Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་སུ་བོད་དོན་གླེང་སློང་གནང་བ།

ཉེ་ལམ་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་སུ་ཁུལ་དེའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Kevin Mileham མཆོག་གིས་ཚོར་ཤུགས་ཆེན་པོའི་ཐོག་ནས་རྒྱ་ནག་གི་སྐོར་གསུང་བཤད་གནང་སྐབས་བོད་ཀྱི་གནད་དོན་ཐོག་གླེང་སློང་གནང་བ་དང་འབྲེལ། ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་ཀྱི་དཀའ་ངལ་དེ་ལྷོ་ཨ་ཕི་རི་ཀ་རང་གི་མི་རིགས་ཚོས་སེལ་དགོས་པ་ལས་དེ་འབྲེལ་རྒྱ་ནག་དམར་ཤོག་ཚོགས་པ་ལྟ་བུ་ནས་སེལ་རྒྱུ་མེད་ཅེས་གསུངས་སོང་། སྐུ་ཞབས་ Kevin མཆོག་གིས་གྲོས་ཚོགས་སུ་རྒྱ་ནག་ནི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་དང། ང་ཚོོས་རྒྱ་ནག་ནས་སློབ་སྦྱོང་གནང་རྒྱུ་མང་པོ་ཡོད་ཀྱང། ངེས་པར་དུ་རྒྱ་ནག་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་དག་གི་འབྲེལ་ལམ་ཐད་ནོར་འཁྲུལ་གང་བྱུང་བ་དེར་ཐུགས་སྣང་གནང་དགོས་པ་དང་། འདས་པའི་ལོ་བཅུའི་ནང་རྒྱ་གཞུང་ནས་དབུལ་ཕོངས་མེད་པ་བཟོ་རྒྱུར་འབད་ཀྱང་། ཉེ་ཆར་ང་ཚོ་རྒྱ་ནག་གྲོང་གསེབ་ཁུལ་དུ་བསྐྱོད་སྐབས་མི་མང་པོ་ཞིག་དབུལ་ཕོངས་ཀྱི་གནས་བབས་ཐོག་གནས་ཡོད་པ་མཐོང་རྒྱུ་འདུག་པས་རྒྱ་ནག་ནང་དབུལ་ཕྱུག་དབར་བར་ཁྱད་ཆེན་པོ་ཡོད་པ་མངོན་གསལ་གནང་འདུག ཁོང་གིས་རྒྱ་གཞུང་གིས་ས་གནས་གང་སར་དམ་དྲག་ཇེ་ཆེར་བཏང་ནས་གདོང་རིས་ངོས་འཛིན་ཐུབ་པའི་འཕྲུལ་ཆས་དང།   ས་གནས་གང་སར་བསྐྱོད་མི་ཆོག་པའི་བཀག་སྡོམ། དེ་བཞིན་ཕྱི་རྒྱལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་མི་སེར་རྣམས་བོད་ནང་ཕེབས་སྐབས་རྒྱ་རིགས་ལམ་སྟོན་པ་གཅིག་ངེས་པར་དུ་མཉམ་དུ་བཏང་ཏེ་འགྲེལ་བརྗོད་གནང་ཡོད་པ་དང་རྒྱ་གཞུང་གིས་རྒྱའི་མངའ་ཁོངས་སུ་ཡོད་པའི་མི་རིགས་དག་གི་གཞུང་འཛིན་ལ་རང་སྐྱོང་ལྗོངས་ཟེར་ནས་མིང་བཏགས་ཀྱང་དོན་དངོས་ཐོག་རྒྱ་གཞུང་གིས་བཏང་འཛིན་བྱེད་ཀྱི་ཡོད་པ་དང་འབྲེལ། དེའི་ཁོངས་སུ་བོད་ཚུད་ཡོད་སྟབས་བོད་ལྟ་བུར་ཆ་མཚོན་ན་དེ་སྔ་རང་དབང་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང། ཕྱི་ལོ་ ༡༩༤༩༌༡༩༥༠ ལོར་རྒྱས་བོད་དུ་བཙན་འཛུལ་བྱས་ཡོད་སྐོར་དང། བོད་ཀྱི་རིག་གཞུང་། ངོ་བོ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་སོགས་ལ་རྒྱལ་སྤྱིའི་ཚོགས་པ་ནས་བློ་ཚབ་གནང་དགོས་པ་ཞིག་ཆགས་ཡོད་པ་གསུངས་འདུག དེ་བཞིན་ལྷོ་ཨ་ཕི་རི་ཀའི་ངོས་ནས་རྒྱ་ནག་གིས་གནོན་ཤུགས་འོག་བོད་མིའི་བླ་ན་མེད་པའི་དབུ་ཁྱིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་༸ཞབས་སོར་འཁོད་པར་མཐོང་མཆན་ཕུལ་མེད་སྐོར་དང། ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་ཀྱི་དཀའ་ངལ་དེ་ལྷོ་ཨ་ཕི་རི་ཀ་རང་གི་མི་རིགས་ཚོས་སེལ་དགོས་པ་ལས་དེ་འབྲེལ་རྒྱ་ནག་དམར་ཤོག་ཚོགས་པ་ལྟ་བུ་ནས་སེལ་རྒྱུ་མེད་ཅེས་གསུངས་སོང་། གཞི་རྩའི་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་དབང་ཤུགས་འོག་དཔལ་འབྱོར་གྱི་དཀའ་ངལ་འོག་ལྷུང་བའི་རྒྱལ་ཁབ་མང་པོ་ཞིག་ནས་རྒྱ་ནག་དང་ལག་སྦྲེལ་བྱས་པ་དང།  ལྷོ་ཨ་ཕི་ར་ཀར་ཆ་མཚོན་ན་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་ཐེངས་གསུམ་བསྐྱངས་མྱོང་ཡོད་ཀྱང་། ཉེ་བའི་ལོ་ཤས་ནང་རྒྱ་གཞུང་གིས་གནོན་ཤུགས་འོག་༸གོང་ས་མཆོག་ཆིབས་བསྒྱུར་བསྐྱང་སླད་མཐོང་མཆན་ཕུལ་མེད་པ་རེད།

