Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིང་འོག་ཆོས་དད་རང་དབང་གི་གནས་སྟངས་ཆེས་ཇེ་སྡུག་ཏུ་སོང་ཡོད།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཉན་ཞིབ་ལས་རིམ་ཐོག་ལྷན་བཞུགས་དང་འབྲེལ། རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕེང་གི་འགོ་ཁྲིད་འོག་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་སྟངས་དེ་སྔར་ལས་ཆེས་ཇེ་སྡུག་དུ་སོང་ཡོད་པ་སྙན་གསེང་ཞུས་འདུག ཉན་ཞིབ་ལས་རིམ་དེའི་ཐོག་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་དང། རྒྱ་ནག་ནང་གི་ཆོས་དད་རང་དབང་ཐོག་ཕྱག་ལས་གནང་མཁན་ཡི་ཤུའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ ChinaAid ཞེས་པའི་ཚོགས་གཙོ་སྐུ་ཞབས་ Bob Fu དེ་བཞིན་ Religious Freedom Institute ཞེས་པའི་ཆོས་དད་རང་དབང་གོང་འཕེལ་ལྟེ་གནས་ཁང་གི་ཚོགས་གཙོ་ Thomas Farr བཅས་ནས་ལྷན་བཞུགས་གནང་འདུག སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་སྐབས་དེར། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་ཕྱི་ལོ་ ༡༩༩༩ ནས་འགོ་འཛུགས་ཀྱིས་ལོ་ལྟར་རྒྱ་ནག་དང་དེ་བཞིན་ཆོས་དད་རང་དབང་གི་གནས་བབ་ཀྱི་ཆ་ནས་སེམས་འཚབ་བྱེད་འོས་པའི་རྒྱལ་ཁབ་ཀྱི་གྲས་སུ་འཇོག་བཞིན་ཡོད་ནའང་། འདས་བའི་ལོ་ངོ་ཉི་ཤུའི་ནང་གི་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་སྟངས་དེ་ཡར་རྒྱས་ཕྱིན་མེད་པ་མ་ཟད། སྲིད་འཛིན་ཞི་ཅི་ཕེང་གི་འགོ་ཁྲིད་ཀྱི་འོག་སྔར་ལས་ཇེ་སྡུག་ལ་སོང་བའི་གནས་བབ་ཅིག་ཏུ་ལྷུང་ཡོད་ཅེས་གསུངས་འདུག ཁོང་གིས་ད་དུང་རྒྱ་ནག་ནང་ཆོས་ལུགས་ཅི་འདྲ་ཞིག་ཡིན་རུང་། རྒྱ་ནག་དམར་ཕྱོགས་ཚོགས་པའི་ཆབ་སྲིད་ཀྱི་ལྟ་གྲུབ་ལྟར་བསྐྱོད་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་བའི་ཐོག་ནས་ཆོས་ལུགས་དད་མོས་རང་དབང་གི་ཐོབ་ཐང་ཡོངས་སུ་རྡོག་རོལ་བཏང་ནས་བོད་བརྒྱུད་ནང་བསྟན་ཆོས་རྒྱུད་པ་དང། ཁ་ཆེ་བ། ཡི་ཤུ་ཆོས་ལུགས་པ། དེ་བཞིན་ཧྥ་ལུང་གོང་ཆོས་བརྒྱུད་པ་བཅས་ལ་བཙན་གནོན་དང་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་གསལ་སྟོན་གནང་བ་མ་ཟད། དཔེར་ན་ཆོས་ལུགས་ཀྱི་མཚོན་རྟགས་དང་ལྷ་ཁང་སོགས་རྩ་གཏོར་བཏང་ཡོད་པར་འགྲེལ་བརྗོད་གནང་ཡོད་འདུག སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་སྐབས་དེར་ད་དུང་། རྒྱ་ནག་གི་བཙོན་ཁང་དུ་ཚེ་བཙོན་གྱི་ཉེས་ཆད་མྱོང་བཞིན་པའི་ཡུ་གུར་བའི་ཐོབ་ཐང་རྩོད་ལེན་པ་ལྕམ་ Gulmira Imin ལགས་དང་། དེ་བཞིན་ ༢༠༡༥ ལོར་འཛིན་བཟུང་བྱས་པའི་རྒྱ་མིའི་ཁྲིམས་རྩོད་པ་དང་ཡིད་ཤུའི་དབུ་ཁྲིད་སྐུ་ཞབས་ Hu Shigen ལྷག་དོན་ ༡༩༩༥ ལོ་ནས་བཟུང་རྒྱ་མིའི་བཟང་བཙོན་འོག་ཡོད་པའི་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཅས་ཀྱི་གནད་དོན་དམིགས་བསལ་གྱིས་གླེང་བ་དང་སྦྲགས། རྒྱ་ནག་གིས་པཎ་ཆེན་བླ་མ་ངོས་འཛིན་བྱས་པ་དེ་ནི་ལོ་ངོ་སྟོང་ཕྲག་རིང་གི་བོད་རྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དེ་གཏོར་བཅོམ་བཏང་བ་ཞིག་ཡིན་པ་མ་ཟད། ༧གོང་ས་ཏ་ལའི་བླ་མའི་ཡང་སྲིད་ཀྱང་རྒྱ་ནག་གིས་འདེམས་སྒྲིག་བྱེད་རྩིས་ཡིན་པའི་བྱུས་ངན་ཞིག་ཀྱང་ཆགས་ཡོད་སྐོར་གསུངས་འདུག སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཐེངས་འདིའི་ཉན་ཞིབ་ལས་རིམ་དེ་དང་བསྟུན། ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་འབོད་སྐུལ་དོན་ཚན་བཞི་ཞུས་པའི་ཁོངས་སུ། ཨ་རིའི་གཞུང་ངོས་ནས་རྒྱ་ནག་དེ་རྟོག་ཞིབ་དམིགས་བསལ་བྱེད་དགོས་པའི་རྒྱལ་ཁབ་ཀྱི་སྒྲིག་ཁོངས་སུ་འཕྲལ་མ་ཉིད་དུ་འཇོག་དགོས་པ་དང། Global Magnitsky Act ཞེས་པའི་རྒྱལ་སྤྱིའི་སྟེང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཆར་གྱི་འོག་ནས། ཨ་རིའི་གཞུང་གིས་རྒྱ་ནག་ནང་གི་འགོ་གཙོ་ཚོ་དམ་བསྒྲག་གི་བཀའ་ཆད་གཏོང་དགོས་ཚུལ། གཞན་ཡང་དེ་སྔོན་རྒྱལ་སྤྱིའི་ཆོས་དད་རང་དབང་ཐད་བློན་ཆེན་རིམ་པའི་ལྷན་ཚོགས་ཚོགས་པ་ལྟར་རྒྱལ་སྤྱིའི་མཉམ་འབྲེལ་གྱི་ལས་དོན་ཤུགས་ཇེ་ཆེར་བཏང་ནས་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་འབབ་ཐོག་སྤྱི་བསྒྲགས་སྤེལ་དགོས་པ་དང། ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གཉིས་ཀའི་ངོས་ནས་དུས་ནས་དུས་སུ་རྒྱ་ནག་ནང་བསྐྱོད་དེ་ཆོས་དད་རང་དབང་གི་གནས་འབབ་ཐོག་རྒྱ་ནག་དང་གླེང་མོལ་བྱེད་དགོས་པ་བཅས་ཀྱི་འབོད་སྐུལ་ཞུས་པ་མ་ཟད། ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་བོད་ནང་དུ་འདྲ་མཉམ་གྱི་འགྲོ་སྐྱོད་ཆོག་པའི་ཁྲིམས་འཆར་གཏན་འབེབས་གནང་ཡོད་པ་ལྟར། གྲོས་ཚོགས་གོང་མའི་འཐུས་མི་ཚོས་ཀྱང་དེ་མཚུངས་གནང་དགོས་པའི་ཞུ་་སྐུལ་གནང་འདུག མཐའ་མར་ཁོང་གིས་ཆོས་ལུགས་དད་མོས་ནི་རྒྱལ་སྤྱིའི་སྟེང་འགྲོ་བ་མིའི་རིགས་ལ་གཅིག་གྱུར་གྱིས་ཚང་དགོས་བའི་གཞི་རྩའི་ཐོབ་ཐང་ཞིག་ཡིན་པས་ན། སུས་ཀྱང་དེ་ལ་སྟངས་འཛིན་བྱེད་ཐབས་མེད་པ་དང་། རྒྱ་ནག་གིས་ཆོས་དད་རང་མོས་ལ་བཀག་སྡོམ་བྱས་པ་དེ་ནི་རྒྱལ་སྤྱའི་ལམ་ལུགས་ལ་རྒོལ་རྡུང་བྱས་པ་ཁོ་ན་ཙམ་མིན་པར། མིའི་རིགས་ཀྱི་བསམ་བློའི་རང་དབང་ལ་ཚད་བཀག་བྱས་པ་ཞིག་ཆགས་ཡོད་པ་ཅེས་གསུངས་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ནང་རང་དབང་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་གཏན་འབེབས་བྱུང་འདུག

