Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

Li Keqiang གི་གཞུང་འབྲེལ་འཚམས་གཟིགས་ལ་བོད་མི་དང་ཡུ་གུར་བ་སོགས་ནས་ངོ་རྒོལ་བྱས་འདུག

རྒྱ་ནག་གི་སྲིད་བློན་ Li Keqiang ཡོ་རོབ་ Netherlands ནང་དུ་གཞུང་འབྲེལ་འཚམས་གཟིགས་སུ་འབྱོར་སྐབས་ས་གནས་བོད་མི་དང་། ཡུ་གུར་བ། དེ་བཞིན་ Falun Gong སོགས་ནས་སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་གླུང་བླངས་པ་དང་། རྒྱ་ནག་གཞུང་ནས་དྲག་པོའི་སྲིད་བྱུས་རྣམས་མཚམས་འཇོག་བྱེད་དགོས་པ་སོགས་ཀྱི་འཕྲེད་དར་རིགས་བསྣམས་ཏེ་ངོ་རྒོལ་ཤུགས་ཆེ་བྱས་འདུག རྒྱ་ནག་གི་སྲིད་བློན་ Li Keqiang དང་བཟའ་ཟླ་གཙོས་པའི་རྒྱ་ནག་གི་ཆབ་སྲིད་དང་ཚོང་འབྲེལ་གྱི་མི་སྣ་ཁག་ཅིག་ཁ་ཉིན་ཕྱི་ཚེས་ ༡༤  ནས་འགོ་འཛུགས་ཀྱིས་དེ་རིང་བར་ཉིན་གྲངས་གསུམ་གྱི་རིང་ Netherlands ནང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་། ཁ་སང་ཡུལ་དེའི་གྲོང་ཁྱེར་ Hague ནང་དུ་ Li Keqiang དང་ Netherlands གྱི་སྲིད་བློན་ Mark Rutte ལགས་དབར་ཕྱོགས་གཉིས་ཀྱི་ཆབ་སྲིད་དང་ཚོང་དོན་སོགས་དང་འབྲེལ་མཇལ་འཕྲད་གནང་སྐབས་ས་གནས་བོད་མི་དང་། ཡུ་གུར་བ། དེ་བཞིན་ Falun Gong ཆོས་བརྒྱུད་རྗེས་འབྲངས་པ།  གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཐུན་མོང་ནས་ Li Keqiang ལ་ངོ་རྒོལ་བྱས་འདུག སྐབས་དེར་ངོ་རྒོལ་བ་རྣམ་པའི་ལག་ཏུ་སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་དར་དང་། བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་དང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་བཏང་དགོས། རྒྱ་གཞུང་གི་བཀག་ཉར་འོག་ཡོད་པའི་ཡུ་གུར་བ་ས་ཡ་གཅིག་ལྷག་ཡོད་པ་རྣམས་གློད་བཀྲོལ་དགོས། བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས། བོད་དང་ཤིན་ཅང་སོགས་ཀྱི་ནང་ལག་བསྟར་བྱེད་བཞིན་པའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་རྣམས་མཚམས་འཇོག་དགོས་པའི་འཕྲེད་དར་བསྣམས་ཏེ་ངོ་རྒོལ་སྐད་འབོད་གནང་འདུག དེ་བཞིན་ཁ་སང་ཕྱོགས་གཉིས་ཀྱི་འགོ་ཁྲིད་དབར་མཇལ་འཕྲད་གྲུབ་མཚམས་སུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ Li Keqiang ནས་རྒྱ་ནག་གི་ངོས་ནས་རྒྱལ་སྤྱིའི་བཟོ་སྐྲུན་ཚོང་ལས་པ་རྣམས་རྒྱ་ནག་ནང་ཚོང་དོན་གཉེར་རྒྱུར་དགག་བྱ་མེད་པར་སྔར་ལྷག་གོ་སྐབས་སྐྲུན་ཡོད་ཅེས་བརྗོད་ཡོད་སྟབས། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ལྕམ་ Sophie Richardson ལགས་ནས་རྒྱ་ནག་གི་ཚོང་གི་གོ་སྐབས་སྐྲུན་པ་བཞིན་བོད་དང་ཤིན་ཅང་ནང་ཡོད་པའི་བཙོན་ཁང་དང་། ཡུལ་དེ་དག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྣམས་ཕྱི་གསལ་ནང་གསལ་གྱི་གོ་སྐབས་བསྐྲུན་ཐུབ་ཀྱི་རེད་དམ་ཞེས་དྲི་བ་ཞིག་ཀྱང་གནང་འདུགགཞི་རྩའི་ཐེངས་འདིའི་རྒྱ་ནག་གི་སྲིད་བློན་ Li Keqiang གི་འཚམས་གཟིགས་དེ་ནི་ Netherlands དང་རྒྱ་ནག་དབར་གྱི་ཆབ་སྲིད་ཀྱི་འབྲེལ་བ་དང་། ལྷག་པར་དུ་ཚོང་འབྲེལ་གྱི་ལས་དོན་རྣམས་སྔར་ལྷག་སྲ་བརྟན་བཟོ་རྒྱུར་དམིགས་པ་ཞིག་དང་། བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་ཐོན་པར་གཞིགས་ན། ཐེངས་འདིའི་ Li Keqiang དང་སྲིད་བློན་ Mark Rutte ལགས་རྣམ་གཉིས་ཀྱི་མཇལ་མོལ་ཁྲོད་ཚོང་ལས་ཁོ་ན་ལ་དམིགས་ཏེ་ཕྱོགས་གཉིས་དབར་ཨ་སྒོར་ཐེར་འབུམ་བཅུའི་གན་རྒྱ་གསར་པ་ཞིག་ཀྱང་བཞག་ཡོད་པ་རེད།      