བོད་མི་རྣམས་ཀྱི་ཐོབ་ཐང་མུ་མཐུད་སྲུང་སྐྱོབ་གནང་རྒྱུ་ཡིན།

འདས་ལོའི་ཕྱི་ཟླ་ ༡༢ ནང་ཨ་རིའི་རྒྱལ་ཁབ་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Pradeep Gyawali མཆོག་རྣམ་གཉིས་མཇལ་འཕྲད་གནང་བ་དང་སྦྲགས།  སྐུ་ཞབས་ Pradeep མཆོག་གིས་བལ་ཡུལ་གཞུང་ནས་ཁུལ་དེར་གནས་བཞུགས་བོད་མི་རྣམས་ཀྱི་ཐོབ་ཐང་རྣམས་མུ་མཐུད་སྲུང་སྐྱོབ་གནང་རྒྱུ་དང་། དེ་བཞིན་བྲོས་བྱོལ་དུ་ཕེབས་པའི་བོད་མི་རྣམས་རང་ཉིད་ཀྱི་ལུང་པར་ཕྱིར་ཕེབས་རྒྱུ་མིན་པར་ཁས་ལེན་གནང་འདུག ཁ་སང་ Kathmandu Post དྲྭ་གནས་ཐོག་སྐུ་ཞབས་ Mike Pompeo མཆོག་ནས་བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་ KP Sharma Oli  མཆོག་སྲིད་བློན་གྱི་ལས་སྣེ་བཞེས་ནས་ལོ་གཅིག་ཟིན་པའི་འཚམས་འཕྲིན་ཕུལ་བ་དང་། འཚམས་འཕྲིན་ནང་སྐུ་ཞབས་ Pompeo མཆོག་གིས་ཉེ་ལམ་ཁོང་དང་བློན་ཆེན་ Pradeep མཆོག་རྣམ་གཉིས་དབར་མཇལ་འཕྲད་སྐབས་བལ་ཡུལ་གཞུང་ནས་བལ་ཡུལ་གནས་བཞུགས་བོད་མི་རྣམས་ཀྱི་ཐོབ་ཐང་དག་མུ་མཐུད་སྲུང་སྐྱོབ་དང། བཙན་བྱོལ་བ་དག་གི་ལུང་པར་རང་ཉིད་ཀྱི་ཚེ་སྲོག་དང་། ཆོས་དང་རིག་གཞུང་། དེ་བཞིན་སྐད་ཡིག་གི་རང་དབང་སོགས་ཆེས་ཉེན་འཚབ་འོག་ལྷུང་ཡོད་པས་ཁོང་རྣམས་རང་ཉིད་ཀྱི་ལུང་པར་ཕྱིར་ཕེབས་མི་ཆོག་པའི་སྤྱི་ཁྲིམས་འགྲེལ་བརྗོད་དང་འབྲེལ། དེ་དོན་སྐུ་ཞབས་ Pradeep མཆོག་གིས་ཁས་ལེན་གནང་བའི་སྐོར་ཆེད་བཀོད་གནང་འདུགརྩ་བའི་བལ་ཡུལ་ནང་བོད་མི་ ༡༡༠༠༠ ལྷག་གནས་བཞུགས་གནང་བཞིན་པ་དང་ཨ་རིའི་གཞུང་ནས་བལ་ཡུལ་གཞུང་ལ་བལ་ཡུལ་དུ་གནས་བཞུགས་བོད་མི་དག་ལ་ལས་ཀ་དང་། འགྲིམ་འགྲུལ། དེ་བཞིན་ཤེས་ཡོན་སོགས་ཀྱི་སླད་སྐྱབས་བཅོལ་གནས་བཞུགས་ཀྱི་ལག་འཁྱེར་སྤྲད་དགོས་པའི་ཞུ་གཏུགས་རབ་དང་རིམ་པ་གནང་ཡོད་ཀྱང་། བལ་ཡུལ་ནས་རྒྱ་ནག་གཅིག་གི་སྲིད་བྱུས་དང་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་གནང་གི་ཡོད་སྟབས། ཕྱི་ལོ་ ༡༩༩༥ ལོ་ནས་བཟུང་བོད་མི་རྣམས་ལ་སྐྱབས་བཅོལ་བའི་ལག་འཁྱེར་དང་དེ་བཞིན་ཕྱི་ལོ་ ༡༩༩༠ ལོ་ནས་བོད་ནས་ཕེབས་པའི་བོད་མི་རྣམས་ལ་ངོས་འཛིན་གནང་གི་མེད་པ་མ་ཟད་བལ་ཡུལ་ནང་བོད་མི་རྣམས་ནས་ལས་འགུལ་ལ་སོགས་པ་སྤེལ་རྒྱུར་བཀག་སྡོམ་གནང་གི་ཡོད་པ་རེད། གནད་དོན་དེ་དག་གི་ཐད་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཉེ་ལམ་ཕྱི་ལོ་ ༢༠༡༨ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ་གནང་བའི་ནང་ཕྱི་ལོ་ ༡༩༩༠ ལོ་ནས་བལ་ཡུལ་ནང་ཕེབས་པའི་བོད་མི་མང་པོ་ཞིག་རྒྱ་གར་དུ་གནས་སྤོས་བྱས་ཡོད་ཀྱང་། གྲངས་འབོར་མི་གསལ་བ་ཁག་ཅིག་ད་དུང་བལ་ཡུལ་ནང་གནས་བཞུགས་བྱེད་བཞིན་པ་ལྟར་ད་ཆ་བལ་ཡུལ་ནང་གནས་བཞུགས་བོད་མི་དང་། ལྷག་པར་དུ་ཁུལ་དེར་སྐྱེས་པའི་བོད་མི། དེ་བཞིན་ཕྱི་ལོ་ ༡༩༩༥ ལོར་ལོ་ན་ ༡༦ ལས་ཆུང་བ་ཡིན་པ་རྣམས་ལ་སྐྱབས་བཅོལ་བའི་ལག་འཁྱེར་གང་ཡང་སྤྲད་མེད་པ་ཐེར་འདོན་གནང་བ་དང་ཆབས་ཅིག་ཏུ་རྒྱ་གཞུང་གིས་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་ས་མཚམས་ཁག་དང་བོད་ནང་དུ་དམ་དྲག་ཇེ་ཆེར་བཏང་རྐྱེན་བོད་མི་བཙན་བྱོལ་དུ་འབྱོར་བའི་གྲངས་འབོར་དེ་ཧ་ཅང་ཉུང་ངུ་ཆགས་ཡོད་པ་ཐེར་འདོན་གནང་ཡོད་པ་རེད། རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ནས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་ཕྱི་ལོ་ ༢༠༡༧ ལོར་བོད་མི་ ༥༣ ཙམ་ཞིག་མ་གཏོགས་བཙན་བྱོལ་དུ་འབྱོར་ཐུབ་མེད་པར་ཐེར་འདོན་གནང་ཡོད་པ་རེད།  