ཁ་སང་རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་ Reciprocal Access to Tibet Act ཞེས་ཨ་རིའི་མི་སེར་རྣམས་འདྲ་མཉམ་ཐོག་ནས་བོད་ལ་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་དེ་མང་མོས་ཀྱིས་གཏན་འབེབས་བྱུང་འདུག རྩ་བའི་ཁྲིམས་འཆར་དེ་ནི་སྔ་ལོ་ཨ་རིའི་གྲོས་ཚོགས་ཀྱི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་Jim Mcgovern ལགས་ཀྱིས་སྣེ་ཁྲིད་འོག་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ནང་འགོད་འབུལ་ཞུས་ཏེ་འདི་ལོའི་ཕྱི་ཟླ་ ༧ པའི་ནང་ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་ལུགས་ཚོགས་ཆུང་གིས་དེར་སྤྱི་མོས་ཐོག་རྒྱབ་སྐྱོར་ཞུས་པ་ཞིག་ཡིན་པ་དང་། དེའི་ནང་དོན་གཙོ་བོ་རྒྱ་ནག་གི་དཔོན་རིགས་དང་གསར་འགོད་པ། དེ་བཞིན་མི་སེར་རྣམས་ཨ་རིའི་ས་ཕྱོགས་གང་སར་རང་དབང་ངང་འགྲུལ་བསྐྱོད་ཀྱི་ཐོབ་ཐང་ཡོད་པ་བཞིན་དེ་མཚུངས་སུ་ Reciprocal Access ཞེས་ཨ་རིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་མི་སྣ་དང་གསར་འགོད་པ་དང་བོད་པ་ཨ་རི་མི་སེར་ཡིན་པ། དེ་བཞིན་ཨ་རི་བ་བཅས་བོད་དང་རྒྱ་ནག་ནང་རང་དབང་ངང་འགྲུལ་བསྐྱོད་ཆོག་པའི་ཐོབ་ཐང་འདྲ་མཉམ་སྤྲོད་དགོས་སྐོར་བཅས་འཁོད་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན། ཁ་སང་ཉིན་རྒྱབ་ཚོུད་ ༥པ་ཡོལ་ཙམ་ཐོག་ཨ་རིའི་གྲོས་ཚོགས་འོག་མ་ནས་ཨ་རིའི་མི་སེར་རྣམས་འདྲ་མཉམ་ཐོག་བོད་ལ་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་དེར་རྒྱབ་སྐྱོར་གྱིས་གཏན་འབེབས་བྱུང་རྗེས། ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས་དེ་རིང་གི་ཉིན་མོ་འདི་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཧ་ཅང་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང་། ཨ་རིའི་གཞུང་ནས་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་དྲང་བདེན་གྱི་ལངས་ཕྱོགས་ཤིག་འཛིན་པའི་ཐོག་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཤུགས་ཆེན་གཏོང་བཞིན་པའི་གནད་དོན་ཐད་ཡོངས་བསྒྲགས་ཐོག་སྐྱོན་བརྗོད་བྱ་དགོས་པའི་ནན་སྐུལ་གནང་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་ Ileana Ros-Lehtinen ལགས་ཀྱིས་ཁྲིམས་འཆར་འདི་ནི་བོད་མིར་རྒྱབ་སྐྱོར་མཚོན་ཐབས་བྱས་པ་ཙམ་མ་ཟད། རྒྱ་གཞུང་གིས་ཨ་རིའི་ཐོག་བཅངས་པའི་སྡང་ཟུག་གི་བློར་ཡ་ལན་བྱ་རྒྱུའི་ཐོག་ལའང་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་དང་། ལྷག་དོན་ཁོང་སྐུ་སྒེར་ངོས་ནས་ཨ་རི་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཐད་རྒྱ་གཞུང་གིས་ངན་བྱུས་ཤིག་བཏིང་དང་འདིང་བཞིན་པའི་མཇུག་འབྲས་ཐོག་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་ནའང་། ད་ཆ་ཁྲིམས་འཆར་དེའི་བརྒྱུད་རྒྱ་གཞུང་ནས་བོད་མིའི་ཐོག་སྤེལ་བཞིན་པའི་ཚུལ་མིན་དང་དྲག་གནོན་གྱི་བྱ་སྤྱོད་ཁག་ལ་ཨ་རིའི་གཞུང་གིས་སྣང་མེད་དུ་འཇོག་ཐབས་མེད་པའི་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་པར་ནན་བརྗོད་གནང་འདུག དེ་དང་ཆབས་ཅིག་ལྕམ་སྐུ་མཆོག་གིས་ཨ་རིའི་གཞུང་ནས་རྒྱ་ནག་དང་འབྲེལ་མོལ་ཁྲོད་བོད་ཀྱི་གནད་དོན་དེ་གཙོ་གྲས་སུ་ངོས་འཛིན་དགོས་པའི་ཞུ་སྐུལ་དང་སྦྲགས་ནས་དེ་རིང་གི་ཁྲིམས་འཆར་དེའི་བརྒྱུད་ཨ་རིའི་གཞུང་ནས་དེའི་ཕྱོགས་སུ་མདུན་བསྐྱོད་གནང་བཞིན་པར་ངོས་རང་དགའ་བ་སྐྱེད་ཀྱི་འདུག་ཅེས་གསུངས་འདུག ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིཚོགས་གཙོ་ Matteo Mecacci ལགས་ཀྱིས། ད་ལན་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་ཨ་རིའི་མི་སེར་རྣམས་འདྲ་མཉམ་ཐོག་ནས་བོད་ལ་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་ལ་རྒྱབ་སྐྱོར་གཏན་འབེབས་བྱུང་བ་དེས་ཡུལ་དེའི་གྲོས་ཚོགས་འཐུས་མི་ངོས་ནས་མུ་མཐུད་བོད་མིའི་གནད་དོན་ཐད་སེམས་འཁུར་ལེན་བཞིན་པའི་རྣམ་པ་མངོན་གསལ་བྱས་ཡོད་པ་མ་ཟད། ཨ་རིའི་གཞུང་གི་ངོས་ནས་རྒྱ་གཞུང་ལ་བོད་དེ་རྒྱལ་སྤྱིའི་ཁྲོད་སྒོ་མོ་ཕྱེ་དགོས་པའི་གནད་དོན་ཐད་ལ་གནོན་ཤུགས་སྤྲོད་རྒྱུའི་གསལ་བསྒྲགས་ཤུགས་ཆེན་ཞིག་ཀྱང་ཆགས་ཀྱི་ཡོད་པ་གསུངས་འདུག