བོད་ནང་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་དགོས་པའི་འབོད་སྐུལ།

ཁ་ས་ཚེས་ ༡༠ ཉིན་ CECC ཞེས་ཨ་རི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་འདི་ལོ་ ༢༠༡༨ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་དང་སྦྲགས།  ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་སྣེ་ཁྲིད་པའི་ཨ་རི་སྲིད་གཞུང་དང་གྲོས་ཚོགས་ནས་རྒྱ་གཞུང་ལ་བོད་ནང་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་པ་དང་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་གནང་དགོས་པར་འབོད་སྐུལ་ཞུས་འདུག གཞི་རྩའི་ཟླ་བ་སྔོན་མར་ཨ་རི་གྲོས་ཚོགས་འོག་མའི་ནང་ Reciprocal Access to Tibet ཞེས་པའི་རྒྱ་ནག་དང་བོད་དུ་ཡོད་པའི་གསར་འགོད་པ་དང་མཁས་དབང་རྣམས་རང་དབང་དང་འགོོག་རྐྱེན་མེད་པར་ཨ་རིར་ཕེབས་ཆོག་པ་ལྟར། ཨ་རིའི་མི་སེར་ཡང་རྒྱ་ནག་ནང་འགོག་རྐྱེན་མེད་པའི་ངང་ཕེབས་འཇུག་དགོས་པའི་ཁྲིམས་འཆར་གཏན་འབེབས་གནང་བ་དང་།   ཉེ་ཆར་ཚོགས་པའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག་སྤྱི་འཐུས་ཁག་ཅིག་ནས་ཨ་རིར་གནས་སྡོད་བོད་མི་ཚོས་ཐུགས་འགན་བཞེས་པའི་ཐོག་སོ་སོའི་གྲོས་ཚོགས་འཐུས་མི་དང་འབྲེལ་བ་གནང་ནས་གྲོས་ཚོགས་གོང་མའི་ནང་དུའང་གྲོས་ཆོད་དེ་བསླེབ་ཐུབ་པ་ཙམ་དུ་མ་ཟད་དེ་ཁྲིམས་སུ་གཏན་འབེབས་ཐུབ་རྒྱུའི་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་ཡོད་པ་རེད། ད་རེས་ CECC ཚོགས་ཆུང་དེས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་ཨ་རི་གཞུང་ནས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་བསྒྱུར་བཅོས་གཏང་དགོས་པ་ཐེར་བཏོན་དང་། དེའི་ཁྲོད་ཉེ་ཆར་ཨ་རི་གྲོས་ཚོགས་ནས་གཏན་འབེབས་བྱས་པའི་ཁྲིམས་འཆར་ལུང་འདྲེན་དང་འབྲེལ་ཏེ་རྒྱ་ནག་ནང་ཨ་རི་མི་སེར་ཡིན་པ་གསར་འགོད་པ་དང་། མཁས་དབང་རྣམས་བསྐྱོད་པར་དམ་དྲག་བྱེད་པ་བཞིན། དེ་ལྟར་དམ་དྲག་གནང་མཁན་གྱི་རྒྱ་ནག་གི་སྲིད་ཞུའི་ལས་བྱེད་རྣམས་ཨ་རི་ནང་ཡོང་མི་ཆོག་པ་བཟོ་དགོས་སྐོར་མངོན་གསལ་གནང་འདུག  ཚོགས་ཆུང་དེའི་ཚོགས་གཙོ་སྐུ་ཞབས་ Marco Rubio ལགས་ཀྱིས་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེ་འདི་ལོའི་ལོ་མཇུག་སྔོན་ཚུད་དུ་སྤྱི་མོས་ཀྱིས་གཏན་འབེབས་གནང་དོན་བཞིན་སྲིད་འཛིན་ Trump མཆོག་ནས་དེར་མཚན་རྟགས་སྐྱོན་པ་རེ་བ་གནང་བཞིན་ཡོད་པ་གསུངས་འདུག འདས་པའི་ལོ་དགུའི་ནང་རྒྱ་གཞུང་ནས་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་གཅིག་ཀྱང་གནང་མེད་སྐོར་བརྗོད་པ་སྦྲགས།  བོད་རྒྱ་འབྲེལ་མོལ་སླར་གསོ་གནང་དགོས་པ་དང། ༸མགོན་པོ་མཆོག་ནས་ཡང་ནས་ཡང་དུ་རྒྱ་གཞུང་ལ་བོད་མི་རྣམས་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་པ་མ་གཏོགས་རང་བཙན་རྩོད་ཀྱི་མེད་པ་ཡོངས་བསྒྲགས་གནང་ཡོད་ཀྱང་།  རྒྱ་གཞུང་གིས་ད་དུང་བོད་ནང་གནས་བཞུགས་བོད་མི་རྣམས་ནས་མགོན་པོ་༸གང་ཉིད་མཆོག་གི་ཡང་དག་པའི་དགོངས་གཞིར་རྒྱབ་སྐྱོར་དང་། བཀའ་ཆོས་གསན་པ་།  ༸སྐུ་པར་བསྣམས་པ་མཐོང་ཚེ་དེ་མ་ཐག་འཛིན་བཟུང་དང་ཉེས་བརྡུང་གཏོང་བཞིན་པའི་གནད་དོན་ལུང་འདྲེན་གྱིས་ཨ་རི་གྲོས་ཚོགས་འཐུས་མི་དང་གཞུང་ནས་རྒྱ་གཞུང་ལ་བོད་མིའི་ཆོས་དད་རང་དབང་ལ་བརྩི་སྲུང་དང་། ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱ་རྒྱུ་མེད་པར་ཞུ་སྐུལ་གནང་འདུག

རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་དང་བསྟུན་བོད་ནང་གི་གནས་སྟངས་འབུར་བཏོན།  

རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་གནང་རན་པ་དང་བསྟུན་ཁ་སང་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་འཚོགས་པའི་སྔོན་འགྲོའི་ཚོགས་འདུ་སྐབས་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ལྷག་དོན་རྒྱ་ནག་གི་ངོས་ནས་དེ་སྔའི་དུས་བཀག་བསྐྱར་ཞིབ་སྐབས་ཁས་ལེན་བྱས་ཀྱང་ལག་བསྟར་དོོན་འཁྱོལ་གནང་མེད་པའི་གནད་དོན་རྣམས་འབུར་བཏོན་གནང་འདུགདེའང་ཟླ་བ་རྗེས་མའི་ནང་རྒྱལ་ཚོགས་ནས་རྒྱ་ནག་དང་མེག་སི་ཀོ། སའུ་དི་ཨ་ར་བི་ཡ། མ་ལེ་ཤི་ཡ། མོ་ན་ཀོ་ལ་སོགས་པའི་ ཚོགས་མི་རྒྱལ་ཁབ་ཁག་ཅིག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་གནང་གི་ཡོད་ལྟར། ཇི་ནི་ཝ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ལྷན་ཁང་དུ་ཁ་སང་ནས་དབུ་འཛུགས་ཀྱིས་རྒྱལ་ཁབ་དེ་དག་རེ་རེ་ནང་གི་གནད་དོན་དང་འབྲེལ་བའི་སྔོན་འགྲོའི་ལས་རིམ་ཞིག་དབུ་འཛུགས་གནང་ཡོད་པ་རེད། རྒྱ་ནག་དང་འབྲེལ་བའི་ལས་རིམ་ཐོག་ Tibet Advocacy Coalition ཞེས་པའི་རྒྱལ་སྤྱིའི་བོད་དོན་ཞུ་གཏུག་ཚོགས་པ་དང་འཛམ་གླིང་ཡུ་གུར་ལྷན་ཚོགས། རྒྱལ་སྤྱིའི་སྨྱུ་གུ་ཚོགས་པ། ཉེན་ཁའི་འོག་ལྷུང་བའི་མཁས་དབང་གི་ཚོགས་པ། ཧོང་ཀོང་གི་དུས་བཀག་བསྐྱར་ཞིབ་ཚོགས་པ་བཅས་ནས་མཉམ་ཞུགས་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ཚེ་སྐབས་དེར་རྒྱལ་སྤྱིའི་བོད་དོན་ཞུ་གཏུག་ཚོགས་པའི་པདྨ་སྒྲོལ་མ་ལགས་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་བ་དང་འབྲེལ། རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་རྣམས་བོད་ནང་གི་བོད་མི་ཚོའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་བྱ་རྒྱུ་ལས་ལྡོག་སྟེ་བོད་མིིར་བཏང་འཛིན་དང་བོད་མིའི་རང་དབང་བརྩི་མེད་རྡོག་རོལ་ལ་དམིགས་པ་འབའ་ཞིག་རེད་ཅེས་གསུངས་འདུགཁོང་གིས་ད་དུང་རྒྱ་ནག་གཞུང་ནས་དེ་སྔའི་དུས་བཀག་སྐྱར་ཞིབ་སྐབས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་གྱིས་གཙོས་པའི་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་སྐུ་ཚབ་རྣམས་བོད་དང་ཤིན་ཅང་གི་ས་ཁུལ་ཁག་ཏུ་ཆེད་གཏོང་བྱ་རྒྱུའི་ལམ་སྟོན་ལ་ཁས་ལེན་བྱས་ཡོད་ཀྱང། ད་བར་ལག་ལེན་དོན་འཁྱོལ་གནང་མེད་སྟབས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ནས་རྒྱ་ནག་ཐོག་སྔར་ལས་བཞེངས་ཕྱོགས་མཁྲེགས་པ་འཛིན་དགོས་གལ་དང། བོད་ཀྱི་གནད་དོན་དང་འབྲེལ་བའི་ཞུ་སྐུལ་ཁག་ཅིག་ཟླ་བ་རྗེས་མའི་ནང་འཚོགས་རྒྱུའི་དུས་བཀག་བསྐྱར་ཞིབ་ཐོག་གླེང་དགོས་པར་འབོད་སྐུལ་ཞུས་འདུག བོད་ཀྱི་གནད་དོན་དང་འབྲེལ་བའི་ཞུ་སྐུལ་དེ་དག་ནང་བོད་མི་ཞིང་འབྲོག་མང་ཚོགས་གཞིས་སྤོས་ཀྱི་ལས་གཞི་ཁག་འཕྲལ་མར་མཚམས་འཇོག་དགོས་པ། བོད་མིའི་འགྲུལ་བསྐྱོད་རང་དབང་ལ་དམ་དྲག་བྱེད་བཞིན་པ་རྣམས་མཚམས་འཇོག་དགོས་པ་མ་ཟད་རྒྱལ་ཚོགས་ཀྱི་འབྲུ་དོན་ལྟར་བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོང་བར་དོན་དམ་གྱི་ཕྱག་ལས་གནང་དགོས་པ་བཅས་ཀྱི་འབོད་སྐུལ་ཞུས་འདུག