༸སྐུའི་ཡང་སྲིད་རྒྱ་གར་དུ་འཁྲུངས་སྲིད་པ་བཀའ་བསྩལ་བ།

ཁ་སང་ཟླ་ ༣ ཚེས་ ༡༨ ཉིན་ Reuters  གསར་ཁང་གིས་༸གོང་ས་མཆོག་ལ་༸སྐུའི་ཡང་སྲིད་དང་འབྲེལ་བའི་བཅར་འདྲི་ཞུས་པའི་ཐོག་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་རྒྱ་གར་དུ་མི་ལོ་དྲུག་ཅུ་ལྷག་གི་རིང་བཞུགས་མྱོང་ཡོད་སྟབས་༸སྐུའི་ཡང་སྲིད་དེ་རྒྱ་གར་རང་དབང་ལུང་པར་འཁྲུངས་སྲིད་སྐོར་བཀའ་ལན་བསྩལ་བ་མ་ཟད། རྒྱ་ནག་གིས་ཡང་སྲིད་ཅིག་འདེམས་སྲིད་པའི་དབང་དུ་བཏང་ཡང་དེ་ལ་མི་མང་ནས་གུས་བརྩི་དང་ཆ་འཇོག་ཞུ་མི་སྲིད་པའི་བཀའ་ལན་མཛད་འདུག༸གོང་ས་མཆོག་གིས་རྒྱ་ནག་གི་ངོས་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་དོན་གནད་ཅིག་ཏུ་ངོས་འཛིན་བཞིན་ཡོད་པ་མ་ཟད། དེའི་ཐོག་༸གང་ཉིད་མཆོག་ལས་ལྷག་པའི་སེམས་ཁྲལ་བྱེད་བཞིན་ཡོད་སྐོར་བཀའ་བསྩལ་བ་དང་འབྲེལ། མ་འོངས་པར་༸སྐུའི་ཡང་སྲིད་དེ་རང་དབང་གི་རྒྱལ་ཁབ་ནས་གཅིག་དང་རྒྱ་ནག་སྲིད་གཞུང་གིས་གཅིག་གཏན་འབེབས་བྱུང་བ་ཡིན་ན། མི་མང་གི་ངོས་ནས་རྒྱ་ནག་གིས་བདམས་པའི་ཡང་སྲིད་དེར་གུས་བརྩི་ཞུ་ཐབས་མེད་སྟབས། རྒྱ་ནག་ལ་དཀའ་ངལ་འཕར་མ་ཞིག་ཆགས་ངེས་ཡིན་པར་བཀའ་འགྲེལ་དང་ལྷན་ཞལ་འཛུམ་དང་བཅས་དེ་ལྟ་བུའི་གནས་སྟངས་ཤིག་ཤར་སྲིད་པ་རེད་ཅེས་བཀའ་ལན་བསྩལ་འདུགགཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ཕྱི་ལོ་ ༢༠༡༡ ལོར་ཚོགས་པའི་ཆོས་ཚོགས་ཐེངས་ ༡༡ པའི་ཐོག་མ་འོངས་པར་མགོན་པོ་༸གང་ཉིད་མཆོག་༸རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་ཕེབས་སྐབས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང༌། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐུགས་ཐག་གཅད་རྒྱུ་ཡིན་པ་དང་། གལ་ཏེ་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་གནང་དགོས་པའི་དུས་སྐབས་ཤིག་ཤར་ཚེ་དེའི་གནང་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མ་༸སྐུ་སྒེར་གྱི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོང་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་མ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་ངོས་འཛིན་སྔར་སྲོལ་བཞིན་གནང་དགོས་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་ཀྱང་གནང་ཕྱོགས་དེ་དག་ལ་ལམ་སྟོན་གསལ་བཀོད་ཀྱི་ཕྱག་ཡིག་བསྩལ་རྒྱུ་ཡིན་ཞིང༌། ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན་སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་༸རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་ཞུ་མི་དགོས་པའི་ལམ་སྟོན་གསལ་པོ་བསྩལ་ཡོད་པ་རེད།ཐེངས་འདིའི་ Reuters  གསར་ཁང་གིས་བཅར་འདྲིའི་སྐབས་སུའང་༸གོང་ས་མཆོག་གིས་ཏཱ་ལའི་བླ་མའི་ཡང་སྲིད་དགོས་མིན་དེ་ནི་འདི་ལོའི་ལོ་མཇུག་ཙམ་ལ་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོགས་ཆེན་ཐོག་ནས་ཐུགས་ཐག་གཅད་རྒྱུ་ཡིན་པ་དང་འབྲེལ། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་༸རྒྱལ་དབང་སྐུ་ཕྲེང་མུ་མཐུད་མཇུག་སྐྱོང་དགོས་པ་ཞིག་ལ་དགོངས་ཚེ་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ལྟེ་གནས་དེ་ད་དུང་གནས་སྲིད་པ་ཞིག་རེད། དེ་འབྲེལ་༸སྐུའི་ཡང་སྲིད་སྐུ་ཕྲེང་བཅོ་ལྔ་པ་བྱོན་པ་ཡིན་ནའང་ཁོང་ལ་ཆབ་སྲིད་ཀྱི་སྐུ་དབང་གང་ཡང་མེད་པར་བཀའ་བསྩལ་ནན་པོ་ཕེབས་འདུག༸གོང་ས་མཆོག་ལ་བོད་ནང་དུ་ཕེབས་འདོད་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་རྒྱ་ནག་གཞུང་གིས་༸གང་ཉིད་མཆོག་བོད་དུ་ཕྱིར་ཕེབས་སུ་བཅུག་ཚེ་རྒྱ་ནག་གི་གཙུག་ལག་སློབ་ཆེན་ཁག་ཏུ་ཆེད་ཕེབས་ཀྱིས་དཀར་རྩིས་རིག་པ་དང་། ཀླད་རྩ་རིག་པ། དེ་བཞིན་རྡུལ་ཕྲན་གྱི་རྣམ་གཞག་དང་སེམས་ཁམས་རིག་པའི་ཐོག་ལ་བཀའ་སློབ་བསྩལ་འདུན་ཡོད་པར་བཀའ་བསྩལ་ཡོད་པ་དེ་ལྟར་ཡང་། རྒྱ་ནག་དམར་ཤོག་གི་གཞུང་ལ་འགྱུར་བ་ཞིག་མ་ཕྱིན་བར་དུ་མགོན་པོ་༸གང་ཉིད་མཆོག་ཡུལ་དེར་ཕེབས་འདོད་མེད་ཅེས་བཀའ་ལན་མཛད་ཡོད། ༸གོང་ས་མཆོག་གིས་རྩ་བའི་རྒྱ་ནག་ནི་གདོད་མའི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་ཀྱང་ཆབ་སྲིད་ཀྱི་ལམ་ལུགས་དེ་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་འོག་ཡོད་པར་བརྟེན་མི་མང་ལ་རང་དབང་ཅི་མང་མེད་པར་བཀའ་བསྩལ་ནས་མགོན་པོ་༸གང་ཉིད་མཆོག་ད་དུང་རྒྱ་གར་དུ་བཞུགས་འདོད་ཡོད་པ་བཀའ་བསྩལ་བ་ཆབས་ཅིག བོད་མིའི་སྟོབས་ཤུགས་དེ་བདེན་པ་ལ་གཞིིར་བཅོལ་ཡོད་པ་དང་རྒྱ་ནག་གི་སྟོབས་ཤུགས་དེ་གོ་མཚོན་ལ་གཞིར་བཅོལ་བས་གནས་སྐབས་སུ་རྒྱ་ནག་གོ་མཚོན་གྱི་སྟོབས་ཤུགས་དེ་ཐག་ཆོད་པོ་ཡོད་ཀྱང་ཕུགས་རྒྱང་རིང་པོར་དགོངས་ཚེ་བདེན་པ་སྟོབས་ཤུགས་ཆེ་བ་ཡོད་པ་བཀའ་ལན་བསྩལ་འདུག གཞན་ཡང་༸གོང་ས་མཆོག་གིས་གཞུང་འབྲེལ་གྱི་བོད་རྒྱ་འབྲེལ་ལམ་དེ་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་ཆད་ཡོད་པ་དང་། པེ་ཅིང་སྲིད་གཞུང་ནས་རྒས་ཡོལ་དུ་ཕྱིན་པའི་ལས་བྱེད་ཟུར་པ་དང་། རྒྱ་ནག་སྲིད་གཞུང་དང་འབྲེལ་ཡོད་ཀྱི་ཚོང་པ་དེ་འདྲ་དུས་རྒྱུན་ནས་ཁོང་ལ་མཇལ་བཅར་ཞུ་བར་ཡོང་བཞིན་པ་མ་ཟད། ད་ཆ་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་དེ་སྔར་ལས་དམ་ཟབ་ཏུ་འགྲོ་བཞིན་ཡོད་པར་བཀའ་བསྩལ་འདུག Reuters གསར་ཁང་གིས་༸གོང་མཆོག་བོད་མཐོ་སྒང་མཚོ་སྔོན་གྱི་གྲོང་གསེབ་ཅིག་ཏུ་འཁྲུངས་པའི་ལོ་རྒྱུས་ལུང་འདྲེན་གྱིས་ཉེ་སྔོན་གསར་ཁང་གི་ལས་མི་ཞིག་༸གང་ཉིད་མཆོག་འཁྲུངས་ཡུལ་སྟག་འཚེར་དུ་གཟིགས་སྐོར་སོང་ནའང་། རྒྱ་ནག་གི་གོ་མཚོན་ཐོགས་པའི་དམག་མིས་ལམ་ཁ་བཀག་ཡོད་པ་མ་ཟད་ཕྱི་ལོག་གི་མི་སྟག་འཚེར་ནང་གཏོང་གི་མེད་པའི་བཙན་བཀའ་བཏང་བར་བརྟེན་ཡུལ་དངོས་སུ་འགྲོ་ཐབས་མ་བྱུང་བའི་གནས་ཚུལ་གསལ་བཤད་ཞུས་འདུག

རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཀྱི་གྲུབ་དོན་སྙན་ཐོར་འདོད་བློ་མ་ཁེངས་པའི་རྣམ་འགྱུར་ཆེད་བཏོན།  

སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༠ པ་འཚོགས་པའི་ཐོག་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཀྱི་གྲུབ་དོན་སྙན་ཐོར་འདོད་བློ་མ་ཁེངས་པའི་རྣམ་འགྱུར་ཤུགས་ཆེ་བཏོན་ཡོད་པ་རེད།སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༠ པའི་ཚོགས་འདུའི་ཐོག་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཟིན་པའི་གྲུབ་དོན་སྙན་ཐོར་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་རྒྱལ་ཁབ་ཁག་གི་དགོངས་འཆར་དང་བགྲོ་གླེང་གི་ཚོགས་དུས་སྐབསསུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང། Helsinki Foundation དང་།  Society  for Threaten People སོགས་རྒྱལ་སྤྱིིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གིས་འདོད་བློ་མ་ཁེངས་པའི་རྣམ་འགྱུར་ཆེད་བཏོན་གནང་སོང། སྐབས་དེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པའི་སྐུ་ཚབ་སྐུ་ཞབས་ John Fisher ལགས་ཀྱིས་ད་ལན་རྒྱ་ནག་གཞུང་གིས་དུས་བཀག་བསྐྱར་ཞིབ་ཐོག་ཆ་ཤས་དེ་ཙམ་ལེན་པདང། རྒྱ་ནག་རང་ཉིད་ཀྱི་སྙན་ཐོར་རྒྱལ་ཁབ་གཞན་གྱི་རྒྱབ་སྐྱོར་མུ་མཐུན་ཐོབ་རྒྱུར་འབད་བརྩོན་གང་ཐུབ་བྱས་ཡོད་པར་བསྔགས་བརྗོད་ཡོད་ཅེས་དུས་བཀག་བསྐྱར་ཞིབ་ཀྱི་སྙན་ཐོར་ཟུར་ཟ་གནང་བ་མ་ཟད། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་ཁག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་ཡོད་ལུགས་ཆེ་བསྟོད་ཞུས་ཡོད་པ་ལུང་འདྲེན་དང་འབྲེལ་ཏེ། དོན་དངོས་ཐོག་རྒྱ་ནག་ནང་གཞུང་གི་ལངས་ཕྱོགས་དང་སྲིད་བྱུས་ལ་མོས་མཐུན་མེད་མཁན་ཚོར་དྲག་གནོན་ལག་བསྟར་བྱེད་མུས་ཡིན་སྐོར་གསུངས་སོང་།ཁོང་གིས་རྒྱ་ནག་གཞུང་གིས་ནོར་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལེའུ་ཞའོ་པའོ་ལགས་དང། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེས་མཚོན་པའི་ད་བར་རྒྱ་གཞུང་གི་དྲག་གནོན་འོག་འདས་གྲོངས་ཕྱིན་པ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་ཐོག་རྒྱལ་ཚོགས་ལ་བཟང་ཕྱོགས་ཀྱི་ཡ་ལན་གང་ཡང་སྤྲད་མེད་སྐོར་ལུང་འདྲེན་དང་སྦྲགས། སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་ཁྲིད་འོག་རྒྱ་ནག་ནང་ཁྲིམས་ཀྱིས་མང་ཚོགས་ལ་སྲུང་སྐྱོབ་དང་ཁེ་ཕན་བསྐྲུན་རྒྱུ་ལས་ལྡོག་ནས་མང་ཚོགས་ཐོག་དྲག་གནོན་དང་དམ་དྲག་བྱེད་བཞིན་ཡོད་པར་སྐྱོན་བརྗོད་ནན་པོ་གནང་ཡོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཞབས་ KaiMuller ལགས་ཀྱིས་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ Helsinki Foundation མཚན་ཐོག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཀྱི་སྙན་ཐོར་བོད་ནང་གི་བོད་མི་ཚོར་རང་དབང་ཐོག་ནས་ཆ་ཤས་བླང་རྒྱུའི་གོ་སྐབས་ཐོབ་མེད་མ་ཟད། ཁུལ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་དང་མང་ཚོགས་ཚོའི་བསམ་ཚུལ་ཁག་རྒྱ་ནག་གཞུང་གི་སྙན་ཐོའི་ནང་བཅུག་མེད་པར་ཐེར་འདོན་གནང་བ་དང། ལྷག་པར་དུ་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་འདིར་རྒྱ་གཞུང་ནས་བཟང་ཕྱོགས་ཀྱི་འགྱུར་བ་གཏང་རྒྱུའི་མདུན་པ་མེད་པར་བློ་འཚབ་ཡོད་ཅེས་སྙན་སེང་ཞུས་པ་དང་ཆབས་ཅིག རྒྱ་གཞུང་གིས་བྱ་སྤྱོད་དེ་བོད་མི་ཙམ་མིན་པར་རྒྱལ་སྤྱིའི་ཁྲིམས་དང་། ལྷག་པར་དུ་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་གི་རིན་ཐང་མེད་པ་བཟོ་ཡི་ཡོད་ཅེས་ནན་གསུངས་གནང་སོང། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཞན་པའི་སྙན་ཐོ་རིམ་པ་ཆེད་བཏོན་གནང་ཡོད་པ་དང། ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་ནང་བོད་མི་ ༡༥༠ ལྷག་གིས་རྒྱ་ནག་གིས་བོད་མི་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱིས་བོད་མིར་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་རང་དབང་དགོས་པའི་དགོས་འདུན་བཏོན་ཡོད་ཀྱང། རྒྱ་ནག་གཞུང་གིས་དེ་དག་ངོས་ལེན་བྱ་རྒྱུ་ལས་ལྡོག་ཏེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང། ཐེངས་འདིའི་དུས་བཀག་བསྐྱར་ཞིབ་འགྲོ་ལུགས། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་བཅས་ལ་ཁ་གཏད་བཅོག་གི་ཡོད་ཅེས་གསུངས་སོང་།ཚོགས་འདུ་འདིའི་ཐོག་སླར་ཡང་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་དམིགས་བསལ་རྟོག་ཞིབ་ཚོགས་པ་བོད་ནང་བསྐྱོད་རྒྱུར་འདོད་པ་མེད་པའི་རྣམ་པ་ཆེད་བཏོན་བྱས་ཡོད་སྟབས། རྒྱལ་ཚོགས་ཀྱི་ངོས་ནས་བོད་གཙོས་པའི་རྒྱ་ནག་མངའ་འོག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཞན་པའི་ས་ཁུལ་དུ་རྒྱལ་ཚོགས་ཀྱི་རྟོག་ཞིབ་མི་སྣ་ཆེད་སྐྱོད་ཐུབ་རྒྱུར་ཤུགས་གནོན་བརྒྱབ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། ལྷན་ཚོགས་ཐོག་ Society  for Threaten People ཚོགས་པའི་མཚན་ཐོག་ནས་སུད་སི་དོན་ཁང་གི་འབྲེལ་ཡོད་ལས་བྱེད་དཀོན་མཆོག་གཡག་ལྷ་ལགས་ཀྱིས་དེ་སྔོན་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་སྐབས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་རྒྱལ་ཚོགས་སུ་ཕུལ་བར་ཐོག་མར་ངེས་ལེན་གྱིས་རྒྱལ་ཚོགས་ཀྱི་དྲྭ་ཐོག་ཏུ་བཞག་ཡོད་ཀྱང། ཕྱིས་སུ་བོད་དོན་དང་འབྲེལ་བའི་སྙན་ཐོག་ཕྱིར་ཐེན་གནང་བའི་གནད་དོན་དང་འབྲེལ་རྒྱལ་ཚོགས་སུ་གླེང་སློང་གནང་ནས་རྒྱལ་ཚོགས་ཀྱི་འགྲོ་ལུགས་ནང་འཁོད་པ་བཞིན་མ་འོངས་པར་ཚོགས་སྡེ་ཁག་ནས་རྒྱལ་ཚོགས་སུ་སྙན་ཐོ་དབུལ་རྒྱུ་བརྒྱུད་ལམ་ཁག་ཁ་གསལ་དགོས་སྐོར་གསུངས་ཡོད།

རྒྱ་གར་མང་ཚོགས་ཚོས་པ་ཀི་སི་ཏན་གྱི་གསར་འགོད་པས་༸གོང་ས་མཆོག་འཇིགས་སྐུལ་བ་Masood Azhar དང་མཚུངས་བསྡུར་བྱས་པར་སྐྱོན་བརྗོད་ནན་པོ་གནང་བ།

ཁ་ཉིན་ཟླ་ ༣ ཚེས་ ༡༣ ཉིན་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་ནས་ལྷན་ཁང་དེའི་སྲིད་དོན་དམ་དྲག་བཀའ་ཆད་ཀྱི་གྲོས་འགོ་ཨང་ ༡༢༦༧ ལག་བསྟར་བརྒྱུད་ Pakistan ནང་ཡོད་པའི་དྲག་སྤྱོད་པ་ Masood Azhar ཞེས་པ་དེ་རྒྱལ་སྤྱིའི་དྲག་སྤྱོད་པ་ཞིག་ཏུ་ངོས་འཛིན་གྱིས་ཉེས་ཆད་ཁག་ཅིག་གཏང་རྒྱུ་བྱས་ཡོད་ཀྱང་། སྐབས་དེར་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གི་གཏན་འཇགས་ཚོགས་མི་རྒྱལ་ཁབ་རྒྱ་ནག་ནས་གྲོས་གཞི་དེ་ངོས་ལེན་མ་ཞུས་པར་དྲག་སྤྱོད་པ་ Masood Azhar ཞེས་པར་རྒྱབ་སྐོར་བྱས་ཡོད་པ་རེད། རྒྱ་ནག་གི་ Masood Azhar ལ་རྒྱབ་སྐྱོར་བྱེད་དོན་ལས་འཕྲོས་ནས་ཁ་སང་པ་ཀི་སི་ཏན་གྱི་གསར་འགོད་པ་རྒན་གྲས་ Hamid Mir ཡིས་འཕྲུལ་སྒྲ་ཐོག་རྒྱ་ནག་གིས་ Masood Azhar དང་འབྲེལ་བའི་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གི་གྲོས་གཞི་ལ་ངོ་ལན་ཞུས་མེད་པའི་རྒྱུ་མཚན་གསལ་པོ་རེད། རྒྱ་གར་གྱིས་རྒྱ་ནག་གི་དགྲ་བོ་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ལོ་ངོ་བཅུ་ཕྲག་མང་པོའི་རིང་ནས་འཚོ་སྣོན་སྦྱོར་བཞིན་པས་རེད་ཅེས་དང་། ༸གོང་ས་མཆོག་དྲག་སྤྱོད་པ་ Masood Azhar དང་མཚུངས་བསྡུར་བྱས་ཡོད། ཁོང་གིས་མཚུངས་བསྡུར་བྱས་པའི་བརྗོད་བྱའི་ཐད་ནས་རྒྱ་གར་གྱི་གནད་ཡོད་མི་སྣ་དང་གསར་འགོད་པ། དེ་བཞིན་མང་ཚོགས་བཅས་ཀྱིས་སེམས་ཚོར་ཆེན་པོས་པ་ཀི་སི་ཏན་གྱི་གསར་འགོད་པ་ Hamid Mir ཡིས་འཛམ་གླིང་ཞི་བདེའི་དེད་དཔོན་ཞིག་འཇིགས་སྐུལ་བ་དང་མཚུངས་བསྡུར་བྱས་པ་དེས་པ་ཀི་སི་ཏན་རྒྱལ་ཁབ་ཀྱི་རང་མདོག་ངོ་མ་དེ་བཏོན་ཡོད་པ་མ་ཟད་གསར་འགོད་པ་ཞིག་ནས་དེ་ལྟར་བྱས་པ་དེ་འུ་ཐུག་ཐབས་ཟད་དང་། གོད་བྲོ་བའི་བྱེད་སྟངས་ཤིག་རེད་ཅེས་སྐྱོན་བརྗོད་དང་ཁ་རྡུང་ནན་པོ་བཏང་འདུག རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ Padma Bhushan བཞེས་མྱོང་མཁན་སྐུ་ཞབས་ David Frawley ལགས་ཀྱིས་རྒྱ་ནག་གིས་ཞི་བདེ་ལ་དགའ་བ་༸གོང་ས་མཆོག་དང་བོད་མིའི་ཐོག་དྲག་གནོན་དང་། དྲག་སྤྱོད་ལ་དགའ་བ་ Masood Azhar ལ་རྒྱབ་སྐྱོར་བྱེད་བཞིན་པ་དེ་ནི་རྒྱ་ནག་གི་བཅོས་མའི་ཐབས་བྱུས་ཤིག་རེད་ཅེས་གསུངས་འདུག དེ་བཞིན་ NDTV གསར་ཁང་གི་གསར་འགོད་པ་རྒན་པ་ Vikram Chandra ལགས་ཀྱིས་རང་ཉིད་ཀྱི་འཕྲུལ་སྒྲ་འམ་ Tweeter ཐོག་ང་ཚོ་རྒྱ་གར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་ཞུ་བཞིན་པ་དེར་སྤོབས་པ་ཆེན་པོ་ཡོད། པ་ཀི་སི་ཏན་གྱི་འཇིགས་སྐུལ་བ་ Masood Azhar ལ་རྒྱབ་སྐྱོར་བྱེད་བཞིན་དེ་ནི་རྒྱལ་སྤྱིའི་ཐོག་ངོ་ཚ་དགོས་པའི་གནས་གཤིས་ལས་མ་འདས་པ་སོགས་གསུངས་འདུག དེ་རིང་བཞུགས་སྒར་དུ་གཞུང་འབྲེལ་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པ་ཞིག་གིས་གནད་དོན་དེ་དང་འབྲེལ་ བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བཀའ་འདྲི་ཞུས་པར་ཁོང་གིས་པ་ཀི་སི་ཏན་གྱི་གསར་འགོད་པས་མཚུངང་བསྡུར་བྱས་པ་དེ་ནི་དོན་མེད་བྱབ་ཆུང་གི་བྱ་སྤྱོད་ཅིག་རེད་ཅེས་གསུངས་ཡོད།

བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་སྔར་ལྷག་གནང་ཕྱིར་ཐེ་པེ་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས།

ཁ་སང་ཟླ་ ༣ ཚེས་ ༡༤ ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་ཁུལ་དེའི་ལྗང་ཁུ་ཚོགས་པའི་ཚོགས་མི་ ༡༣ ཙམ་གྱིས་བོད་དོན་དང་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུའི་དམ་བཅའ་བཞག་ནས་རྒྱལ་ས་ཐེ་པེར་ས་གནས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་འདུག focus Taiwan གསར་ཁང་གིས་ཐེ་པེ་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ New Power Party ཞེས་ཐེ་ཝན་གྱི་ཆབ་སྲིད་ཚོགས་པའི་འཐུས་མི་ Lin Liang-Chun ལགས་དང་། Lin Ying Meng ལགས། དེ་བཞིན་ Huang Yu-fen ལགས་བཅས་ཡོད་པ་དང་།  ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་འཐུས་མི་ Wu Pei-yi ལགས་དང་། སྤྱི་ཚོགས་མང་གཙོ་ཚོགས་པའི་འཐུས་མི་ Miao Po-ya ལགས་དང་ཚོགས་པ་གཞན་གྱི་ས་གནས་གྲོས་ཚོགས་འཐུས་མི་སོགས་ཡོད་པ་རེད། ཚོགས་པའི་འགན་འཛིན་ Lin Ying Men ལགས་ཀྱིས་འདི་ལོ་བོད་ཀྱི་རང་དབང་སྒེར་ལངས་ཐེངས་  ༦༠ པའི་དུས་ཚིགས་དང་བསྟུན་ཐེ་ཝན་གཙོས་པའི་རྒྱལ་སྤྱིའི་ཁྲོད་རྒྱལ་ཁབ་འདྲ་མིན་ནས་བོད་དོན་ཐད་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཤུགས་ཆེ་ཆེད་བཏོན་གནང་ཡོད་པ་དང་འབྲེལ་ཏེ་ཐེ་པེ་ས་གནས་གྲོས་ཚོགས་འཐུས་མིས་རྒྱའི་གནོན་ཤུགས་ལ་ལྟོས་མེད་ས་གནས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་སྐོར་གསུངས་ཡོད། ཐེ་པེར་ཆ་མཚོན་ན་བོད་མི་ ༡༠༠ ལྷག་གནས་བཞུགས་གནང་གི་ཡོད་པས་ཐེ་ཝན་གཞུང་ནས་བོད་མི་དེ་དག་ལ་ཤེས་ཡོན་དང་ཟལ་གོས་གནས་མལ་ཐོག་མཐུན་རྐྱེན་གནང་དགོས་པའི་ཁྲིམས་གཞི་བཟོས་དགོས་པ་དང་།  ལྷག་པར་དུ་ཟླ་ ༣ ཚེས་ ༡༠ ཉིན་མོ་ནི་བོད་ཀྱི་ཉིན་མོར་སྲུང་བརྩི་དང་། བོད་མིའི་རང་དབང་སྒེར་ལངས་ཉིན་མོ་དེ་སྲུང་བརྩི་ཞུ་སླད་གྲོས་འཆར་འདོན་རྒྱུ་ཡིན་པ་གསུངས་འདུག ཁོང་གིས་ཐེ་ཝན་གཞུང་ལ་བོད་མིར་འཕྲད་པའི་དཀའ་ངལ་ཐད་གླེང་སློང་དང་། ཐེ་ཝན་གཞུང་དང་བོད་མིའི་གཞུང་འབྲེལ་ལས་བྱེད་དབར་བཀའ་མོལ་སོགས་གནང་དགོས་པའི་འབོད་སྐུལ་ཞུས་འདུགWu Pei-yi ལགས་ཀྱིས་བོད་དོན་རྒྱབ་སྐྱོར་ཚོགས་པ་བརྒྱུད་ནས་ཐེ་ཝན་ནང་ཡོད་པའི་ཚོགས་པ་ཁག་གི་དབར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གྲོས་བསྡུར་གནང་ཐུབ་པ་དང་འབྲེལ། ད་རེས་བོད་མིའི་སྒེར་ལངས་ཉིན་མོར་ཐེ་པེ་གྲོང་ཁྱེར་སྤྱི་ཁྱབ་ Ko Wen-je ལགས་ནས་གཞུང་འབྲེལ་བསྒྲགས་གཏམ་གང་ཡང་སྤེལ་མེད་པར་བློ་ཕམ་ཡོད་ཅེས་གསུངས་འདུག རྩ་བའི་ཉེ་ཆར་ཐེ་ཝན་ནང་བོད་མིའི་རང་བདང་སྒེར་ལངས་ཐེངས་ ༦༠ པའི་སྐབས་སུ་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་དང། ཆབ་སྲིད་ཚོགས་པ་འདྲ་མིན་གྱི་འཐུས་མི་ཚང་འཛོམས་ཐོག་གསར་འགོད་ལྷན་ཚོགས་གནང་ནས་མང་གཙོ་ཡར་ཐོན་ཚོགས་པའི་དྲུང་ཆེ་ Luo Wen-jia ལགས་ཀྱིས་གཞུང་འཛིན་ཚོགས་པའི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་ནང་ལ་གདན་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་སྟབས། ད་ཆ་ཐེ་ཝན་གྲོས་ཚོགས་འཐུས་མི་ནས་༸གོང་ས་མཆོག་ཕྱི་ལོ་ ༢༠༡༩ ལོའི་ཟླ་མཇུག་སྔོན་ལ་ཁུལ་དེར་གདན་འདྲེན་ཞུས་དགོས་པའི་ཞུ་སྙན་ཞིག་དབུ་འཛུགས་གནང་འདུག