རྒྱ་གཞུང་གིས་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་བོད་ནང་བསྐྱོད་རྒྱུར་མུ་མཐུད་བཀག་སྡོམ་བྱས་འདུག

ཟླ་བ་འདིའི་ཚེས་ ༡༧ ཉིན་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལྕམ་ Chrystia Freeland ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད། རྒྱ་གཞུང་གིས་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་བོད་ནང་བསྐྱོད་རྒྱུར་དམ་དྲག་མུ་མཐུད་བྱེད་བཞིན་ཡོད་པར་སྐྱོན་བརྗོད་བྱས་འདུག དེ་ཡང་ཁ་སང་ Canada Tibet Committee ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན། ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་མཆོག་གིས་ཉེ་ཆར་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད་རྒྱ་གཞུང་གིས་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་བོད་ནང་བསྐྱོད་རྒྱུར་དམ་དྲག་མུ་མཐུད་བྱེད་བཞིན་པ་གསལ་བཏོན་གནང་བ་དང་། བསྒྲགས་གཏམ་དེ་ནི་ཕྱི་སྲིད་བློན་ཆེན་མཆོག་གིས་གཙོ་བོ་ཡུལ་དེའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Randall Garrison ལགས་ཀྱིས་དེ་སྔོན་ཕྱི་ཟླ་ ༦ པའི་ནང་ཁེ་ན་ཌའི་གཞུང་ལ་ཡིག་ཐོག་ནས་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་དང་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐོག་དྲི་བ་ཁག་ཅིག་ཕུལ་ཡོད་པ་དེ་ལ་ཡ་ལན་གྱི་ཚུལ་དུ་སྤེལ་བ་ཞིག་རེད་འདུག དེ་ཡང་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལྕམ་ Chrystia Freeland ལགས་ཀྱིས་སྤེལ་བའི་བསྒྲགས་གཏམ་དེའི་ནང་ཕྱི་ལོ་ ༢༠༡༦ ནས་བཟུང་རྒྱ་ནག་ནང་ཡོད་པའི་ཁེ་ན་ཌའི་གཞུང་ཚབ་པ་སྐུ་ཞབས་ John McCallum ལགས་ཀྱིས་ཡུལ་དེའི་མི་སེར་ཁག་ཅིག་བོད་ནང་འགྲོ་བསྐྱོད་ཆོག་པའི་མཐོང་མཆན་ཞུས་ཀྱང་རྒྱ་གཞུང་གིས་མཐོང་མཆན་སྤྲད་མེད་པ་དང་། དུས་ཡུན་དེའི་རིང་ཁེ་ན་ཌའི་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་གཞུང་འབྲེལ་མི་སྣ་ཁག་གསུམ་ལ་མཐོང་མཆན་སྤྲད་ཡོད་པ་མ་ཟད། སྔོན་ཆད་མ་བྱུང་བའི་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་འཐུས་མི་ཁག་ཅིག་ལ་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་རྒྱལ་སྤྱིའི་ཡར་རྒྱས་ཚན་པའི་ནང་ཉན་ཞིབ་བྱ་རྒྱུའི་གོ་སྐབས་ཀྱང་སྤྲད་ཡོད་པ་གསལ་བཏོན་གནང་འདུག གནད་དོན་དེའི་ཐད་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཛིན་སྐྱོང་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཁེ་ན་ཌའི་གཞུང་ནས་ད་བར་རྒྱ་གཞུང་ལ་གོ་སྐབས་གནང་བ་གཅིག་མཚུངས་རྒྱ་གཞུང་ནས་ཀྱང་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་བོད་ནང་འགྲོ་བསྐྱོད་ཆོག་པའི་མཐོང་མཆན་གནང་རྒྱུ་འདི་ནི་གཞི་རྩའི་གཞུང་འབྲེལ་སྲིད་བྱུས་ཞིག་ཆགས་ཀྱི་ཡོད་པ་དེ་ལྟར་ཡང་རྒྱ་གཞུང་གིས་མུ་མཐུད་ཆོག་མཆན་སྤྲད་རྒྱུར་དགག་བྱ་གནང་བཞིན་ཡོད་པ་དེས། རྒྱ་གཞུང་ནས་བོད་ནང་གསང་བ་བྱེད་དགོས་པའི་གནད་དོན་གང་ཡིན་མིན་དེ་དྲི་བ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་བརྗོད་འདུག མ་ཟད་དེ་སྔོན་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་ཚོགས་པའི་ཉན་ཞིབ་ཀྱི་ཚོགས་འདུ་ཞིག་གི་ཐོག་ཡུལ་དེའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ Helene ལགས་ཀྱིས་ཁེ་ན་ཌར་སླེབས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པའི་འགོ་ཁྲིད་པདྨ་དབང་འདུས་ལ་དྲི་བ་ཁག་ཅིག་གནང་བར། ཁོ་པས་རང་གཞུང་གི་སྲིད་བྱུས་ཇི་ཡིན་ཁ་གསལ་ཤེས་ཀྱི་མེད་པའི་རྣམ་པ་མངོན་གསལ་ཆགས་པ་མ་ཟད། ཁོ་པས་ལན་འདེབས་བསྐྱོན་པའི་ནང་ལ་གལ་ཏེ་ཁྱེད་ཚོས་ས་གནས་རང་སྐྱོང་གི་ཁྲིམས་སྒྲིག་ལ་བརྩི་བཀུར་ཞུས་པ་ཡིན་ན་བོད་ནང་ཕེབས་ནས་གཟིགས་སྐོར་གནང་རྒྱུའི་གོ་སྐབས་འབུལ་བཞིན་ཡོད་ཅེས་བརྗོད་ཡོད་པ་རེད།

རྒྱལ་ཚོགས་ཀྱི་མདུན་དུ་ཚོགས་ཁག་བཅུ་གསུམ་གྱིས་ཞི་ཅིང་ཕིང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

