Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ཐོག་དོན་ཕན་ལྡན་པའི་ཕྱག་ལས་གནང་བ་མངོན་རྒྱུ་མི་འདུག

རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་སྐུ་ཞབས་ Zeid Ra’ad Al Hussein མཆོག་གིས་རྒྱ་ནག་གཞུང་ནས་འདས་པའི་ལོ་དུས་ནང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དོན་ཕན་ལྡན་པའི་ཕྱག་ལས་གནང་བ་མངོན་རྒྱུ་མི་འདུག་ཅེས་གསུངས་འདུག དེའང་ཟླ་ ༢ ཚེས་ ༢༦ ནས་འགོ་འཛུགས་ཀྱིས་ Swiss གྲོང་ཁྱེར་ Geneva ནང་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་ ༣༧ འཚོགས་བཞིན་པ་དང་བསྟུན། ཁ་སང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་སྐུ་ཞབས་ Zeid Ra’ad Al མཆོག་ནས་ཚོགས་བཅར་བ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོའི་སྐུ་ཚབ་མི་སྣར་ལྷན་ཁང་དེའི་ལོ་འཁོར་ལས་བསྡོམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སྙན་གསེང་ཞུས་འདུག སྐབས་དེར་གཙོ་འཛིན་མཆོག་ནས་སྔར་ལོ་ཡང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་རྒྱ་ནག་གཞུང་ནས་བོད་དང་ཤིན་ཅང་ས་ཁུལ་དུ་ཞི་རྒོལ་བ་འཛིན་བཟུང་བྱས་ཏེ་ཁྲིམས་ཐག་བཅད་པ། བཙོན་ཁང་ལ་ཁྲིམས་མཐུན་མ་ཡིན་པའི་མནར་སྤྱོད་བཏང་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་ཁྲིམས་རྩོད་པ་རྣམས་འཛིན་བཟུང་བྱས་པ་སོགས་ཀྱི་ཞུ་སྙན་མུ་མཐུད་འབྱོར་བཞིན་ཡོད་པ་གསུངས་འདུག སྲིད་འཛིན་ཞི་ཅིང་ཕིང་གིས་འདས་པའི་ལོ་དུས་ནང་ལ་མང་ཚོགས་དབུས་བཞག་ཐོག་འཛུགས་བསྐྲུན་གྱི་ལས་གཞི་རྒྱ་སྐྱེད་བཏང་སྟེ། རྒྱལ་ཁབ་དང་མང་ཚོགས་ཀྱི་བདེ་དོན་བསྒྲུབ་ཀྱི་ཡིན་ཞེས་བརྗོད་ཡོད་ཀྱང་། བློ་ཕམ་ཀྱི་གནས་སྟངས་ཤིག་ནི་འདས་པའི་ལོ་དུས་ནང་ལ་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དོན་ཕན་ལྡན་པའི་ཕྱག་ལས་གང་ཡང་གནང་མེད་ཅེས་གསུངས་འདུག རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཁྲོད་མང་ཚོགས་རྣམས་ལ་དཔལ་འབྱོར་དང་སྤྱི་ཚོགས། དེ་བཞིན་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་རང་དབང་ཐོག་དཀལ་ངལ་མུ་མཐུད་འཕྲད་བཞིན་ཡོད་པ་འགྲེལ་བརྗོད་དང་སྦྲགས། རྒྱལ་ཚོགས་ཀྱི་ངོས་ནས་རིང་མིན་ཕྱི་ཟླ་ ༡༡ ནང་རྒྱལ་ཚོགས་སུ་ཚོགས་གཏན་འཁེལ་བའི་རྒྱ་ནག་ནང་གི་དུས་བཀག་བསྐྱར་ཞིབ་ལས་རིམ་ཐོག་གླེང་སློང་དང་འདྲི་རྩད་ནན་པོ་གནང་རྒྱུ་་ཡིན་ཞེས་གསུངས་འདུག དེ་དང་ཕྱོགས་མཚུངས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ཁ་སང་ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་མི་སྣ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྟོག་ཞིབ་ཞུ་སླད་ཆེད་གཏོང་དགོས་ཞེས་བསྐྱར་ནན་གསུངས་འདུག

རྒྱལ་སྤྱིའི་ཁྲོད་གསུམ་བཅུའི་དུས་དྲན་ཐེངས་ ༥༩ པ་སྲུང་བརྩི་དབུ་འཛུགས་གནང་བ།