ཕ་རན་སི་གྲོས་ཚོགས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ།

ཕ་རན་སི་གྲོས་ཚོགས་འོག་མའི་ནང་ཡུལ་དེའི་གྲོས་ཚོགས་འཐུས་མི་བཅུ་དྲུག་ལས་གྲུབ་པའི་ཕ་རན་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་སླར་གསོ་གནང་འདུག དེ་ཡང་ཕ་རན་སི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ Elisabeth Toutut-Picard ལགས་ཀྱིས་སྣེ་ཁྲིད་པའི་འོག་ཕ་རན་སི་གྲོས་ཚོགས་འོག་མར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་སྟེ་དེ་རིང་དངོས་སུ་དབུ་འབྱེད་གནང་ཡོད་པ་དང་། ཚོགས་གཙོ་ལྕམ་ Elisabeth Toutut-Picard ལགས་དང་ཚོགས་མིའི་ཁོངས་སུ་གྲོས་ཚོགས་འཐུས་མི་བཅུ་དྲུག་ཡོད་པ་ལས་འཐུས་མི་  ༡༤ ད་ལྟའི་གཞུང་འཛིན་ཚོགས་པ་ཕ་རན་སི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། གཅིག་ཕ་རན་སི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི། དེ་བཞིན་གཉིས་ཕ་རན་སི་རང་དབང་ཚོགས་པའི་གྲོས་ཚོགས་འཐུས་མི་བཅས་ཆགས་ཀྱི་འདུག གཞི་རྩའི་ཕ་རན་སི་གྲོས་ཚོགས་གོང་མའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་དེ་སྔ་ནས་ཡོད་པ་རེད། ད་རེས་སླར་གསོ་གནང་བའི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ Elisabeth Toutut-Picard ལགས་ནས་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ Netherlands ནང་ཆིབས་བསྒྱུར་མཛད་སྐབས་མགོན་པོ་༸གང་ཉིད་མཆོག་དང་མཇལ་འཕྲད་ཀྱང་གནང་ཡོད་པ་རེད།

ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་བོད་དང་ཤིན་ཅང་ནང་རྟོག་ཞིབ་ཆེད་གཏང་དགོས་པར་ནན་སྐུལ།

ཁ་ཉིན་ཕྱི་ཚེས་ ༤ ཉིན་ཡོ་རོབ་གྲོས་ཚོགས་སུ་རྒྱ་ནག་གཞུང་ནས་ཤིན་ཅང་གི་ཡུ་གུར་བ་མང་དག་ཞིག་བཙན་དབང་ཐོག་འཛིན་བཟུང་བཀག་ཉར་བྱེད་བཞིན་པའི་གནད་དོན་ཐོག་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་ཡོ་རོབ་མཐུན་ཚོགས་ཀྱི་ཚོང་ཟོག་སྡེ་ཚན་གྱི་འགན་འཛིན་ལྕམ་ Elizbieta Bienkowska ལགས་ནས་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་དང་བདེ་འཇགས་ལྷན་ཁང་གི་གཙོ་འཛིན་གཞོན་པ་ལྕམ་ Federica Mogherini ལགས་ཀྱིས་བཏང་བའི་གསུང་ཕྲིན་དེ་སྒྲོག་ལྗངས་གནང་འདུག ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་དང་བདེ་འཇགས་ལྷན་ཁང་གི་གཙོ་འཛིན་གཞོན་པ་ལྕམ་ Federica Mogherini ལགས་ཀྱིས་གསུང་ཕྲིན་དེའི་ནང་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་དུས་རྟག་ཏུ་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་ཡོངས་ཐོག་སེམས་ཚབས་ཆེན་པོའི་ངང་དོ་སྣང་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཉེ་དུས་སུ་རྒྱལ་ཚོགས་ཀྱི་ Committee on the Elimination of Racial Discrimination ཞེས་མི་རིགས་དབྱེ་འབྱེད་འགོག་ཐབས་ཀྱི་ཆེས་མཐོའི་ལྷན་ཁང་གི་སྙན་ཐོའི་ནང་རྒྱ་ནག་གཞུང་ནས་ཤིན་ཅང་གི་ཡུ་གུར་བ་མང་དག་ཞིག་བཙན་དབང་ཐོག་འཛིན་བཟུང་བཀག་ཉར་དང་། ཁོང་རྣམ་པའི་འགྲོ་བསྐྱོད་ཀྱི་ཐོབ་ཐང་འཕྲོག་པ། དེ་བཞིན་ཆབ་སྲིད་ཀྱི་སློབ་གསོ་འདྲ་མིན་སྤེལ་བའི་བརྒྱུད་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་ཤུག་ཆེ་བྱེད་བཞིན་པ་མངོན་གསལ་དང་སྦྲགས་དེ་སེལ་ཐབས་སུ་ལམ་སྟོན་ཁག་ཅིག་གནང་ཡོད་པ་ལྟར། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཀྱང་གནད་དོན་དེ་ནི་ཛ་དྲག་རང་བཞིན་ལྡན་པའི་གནད་དོན་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་སྟབས་རྒྱ་ནག་ནས་ངེས་པར་དུ་གནད་དོན་དེ་དག་སེལ་ཐབས་སུ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཀྱི་ཆེས་མཐོའི་ལྷན་ཁང་གི་ལམ་སྟོན་གནང་ཁག་ལག་བསྟར་དོན་འཁྱོལ་ལྡན་པ་ཞིག་བྱེད་དགོས་པ་གསུངས་འདུག ད་རེས་ཡོ་རོབ་མཐུས་ཚོགས་ཀྱི་ངོས་ནས་ཉེ་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་ལྕམ་ Michelle Bachelet ལགས་ཀྱིས་རྒྱ་ནག་གཞུང་ནས་ཆ་རྐྱེན་གང་ཡང་མེད་པར་རྒྱལ་ཚོགས་ཀྱི་ལས་བྱེད་ཤིན་ཅང་ནང་རྟོག་ཞིབ་ཆེད་དུ་གཏང་བཅུག་དགོས་པའི་ཞུ་སྐུལ་ལ་རྒྱབ་སྐྱོར་ཞུ་ཐོག་རྒྱ་གཞུང་ནས་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་བོད་དང་ཤིན་ཅང་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་ཐབས་སུ་རྟོག་ཞིབ་མི་སྣ་ཆེད་བསྐྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས་པར་ནན་སྐུལ་གནང་འདུག གཞན་ཡང་ལྕམ་ Federica Mogherini ལགས་ཀྱིས་བར་སྐབས་ནས་རྒྱ་ནག་གཞུང་གིས་ཐབས་བྱུས་འདྲ་མིན་བརྒྱུད་ཡོ་རོབ་མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཁག་གི་ནང་གནས་སྡོད་བྱེད་བཞིན་པའི་ཡུ་གུར་བ་རྣམས་ཤིན་ཅང་དུ་ཕྱིར་ལོག་དགོས་པའི་གནོན་ཤུགས་དང་། ཁོང་རྣམ་པའི་ནང་མི་དང་སྤུན་མཆེད་སྐོར་ལ་འདྲི་རྩད་རིགས་བྱས་པའི་གནས་ཚུལ་ཁག་ཅིག་ཐོན་བཞིན་ཡོད་པ་འགྲེལ་བརྗོད་དང་འབྲེལ། འཛམས་གླིང་གི་རྒྱལ་ཁབ་གང་རུང་ཞིག་ནས་ཡུ་གུར་གཙོ་གྱུར་གྲངས་ཉུང་མི་རིགས་རྣམས་རྒྱ་ནག་གི་འདོད་མོས་ལྟར་ཕྱིར་སློག་མ་བྱེད་པའོ་སྔོན་ཚུད་ནས་ཁོང་རྣམས་པའི་མ་འོངས་པའི་བདེ་འཇགས་དང་གཞི་རྩའི་ཐོབ་ཐང་ཁག་སྲུང་སྐྱོབ་ཡོད་མེད་ཐད་དགོངས་པ་བཞེས་དགོས་གལ་ཡིན་པར་ལམ་སྟོན་གནང་འདུག གཞི་རྩའི་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་གཙོ་གྱུར་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་ཐད་ད་བར་རྒྱལ་ཚོགས་དང་ཡོ་རོབ་མཐུས་གཙོས་པའི་རྒྱལ་སྤྱིའི་སྲིད་གཞུང་མང་དག་ཞིག་ནས་རྒྱུན་དུ་དོ་སྣང་དང་། གླེང་སློང་། ལྷག་པར་དུ་བོད་དང་ཤིན་ཅང་སོགས་ཀྱི་ནང་དམིགས་བསལ་རྟོག་ཞིབ་ཆེད་དུ་ཕེབས་འདོད་ཀྱི་འདུན་པ་ཡང་ཡང་ཆེད་བཏོན་གནང་ཡོད་ཀྱང་། རྒྱ་ནག་ནས་དེ་ལ་བཟང་ཕྱོགས་ཀྱི་བརྡ་ལན་མེད་པའི་ཁར་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་ཡོད་ལུགས་སོགས་བརྗོད་བཞིན་ཡོད་པ་རེད།