ཁ་སང་ཟླ་ ༩ ཚེས་ ༡༨ ཉིན་ཨ་རི་ནིའུ་ཡོག་གྲོང་ཁྱེར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༧༣ པ་འགོ་འཛུགས་དང་འབྲེལ། ནིའུ་ཡོག་ནང་རྟེན་གཞི་བྱས་པའི་ཚོགས་པ་ཁག་ ༡༣ ཟུང་འབྲེལ་ཐོག་ཉིན་དགུང་ཚོུད་ ༢ ནས་ ༦ བར་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱལ་ཚོགས་ཀྱི་མདུན་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། དེའི་ཐོག་བོད་མི་དང་ཡུ་གུར་བ། སོག་པོ། ཐེ་ཝན། ཧོང་ཀོང་། རྒྱ་རིགས་མང་གཙོ་དོན་གཉེར་བ་བཅས་མི་རིགས་འདྲ་མིན་མཉམ་ཞུགས་བྱས་འདུག ནིའུ་ཡོག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག ཨར་བོད་མཇའ་འབྲེལ་ཚོགས་པ་སོགས་ཀྱིས་གོ་སྒྲིག་འོག་མི་རིགས་འདྲ་མིན་གྱི་ལས་འགུལ་བ་རྣམས་འདུ་འཛོམས་ཀྱིས་ཕྱག་ལ་རང་ཉིད་རྒྱལ་ཁབ་ཀྱི་རྒྱལ་དར་བསྣམས་པ་དང་། རྒྱ་གཞུང་གིས་བོད་གཙོ་གྱུར་རྒྱལ་ཁབ་ཁག་ལ་བཙན་འཛུལ་བྱས་པ་མ་ཟད་ཞི་ཅིང་ཕིང་གིས་གཅིག་སྡུས་རིང་ལུགས་དང་སྲིད་དབང་སྒེར་འཛིན་ཐོག་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པར་སྐད་འབོད་གནང་ནས་དགོས་འདུན་ཁག་ཅིག་བཏོན་འདུག དགོས་འདུན་དེའི་ནང་བོད་དང་སོག་པོ། ཐེ་ཝན། ཤིན་ཅང་སོགས་ལ་རྒྱལ་ཁབ་ཀྱི་བདག་དབང་ངམ་རང་བཙན་སྤྲོད་དགོས་པ་དང་། རྒྱ་ནག་མི་དམངས་ལ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྤྲོད་དགོས་པ། དེ་བཞིན་སྲིད་འཛིན་ཞི་ཅིང་ཕིང་གི་མི་ཚེ་ཧྲིལ་པོ་སྲིད་དབང་སྒེར་གཅོད་བྱ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་ཆེད་བཀོད་གནང་འདུག

རྒྱལ་ཚོགས་ཀྱི་འདི་ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་རྒྱ་ནག་གི་དྲག་སྤྱོད་ཁག་མངོན་གསལ་གནང་བ།

ཟླ་ ༩  ༡༣ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ chief Antonio Guterres ལགས་ཀྱིས་འདི་ལོའི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་སྙན་ཐོ་ཞིག་ཕྱིར་བསྒྲགས་གནང་ཡོད་པ་དང་། རྒྱལ་ནག་གིས་གཙོས་པའི་རྒྱལ་ཁབ་ཁག་ཅིག་གིས་འགྲོ་བ་མིའི་ཐོབ་ཐང་ཐོག་འཕྱར་གྲུ་མཉམ་འདེགས་གནང་མཁན་གྱི་མི་མང་པོ་ཞིག་ལ་འཁོན་འཛིན་དང་འཇིགས་སྐུལ་བྱེད་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཐེངས་ ༩ པའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོའི་ནང་རྒྱལ་ཁབ་ ༣༨ ལྷག་གི་མིང་གཞུང་ཡོངས་བསྒྲགས་གནང་ནས་རྒྱལ་ཁབ་དེ་དག་གིས་མི་མང་ལ་བསྙོན་འཛུགས་བྱས་ནས་དམར་གསོད་བཏང་བ་དང་། སྡུག་སྦྱོང་མནར་གཅོད་བཏང་བ། མི་མང་གང་བྱུང་འཛིན་བཟུང་དང་བཀག་བསྐྱིལབྱས་པ། དེ་བཞིན་མང་ཚོགས་ལ་མ་ཉེས་ཁ་གཡོག་གིས་མིང་ཆད་བཟོ་བཞིན་པ་སོགས་གསལ་འདོན་གནང་འདུག རྩ་བའི་སྙན་ཐོའི་ནང་རྒྱལ་ཁབ་ ༣༨ ཙམ་གྱི་མིང་འདོན་གནང་སྟེ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་སྐྱོན་བརྗོད་དང་། རྒྱལ་ཁབ་དེ་དག་གི་ཁྲོད་ནས་ཀྱང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབ་ཧ་ཅང་ཛ་དྲག་ཡིན་པའི་རྒྱལ་ཁབ་བཞི་མིང་འདོན་གནང་བ་ལས་གཅིག་ནི་རྒྱ་ནག་ཡིན་པར་གསལ་འདུག རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་  Andrew Gilmour ལགས་ཀྱིས་བློ་སྟོབས་ཆེན་པོའི་ངང་ནས་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་ཕྱག་ལས་གནང་ནས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་མཁན་དག་གི་བཀའ་དྲིན་ནི་འཇལ་ཐུབ་པ་ཞིག་མིན་ནའང་། ང་ཚོས་ཁྱེད་ཅག་མུ་མཐུད་དུ་འགྲོ་བ་མིའི་ཐོབ་གི་ལས་རིགས་ཐོག་མཉམ་ཞུགས་གནང་རྒྱུར་རེ་སྐུལ་དང་གུས་བརྩི་ཆེན་པོ་ཞུ་བཞིན་ཡོད་ཅེས་གསུངས་པ་དང་སྦྲགས། འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་ཕྱག་ལས་གནང་མཁན་གྱི་གང་ཟག་སྒེར་མང་པོ་ཞིག་ལ་སྲིད་གཞུང་གིས་འཇིགས་སྐུལ་བར་བསྙོན་འཛུགས། དེ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བར་ཁ་ཡར་ནས་ཉེས་ཆད་གཏོང་བཞིན་པའི་བྱེད་ལས་དེ་ནི་ཧ་ཅང་གི་ངོ་ཚ་དགོས་པའི་གནད་དོན་ཞིག་ཡིན་པར་བརྟེན་དེ་རིགས་མཚམས་འཇོག་དགོས་ཚུལ་ནན་བརྗོད་གནང་ཡོད་པ་རེད། རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་ཕྱག་རོགས་  Andrew Gilmour ལགས་ཀྱིས་གཟའ་འཁོར་འདིའི་ནང་ཆེས་མཐོའི་འགྲོ་བ་མའི་ཐོབ་ཐང་ལྷན་ཚོགས་སུ་གོང་གི་སྙན་ཐོ་འདི་འབུལ་རྒྱུ་ཡིན་པ་དང་སྙན་ཐོ་དེ་ནི་ང་ཚོས་ཤེས་རྟོགས་བྱུང་བའི་ཆ་ཤས་ཆུང་ཆུང་ཞིག་ལས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབ་ནི་ཕྱོགས་ཡོངས་ནས་དེ་ལས་མང་བ་ཡོད་པ་རེད་ཅེས་གསལ་འདུག

