོས་ཚོགས་འོག་མས་ཁྲིམས་སྒྲིག་ཅིག་གསར་བཟོ་གནང་སྟེ་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཆག་ཡང་ཡོད་ན་མ་གཏོགས་ཨ་རིའི་ངོས་ནས་རྒྱ་ནག་གི་སྐད་ཡིག་དང་ཁུང་ཙིའི་སློབ་གསོ་གོང་སྤེལ་གྱི་ལས་གཞིར་རྒྱབ་སྐྱོར་གནང་རྒྱུ་མིན་པར་ཡོང་བསྒྲགས་གནང་ཡོད་པ་རེད།འོན་ཀྱང་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་Jessica Maxwell ལགས་ཀྱིས་ Newsweek ལ་འགྲེལ་བརྗོད་གནང་བར་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ ༡༣ ཙམ་གྱིས་རྒྱལ་སྲུང་ལྷན་ཁང་ལ་ཞུ་གཏུགས་གནང་ཡང་ལྷན་ཁང་ནས་ཨ་རིའི་རྒྱལ་སྲུང་གི་གནད་དོན་ལ་བརྟེན་ནས་སློབ་གཉེར་ཁང་དེ་དག་ཡོངས་ལ་ཆག་ཡང་གནང་མེད་སྟབས། གཟའ་འཁོར་སྔོན་མའི་ནང་ Western Kentucky ཞེས་པའི་གཙུག་ལག་སློབ་ཁང་ནས་ཁུང་ཙི་སློབ་གླིང་སྒོ་རྒྱག་རྒྱུ་ཡིན་པར་བརྗོད་ཡོད་པ་མ་ཟད། གང་མགྱོགས་ཨ་རིའི་ Arizona དང་། San Francisco དེ་བཞིན་ Hawaii བཅས་ཀྱི་གཙུག་ལག་སློབ་ཆེན་སོགས་ཀྱིས་ཀྱང་ཁུང་ཙི་སློབ་གླིང་དེ་སྒོ་རྒྱག་འཆར་ཡོད་པར་ཚོད་དཔག་གནང་བཞིན་འདུག ཉེ་བའི་ཟླ་ཤས་ཀྱི་རིང་ལ་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ཁྲིམས་སྒྲིག་དེའི་དབང་ཚད་ཀྱི་འོག   Indiana དང་། Rhode དེ་བཞིན་ Minnesota གཙུག་ལག་སློབ་ཆེན་སོགས་ཀྱིས་ཁུང་ཙི་སློབ་གླིང་དང་འབྲེལ་བ་བཅད་ཡོད་པ་ལྟར།  Oregon གཙུག་ལག་སློབ་ཆེན་གྱིས་ཀྱང་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་འབྲེལ་ཐག་གཅོད་རྒྱུ་ཡིན་པར་ཡོངས་བསྒྲགས་གནང་ཡོད་པ་རེད། རྩ་བའི་ཨ་རིའི་ངོས་ནས་རྒྱལ་ཁབ་སྣ་མང་ཞིག་གི་སྐད་ཡིག་གི་སློབ་ཁྲིད་ལ་མ་དངུལ་ཆེད་གཏོང་གིས་རང་རྒྱལ་ནང་གི་ཕྱིའི་སྐད་ཡིག་གི་གནས་བབས་ཡར་རྒྱས་བཏང་བའི་ཐོག་ནས་རྒྱལ་སྲུང་ལྷན་ཁང་ལ་རོགས་འདེགས་ཐུབ་པའི་དམིགས་ཚད་བཟུང་ཡོད་ནའང་། རྒྱ་ནག་གི་སྐད་ཡིག་སློབ་ཁྲིད་ལ་མ་དངུལ་བཏང་བ་དེ་རྒྱ་ནག་གིས་དམར་ཤོག་གི་ལྟ་གྲུབ་ཁྱབ་སྤེལ་བྱེད་པའི་ཆབ་སྲིད་ཀྱི་ལག་ཆ་བཞིན་སྤྱོད་ཀྱི་ཡོད་པ་ར་འཕྲོད་བྱུང་སྟབས་མ་དངུལ་གཏོང་མཚམས་བཞག་སྟེ་གཙུག་ལག་སློབ་ཆེན་ཡོངས་ནས་ཁུང་ཙིའི་སློབ་གླིང་སྒོ་རྒྱག་བཞིན་པ་རེད། གཞི་རྩའི་རྒྱ་ནག་གི་ཁུང་ཙི་སློབ་གླིང་ཞེས་པ་བརྒྱུད་ནས་བོད་དང་ཐེ་ཝན། དེ་བཞིན་ཤིན་ཅང་སོགས་ཀྱི་གནས་ཚུལ་ལ་འཁྱོག་བརྗོད་དྲིལ་བསྒྲགས་སྤེལ་བཞིན་པ་མ་ཟད། སྤྱི་ཡོངས་ནས་རྒྱལ་སྤྱིའི་སྟེང་རྒྱ་ནག་ལ་ལྟ་སྟངས་ཡག་ཏུ་འགྲོ་ཕྱིར་ནུས་ཤུགས་ཡོད་རྒུ་བཏོན་ནས་འགྲེལ་ལོག་རྒྱག་བཞིན་ཡོད་པའི་གསང་བའི་སྲིད་བྱུས་སྤེལ་སྟངས་ཤིག་ཆགས་ཡོད་པ་རེད། འོན་ཀྱང་ཉེ་བའི་ལོ་ཤས་ནས་བཟུང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྣེ་ཁྲིད་ཐོག་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་འབྲེལ་ཐག་གཅོད་དགོས་པའི་ཞུ་གཏུག་དང་ངོ་རྒོལ་སྐད་འབོད་དུ་མ་གནང་ཡོད་པ་ལྟར་འདི་ལོའི་གྲོས་ཚོགས་སུ་ཁུང་ཙི་སློབ་གླིང་ལ་ཁ་གཏད་གཅོག་དགོས་པའི་བགྲོ་གླེང་གནང་ཡོད། ད་ཆ་ཨ་རི་དང་ཡོ་རོབ་སོགས་སུ་ཁུང་ཙི་སློབ་གླིང་མང་པོ་ཞིག་སྒོ་རྒྱག་བཞིན་པའི་གནས་བབས་ཅིག་ཆགས་ཡོད་པ་རེད།

རྒྱ་ནག་ནི་ཆོས་ཕྱོགས་ཐོག་ནས་ཆེས་སྡང་འཛིན་ཅན་གྱི་རྒྱལ་ཁབ་ཡིན་པར་ཐེར་འདོན།  

ཁ་སང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གིས་ཕྱི་ལོ་ ༢༠༡༩ ལོའི་སྙན་ཐོ་འདོན་སྤེལ་གནང་སྟེ་རྒྱ་ནག་ནི་ཆོས་ཕྱོགས་ཐོག་ནས་ཆེས་སྡང་འཛིན་ཅན་གྱི་རྒྱལ་ཁབ་ཡིན་པར་ཐེར་འདོན་གནང་བ་དང་འབྲེལ། རྒྱ་གཞུང་གིས་འདས་ལོའི་ནང་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཐོག་མུ་མཐུད་དམ་དྲག་ཤུགས་ཆེན་པོ་བྱས་པར་སྐྱོན་བརྗོད་གནང་འདུག སྙན་ཐོའི་ནང་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་ཚབས་ཆེན་བཏང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ ༡༦ ཙམ་ཐེར་འདོན་གནང་བའི་ནང་རྒྱུན་ལྡན་ལྟར་རྒྱ་ནག་རྒྱལ་ཁབ་དེ་བསྐྱར་དུ་མིང་འདོན་གནང་ཡོད་པ་མ་ཟད། རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་འགན་འཛིན་སྐུ་ཞབས་Johnnie Moore ལགས་ཀྱིས་ཐེངས་འདིའི་སྙན་ཐོའི་ནང་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་ངོས་ནས་རྒྱ་ནག་ཐོག་སྔར་ལས་ལྷག་པའི་བཞེངས་ཕྱོགས་བཟུང་ཡོད་པ་གསུངས་འདུག སྙན་ཐོའི་ནང་གསལ་བོད་དང་འབྲེལ་བའི་སྡེ་ཚན་ནང་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༨ ལོར་མུ་མཐུད་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ལ་དམ་དྲག་དང་བོད་མི་རྣམས་ལ་བཙན་དབང་གིས་རྒྱ་ནག་གི་སྤྱི་ཚོགས་ནང་སིམ་འཇུག་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག བོད་པའི་སློབ་ཕྲུག་ཚོར་ཆོས་ཕྱོགས་ཀྱི་དུས་སྟོན་ཐོག་འགྲོ་རྒྱུ་དང་ནང་པའི་གཞུང་། དེ་བཞིན་བོད་ཀྱི་སྐད་ཡིག་ལ་སློབ་གཉེར་གནང་རྒྱུ་བཀག་སྡོམ་བྱས་པའི་གནས་ཚུལ་ལུང་འདྲེན་གནང་འདུག