ཨ་རིའི་སྲིད་འཛིན་གཞོན་པས་བོད་དོན་ཐོག་གླེང་སློང་གནང་འདུག

ཁ་སང་ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་སྐུ་ཞབས་ Mike Pence མཆོག་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་སྐོར་གསུང་བཤད་གནང་སྐབས་བོད་དོན་གླེང་སློང་གནང་བ་ཙམ་མ་ཟད་རྒྱ་གཞུང་གིས་བོད་ཐོག་འཛིན་བཞིན་པའི་དྲག་པོའི་སྲིད་བྱུས་ལའང་སྐྱོན་བརྗོད་ཤུགས་ཆེ་གནང་འདུག ཁ་སང་སྔ་དྲོ་ཨ་རིའི་རྒྱལ་ས་ Washington DC ནང་ཡོད་པའི་ Hudson ཉམས་ཞིབ་བལྟེ་གནས་ཁང་དུ་ཨ་རིའི་སྲིད་འཛིན་གཞོན་པ་ Pence མཆོག་གིས་སྲིད་འཛིན་ Trump མཆོག་གི་སྲིད་གཞུང་ནས་རྒྱ་ནག་ཐོག་འཛིན་བཞིན་པའི་སྲིད་བྱུས་སྐོར་གསུང་བཤད་གནང་བའི་ནང་ཁོང་གིས་སྔོན་མ་འཛམ་གླིང་དམག་ཆེན་གཉིས་པའི་གོང་ཨ་རི་དང་རྒྱ་ནག་དབར་འབྲེལ་བ་བཟང་པོ་ཡོད་ཐོག་གཉིས་ཕན་གྱི་སྲིད་བྱུས་ཤིག་འཛིན་ཡོད་ཀྱང་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་པོའི་སྲིད་གཞུང་བཙུགས་པའི་རྗེས་སུ་ཀོ་རི་ཡའི་དམག་འཁྲུག་རྐྱེན་པས་ཕྱོགས་གཉིས་དབར་དགྲ་ཁ་གཏད་ཀྱིས་ཐམ་འཛིན་བྱས་ཡོད་པ་རེད། འོག་ཀྱང་ཕྱིས་སུ་ཨ་མི་རི་ཀས་མུ་མཐུད་རྒྱ་ནག་དང་འབྲེལ་བ་བྱས་ཏེ་རྒྱ་ནག་དང་ཕྱི་འབྲེལ་བཙུགས་པ་དང་དེ་མིན་རྒྱ་ནག་དེ་འཛམ་གླིང་ཀུན་གྱི་ཡུལ་གྲུ་དང་འདྲ་མཉམ་ཡོང་བར་རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་འཐུས་མི་ཁོངས་སུ་བཅུག་པར་ཕྱོགས་གང་ཅིའི་ཐད་ནས་རོགས་རམ་བྱས་ཡོད་པ་མ་ཟད། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་ཨ་རིར་བསྐྱོད་སྐབས་ཕྱོགས་གཉིས་དབར་འབྲེལ་བ་ཡག་པོ་ཡོང་བར་ཨ་རིའི་ངོས་ནས་བཟང་ཕྱོགས་ཀྱི་ཁོར་ཡུག་ཞིག་ཀྱང་བསྐྲུན་ཡོད་ཅེས་བརྗོད་འདུག འོན་ཀྱང་རྒྱ་ནག་གཞུང་ནས་གཉིས་ཕན་སྲིད་བྱུས་འཛིན་རྒྱུའི་ཚབ་ཏུ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཀོལ་སྤྱོད་འོག་རང་ཉིད་ཀྱི་དཔལ་འབྱོར་ཡར་རྒྱས་ཁོ་ནའི་ཆེད་དུ་ཨ་མི་རི་ཀ་དང་ཨ་རི་ཀའི་མཐུན་ཕྱོགས་ཡུལ་གྲུ་ཐེ་ཝན་སོགས་ཀྱི་ཐོག་འཇིགས་སྣང་དང་སྡིག་ར་སྐུལ་བ། དེ་མིན་ཨ་མི་རི་ཀའི་ཚན་རིག་ལག་སྩལ་ལས་གྲུབ་པའི་དངོས་ཟོག་གི་བདག་དབང་སྐུ་འཁྱེར་བྱས་པ་དང་ཨ་མི་རི་ཀའི་མང་གཙོའི་ལམ་གྱི་འོས་བསྡུའི་ནང་ཐེ་བྱུས་བྱས་ཀྱི་ཡོད་པ་སོགས་ཐེར་བཏོན་དང་སྦྲགས། རྒྱ་གཞུང་གི་བྱ་སྤྱོད་དེ་དག་ལ་ད་ནས་ཨ་རིས་གྱོང་འཁྱེར་ནས་མ་བསྡད་པར་ལན་འདེབས་ཀྱི་བྱ་སྤྱོད་སྤེལ་གྱི་ཡིན་ཞེས་ཚོར་ཤུགས་ཆེན་པོས་གསུངས་པ་མ་ཟད། རྒྱ་གཞུང་གི་འགོ་ཁྲིད་རྣམས་ལ་ཨ་རིའི་སྲིད་འཛིན་གྱི་མགོ་ནམ་ཡང་གུག་གི་མ་རེད་ཅེས་བརྡ་ལན་གནང་འདུག ཨ་རིའི་སྲིད་འཛིན་གཞོན་པས་རྒྱ་ནག་གཞུང་གིས་ཆོས་དད་རང་མོས་ཐོག་བརྩི་མེད་རྡོག་རོལ་གྱིས་རྒྱ་ནག་ནང་ཡོད་པའི་ཡི་ཤུའི་ཆོས་ལུགས་ལ་དད་པ་བྱེད་མཁན་ཚོའི་ཐོག་སྡུག་རྩུབ་དང་ཡུ་གུར་མི་རིགས་ས་ཡ་གཅིག་ལྷག་ཙམ་རྒྱ་གཞུང་གིས་བཀག་ཉར་ཁང་དུ་བཅུག་ནས་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་བྱས་པ་མ་ཟད། པེ་ཅིང་ནས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཐོག་ལའང་རྡུག་རྩུབ་གཏོང་མུས་ཁྲོད་འདས་པའི་ལོ་བཅུག་ཕྲག་གཅིག་ནང་ཚུད་བོད་མི་ ༡༥༠༢༢ ལྷག་གིས་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་གི་སྡུག་རྩུབ་ལ་ངོ་རྒོལ་བྱས་ཡོད་ཅེས་མངོན་གསལ་གནང་འདུག རྩ་བའི་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ནང་ Reciprocal Access to Tibet Act ཞེས་ཨ་རིའི་མི་སེར་རྣམས་འདྲ་མཉམ་ཐོག་ནས་བོད་ལ་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་དེ་མང་མོས་ཀྱིས་གཏན་འབེབས་བྱུང་ཡོད་པའི་ཁྲོད། ཁ་ཉིན་ཨ་རིའི་ NPR གསར་འགྱུར་ལས་ཁང་ནས་ཡུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་པ་ Cui Tiankai ལ་ཨ་རི་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་སྐོར་དང་འབྲེལ་ནས་གལ་ཏེ་ཨ་རིའི་མཁས་དབང་དང་གསར་འགོད་པ་རྣམས་རྒྱ་ནག་སྤྱི་དང་ཡང་སྒོས་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་བོད་ཀྱི་ས་ཁུལ་ཁག་ཏུ་འགྲུལ་བཞུད་གནང་འདོད་ཡོད་ན། དེའི་ཐད་གཞུང་ཚབ་པའི་དགོངས་པ་བཞེས་ཕྱོགས་གང་ཡིན་སྐོར་བཅར་འདྲི་ཞུས་འདུག་པར་ཁོ་པས་རྒྱ་གཞུང་གི་ངོས་ནས་ཨ་རིའི་སློབ་ཕྲུག་དང་མཁས་དབང། དེ་བཞིན་གསར་འགོད་པ་རྣམས་བོད་ནང་ལ་མ་གཏོགས་རྒྱ་ནག་གི་ས་ཁུལ་གང་དུའང་ཕེབས་རྒྱུར་སྒོ་མོ་ཕྱེ་ཡོད་པ་དང་བོད་ནི་འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་ས་ཆ་མཐོ་བོར་ཆགས་ཡོད་རྐྱེན་འགྲུལ་བཞུད་བར་དཀའ་ངལ་འཕྲད་སྲིད་པ་བརྗོད་འདུག འོན་ཀྱང་གསར་འགོད་པ་དེས་ཨ་རིའི་རྒྱལ་ཁབ་ལའང་ས་ཆ་མཐོ་པོ་ཡོད་སྟབས་རྒྱལ་ཁབ་དེའི་མཁས་དབང་དང་གསར་འགོད་པ་རྣམས་ནས་དཀའ་ངལ་དེར་ལས་སླ་པོས་གདོང་ལེན་བྱེད་ཐུབ་པས་ཡིད་ཆེས་ཡོད་སྐོར་བརྗོད་སྐབས་གཞུང་ཚབ་པས་བོད་ནང་འགྲུལ་བཞུད་བྱེད་མཁན་མང་ཆེ་བས་ཡུལ་དེའི་གནམ་གཤིས་དང་རང་བྱུང་ཁམས་ཀྱི་གནས་སྟངས་བཅས་ལ་ལས་སླ་པོའི་གོམས་འདྲིས་བྱེད་ཐུབ་ཀྱི་མེད་ཚུལ་དང་ལྷག་དོན་རྒྱ་རིགས་ཁག་ཅིག་ཀྱང་མཚམས་རེ་བོད་ནང་མ་བདེ་བ་ཆགས་ཀྱི་ཡོད་ལུགས་བརྗོད་དེ་རྒྱ་གཞུང་ནས་བོད་ནང་གི་ས་གནས་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་ཚུལ་ལན་འདེབས་བྱས་འདུག ད་རེས་རྒྱ་ནག་གཞུང་ཚབ་པ་ tankai ཡིས་ཨ་རིའི་གསར་འགོད་པའི་དྲི་བར་ལན་འདེབས་བྱས་ཡོད་པ་དེར་སྤྱི་ཚོགས་དྲྭ་ལམ་ཏུ་སྐྱོན་བརྗོད་དང་འཕྱ་སྨོད་གནང་མཁན་མང་དག་ཞིག་བྱུང་ཡོད་པ་རེད།

རྒྱལ་སྤྱིའི་མང་གཙོའི་རྒྱལ་ཁབ་གཞན་ཁག་ནས་ཀྱང་བོད་དུ་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་པའི་ཁྲིམས་འཆར་གཏན་འབེབས་གནང་དགོས།