གར་སོང་ཆ་མེད་དུ་གྱུར་བའི་ཁྲིམས་མཐུན་རང་བཞིན་ལྟ་བུའི་གནས་སྟངས་མཚམས་འཇོག་དགོས།

དེ་རིང་ཟླ་ ༨ ཚེས་ ༣༠ ཉིན་མོ་འདི་ནི་རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་སྐྱེ་བོའི་ཉིན་མོ་དང་བསྟུན། བཞུགས་སྒར་དྷ་རྨ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་རྒྱ་གཞུང་གི་བཙོན་འཇུག་འོག་གར་སོང་ཆ་མེད་དུ་གྱུར་བ་དང། བཙོན་འཇུག་འོག་སྡུག་སྦྱོང་མྱོང་བཞིན་པའི་བོད་མི་ ༥༡ གི་གནད་དོན་འབུར་སྟོན་དང་འབྲེལ་བོད་ནང་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གནང་རྐྱེན་གར་སོང་ཆ་མེད་དུ་གྱུར་བའི་ཁྲིམས་མཐུན་རང་བཞིན་ལྟ་བུའི་གནས་སྟངས་དེ་དག་མཚམས་འཇོག་བྱེད་དགོས་པ་དང། ༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་ལ་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཐོག་བརྡ་ལན་ཁ་གསལ་བྱེད་དགོས་པར་འབོད་སྐུལ་གནང་སོང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་མེག་གྷན་ཁྲོམ་གཞུང་དུ་སྔ་དྲོ་ཚོུད་ ༡༠ ཐོག་རྒྱ་གཞུང་གི་བཙོན་འཇུག་འོག་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནད་དོན་ངོ་སྤྲོད་དང། རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་སྐྱེ་བོ་སྲུང་སྐྱོབ་ཚོགས་ཆུང་གི་མཚན་ཐོག་ཏུ་རྒྱ་ནག་གཞུང་ཐད་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྙན་ལ་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། བོད་ནང་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྣམས་ཁྲིམས་མཐུན་ལྟ་བུའི་གནས་སྟངས་འོག་གར་སོང་ཆ་མེད་དུ་གཏང་རྒྱུའི་ལམ་སྲོལ་དེ་འཕྲལ་མར་མཚམས་འཇོག་དགོས་པ་དང། བོད་མི་ཆབ་སྲིད་བཙོན་པ་རྣམས་དང་ལྷག་པར་དུ་ལོ་ངོ་བཅུ་ཕྲག་གཉིས་ལྷག་གི་རིང་ལ་རྒྱ་གཞུང་གི་བཙོན་འཇུག་འོག་གར་སོང་ཆ་མེད་དུ་གྱུར་བའི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐད་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་ལས་དོན་ཚོགས་ཆུང་རྒྱ་ནག་ལ་ཆེད་བསྐྱོད་ཀྱིས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས། རྒྱ་གཞུང་གི་ཁྲིམས་མཐུན་ཐོག་གར་སོང་ཆ་མེད་དུ་གཏང་ཆོག་པའི་ཁྲིམས་སྒྲིག་མེད་པ་བཟོ་དགོས་པ། རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་ཀྱི་སྐྱེ་བོ་སྲུང་སྐྱོབ་ཀྱི་ཆིངས་ཡིག་ཐོག་མཚན་རྟགས་བཀོད་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཁོངས་མི་ཡིན་པའི་ཆ་ནས་དེའི་ཐད་འགན་འཁུར་དང་བརྩི་བཀུར་བྱེད་དགོས་པ་བཅས་ཀྱི་རེ་འདུན་གནང་ཡོད། རྩ་བའི་རྒྱ་གཞུང་ནས་རྒྱལ་སྤྱིའི་གར་སོང་ཆ་མེད་ཀྱི་སྐྱེ་བོ་སྲུང་སྐྱོབ་ཀྱི་ཆིངས་ཡིག་ལ་མཚན་རྟགས་བཀོད་མེད་པ་མ་ཟད། རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༢ ལོར་བསྐྱར་བཅོས་གནང་བའི་ཉེས་ཁྲིམས་དོན་ཚན་ ༢༣ ནང་ཉེན་རྟོག་པའི་གདམས་ཁ་བྱས་པའི་ས་གནས་གང་རུང་ཞིག་ལ་ཟླ་དྲུག་དོགས་སྲུང་བྱེད་པ་དེ་ཁྲིམས་མཐུན་ཡིན་ཞེས་འཁོད་ཡོད་པ་མ་ཟད། གལ་ཏེ་གང་ཟག་ཞིག་གི་ནག་ཉེས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཇིགས་སྐུལ་རིང་ལུགས། ལྐོག་ཟ་རུལ་སུངས་དང་འབྲེལ་བ་ཡོད་ཚེ་ཉེན་རྟོག་པས་གང་ཟག་དེའི་གཉེན་ཉེ་སོགས་ཀྱིས་ཤེས་རྟོགས་མི་ཐུབ་པའི་ས་གནས་ཤིག་ལ་བཞག་ན་འགྲིགས་ཀྱི་ཡོད་ཅེས་མཁོད་ཡོད། དེ་བཞིན་རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་ཀྱི་ཁྱབ་ཁོངས་ཡིན་པའི་ལས་དོན་ཚོགས་ཆུང་དེ་རྒྱ་ནག་ལ་དཔྱད་ཞིབ་ཆེད་བསྐྱོད་ཆོག་པའི་འབོད་སྐུལ་ཞུས་ཀྱང་ཁས་ལེན་བྱས་མེད་པ་རེད། ལྷག་པར་དུ་ཕྱི་ལོ་ ༢༠༡༣ ལོ་ནས་འདི་ལོ་བར་རྒྱལ་ཚོགས་ཀྱིས་དྲན་སྐུལ་རིམ་པ་བྱས་པར་ཡ་ལན་གང་ཡང་བྱས་མེད།

ལི་ཐོ་ནི་ཡའི་གྲོས་ཚོགས་འཐུས་མི་རྣམས་བོད་དུ་འཚམས་གཟིགས་སུ་ཕེབས་རྒྱུ་དེ་རྒྱ་ནག་གི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བའི་རྣམ་པ་རེད། 