རྒྱལ་སྤྱིའི་འགྲོ་བའི་ཐོབ་ཐང་དང་འབྲེལ་བའི་གློག་བརྙན་དུས་སྟོན་ཐོག་བོད་དོན་གློག་བརྙན་གཟིགས་འབུལ།  

འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཇི་ནི་ཝའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༧ ཐོག་བྲོས་བྱོལ་གྱི་མི་ཚེ་མཚོན་པའི་སྐྱོ་དབྱངས་མངར་མོ་བོད་ཀྱི་གློག་བརྙན་གཟིགས་འབུལ་ཞུས་འདུག17th Geneva international Film festival and Forum on Human Rights འམ་འགྲོ་བ་མིའི་ཐོབ་ཐང་་འབྲེལ་བའི་ཇི་ནི་ཝའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་ལོ་ལྟར་འདི་གར་ཕྱི་ཟླ་ ༣ པའི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་འཚོགས་བཞིན་པ་དང་བསྟུན་ཚོགས་ཀྱི་ཡོད་པ་རེད། དུས་སྟོན་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ས་ཁུལ་དང་མང་ཚོགས་ཀྱི་དཀའ་སྡུག་རྣམས་གློག་བརྙན་གྱི་ལམ་ནས་གཟིགས་འབུལ་དང། དེ་བཞིན་འབྲེལ་ཡོད་སྒྱུ་རྩལ་བ་དང་ཆེད་ལས་མི་སྣའི་དབར་སྦྱང་བཤད་གནང་རྒྱུའི་སྡིངས་ཆ་ཞིག་ཀྱང་ཡིན་པ་རེད།ཁ་སང་ཕྱི་དྲོ་དུས་སྟོན་ཐོག་བཙན་འབྱོལ་ནང་གི་བོད་མི་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་རི་ཏུ་ལགས་དང་ཁོང་གི་སྐུ་ཟླ་ Ritu Sarin ལགས་རྣམ་གཉིས་ཀྱིས་བཟོ་སྐྲུན་གནང་བའི་ The Sweet Requiem འམ་སྐྱོ་དབྱངས་མངར་མོ་ཞེས་པའི་གློག་བརྙན་གཟིགས་འབུལ་ཞུས་སོང་། སྐབས་དེར་གསར་འགོད་པས་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལགས་སུ་བཅར་འདྲི་ཞུས་པར་གློག་བརྙན་གྱི་ལམ་ནས་གང་ཐུབ་ཐུབ་ཀྱིས་བོད་དོན་ཁྱབ་བསྒྲགས་གནང་རྒྱུ་ནི་གློག་བརྙན་བཟོ་སྐྲུན་པ་ཞིག་གི་འོས་འགན་ལ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་སོང་།རྩ་བའི་གློག་བརྙན་དེ་ནི་བོད་སྐད་ཐོག་གི་གློག་བརྙན་ཞིག་ཡིན་པ་མ་ཟད་འཁྲབ་སའི་ཡུལ་དངོས་ཀྱང་བོད་པ་རང་གི་སྤྱི་ཚོགས་ཏེ་འཁྲབ་གཞུང་མང་ཆེ་བ་བོད་མིའི་གནས་ཡུལ་གཙོ་བཟུང་གིས་བཟོ་སྐྲུན་གནང་བ་ཞིག་ཡིན་པ་རེད། གློག་བརྙན་དེའི་ནང་དོན་གཙོ་བོ་རང་ལོ་ ༢༦ ཡིན་ཞིང་རྒྱལ་ས་ལྡི་ལིར་འཚོ་སྡོད་བྱས་པའི་བུ་མོ་སྒྲོལ་དཀར་ལགས་ཆུང་དུས་ནས་ཕ་རྒན་དང་མཉམ་དུ་དཀའ་སྡུག་དུ་མའི་ངང་བོད་ནས་བྲོས་བྱོལ་ལ་ཡོང་བའི་གཏམ་རྒྱུད་དང་། དེ་བཞིན་རང་གི་དྲིན་ཆེན་ཨ་མ་དང་གཅུང་མོ་གཉིས་ཤུལ་དུ་ལྷག་པའི་དྲན་གདུང་།  བྲོལ་བྱོལ་གྱི་མི་ཚེའི་ནང་སྐྱབས་བཅོལ་གྱི་འཚོ་བ་གསར་པ་ཞིག་ལ་གདོང་གཏད་ནས་འཚར་ལོངས་བྱུང་བ་སོགས་ཀྱི་མི་སྒེར་གྱི་འཚོ་བའི་ཟུར་ངོས་དང་། དེ་བཞིན་དེ་དང་ཐག་ཉེ་བའི་བྲོས་བྱོལ་གྱི་མི་རིགས་ཤིག་གི་ཡུལ་ལྗོངས་ཀྱི་སྣང་བརྙན་དང་དེ་འབྲེལ་བསམ་གཞིགས་སོགས་མཚོན་པ་གནང་བའི་མི་རབས་ཤིག་གི་གཏམ་རྒྱུད་དྲན་ངོས་སུ་འདྲེན་ཐུབ་པའི་གློག་བརྙན་ཞིག་ཡིན་པ་རེད། སྐྱོ་དབྱངས་མངར་མོ་ཞེས་པ་འདི་ད་རེས་རྒྱལ་སྤྱིའི་གློག་བརྙན་གཞན་མང་དག་ཅིག་དང་ལྷན་དུ་འགྲན་རྩོད་གནང་སྟེ་ཐེངས་འདིའི་རྒྱལ་སྤྱིའི་ཇི་ནི་ཝའི་གློག་བརྙན་དུས་སྟོན་ཐོག་འདེམས་སྒྲུག་གནང་བ་ཞིག་ཆགས་ཀྱི་ཡོད་པ་རེད། ཁེ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོ་ནང་ཚོགས་པའི་ TIFF ཞེས་ཊོ་རན་ཊོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་སྐྱོ་དབྱངས་མངར་མོ་བོད་ཀྱི་གློག་བརྙན་དེ་ཆེས་ཐོག་མ་གཟིགས་འབུལ་ཞུས་ཡོད་པ་དང་ད་རེས་ཇི་ནི་ཝའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༧ ཐོག་གཟིགས་འབུལ་ཐེངས་གཉིས་པ་ཞུས་ཡོད་པ་རེད། སྐྱོ་དབྱངས་མངར་མོ་གློག་བརྙན་དེ་ཁེ་ན་ཌ་དང་ཨ་རི། ནོར་ཝེ། དེ་བཞིན་རྒྱ་གར་བཅས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མང་པོའི་ཐོག་གཟིགས་འབུལ་ཞུས་འདུག་པ་མ་ཟད། རིང་མིན་ཟླ་ ༣ པ་འདིའི་ནང་དབྱིན་ཡུལ་རྒྱལ་ས་ལོན་ཊོན་ དུ་འགྲོ་བ་མིའི་ལྟ་ཞིབ་ཚོགས་པས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང། Cambodia རྒྱལ་སྤྱིའི་གློག་བརྙན་བཅས་སུ་གཟིགས་འབུལ་ཞུ་རྒྱུ་རེད་འདུག