བོད་མི་རྣམས་ནས་རང་ཉིད་ཀྱི་རིག་གཞུང་དང་སྐད་ཡིག་གོང་མཐོར་གྱི་ལས་གཞི་སོགས་སྤེལ་ཚེ་དེ་དག་ཁྲིམས་འགལ་དུ་ངོས་འཛིན་གྱིས་སྒྲིག་གཞི་གཏན་འབེབས་དང་། གྲྭ་བཙུན་རྣམས་ལ་བཙན་དབང་གིས་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་བཅུག་པའི་གནད་དོན་ཐེར་འདོན་གནང་བ་མ་ཟད། ཉེ་ལོར་ནང་བླ་རུང་སྒར་དང་ཡ་ཆེན་སྒར་ནས་གྲྭབཙུན་སྟོང་ཕྲག་ལྷག་ཕྱིར་འབུད་བྱས་པ་དང་དེ་དག་ལ་ཆབ་སྲིད་སློབ་གསོ་སྤྲད་སྐོར་སོགས་ཐེར་འདོན་གནང་སྟེ་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཙམ་མིན་པར་ཕྱི་ཕྱོགས་ཀྱི་བོད་མིའི་ས་ཁུལ་དུའང་དམ་དྲག་དང་སྟངས་འཛིན་ཤུགས་ཆེན་པོ་་བྱེད་བཞིན་པར་འགྲེལ་བརྗོད་གནང་ཡོད། ཆུང་སྲིད་༸པཎ་ཆེན་རིན་པོ་ཆེ་མཆོག་དང་བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་ལུང་འདྲེན་དང་འབྲེལ་ཁོང་རྣམ་གཉིས་འཕྲལ་དུ་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་པ་མ་ཟད། རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཨ་རིའི་གཞུང་གི་ངོས་ནས་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཁྲིམས་གཞི་དང་། global magnitsky act ཞེས་པའི་ཁྲིམས་གཞི་བཅས་ཀྱི་འབྲུ་དོན་ལག་བསྟར་གནང་ནས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་མཁན་རྒྱ་ནག་གི་འགོ་འཁྲིད་ཚོའི་འགྲུལ་སྐྱོད་ལ་དམ་དྲག་དགོས་པའི་རེ་སྐུལ་ཞུས་འདུག ཁོང་གིས་རྒྱ་གཞུང་གིས་ཆབ་སྲིད་ཀྱི་ངན་བྱུས་འོག་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་གྱི་ལམ་ལུགས་ལ་ཐེ་གཏོགས་བྱས་པར་བསྐྱོན་བརྗོད་དང་འབྲེལ། རྒྱ་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་ཀྱི་གནད་དོན་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་གཏོགས་བྱེད་དབང་མེད་པར་འགྲེལ་བརྗོད་གནང་ཡོད། གཞི་རྩའི་ད་རེས་ཀྱི་སྙན་ཐོའི་ནང་ཆོས་ལུགས་ཀྱི་རང་དབང་ལ་དམ་དྲག་བཏང་མཁན་ཁོངས་སུ་རྒྱ་ནག་ཕུད་པའི་ཨུ་རུ་སུ་དང་། བྷར་མ། པ་ཀིས་ཐན།  སིརྱ།  བྱང་ཀོ་རི་ཡ།  སཱཧུདྣ་ཨ་ར་བྷྱི། སུད་ཌན། དེ་བཞིན་ཨི་རན་སོགས་རྒྱལ་ཁབ་དེ་དག་མིང་ཐེར་འདོན་དང་། ཁ་སང་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་ནས་ཆོས་ལུགས་དམ་དྲག་ཡོད་སའི་ཡུལ་ཁག་ཁྲོད་གནོད་འཚེ་ཕོག་ཡུལ་གྱི་གང་ཟག་གི་ཐོ་གཞུང་བསྡུ་རུབ་ཀྱི་ལས་གཞི་ཞིག་ཀྱང་དབུ་འཛུགས་གནང་རྒྱུ་ཡིན་པར་ཡོངས་བསྒྲགས་གནང་འདུག