ཡོ་རོབ་རྒྱལ་ཁབ་ལི་ཐོ་ནི་ཡའི་གྲོས་ཚོགས་འཐུས་མི་ལྔ་ནས་བོད་ནང་འཚམས་གཟིགས་སུ་ཕེབས་རྒྱུ་དང་ཁུལ་དེའི་ས་གནས་གཞུང་གི་སྐུ་ཚབ་དང་ཐུག་འཕྲད་གནང་རྒྱུ་འཆར་གཞི་ཡོད་སྟབས། ལི་ཐོ་ནི་ཡའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་གྲོས་ཚོགས་འཐུས་མི་བོད་དུ་འཚམས་གཟིགས་སུ་ཕེབས་རྒྱུ་དེ་ནི་རྒྱ་ནག་གི་བོད་ནང་དྲག་པོའི་བཀོལ་སྤྱོད་ཀྱི་སྲིད་བྱུས་དེར་ངོས་ལེན་དང་རྒྱབ་སྐྱོར་གནང་བ་ཞིག་མཚོན་གྱི་ཡོད་སྐོར་གསུངས་འདུག དེ་རིང་ The Baltic Times གསར་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ལི་ཐོ་ནི་ཡའི་ཆབ་སྲིད་ཚོགས་པ་འདྲ་མིན་བཞི་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་ལྔ་དེ་རིང་བོད་ལ་འཚམས་གཟིགས་ཆེད་ཕེབས་ཐོན་གནང་གི་ཡོད་པ་དང་།  ཁོང་རྣམ་པ་ཚང་མ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་མཐུད་གནང་མཁན་གྲོས་ཚོགས་ཚོགས་ཆུང་གི་འཐུས་མི་ཤ་སྟག་རེད་འདུག  སྐུ་ཚབ་ཚོགས་ཁག་དེའི་ངོས་ནས་བོད་ནང་གི་འཚམས་གཟིགས་ཁྲོད་ས་གནས་གཞུང་གི་སྐུ་ཚབ་དང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཐུག་འཕྲད་གནང་རྒྱུ་ཡིན་པ་ལྟར། གྲོས་ཚོགས་འཐུས་མི་སྐུ་ཞབས་ Algirdas Butkevicius ལགས་ཀྱིས་ད་རེས་བོད་ནང་གི་འཚམས་གཟིགས་བརྒྱུད་ས་གནས་གཞུང་གི་སྐུ་ཚབ་དང་ལྷན་ས་གནས་མི་མང་གི་གནས་སྟངས་སྐོར་གླེང་སློང་གནང་རྒྱུ་ཡིན་སྐོར་གསུངས་འདུག ཐེངས་འདིའི་འཚམས་གཟིགས་དེར་ལི་ཐོ་ནི་ཡའི་ནང་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ནས་གྲོས་ཚོགས་འཐུས་མི་དེ་དག་ཁུལ་དེར་བསྐྱོད་པ་ཙམ་གྱིས་རྒྱ་ནག་གི་སྲིད་བྱུས་ལ་ངོས་ལེན་དང་རྒྱབ་སྐྱོར་གནང་བའི་རྣམ་པ་ཞིག་མངོན་སྐོར་གསུངས་འདུག འོན་ཀྱང་སྐུ་ཚབ་ཚོགས་ཁག་དེ་སྣེ་ཁྲིད་གནང་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Butkevicius ལགས་ཀྱིས་འདི་ལོའི་ཟླ་བ་ ༦ པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལི་ཐོ་ནི་ཡའི་ནང་ཆིབས་བསྒྱུར་བསྐྱངས་པ་དང་འབྲེལ་ཏེ་ད་རེས་ཁོང་རྣམས་རྐང་བོད་ནང་ཆེད་ཕེབས་གནང་བ་དེའི་བརྒྱུད་བོད་ཀྱི་གནད་དོན་སྐོར་ཕྱོགས་ཡོངས་ཀྱི་གོ་རྟོགས་ཟབ་ཏུ་འགྲོ་རྒྱུ་དང་དངོས་ཡོད་གནས་ཚུལ་ལ་གཞིར་བཞག་ཐོག་ཐག་གཅོད་གང་དགོས་མིན་ཤེས་ཐུབ་རྒྱུ་ཡིན་པ་གསུངས་འདུག ཁོང་གིས་དེ་སྔ་ལི་ཐོ་ནི་ཡའི་རྒྱལ་ཁབ་ནང་༸གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་སྐབས་གནད་དོན་འགའ་རས་ཐོག་དགོངས་བཞེས་གནང་བ་དང་སྦྲགས། ད་རེས་ཀྱི་འཚམས་གཟིགས་དེའི་ཁྲོད་དགོང་ཚིགས་ཀྱི་དུས་ཚིགས་ཤིག་དང་བསྟུན་ང་ཚོས་རྒྱ་ནག་གི་སྐུ་ཚབ་དང་ལྷན་བོད་ཀྱི་གནད་དོན་གླེང་རྒྱུ་ཡིན་ཞེས་གསུངས་འདུག ལི་ཐོ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་སྐུ་ཞབས་ Vytis Vidunas ལགས་ཀྱིས་གྲོས་ཚོགས་འཐུས་མི་ལྔ་པོ་དེ་དག་བོད་དུ་འཚམས་གཟིགས་སུ་ཕེབས་རྒྱུ་དེ་ནི་བསུན་གཙེར་ཅན་ཞིག་དང་ཡིད་མུག་སྐྱེ་བའི་གནད་དོན་ཞིག་ཡིན་པ་གསུངས་འདུག  ཁོང་གིས་ཁོང་ཚོ་བོད་དུ་འཚམས་གཟིགས་སུ་བསྐྱོད་པ་དང་གཞུང་གི་མི་སྣ་ཐུག་འཕྲད་དུ་བཅར་བ་དེ་རྒྱ་ནག་གཞུང་གིས་ཁུལ་དེར་འཛིན་པའི་སྲིད་བྱུས་ལ་རྒྱབ་སྐྱོར་དང་ངོས་ལེན་གྱི་རྣམ་པ་ཡིན་པ་མ་ཟད་སྒོས་སུ་ང་ཚོའི་སྲིད་དོན་པ་རྣམས་ཨུ་རུ་སུའི་དབང་སྒྱུར་འོག་ཡོད་པའི་ Crimea ལྟ་བུ་རྒྱལ་ཁབ་གཞན་གྱི་བཙན་འཛུལ་འོག་ཡོད་པའི་ལུང་པར་བསྐྱོད་ཀྱི་མེད་པ་གསུངས་འདུག ལི་ཐོ་ནི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ Monika Navickiene ལགས་ཀྱིས་གྲོས་ཚོགས་ཀྱི་འཐུས་མི་རྣམས་རྒྱ་ནག་དུ་འཚམས་གཟིགས་སྐབས་གོ་སྐབས་བཟུང་ཐོག་རྫ་དྲག་གི་གནད་དོན་རྣམས་གླེང་སློང་བྱེད་དགོས་པ་ཞུ་འབོད་དང་སྦྲགས། ཁོང་ཚོས་རྒྱ་ནག་ནང་ཕྱིན་ནས་ལེགས་པའི་ཆ་གཅིག་པུ་བཤད་ཚེ་ངའི་བསམ་པར་འཚམས་གཟིགས་དེ་ལས་ཁེ་ཕན་ཡོང་རྒྱུ་མིན་པ་གསུངས་འདུག རྩ་བའི་ད་རེས་ཀྱི་འཚམས་གཟིགས་དེར་ལི་ཐོ་ནི་ཡའི་གྲོས་ཚོགས་འཐུས་མི་ཙམ་མིན་པར་ Latvia དང་ Estonia འི་གྲོས་ཚོགས་འཐུས་མི་ཁག་ཅིག་ཀྱང་ཕེབས་རྒྱུ་རེད་འདུག