ཟླ་ ༡༠ ཚེས་ ༢ ཉིན་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་རྙིང་ཤོས་དབྱིན་ཡུལ་གྱི་ Tibet Society ཞེས་པའི་ཚོགས་གཙོ་དང་།  དེ་བཞིན་རྒྱལ་སྤྱའི་ཁྲིམས་ལུགས་དབང་སྒྱུར་ཚོགས་པ་ Global Committee of  Rule of Law ཚོགས་མི་ཡིན་པའི་སྐུ་ཞབས་Norman Barker ལགས་ཀྱིས་དཔྱད་རྕོམ་ཞིག་སྤེལ་ཏེ་ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ནང་དུ་འདྲ་མཉམ་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་གཏན་འབེབས་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་ཞེས་བརྗོད་པ་དང་ཆབས་ཅིག རྒྱལ་སྤྱིའི་མང་གཙོའི་རྒྱལ་ཁབ་གཞན་ནས་ཀྱང་དེ་མཚུངས་ཁྲིམས་འཆར་དེ་ལག་བསྟར་བྱེད་དགོས་པར་འབོད་སྐུལ་ཞུས་འདུག སྐུ་ཞབས་ Norman Barker ལགས་ནི་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཟུར་པ་དང་འདི་བཞིན་ཡུལ་དེའི་ནང་སྲིད་ལས་ཁུངས་ཀྱི་བློན་ཆེན་ཡང་གནང་མྱོང་ཡོད་པ་ཞིག་རེད་འདུག ཁོང་གིས་རྒྱ་ནག་གི་མི་སེར་རྣམས་རང་དབང་གི་ཐོག་ནས་ཨ་རི་དང་དབྱིན་ཡུལ་དུ་འགྲོ་བསྐྱོད་གནང་བཞིན་ཡོད་ཀྱང་རྒྱ་ནག་གིས་རྟག་ཏུ་ཨ་རི་དང་དབྱིན་ཡུལ་གྱི་གསར་འགོད་པ་དང་གཞུང་འབྲེལ་མི་སྣ། མི་སེར་དཀྱུས་མ་སོགས་བོད་དུ་འགྲོ་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་པ་དང་། ཕྱི་རྒྱལ་བ་གང་ཞིག་བོད་དུ་འགྲོ་རྒྱུའི་ཆོག་མཆན་རག་ནའང་རྒྱ་ནག་གི་དཔོན་རིགས་ཚོས་སྟངས་འཛིན་ནན་པོ་འོག་འགྲུལ་བསྐྱོད་བྱེད་བཞིན་ཡོད་སྟབས་བོད་མི་དཀྱུས་མ་ཞིག་ལ་ཁ་བརྡ་བྱེད་རྒྱུར་ཡང་འགོག་རྐྱེན་བཟོ་བཞིན་པ་མ་ཟད་ཁོང་ཚོར་འབྲེལ་འདྲིས་བྱུང་བའི་བོད་མི་ཚོ་གང་མགྱོགས་འཛིན་བཟུང་བྱས་ནས་མནར་གཅོད་གཏོང་རྒྱུའི་ཉེན་ཁ་འཕྲད་བཞིན་ཡོད་པར་འགྲེལ་བརྗོད་གནང་བ་དང་འབྲེལ།  ཁོང་དེ་སྔ་དབྱིན་ཡུལ་བློན་ཆེན་གྱི་ངོ་བོའི་ཐོག་ནས་རྒྱ་ནག་ལ་ཆེད་ཕེབས་གནང་སྐབས་སུ་བོད་ལ་བསྐྱོད་ཆོག་པའི་རེ་སྐུལ་བྱས་ཡོད་ཀྱང་རྒྱ་ནག་གིས་དེར་བཀག་སྡོམ་བྱས་ཡོད་པ་གསུངས་འདུག རྒྱལ་སྤྱའི་ཁྲིམས་ལུགས་དབང་སྒྱུར་ཚོགས་པའི་དྲ་གནས་ཐོག་བཀོད་པའི་དཔྱད་རྩོམ་དེའི་ནང་སྐུ་ཞབས་ Barker ལགས་ཀྱིས་སྲིད་འཛིན་ཞི་ཅིན་ཕིང་གྱི་འགོ་ཁྲིད་འོག་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་མ་ཟད། ཞི་ཅིན་ཕིང་གི་གོ་གནས་དེ་མའི་ཙེ་ཏུང་ལྟ་བུར་འགྱུར་བཞིན་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་ནི་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ང་ཚོའི་མི་ཚེའི་རིང་འཛམ་གླིང་གི་སྟོབས་ཤུགས་ཆེས་ཆེ་བའི་རྒྱལ་ཁབ་ཅིག་ཏུ་འགྱུར་སྲིད་པ་མ་ཟད་ཨ་རིའི་སྲིད་འཛིན་ Trump གྱིས་དབུ་ཁྲིད་པའི་རྒྱལ་ཁབ་དེ་ཡང་ད་ཆ་རྒྱལ་སྤྱིའི་གར་སྟེགས་ནས་ཕྱིར་འཐེན་བྱས་ནས་མ་འོངས་པར་འཛམ་གླིང་འདི་རྒྱ་ནག་ཁོ་ནར་དབང་ཐོག་ཕྱི་འབྲེལ་གྱི་སྲིད་བྱུས་ཡོད་ཚད་བཟོ་ཆོག་པའི་དུས་ཤིག་ཤར་སྲིད། གནས་སྟངས་དེའི་འོག་ནས་ཁྲིམས་འཆར་འདི་རྒྱ་ནག་ལ་གནོད་ཤུགས་སྤྲོད་བྱེད་ཀྱི་ལག་ཆ་ཡག་ཤོས་ཤིག་རེད་ཅེས་སོགས་གསུངས་འདུག གཞི་རྩའི་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཟླ་བ་སྔོན་མར་ཁྲིམས་འཆར་དེ་གཏན་འབེབས་བྱུང་རྗེས། ཁྲིམས་འཆར་འདོན་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས་ཁྲིམས་འཆར་དེ་གཏན་འབེབས་བྱུང་བ་ནི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་གལ་ཆེན་ཞིག་ཆགས་ཡོད་པདང་། དེ་བཞིན་རྒྱལ་སྤྱའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ Matteo Mecacci ལགས་ཀྱིས་ཀྱང་ཨ་རིའི་ངོས་ནས་ཁྲིམས་འཆར་དེ་ངོས་ལེན་བྱས་པ་ནི་རྒྱ་ནག་གིས་བོད་ལ་དྲག་པོའི་སྟངས་འཛིན་བྱེད་བཞིན་པར་ཨ་རིའི་ངོས་ནས་སེམས་ཁྲལ་ཡོད་པ་མཚོན་གྱི་ཡོད་པ་དང་།  ཨ་རིས་རྒྱ་ནག་ལ་ཤུགས་རྐྱེན་སྤྲད་པའི་ཐོག་ནས་བོད་ཀྱི་གནས་བབ་དེ་ཕྱི་ལོགས་སུ་ཤེས་བཅུག་ནས་དོན་དུ་རྒྱ་ནག་གི་དྲིལ་བསྒྲགས་ཡོད་ཚད་ཁོག་སྟོང་ཡིན་པ་ར་སྤྲོད་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིང་འོག་ཆོས་དད་རང་དབང་གི་གནས་སྟངས་ཆེས་ཇེ་སྡུག་ཏུ་སོང་ཡོད།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཉན་ཞིབ་ལས་རིམ་ཐོག་ལྷན་བཞུགས་དང་འབྲེལ། རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕེང་གི་འགོ་ཁྲིད་འོག་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་སྟངས་དེ་སྔར་ལས་ཆེས་ཇེ་སྡུག་དུ་སོང་ཡོད་པ་སྙན་གསེང་ཞུས་འདུག ཉན་ཞིབ་ལས་རིམ་དེའི་ཐོག་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་དང། རྒྱ་ནག་ནང་གི་ཆོས་དད་རང་དབང་ཐོག་ཕྱག་ལས་གནང་མཁན་ཡི་ཤུའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ ChinaAid ཞེས་པའི་ཚོགས་གཙོ་སྐུ་ཞབས་ Bob Fu དེ་བཞིན་ Religious Freedom Institute ཞེས་པའི་ཆོས་དད་རང་དབང་གོང་འཕེལ་ལྟེ་གནས་ཁང་གི་ཚོགས་གཙོ་ Thomas Farr བཅས་ནས་ལྷན་བཞུགས་གནང་འདུག སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་སྐབས་དེར། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་ཕྱི་ལོ་ ༡༩༩༩ ནས་འགོ་འཛུགས་ཀྱིས་ལོ་ལྟར་རྒྱ་ནག་དང་དེ་བཞིན་ཆོས་དད་རང་དབང་གི་གནས་བབ་ཀྱི་ཆ་ནས་སེམས་འཚབ་བྱེད་འོས་པའི་རྒྱལ་ཁབ་ཀྱི་གྲས་སུ་འཇོག་བཞིན་ཡོད་ནའང་། འདས་བའི་ལོ་ངོ་ཉི་ཤུའི་ནང་གི་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་སྟངས་དེ་ཡར་རྒྱས་ཕྱིན་མེད་པ་མ་ཟད། སྲིད་འཛིན་ཞི་ཅི་ཕེང་གི་འགོ་ཁྲིད་ཀྱི་འོག་སྔར་ལས་ཇེ་སྡུག་ལ་སོང་བའི་གནས་བབ་ཅིག་ཏུ་ལྷུང་ཡོད་ཅེས་གསུངས་འདུག ཁོང་གིས་ད་དུང་རྒྱ་ནག་ནང་ཆོས་ལུགས་ཅི་འདྲ་ཞིག་ཡིན་རུང་། རྒྱ་ནག་དམར་ཕྱོགས་ཚོགས་པའི་ཆབ་སྲིད་ཀྱི་ལྟ་གྲུབ་ལྟར་བསྐྱོད་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་བའི་ཐོག་ནས་ཆོས་ལུགས་དད་མོས་རང་དབང་གི་ཐོབ་ཐང་ཡོངས་སུ་རྡོག་རོལ་བཏང་ནས་བོད་བརྒྱུད་ནང་བསྟན་ཆོས་རྒྱུད་པ་དང། ཁ་ཆེ་བ། ཡི་ཤུ་ཆོས་ལུགས་པ། དེ་བཞིན་ཧྥ་ལུང་གོང་ཆོས་བརྒྱུད་པ་བཅས་ལ་བཙན་གནོན་དང་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་གསལ་སྟོན་གནང་བ་མ་ཟད། དཔེར་ན་ཆོས་ལུགས་ཀྱི་མཚོན་རྟགས་དང་ལྷ་ཁང་སོགས་རྩ་གཏོར་བཏང་ཡོད་པར་འགྲེལ་བརྗོད་གནང་ཡོད་འདུག སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་སྐབས་དེར་ད་དུང་། རྒྱ་ནག་གི་བཙོན་ཁང་དུ་ཚེ་བཙོན་གྱི་ཉེས་ཆད་མྱོང་བཞིན་པའི་ཡུ་གུར་བའི་ཐོབ་ཐང་རྩོད་ལེན་པ་ལྕམ་ Gulmira Imin ལགས་དང་། དེ་བཞིན་ ༢༠༡༥ ལོར་འཛིན་བཟུང་བྱས་པའི་རྒྱ་མིའི་ཁྲིམས་རྩོད་པ་དང་ཡིད་ཤུའི་དབུ་ཁྲིད་སྐུ་ཞབས་ Hu Shigen ལྷག་དོན་ ༡༩༩༥ ལོ་ནས་བཟུང་རྒྱ་མིའི་བཟང་བཙོན་འོག་ཡོད་པའི་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཅས་ཀྱི་གནད་དོན་དམིགས་བསལ་གྱིས་གླེང་བ་དང་སྦྲགས། རྒྱ་ནག་གིས་པཎ་ཆེན་བླ་མ་ངོས་འཛིན་བྱས་པ་དེ་ནི་ལོ་ངོ་སྟོང་ཕྲག་རིང་གི་བོད་རྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དེ་གཏོར་བཅོམ་བཏང་བ་ཞིག་ཡིན་པ་མ་ཟད། ༧གོང་ས་ཏ་ལའི་བླ་མའི་ཡང་སྲིད་ཀྱང་རྒྱ་ནག་གིས་འདེམས་སྒྲིག་བྱེད་རྩིས་ཡིན་པའི་བྱུས་ངན་ཞིག་ཀྱང་ཆགས་ཡོད་སྐོར་གསུངས་འདུག སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཐེངས་འདིའི་ཉན་ཞིབ་ལས་རིམ་དེ་དང་བསྟུན། ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་འབོད་སྐུལ་དོན་ཚན་བཞི་ཞུས་པའི་ཁོངས་སུ། ཨ་རིའི་གཞུང་ངོས་ནས་རྒྱ་ནག་དེ་རྟོག་ཞིབ་དམིགས་བསལ་བྱེད་དགོས་པའི་རྒྱལ་ཁབ་ཀྱི་སྒྲིག་ཁོངས་སུ་འཕྲལ་མ་ཉིད་དུ་འཇོག་དགོས་པ་དང། Global Magnitsky Act ཞེས་པའི་རྒྱལ་སྤྱིའི་སྟེང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཆར་གྱི་འོག་ནས། ཨ་རིའི་གཞུང་གིས་རྒྱ་ནག་ནང་གི་འགོ་གཙོ་ཚོ་དམ་བསྒྲག་གི་བཀའ་ཆད་གཏོང་དགོས་ཚུལ། གཞན་ཡང་དེ་སྔོན་རྒྱལ་སྤྱིའི་ཆོས་དད་རང་དབང་ཐད་བློན་ཆེན་རིམ་པའི་ལྷན་ཚོགས་ཚོགས་པ་ལྟར་རྒྱལ་སྤྱིའི་མཉམ་འབྲེལ་གྱི་ལས་དོན་ཤུགས་ཇེ་ཆེར་བཏང་ནས་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་འབབ་ཐོག་སྤྱི་བསྒྲགས་སྤེལ་དགོས་པ་དང། ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གཉིས་ཀའི་ངོས་ནས་དུས་ནས་དུས་སུ་རྒྱ་ནག་ནང་བསྐྱོད་དེ་ཆོས་དད་རང་དབང་གི་གནས་འབབ་ཐོག་རྒྱ་ནག་དང་གླེང་མོལ་བྱེད་དགོས་པ་བཅས་ཀྱི་འབོད་སྐུལ་ཞུས་པ་མ་ཟད། ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་བོད་ནང་དུ་འདྲ་མཉམ་གྱི་འགྲོ་སྐྱོད་ཆོག་པའི་ཁྲིམས་འཆར་གཏན་འབེབས་གནང་ཡོད་པ་ལྟར། གྲོས་ཚོགས་གོང་མའི་འཐུས་མི་ཚོས་ཀྱང་དེ་མཚུངས་གནང་དགོས་པའི་ཞུ་་སྐུལ་གནང་འདུག མཐའ་མར་ཁོང་གིས་ཆོས་ལུགས་དད་མོས་ནི་རྒྱལ་སྤྱིའི་སྟེང་འགྲོ་བ་མིའི་རིགས་ལ་གཅིག་གྱུར་གྱིས་ཚང་དགོས་བའི་གཞི་རྩའི་ཐོབ་ཐང་ཞིག་ཡིན་པས་ན། སུས་ཀྱང་དེ་ལ་སྟངས་འཛིན་བྱེད་ཐབས་མེད་པ་དང་། རྒྱ་ནག་གིས་ཆོས་དད་རང་མོས་ལ་བཀག་སྡོམ་བྱས་པ་དེ་ནི་རྒྱལ་སྤྱའི་ལམ་ལུགས་ལ་རྒོལ་རྡུང་བྱས་པ་ཁོ་ན་ཙམ་མིན་པར། མིའི་རིགས་ཀྱི་བསམ་བློའི་རང་དབང་ལ་ཚད་བཀག་བྱས་པ་ཞིག་ཆགས་ཡོད་པ་ཅེས་གསུངས་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ནང་རང་དབང་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་གཏན་འབེབས་བྱུང་འདུག