ཚོགས་པ་བཅུ་གསུམ་གྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐེར་འདོན།

ཁ་སང་ཚེས་ ༡༣ ཉིན་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ ༡༣ མཉམ་རུབ་ཀྱིས་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་ལས་དོན་གྱི་བློན་ཆེན་ཚང་མ་དང་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱི་མཚན་ཐོག་ཏུ་ཞུ་སྙན་ཞིག་ཕུལ་བའི་ཐོག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབས་སྤྱི་དང་སྒོས་ཡུ་གུར་དང་བོད་ནང་གི་ཛ་དྲག་གནས་བབས་ཐད་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཐག་གཅོད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག དེའང་རིང་མིན་ཕྱི་ཟླ་ ༤ ཚེས་ ༩ ཉིན་བྷེལ་ཇམ་གྱི་རྒྱལ་ས་ Brussels དུ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་དབར་ཆེས་མཐོའི་ལྷན་ཚོགས་དང་དེའི་གོང་དུ་གྲོས་མོལ་རིམ་པ་ཁག་གཅིག་འཚོགས་གཏན་ཁེལ་བ་དང་བསྟུན། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གནའ་འབྲེལ་ཚོགས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཚོགས་པ་སོགས་ཀྱིས་རྒྱ་ནག་གིས་དེང་སྐབས་རྒྱལ་ནང་ཙམ་མ་ཡིན་པར་རྒྱལ་སྤྱིའི་སྟེང་གི་འགྲོ་བ་མིའི་ཐོབ་ཐང་ལ་འཇིགས་སྐུལ་བྱེད་བཞིན་པའི་ཁྲོད་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་ཁག་སྲུང་སྐྱོབ་གནང་དགོས་གལ་ཡིན་པ་གསུངས་འདུགསྙན་ཞུའི་ནང་ན་ནིང་ནས་བཟུང་ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་སྲིད་གཞུང་གིས་རྒྱ་ནག་རྒྱལ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་ནས་ཤིན་ཅང་གི་ས་ཁུལ་དུ་ཁྲིམས་སྒྲིག་གི་ལམ་ལུགས་གཅིག་ཀྱང་མེད་པར་ཁ་ཆེ་མི་རིགས་ས་ཡ་གཅིག་ཙམ་ཡང་གང་བྱུང་དུ་འཛིན་བཟུང་བྱས་ཡོད་པ་མ་ཟད། ས་ཁུལ་དེའི་དཔོན་རིགས་ཚོས་མི་མང་གི་ཉིན་རེའི་འཚོ་བར་སྟངས་འཛིན་བྱས་ཏེ་ཆོས་ལུགས་དད་མོས་རང་དབང་དང་། སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་། འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་སོགས་ལ་དམ་དྲག་ཆེས་ཆེར་བྱས་ཡོད་པ་མ་ཟད།  བོད་ནང་དུ་རྒྱ་ནག་གི་དཔོན་རིགས་ཚོས་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ལ་ཆབ་སྲིད་སློབ་གསོའི་མིང་ཐོག་ནས་དམ་དྲག་གི་ལས་གཞི་སྣ་མང་སྤེལ་ཡོད་པ་མངོན་གསལ་གནང་འདུག རྒྱ་ནག་ནང་གི་ཁྲིམས་རྩོད་པ་དང་གསར་འགོད་པ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོགས་གང་བྱུང་དུ་འཛིན་བཟུང་བཀག་སྡོམ་དང་བོར་བརླགས་སོང་བའི་གནས་སྟངས་མུ་མཐུད་དུ་བྱུང་དང་འབྱུང་བཞིན་ཡོད་པ་གསལ་འདོན་བྱས་པ་དང་འབྲེལ་བོད་ནང་གི་ཞི་བའི་སྒེར་ལངས་ཐེངས་ ༦༠ མ་བསླེབ་གོང་ནས་ཕྱི་རྒྱལ་བ་དག་བོད་ནང་ཟླ་བ་གཉིས་ཀྱི་རིང་འགྲོ་སྐྱོད་མི་ཆོག་པའི་བཀག་རྒྱ་བཟོས་ཡོད་པ་ཐེར་འདོན་གནང་འདུག རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་རྣམ་པ་དེ་རྒྱལ་མཚམས་མེད་པར་ཕྱོགས་ཀུན་ཏུ་ཁྱབ་བཞིན་པ་ཡོངས་བསྒྲགས་ཀྱིས་ཐ་ན་ཡོ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁོངས་སུའང་བཙན་ཤེད་ཀྱིས་ཉེན་གཡོལ་དུ་ཕྱིན་པའི་སྐྱབས་བཅོལ་བ་ཚོ་རྒྱ་ནག་ལ་ཕྱིར་ལོག་བྱེད་དགོས་པའི་བཀའ་རྒྱ་བཏང་བ་མ་ཟད་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་ Gui Minhai གང་བྱུང་དུ་འཛིན་བཟུང་བཀག་ཉར་དང་། ཁེ་ན་ཌའི་མི་སེར་ཞིག་ཀྱང་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱེད་བཞིན་པའི་ཉེས་མིང་འོག་འཛིན་བཟུང་བྱས་པ་སོགས་དཔེ་མཚོན་དུ་དྲངས་ཏེ་ད་ཆ་རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་གི་བཙན་འཛུལ་དེ་ཨུ་ཚུགས་མཐར་སྐྱེལ་གྱིས་ཁྱབ་བརྡལ་དུ་གཏོང་བཞིན་པའི་ཁྲོད་སྤྱི་ཚོགས་མང་པོ་ཞིག་ལ་གོ་བསྡུར་གང་ཡང་མེད་པར་གནོད་འཚེ་ཐེབས་བཞིན་པ་མ་ཟད།  ངལ་རྩོལ་མི་མང་གི་ཐོབ་ཐང་ལའང་རྡོག་རོལ་གཏོང་བཞིན་ཡོ་རོབ་རྒྱལ་ཁོངས་སུ་འཛུལ་བཞིན་པ་སོགས་ཀྱང་གསལ་འདོན་གནང་འདུག འདི་ལོ་གནམ་སྡེ་སྒོར་མོ་ཆེའི་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་ ༣༠ འཁོར་གྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་དུས་ད་ལྟའང་དོན་རྐྱེན་དེའི་སྐོར་གསལ་བཤད་གང་ཡང་བྱས་མེད་པའི་ཁར་དོན་རྐྱེན་དེའི་ཁྲོད་དམར་གསོད་བཏང་བ་སོགས་ཀྱི་གནས་ཚུལ་ཡོད་ཚད་སྦས་གསང་བྱས་ནས་དོན་རྐྱེན་དེ་དྲན་གསོ་བྱས་པ་ཙམ་གྱིས་འཛིན་བཟུང་དང་དྲག་གནོན་བྱེད་བཞིན་པ་ནི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་དཔེ་མཚོན་ཞིག་ཡིན་པར་ཐེར་འདོན་གནང་འདུག  འགྲོ་བ་མིའི་ཐོབ་ཐང་གི་འཐུས་ཚབ་མི་སྣ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་སོགས་རྒྱ་ནག་ཏུ་ཆེད་གཏོང་གིས་ཤིན་ཅང་ནང་གི་ས་ཁུལ་དུ་རྟོག་ཞིབ་ཆེད་བསྐྱོད་འཇུག་དགོས་པ་དང་། ཕྱོགས་གཉིས་དབར་ཚོགས་འདུའི་སྔ་རྗེས་བར་གསུམ་དུ་མི་སྒེར་དང་ཚོགས་པ་བརྒྱུད་ནས་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་དང་ཡོ་རོབ་ཀྱི་མི་སེར་ Gui Minhai སོགས་ཀྱིས་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ཁྲིམས་རྩོད་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་རེ་སྐུལ་གནང་དགོས་པ། ཕྱི་ལོ་ ༢༠༡༨ ལོར་རྒྱལ་ས་པེ་ཅིང་དུ་ཚོགས་པའི་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་སྐབས་ཀྱི་གནད་དོན་དང་བསྡུར་ནས་འཚོགས་ལ་ཉེ་བའི་གྲོས་མོལ་གྱི་གྲོས་གཞི་ཁག་ལ་ཕྱི་གསལ་ནང་གསལ་ཐོག་དཔྱད་ཞིབ་གནང་བ་དང་འབྲེལ། རྒྱ་ནག་གིས་གྲོས་མོལ་གྱི་ལས་རིམ་དེའི་ཐོག་ལྷག་བསམ་ཟོལ་མེད་ངང་ནས་མ་བཞུགས་བར་དུ་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་སྤྱི་དམངས་དང་འབྲེལ་བའི་རང་དབང་ཅན་གྱི་ཚོགས་པ་ཁག་དང་ལྷན་དུ་གྲོས་མོལ་གྱི་ལས་རིམ་ཞིག་འཚོགས་རྒྱུའི་དགོངས་པ་བཞེས་དགོས་པའི་སྐུལ་མ་གནང་འདུགཚོགས་པ་དེ་དག་གིས་ཡོ་རོབ་མཐུན་ཚོགས་ནས་ཤིན་ཅང་ནང་གི་ཆབ་སྲིད་ཀྱི་སློབ་གསོ་ཁང་དེ་དག་སྒོ་རྒྱག་རྒྱུ་དང་། སྲོག་ཐོག་ཉེས་ཆད་ཀྱི་ལམ་སྲོལ་མཚམས་འཇོག འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པར་དམ་དྲག་བྱ་རྒྱུ་མཚམས་འཇོག་དགོས་པ་སོགས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་དེ་དག་གང་ཟག་རེ་རེའི་ངོས་ནས་རྒྱ་ནག་ལ་སྐུལ་དེད་ཀྱིས་ཐབས་བྱུས་ལྡན་པའི་ལས་འཆར་བཀོད་སྒྲིག་དགོས་པའི་ཞུ་སྐུལ་གནང་བ་མ་ཟད། རྒྱལ་སྤྱིའི་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་གི་གྲོས་མཐུན་ལ་ཁས་ལེན་ལག་བསྟར་དགོས་པའི་འབོད་སྐུལ། ལྷག་དོན་འདི་ལོར་རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་ཁྲོད་དྲག་སྤྱོད་སྤེལ་ནས་མི་ལོ་ ༣༠ ཧྲིལ་པོ་འཁོར་བ་དང་སྐུ་ཞབས་ལིའུ་ཞའོ་པའོ་ལགས་དགོངས་པ་རྫོགས་པའི་དུས་དྲན་བཅས་སྲུང་བརྩི་ཞུ་དགོས་པའི་དགོས་འདུན་ཁག་གཅིག་ཆེད་བཏོན་གནང་འདུག

རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་བོད་ནང་གི་གནས་སྟངས་སྙན་སེང་།

སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་སུ་ཕྱི་ཟླ་ ༢ ཚེས་ ༢༢ ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༠ པ་འཚོགས་བཞིན་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ཆེས་ཞན་པོ་ཡོད་པའི་ས་ཁུལ་མིང་མངོན་གསལ་གནང་སྟེ་རྒྱལ་ཚོགས་ནས་དེ་དག་ཐོག་ཐུགས་སྣང་དགོས་པའི་ཞུ་གཏུགག་སྙན་སེང་རྒྱུའི་ཚོགས་དུས་ཐོག་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་དང་རྒྱལ་ཚོགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གཅིག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་སྙན་གསེང་ཞུས་འདུག ཁ་སང་ཕྱི་ཚེས་ ༡༣ ཉིན་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་རྒྱལ་སྤྱིིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཞབས་ Kai Muller ལགས་ཀྱིས་རྒྱལ་ཚོགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ Helsinki Foundation མཚན་ཐོག་ནས་བོད་ནང་གི་བོད་མིའི་གནས་སྟངས་རྒྱལ་ཚོགས་སུ་སྙན་སེང་ཞུས་པ་དང་འབྲེལ། རྒྱ་གཞུང་གིས་བོད་ནང་གི་བོད་མིའི་སྤྱི་འབངས་དང་ཆབ་སྲིད་ཐོབ་ཐང། དེ་བཞིན་དཔལ་འབྱོར། རིག་གཞུང་། སྤྱི་ཚོགས་བཅས་ཀྱི་གཞི་རྩའི་ཐོབ་ཐང་ཁག་དམ་དྲག་དང་རྡོག་རོལ་མུ་མཐུད་གཏོང་བཞིན་ཡོད་སྟབས་ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་ནང་གི་བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང། ལྷག་པར་དུ་བོད་རང་སྐྱོང་ལྗོངས་མངའ་ཁུལ་དུ་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་དུས་ཚིགས་ཁག་ལ་ཕྱིའི་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུར་སྒོ་བརྒྱབ་ཡོད་པ་དང། ཕྱི་འབྲེལ་གཞུང་འབྲེལ་མི་སྣ་དང་གསར་འགོད་པ་ཚོ་འགྲོ་འོང་གནང་འཇུག་གི་མེད་པའི་བྱ་སྤྱོད་དེ་དག་ནི་རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་འབྲུ་དོན་ཁག་ཁས་ལེན་ཞུས་ཁག་བརྩི་མེད་རྡོག་རོལ་བཏང་ཡོད་ཅེས་གསུངས་ཡོད་པ་རེད།དེ་བཞིན་ཁོང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ངོས་ནས་བོད་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་གྱིས་གཙོས་པའི་རང་དབང་ཅན་གྱི་རྟོག་ཞིབ་མི་སྣ་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་ལྟ་ཞིབ་ཚོགས་པ་བཅས་བོད་ཀྱི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་གནང་ཕྱིར་ཆེད་བསྐྱོད་ཐུབ་པར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་གནང་ཡོད་པ་རེད། ལྷག་པར་དུ་ཉེ་ཆར་གསུམ་བཅུའི་དུས་དྲན་སྐབས་སུ་རྒྱ་གཞུང་གིས་བོད་མིའི་ཐོག་དམ་དྲག་དང་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏང་སླད་༸གོང་ས་མཆོག་ལ་མཚན་སྨད་དང་མགོན་པོ་༸གང་ཉིད་མཆོག་ནས་བོད་མིའི་ཐོག་ཡོད་པའི་སྐུ་དབང་མེད་པ་བཟོ་རྒྱུའི་ཐབས་བྱུས་སྤེལ་ཡོད་སྐོར་སྙན་སེང་ཞུས་སོང་བ་དང་འབྲེལ། བོད་རྒྱ་གཉིས་དབར་དཀལ་ངལ་སེལ་རྒྱུའི་ཐབས་ལམ་གཅིག་པོ་ནི་ཕན་ཚུན་དབར་འབྲེལ་མོལ་བསྐྱར་མཐུད་གནང་རྒྱུ་ཡིན་སྟབས། རྒྱལ་ཚོགས་ཀྱིས་དེའི་ཐོག་རྒྱབ་སྐྱོར་དང་འབད་ནུས་ཤུགས་ཆེ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད།ལྷན་ཚོགས་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་རྒྱལ་ཁབ་གཞན་གྱི་དབང་འོག་ཏུ་ལྷུང་བའི་གྲངས་ཉུང་མི་རིགས་རྣམས་ཀྱི་སྲུང་སྐྱོབ་སླད་རྒྱལ་སྤྱིའི་ཚོགས་པ་ Society  for Threaten People ཞེས་པའི་རྒྱལ་ཚོགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པའི་མཚན་ཐོག་ནས་འདས་པའི་ལོ་ངོ་ ༦༠ ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང། ལྷག་དོན་ཕྱི་ལོ་ ༢༠༠༩ ནས་བོད་ནང་གི་བོད་མི་ ༡༥༣ གྱིས་རང་བསྲེགས་གནང་བ་ནས་བཟུང་རྒྱལ་ཚོགས་ཀྱི་ངོས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་སྔར་བས་ཐུགས་སྣང་ཆེ་བ་གནང་གལ་གྱི་ཞུ་སྐུལ་གནང་བ་མ་ཟད། འདི་ལོར་རྒྱལ་ཚོགས་ནས་བྱིས་པའི་ཐོབ་ཐང་སྤྱི་བསྒྲགས་སྤེལ་ནས་ལོ་ ༣༠ འཁོར་གྱི་ཡོད་པ་དང་བསྟུན་རྒྱ་གཞུང་གིས་བོད་ནང་གི་བོད་མི་སྒེར་པས་གཉེར་བའི་སློབ་གྲྭ་ཁག་སྒོ་བརྒྱབ་འཇུག་པ་དང་སློབ་ཕྲུག་ཚོར་བོད་པའི་སྐད་ཡིག་སྦྱོང་རྒྱུའི་ཐོབ་ཐང་སྤྲད་ཀྱི་མེད་པའི་གནས་སྟངས་དང། ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ནས་ལོ་ ༢༤ ལྷག་འགྲོ་ཡི་ཡོད་པའང་སྙན་གསེང་ཞུས་ཡོད་པ་རེད།དེ་བཞིན་ཁོང་གིས་རྒྱལ་ཚོགས་ནས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཐུབ་རྒྱུར་འབད་བརྩོན་ཤུགས་ཆེ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་མ་ཟད་རྒྱ་གཞུང་ནས་བོད་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་འབྲུ་དོན་ཁས་ལེན་ཞུས་ཁག་ལ་གུས་བརྩི་དང་དོན་འཁྱོལ་ལག་བསྟར་ཡོང་བར་ཤུགས་གནོན་གནང་རོགས་ཞེས་སོགས་རེ་འདུན་ཞུས་ཡོད། དེ་བཞིན་ཁ་ཉིན་རྒྱལ་ཚོགས་ཀྱི་ཚོགས་དུས་སྐབས་སུ་ཡོ་རོབ་མཐུན་ཚོགས་དང། སུད་སི། ནེའུ་ཛ་ལན་ཌི། ཨར་ལེཊ། ཅེཀ་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་གླེང་སློང་གནང་ཡོད་པ་མ་ཟད། ཇར་མ་ནི་དང་ཕ་རན་སི་རྒྱལ་ཁབ་གཉིས་ཀྱིས་ཀྱང་བོད་དང་ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་ཐུགས་འཚབ་ཡོད་པའི་རྣམ་པ་ཆེད་བཏོན་གྱིས་རྒྱལ་ཚོགས་ལ་གཞེན་སྐུལ་ཞུས་ཡོད་པ་རེད།

Latest news