འཇར་མ་ནི་ཕྱི་སྲིད་བློན་ཆེན་མཆོག་ལ་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་སློང་དགོས་པའི་ཞུ་འབོད་ལས་འགུལ།

འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཡུལ་དེའི་ཕྱི་སྲིད་བློན་མཆོག་ལ་དྲྭ་ཐོག་བརྒྱུད་འཇར་མན་གཞུང་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཚོགས་ཐོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་མངོན་གསལ་དོད་པོས་གུས་བརྩི་ཞུ་ཐོག་གནད་དོན་དེ་གཙོ་གྲས་སུ་གླེང་སློང་གནང་དགོས་པའི་ཞུ་སྐུལ་གནང་བཞིན་འདུག རིང་མིན་ཕྱི་ཟླ་ ༡༡ ཚེས་ ༥ ནས་ ༡༦ བར་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཐེངས་ ༣༡ སྟེང་རྒྱ་ནག་གིས་གཙོས་པའི་རྒྱལ་ཁབ་ ༡༣ གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐོག་བསྐྱར་ཞིབ་གནང་གཏན་ཁེལ་བ་དང་བསྟུན། Tibet Initiative Deutschland འམ་འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པས་རང་གི་དྲྭ་གནས་ཐོག་ཡུལ་དེའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Heiko Maas མཆོག་གི་མཚན་ཐོག་ལ་ཞུ་ཡིག་ཞིག་ཕུལ་རྒྱུའི་ལས་འགུལ་འགོ་འཛུགས་གནང་སྟེ་འཇར་མ་ནི་གཞུང་ལ་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་ཐོག་འཛམ་གླིང་གི་རྒྱལ་ཁབ་ཚང་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་དོན་ཁག་ལ་གུས་བརྩི་ཞུ་ཐོག་རྒྱ་གཞུང་གིས་ཡུལ་དེའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པའི་བྱ་སྤྱོད་ཁག་མངོན་གསལ་དོད་པོས་ཐེར་བཏོན་གྱིས་སྐྱོན་བརྗོད་བྱ་རྒྱུའི་དམིགས་བསལ་འགན་ཡོད་པ་ལྟར་འཇར་མན་ནས་ཀྱང་དེ་ལྟར་གནང་སྐྱོང་ཡོང་བ་དང་ལྷག་དོན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེའི་ཐོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་གཉིས་ལ་ཡོངས་བསྒྲགས་སྒོ་ནས་ངོ་བཞེས་གནང་ཐོག་རྒྱ་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཐུག་སྐབས་འགྲིག་འཇགས་སོགས་རྩ་བ་ནས་མེད་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་དགོས་པར་འབོད་སྐུལ་ཞུས་འདུག དེ་བཞིན་འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པས་ད་ཆ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ཉིན་རེ་བཞིན་ཆེས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་མུས་ཁར་ཁུལ་དེར་ཉིན་མཚན་ལྟོས་མེད་ཐོག་དྲག་ཆས་དམག་མི་འགྲེམས་འཇོག་བྱས་ནས་བོད་མིའི་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་ཡོངས་ལ་དམ་དྲག་ཀྱིས་ཚོད་འཛིན་ཤུགས་ཆེ་བྱེད་བཞིན་པ་དང་བོད་མི་རྣམས་གང་བྱུང་འཛིན་བཟུང་བཙོན་འཇུག བོད་ཀྱི་དགོན་སྡེ་ཁག་གི་ཐོག་སྟངས་འཛིན། བོད་མི་འབྲོག་པ་ཚོར་བཙན་དབང་གིས་གཞིས་སྤོས་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་ཀྱང་། བོད་མི་ཚོས་མུ་མཐུད་འཚེ་མེད་ཞི་བའི་ལམ་ནས་སོ་སོའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་སྲུང་སྐྱོབ་བྱ་རྒྱུའི་ཐབས་ཤེས་འདྲ་མིན་གནང་མུས་ཡིན་པ་སོགས་ཆེས་མངོན་གསལ་གནང་འདུག ལར་ནས་ཚོགས་པ་དེས་ཞི་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་ད་བར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་བཟང་པྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པའི་ཁར་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་སྟབས། ད་ཆ་རྒྱ་ནག་གཞུང་ནས་ངེས་པར་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་ཁག་ལ་བརྩི་བཀུར་དང་ལེན་ཞུ་ཐོག་ཡུལ་དེའི་མང་ཚཽགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་རྒྱུའི་ལས་དོན་ཁག་འཕྲལ་མར་མཚམས་འཇོག་དགོས་པ་དང་ རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་ནས་རྒྱབ་སྐྱོར་དགོས་གལ་ཡིན་པ་བཀོད་ཡོད་པ་རེད། རྩ་བའི་ད་ལྟའི་ཆར་དྲྭ་ཐོག་གི་ཞུ་སྙན་དེར་མང་ཚོགས་ ༡༤༠༠ ལྷག་གིས་རྒྱབ་སྐྱོར་ཡོད་པའི་མཚན་རྟགས་བཀོད་འདུག

བོད་མཐོ་སྒང་གི་ཁོར་ཡུག་ཅིའི་ཕྱིར་རྒྱལ་སྤྱི་དང་འབྲེལ་བ་ཆགས་ཡོད་ཅེས་པའི་གཏམ་བཤད་གནང་བ།