རྒྱ་ནག་གིས་བོད་རིགས་མཐུན་ཚོགས་གསར་བཟོ་བྱས་ནས་རྒྱལ་སྤྱིས་བོད་མིར་ལྟ་སྟངས་བསྒྱུར་ཐབས།

ཉེ་ཆར་ཁེ་ན་ཌའི་ Toronto གྲོང་ཁྱེར་ནང་བོད་རིགས་ཚོགས་པ་ཡིན་ཚུལ་གྱིས་གསོལ་སྟོན་གྱི་ལས་རིམ་ཞིག་གོ་སྒྲིག་ཞུས་པ་མ་ཟད། ཁེ་ན་ཌའི་སྲིད་བློན་མཆོག་ནས་ལས་རིམ་དེར་རྒྱབ་སྐྱོར་གྱིས་འཚམས་འཕྲིན་བསྩལ་བ་རྫུན་བཟོ་བྱས་ཏེ་སྤྱི་ཚོགས་དྲྭ་རྒྱའི་ཐོག་སྤྱོད་པའི་གནད་དོན་བྱུང་བ་དང་འབྲེལ། དེ་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁེ་ན་ཌའི་བོད་རིགས་མཐུན་ཚོགས་ཟེར་བ་ཞིག་གིས་སྲིད་བློན་གྱི་མཚན་ཐོག་ནས་འཚམས་འཕྲིན་རྫུན་བཟོ་བྱས་པ་དེ་ནི་རྒྱ་ནག་གིས་ནུབ་ཕྱོགས་སུ་སྤེལ་བཞིན་པའི་ལས་དོན་བྱེད་ཕྱོགས་ཤིག་ཡིན་པར་གསལ་འདོན་བྱས་པ་མ་ཟད། གནས་ཚུལ་དེ་ལྟ་བུ་ནི་གསར་པ་གང་ཡང་མིན་པར་རྒྱ་ནག་གི་དུས་རྒྱུན་གྱི་གཡོ་སྒྱུ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུགཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་རིགས་མཐུན་ཚོགས་ཀྱི་ངོ་བོའི་ཐོག་ནས་དགོང་དྲོའི་གསོལ་སྟོན་བཤམ་མཁན་དེ་དག་ནི་ཡོངས་གྲགས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལ་འབྲེལ་བ་ཡོད་པའི་བོད་རིགས་ཉུང་ཤས་ཤིག་ཡིན་པ་ལྟར། གསོལ་སྟོན་ཐོག་མཉམ་ཞུགས་བྱེད་མཁན་དེ་དག་ཀྱང་ཨ་རི་དང་ཁེ་ན་ཌའི་ནང་དུ་ཡོད་པའི་རྒྱ་ནག་དམར་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་རྒྱུན་དུ་འབྲེལ་བ་བྱེད་མཁན་འབའ་ཞིག་ཡིན་པ་གསལ་འདོན་གནང་འདུགལྷག་པར་དུ་བོད་རིགས་མཐུན་ཚོགས་ཡིན་ཁུལ་གྱིས་གོ་སྒྲིག་ཞུས་པའི་གསོལ་སྟོན་དེའི་སྟེང་རྒྱ་ནག་གི་རྒྱལ་གླུ་བཏང་ཡོད་པ་མ་ཟད་མཐུན་ཚོགས་དེའི་ཚོགས་གཙོའི་ངོས་ནས་རྒྱ་ནག་སྲིད་གཞུང་གིས་བོད་ཀྱི་སྤྱི་ཚོགས་ལ་འགྱུར་བ་བཏང་དེ་བོད་ལ་དཔལ་འབྱོར་ཡར་རྒྱས་དང་ཆོས་དད་རང་དབང་གི་ཐད་ནས་རོགས་འདེགས་རྒྱ་ཆེར་བྱས་ཡོད་པར་བསྒྲགས་ཏེ་དམར་ཕྱོགས་གཞུང་གིས་རྩ་འཛུགས་བྱས་པའི་བོད་རྒྱ་གཉིས་ཁྱིམ་རྒྱུད་གཅིག་གི་མི་ཡིན་ཞེས་པའི་གཞས་དེ་ཡང་མཛད་སྒོར་བླངས་ཡོད་པ་བཀོད་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁེ་ན་ཌའི་བོད་རིགས་མཐུན་ཚོགས་དྲུག་གིས་མཉམ་འབྲེལ་ཐོག་སྤེལ་བའི་བསྒྲགས་གཏམ་ནང་བོད་རིགས་ཚོགས་པ་ཡིན་ཁུལ་གྱིས་བོད་རིགས་ནང་ཁུལ་ཁ་འཐོར་གཏོང་རྒྱུར་དམིགས་ཡོད་ཚུལ་གསུངས་པ་དེ་ལུང་འདྲེན་གནང་བ་དང་སྦྲགས། འདི་ལོ་སྤྱི་ཟླ་གཉིས་པའི་ནང་སླར་ཨ་རིའི་ནང་རྒྱ་གཞུང་གི་རྒྱབ་སྐྱོར་ཡོད་པའི་ཚོགས་པ་གསར་པ་ཞིག་ཆེད་འཛུགས་ཀྱིས་ཨ་རིའི་རྒྱ་རིགས་གནས་སྡོད་ས་ཁུལ་དུ་ལོ་གསར་གསོལ་སྟོན་དུ་བྱང་ཨ་རིའི་བོད་རིགས་མཐུན་ཚོགས་ཀྱིས་འཛུལ་ཞུགས་བྱས་ཡོད་ཚུལ་བསྒྲགས་ཡོད་ཀྱང་། ཕྱི་ཟླ་ ༣ ཚེས་ ༢༠ ཉིན་བྱང་ཨ་རིའི་བོད་རིགས་མཐུན་ཚོགས་ཀྱིས་རྒྱ་ནག་གི་ལོ་གསར་དུས་སྟོན་ལ་ཞུགས་མཁན་གྱི་བོད་མི་དེ་དག་གིས་བྱང་ཨ་རིའི་བོད་རིགས་མཐུན་ཚོགས་ཀྱི་ངོ་ཚབ་བྱེད་ཐབས་མེད་པའི་དགག་ལན་གནང་ཡོད་པའང་ཐེར་འདོན་གནང་འདུགཕྱི་ཟླ་གསུམ་པའི་ནང་བྱང་ཨ་རིའི་བོད་རིགས་མཐུན་ཚོགས་ཀྱི་བསྒྲགས་གཏམ་དེའི་ནང་བདེ་ཆེན་སྤྲུལ་སྐུ་ཟེར་བ་དེ་ནི་རྒྱ་ནག་གིས་སྤྱོད་བཞིན་པའི་ཤུགས་ལྡན་བསྟེན་མཁན་ཞིག་ཡིན་པ་དང་། ཁོ་པ་དུས་རྒྱུན་ནས་ཨ་རིའི་ནང་གི་རྒྱ་མིའི་དཔོན་རིགས་ལ་འབྲེལ་བ་ཡོད་པ་མ་ཟད། རྒྱ་ནག་ཏུ་ཡང་ཡང་འགྲོ་བཞིན་ཡོད་སྐོར་ལུང་འདྲེན་གྱིས་ཐེངས་འདིའི་བོད་རིགས་ཚོགས་པའི་ཚོགས་གཙོ་དེའང་བདེ་ཆེན་སྤྲུལ་སྐུ་ཡིན་པའི་གསལ་བཤད་དག་ཀྱང་ཐེར་འདོན་གནང་ཡོད་པ་རེད།གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་རྒྱ་ནག་ གིས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་དོན་ལ་ཁ་གཏད་གཅོག་ཐབས་དང་། རྒྱལ་སྤྱིའི་ངོས་ནས་བོད་དོན་ངོས་འཛིན་བྱེད་ཕྱོགས་ལ་འགྱུར་བ་གཏོང་ཐབས་སུ་དྲིལ་བསྒྲགས་ཤུགས་ཆེར་བྱས་ནས་བརྒྱུད་ལམ་སྣ་མང་ཐོག་ལས་དོན་དེར་དོ་སྣང་བྱས་ཏེ་དམིགས་ཡུལ་ལྡན་པའི་ངང་ཚོགས་པ་རྩ་འཛུགས་ཀྱིས་ལས་དོན་སྒྲུབ་བཞིན་ཡོད་པ་གསལ་འདོན་གནང་འདུག རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་དོན་མངོན་མེད་དུ་གཏོང་རྒྱུའི་ཐབས་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་སྒྲིག་ཡིག་ནང་ང་ཚོར་སྲིད་གཞུང་གི་ཐབས་བྱུས་དང་སྲིད་བྱུས་ཡག་པོ་ཤེས་མཁན་གྱི་ཧུར་བརྩོན་ཅན་གྱི་མི་མང་པོ་དགོས། དེ་བཞིན་བོད་དོན་དང་ཕྱིའི་རྒྱལ་ཁབ་ཀྱི་སྐད་ཡིག་ཡག་པོ་ཤེས་མཁན་ཡང་མང་པོ་དགོས། དེ་དག་ཡོད་པའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དྲིལ་བསྒྲགས་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཕྱི་རྒྱལ་གྱི་བོད་རིགས་མཐུན་ཚོགས་ཁག་ནི་ངང་རྒྱུད་རིང་བའི་སྲིད་བྱུས་འདིའི་ཆ་ཤས་གལ་ཆེན་ཞིག་ཡིན་པར་བསྒྲགས་ཡོད་པ་ཡང་ལུང་འདྲེན་གནང་འདུག  

Latest news