ཁ་སང་རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་ Reciprocal Access to Tibet Act ཞེས་ཨ་རིའི་མི་སེར་རྣམས་འདྲ་མཉམ་ཐོག་ནས་བོད་ལ་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་དེ་མང་མོས་ཀྱིས་གཏན་འབེབས་བྱུང་འདུག རྩ་བའི་ཁྲིམས་འཆར་དེ་ནི་སྔ་ལོ་ཨ་རིའི་གྲོས་ཚོགས་ཀྱི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་Jim Mcgovern ལགས་ཀྱིས་སྣེ་ཁྲིད་འོག་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ནང་འགོད་འབུལ་ཞུས་ཏེ་འདི་ལོའི་ཕྱི་ཟླ་ ༧ པའི་ནང་ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་ལུགས་ཚོགས་ཆུང་གིས་དེར་སྤྱི་མོས་ཐོག་རྒྱབ་སྐྱོར་ཞུས་པ་ཞིག་ཡིན་པ་དང་། དེའི་ནང་དོན་གཙོ་བོ་རྒྱ་ནག་གི་དཔོན་རིགས་དང་གསར་འགོད་པ། དེ་བཞིན་མི་སེར་རྣམས་ཨ་རིའི་ས་ཕྱོགས་གང་སར་རང་དབང་ངང་འགྲུལ་བསྐྱོད་ཀྱི་ཐོབ་ཐང་ཡོད་པ་བཞིན་དེ་མཚུངས་སུ་ Reciprocal Access ཞེས་ཨ་རིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་མི་སྣ་དང་གསར་འགོད་པ་དང་བོད་པ་ཨ་རི་མི་སེར་ཡིན་པ། དེ་བཞིན་ཨ་རི་བ་བཅས་བོད་དང་རྒྱ་ནག་ནང་རང་དབང་ངང་འགྲུལ་བསྐྱོད་ཆོག་པའི་ཐོབ་ཐང་འདྲ་མཉམ་སྤྲོད་དགོས་སྐོར་བཅས་འཁོད་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན། ཁ་སང་ཉིན་རྒྱབ་ཚོུད་ ༥པ་ཡོལ་ཙམ་ཐོག་ཨ་རིའི་གྲོས་ཚོགས་འོག་མ་ནས་ཨ་རིའི་མི་སེར་རྣམས་འདྲ་མཉམ་ཐོག་བོད་ལ་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་དེར་རྒྱབ་སྐྱོར་གྱིས་གཏན་འབེབས་བྱུང་རྗེས། ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས་དེ་རིང་གི་ཉིན་མོ་འདི་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཧ་ཅང་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང་། ཨ་རིའི་གཞུང་ནས་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་དྲང་བདེན་གྱི་ལངས་ཕྱོགས་ཤིག་འཛིན་པའི་ཐོག་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཤུགས་ཆེན་གཏོང་བཞིན་པའི་གནད་དོན་ཐད་ཡོངས་བསྒྲགས་ཐོག་སྐྱོན་བརྗོད་བྱ་དགོས་པའི་ནན་སྐུལ་གནང་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་ Ileana Ros-Lehtinen ལགས་ཀྱིས་ཁྲིམས་འཆར་འདི་ནི་བོད་མིར་རྒྱབ་སྐྱོར་མཚོན་ཐབས་བྱས་པ་ཙམ་མ་ཟད། རྒྱ་གཞུང་གིས་ཨ་རིའི་ཐོག་བཅངས་པའི་སྡང་ཟུག་གི་བློར་ཡ་ལན་བྱ་རྒྱུའི་ཐོག་ལའང་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་དང་། ལྷག་དོན་ཁོང་སྐུ་སྒེར་ངོས་ནས་ཨ་རི་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཐད་རྒྱ་གཞུང་གིས་ངན་བྱུས་ཤིག་བཏིང་དང་འདིང་བཞིན་པའི་མཇུག་འབྲས་ཐོག་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་ནའང་། ད་ཆ་ཁྲིམས་འཆར་དེའི་བརྒྱུད་རྒྱ་གཞུང་ནས་བོད་མིའི་ཐོག་སྤེལ་བཞིན་པའི་ཚུལ་མིན་དང་དྲག་གནོན་གྱི་བྱ་སྤྱོད་ཁག་ལ་ཨ་རིའི་གཞུང་གིས་སྣང་མེད་དུ་འཇོག་ཐབས་མེད་པའི་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་པར་ནན་བརྗོད་གནང་འདུག དེ་དང་ཆབས་ཅིག་ལྕམ་སྐུ་མཆོག་གིས་ཨ་རིའི་གཞུང་ནས་རྒྱ་ནག་དང་འབྲེལ་མོལ་ཁྲོད་བོད་ཀྱི་གནད་དོན་དེ་གཙོ་གྲས་སུ་ངོས་འཛིན་དགོས་པའི་ཞུ་སྐུལ་དང་སྦྲགས་ནས་དེ་རིང་གི་ཁྲིམས་འཆར་དེའི་བརྒྱུད་ཨ་རིའི་གཞུང་ནས་དེའི་ཕྱོགས་སུ་མདུན་བསྐྱོད་གནང་བཞིན་པར་ངོས་རང་དགའ་བ་སྐྱེད་ཀྱི་འདུག་ཅེས་གསུངས་འདུག ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིཚོགས་གཙོ་ Matteo Mecacci ལགས་ཀྱིས། ད་ལན་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་ཨ་རིའི་མི་སེར་རྣམས་འདྲ་མཉམ་ཐོག་ནས་བོད་ལ་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་ལ་རྒྱབ་སྐྱོར་གཏན་འབེབས་བྱུང་བ་དེས་ཡུལ་དེའི་གྲོས་ཚོགས་འཐུས་མི་ངོས་ནས་མུ་མཐུད་བོད་མིའི་གནད་དོན་ཐད་སེམས་འཁུར་ལེན་བཞིན་པའི་རྣམ་པ་མངོན་གསལ་བྱས་ཡོད་པ་མ་ཟད། ཨ་རིའི་གཞུང་གི་ངོས་ནས་རྒྱ་གཞུང་ལ་བོད་དེ་རྒྱལ་སྤྱིའི་ཁྲོད་སྒོ་མོ་ཕྱེ་དགོས་པའི་གནད་དོན་ཐད་ལ་གནོན་ཤུགས་སྤྲོད་རྒྱུའི་གསལ་བསྒྲགས་ཤུགས་ཆེན་ཞིག་ཀྱང་ཆགས་ཀྱི་ཡོད་པ་གསུངས་འདུག

Latest news