ཁ་སང་ཟླ་ ༨ ཚེས་ ༡༤ ཉིན་ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཁང་གིས་གོ་སྒྲིག་འོག་ Redfern Town Hall ཚོགས་ཁང་དུ་ཨོ་སི་ཊོ་ལི་ཡ་གྲོས་ཚོགས་འཐུས་མི་ཟུར་པའམ་ཁོར་ཡུག་ཞབས་ཞུ་བ་སྐུ་ཞབས་ Bob Brown ལགས་དང་བོད་རིགས་ཁོར་ཡུག་ཞབས་ཞུ་བ་ཚེས་བཅུ་སྒྲོལ་མ་ལགས་རྣམ་གཉིས་གདན་ཞུ་ཐོག་གངས་ལྗོངས་སུ་གནམ་གཤིས་འགྱུར་ལྡོག་དང་། རྒྱ་ནག་གཞུང་གི་གཏོར་བཤིག་སྲིད་བྱུས་འོག་བོད་ཀྱི་ཁོར་ཡུལ་ལ་དོ་ཕོག་ཇི་ཙམ་འགྲོ་བཞིན་ཡོད་སྐོར་གཏམ་བཤད་ཀྱི་ལས་རིམ་ཞིག་སྤེལ་འདུག སྐབས་དེར་ཚེས་བཅུ་སྒྲོལ་མ་ལགས་ཀྱིས་རྒྱ་ནག་གཞུང་གིས་ Clean energy ཞེས་པའི་རྫས་མེད་ནུས་ཤུགས་སྐྱེད་སྲིང་གི་ལས་གཞིའི་འོག་བོད་ཀྱི་ཆུ་རྒྱུན་ཆེ་ཁག་ཐོག་ཆུ་རགས་འཛུགས་སྐྲུན་བྱེད་བཞིན་པ་ལ་ཆེས་མཐོའི་རྒྱལ་ཁབ་ཁག་ཅིག་ནས་བསྔགས་བརྗོད་བྱེད་བཞིན་ཡོད་ཀྱང་འཛུགས་སྐྲུན་དེ་ལྟར་བྱས་རྐྱེན་བོད་ཀྱི་མཁའ་རླུང་སྦག་བཙོག་བཟོ་བཞིན་པ་དང་འབྲེལ། ས་གནས་བོད་རིགས་ཀྱི་འཚོ་ཐབས་ཙམ་མ་ཟད་ཆུ་རྒྱུན་དེ་དག་ལ་བརྟེན་མཁན་གཤམ་འོག་རྒྱལ་ཁབ་མང་པོའི་མང་ཚོགས་ཀྱི་འཚོ་ཐབས་ལའང་དཀའ་ཚེགས་ཆེན་པོ་འཕྲད་སྟབས་དེ་ནི་འཁྲུགས་འཛིངས་ཡོང་གཞི་ལས་མ་འདས་པས་ཐུགས་སྣང་གནང་དགོས་ཞེས་བརྗོད་འདུག ཁོང་གིས་བོད་དེ་འཁྱག་རོམ་གྱི་ལྟེ་གནས་ཤིག་ཡིན་པ་དང་རྒྱ་ནག་རང་ཉིད་ཀྱི་ཚན་རིག་གཙུག་ལག་སློབ་གཉེར་ཁང་གིས་ཉམས་ཞིབ་བྱས་པའི་ནང་འཁྱག་རོམ་བརྒྱ་ཆ་ ༩༥ འཕྲི་ཚར་བ་ཞིག་ཡིན་པ་གསལ་བཏོན་བྱས་ཡོད་སྟབས། ཨེ་ཤ་ཡ་གླིང་ཕྲན་གྱི་ཆུའི་འབྱུང་ཁུངས་གཙོ་བོ་ཡིན་པར་བརྟེན་སླད་མར་ཨེ་ཤ་ཡ་ཡོངས་ཀྱི་ཆུར་དོ་ཕོག་ཐེབས་ངེས་ཡིན་སྐོར་བརྗོད་པ་མ་ཟད། རྒྱ་ནག་གི་བཟོ་གྲྭ་མང་དག་ཞིག་གིས་བོད་ཀྱི་རང་བྱུང་ཁོར་ཡུག་ལས་གསེར་དང་ལྕགས་སོགས་ཀྱི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་ཆེ་སྤེལ་བཞིན་པའི་ཁྲོད་དེང་སྐབས་རྒྱ་ནག་ལ་ཆ་མཚོན་ན་འཛམ་གླིང་ནང་ lithium ཞེས་ཁ་དཔར་དང་གློག་ཀླད་སོགས་བཟོ་སྐབས་བཀོལ་སྤྱོད་བྱས་པའི་རྫས་སྦྱོར་གྱི་ཐོན་སྐྱེད་བྱེད་པོ་ཆེ་ཤོས་ལྔའི་གྲས་སུ་ཡོད་པ་དང་། གཏེར་ཁ་དེའི་བྱུང་ཁུངས་གཙོ་བོ་ནི་བོད་ཡིན་སྟབས། lithium སྔོག་འདོན་གྱི་ལས་གཞི་དེ་མགྱོགས་མྱུར་དཀའ་ངལ་ཆེན་པོ་འཕྲད་གཞི་ཆགས་ངེས་ཡིན་པར་འགྲེལ་བརྗོད་གནང་འདུག སྐབས་དེར་ཨོ་སི་ཊོ་ལི་ཡ་གྲོས་ཚོགས་འཐུས་མི་ཟུར་པའམ་ཁོར་ཡུག་ཞབས་ཞུ་བ་སྐུ་ཞབས་ Bob Brown ལགས་ཀྱིས་བོད་ནང་རྒྱ་གཞུང་གིས་ཆུ་རགས་འཛུགས་སྐྲུན་གྱི་ལས་གཞི་དང། རང་བྱུང་གཏེར་ཁ་སྔོག་འདོན་སོགས་ཀྱི་རྐྱེན་པས་བོད་ཀྱི་ཁོར་ཡུག་སྦག་བཙོག་བཟོས་ཡོད་སྐོར་དང་འབྲེལ། གོ་ལའི་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག་བཅས་ཡོང་གི་ཡོད་པ་མངོན་གསལ་གནང་འདུག འཛམ་གླིང་གི་སྣེ་མོ་གསུམ་པ་སྟེ་བོད་མཐོ་སྒང་གི་ཁོར་ཡུག་ལ་དོ་ཕོག་ཇི་ཙམ་བྱུང་བ་དེས་འཛམ་གླིང་གི་ས་ཁུལ་གཞན་ཚང་མར་བརྡབ་གསིག་ཐེབས་རྒྱུ་ཡིན་པ་དེར་ལྟར་ཡང། དེང་སྐབས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་དང་ཚོང་འབྲེལ་གྱི་ཁེ་ཕན་ཁོ་ནར་བལྟས་ནས་བོད་ཀྱི་གནད་དོན་ལ་སྣང་མེད་པར་འཇོག་བཞིན་ཡོད་པར་འགྲེལ་བརྗོད་ནན་པོ་གནང་འདུག གཞི་རྩའི་ཚེས་བཅུ་སྒྲོལ་མ་ལགས་ནི་ཨ་རིའི་དཔལ་འབྱོར་དུས་དེབ་ Forbes ཞེས་པས་ཕྱི་ལོ་ ༢༠༡༧ ལོར་སྤྱི་ཚོགས་ཁྲོད་གཟེངས་སུ་ཐོན་པའི་ཚོང་ལས་གཉེར་མཁན་ལོ་ན་ ༣༠ མིན་ཆད་ཀྱི་གཞོན་སྐྱེས་ ༣༠ མིང་འདོན་གནང་བའི་ཁོངས་སུ་འདེམས་སྒྲུགྲུ་གནང་ཡོད་པ་དང། ཁོང་གིས་བལ་ཡུལ་ནང་ mountain resiliency Project ཞེས་ས་གནས་མང་ཚོགས་ཀྱི་འཚོ་ཐབས་ལ་སྨན་པའི་ཁོར་ཡུག་དང་འབྲེལ་བའི་ཚོང་ལས་གཉེར་བཞིན་ཡོད་པ་རེད། ཚེས་བཅུ་སྒྲོལ་མ་ལགས་དང་ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཁང་གི་ལས་འགུལ་འགན་འཛིན་སྐྱིད་འཛོམས་ལགས་རྣམ་གཉིས་ནས་ཁ་སང་ཡུལ་དེའི་གྲགས་ཆེ་བའི་ ABC རླུང་འཕྲིན་ལས་ཁུངས་ཀྱི་དམིགས་བསལ་བཅར་འདྲི་ལས་རིམ་ཐོག་མཉམ་ཞུགས་གནང་སྟེ་བོད་ཀྱི་ཆེས་ཞན་པའི་ཁོར་ཡུག་གི་གནས་བབ་དང་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་བཅས་ཀྱི་སྐོར་ལ་གླེང་མོལ་གནང་འདུག

Latest news