ཕྱི་ཟླ་ ༣ ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༥༩ པ་དང་བསྟུན། ཨ་རི་དང་ཨིན་ཡུལ། བྷེལ་ཇམ་སོགས་ཀྱི་རྒྱལ་ཁབ་ནང་དུ་བོད་དོན་རྒྱབ་སྐྱོར་དང་སྦྲགས་ཏེ་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་རྒྱུ་སོགས་ལས་འགུལ་སྣ་མང་དབུ་འཛུགས་གནང་འདུག དེ་ཡང་དབྱིན་ཡུལ་ Northampton གྲོང་ཁྱེར་དུ་རྒྱ་རིགས་ཚོང་པ་གཉིས་ཀྱིས་བཀག་འགོག་བྱས་མིན་ལ་ལྟོས་མེད་ཟླ་བ་འདིའི་ཚེས་ ༥ ཉིན་ Northampton གྲོང་ཁྱེར་གྱི་སྤྱི་ཁྱབ་སྐུ་ཞབས་ Gareth Eales ལགས་དང་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་གཞོན་ Phil Larratt ལགས། བོད་དོན་རྒྱབ་སྐྱོར་བ་ལྩམ་ Caroline Scattergood ལགས། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཆོས་འཕེལ་ཚེ་རིང་ལགས། དེ་བཞིན་ས་གནས་མང་ཚོགས་ ༡༤༠ ལྷག་མཉམ་ཞུགས་ཀྱིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཐེངས་ ༡༩ པ་དེ་གནང་སྟེ་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བཏོན་འདུག གྲོང་ཁྱེར་གྱི་སྤྱི་ཁྱབ་པ་མཆོག་ནས་སྐབས་དེར་འདི་ལོ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་དེར་རྒྱབ་སྐྱོར་གནང་བ་མ་ཟད། བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཐོག་གསལ་ཁ་བཟོ་དགོས་གལ་ཡིན་པ་གསུངས་འདུག དེ་བཞིན་ཨིན་གྱི་ཡུལ་སྐུ་ཚབ་དོན་གཅོད་ཆོས་འཕེལ་ཚེ་རིང་ལགས་ནས་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་གཙོས་པའི་མང་ཚོགས་ཀྱིས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞེས་གསུངས་པ་དང་སྦྲགས། རྒྱ་རིགས་ཚོང་པ་གཉིས་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱ་རྒྱུར་ངོ་རྒོལ་བྱས་པ་ནི་མང་གཙོའི་རྒྱལ་ཁབ་ནང་དུ་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་པ་ཞིག་ཡིན་ནའང་། བོད་ནང་རྒྱ་གཞུང་གིས་བཏང་འཛིན་འོག་ཏུ་ཡོད་པའི་གཞིས་ལུས་བོད་མིའི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་སྐབས་རྒྱ་གཞུང་ནས་དེར་ཁྲིམས་འགལ་ཞིག་ཏུ་ངོས་འཛིན་ནས་བཙོན་འཇུག་དང་བཀག་སྐྱིལ་བྱས་ཡོད་པ་གསུངས་ཡོད། རྩ་བའི་ཨིན་ཡུལ་གྱི་གྲོང་ཁྱེར་ Northampton ནང་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱ་རྒྱུའི་ལས་འགུལ་དེ་ནི་བོད་དོན་རྒྱབ་སྐྱོར་བ་ལྕམ་ Caroline Scattergood ལགས་ཀྱིས་ཕྱི་ལོ་ ༡༩༩༩ ལོར་འགོ་འཛུགས་གནང་བ་ཞིག་ཡིན་པ་དང་། ད་བར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ནས་ལོ་ངོ ༡༩ ཕྱིན་ཡོད་པ་རེད། དེ་ཡང་ཁ་སང་ཕྱི་ཚེས་ ༧ ཉིན་ཨིན་ཡུལ་གྱི་རྒྱལ་ས་ London ནང་དུ་ Tibet Society ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ནས་མཉམ་སྦྲེལ་ཐོག་ཡུལ་དེའི་གྲོས་ཚོགས་ཀྱི་ཉེ་འཁྲིས་སུ་ཡོད་པའི་ West Minster Abbey ཞེས་པའི་ཡི་ཤུའི་ལྷ་ཁང་གི་ཕྱི་ཕྱོགས་སུ་མེ་ཏོག་གི་མཆོད་པ་ཕུལ་ཏེ་ ༡༩༥༩ ལོའི་གསུམ་བཅུའི་དུས་དྲན་གྱི་སྒེར་ལངས་སྐབས་ཚེ་སྲོག་ཤོར་བའི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཞུས་འདུག ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པ་ Tin Loughton ལགས་ཀྱིས་སྐབས་དེར་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཛ་དྲག་གི་དུས་སྐབས་དེའི་ཁྲོད་ཨིན་ཡུལ་གྱི་གྲོས་ཚོགས་ཀྱི་ངོས་ནས་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཀྱང་བོད་མི་ཚོས་མྱོང་བཞིན་པའི་དཀའ་སྡུག་ལ་དོ་སྣང་བྱ་རྒྱུའི་དུས་ལ་བབ་ཡོད་པ་སོགས་གསུངས་འདུག West Minster Abbey སུ་ཚོགས་པའི་མཛད་སྒོ་དེ་ནི་ Tibet Society བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་དང་ཨིན་ཡུལ་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ Bernavd weatherill ལགས་རྣམ་གཉིས་ཀྱིས་ལོ་ ༡༢ གོང་ནས་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། ཐེངས་འདིའི་མཛད་སྒོའི་ཐོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཆོས་འཕེལ་ཚེ་རིང་ལགས་དང་འཇམ་དབྱངས་ཆོས་ཚོགས་ཀྱི་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་སོགས་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་མཉམ་ཞུགས་གནང་ཡོད་འདུག མཛད་སྒོ་དེ་གྲུབ་རྗེས་ Tibet Society དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རང་དབང་ལས་འགུལ་ཁང་། དེ་བཞིན་ཨིན་ཡུལ་བོད་རིགས་ཚོགས་པ་བཅས་ཐུན་ཐོང་གིས་ཨིན་ཡུལ་གྲོས་ཚོགས་ཀྱི་འཐུས་མིའི་ཁྲོད་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་དབུ་འཛུགས་གནང་འདུག དེ་དང་ཕྱོགས་མཚུངས་ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ལ་རྒྱབ་སྐྱོར་དང་སྦྲགས་ཏེ་ཨ་རིའི་ Albany གྲོང་ཁྱེར་ནང་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༥༩ པ་དེ་ Tibet Day འམ་བོད་ཀྱི་ཉིན་མོ་ཞེས་གཞུང་འབྲེལ་གྱི་སྲུང་བརྩི་ཞུ་རྒྱུ་ཡོངས་བསྒྲགས་གནང་འདུག དེ་ཡང་གྲོང་སྡེའི་སྤྱི་ཁྱབ་ Peggy McQuaid ལགས་ཀྱི་མཚན་རྟགས་བཀོད་པའི་ཡོངས་ཁྱབ་དེའི་ནང་དྲག་པོའི་གནོན་ཤུགས་འོག་ཏུ་ཡོད་པའི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག ལོརྒྱུས་སོགས་སྲུང་སྐྱོབ་བྱ་རྒྱུའི་སླད་དུ་ཨ་རི་གཞུང་ནས་དུ་རྟག་ཏུ་རྒྱབ་སྐྱོར་ཡོད་པ་མ་ཟད། འཚེ་མེད་ཞི་བའི་འཐབ་རྩོད་ལའང་རྒྱབ་སྐྱོར་ཡོད་མངོན་གསལ་བཀོད་ཡོད་པ་རེད། གཞན་ཡང་ཕྱི་ཟླ་ ༣ ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེར་ལངས་གནང་པའི་གསུམ་བཅུའི་དུས་དྲན་ནམ་ཡིན་ལ་རྒྱ་ནག་གཞུང་གི་གནོན་ཤུགས་འོག་འདས་པའི་ལོ་མང་རིང་ནས་བལ་ཡུལ་དུ་བཞུགས་པའི་བོད་མི་རྣམས་ལ་བལ་ཡུལ་གཞུང་ནས་གནད་ཆེ་བའི་དུས་དྲན་དེ་སྲུང་བརྩི་ཞུ་རྒྱུར་ཆོག་མཆན་གནང་གི་མེད་པ་ལྟར། ད་རེས་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༥༩ པ་སྲིང་བརྩི་ཞུ་རྒྱུའི་བཀའ་འཁྲོལ་ཐོབ་མེད་པ་རེད་འདུག དེའང་བལ་ཡུལ་བོད་མིའི་བདེ་དོན་ལས་ཁང་གིས་ཟླ་བ་འདིའི་ཚེས་ ༦ ཉིན་བལ་ཡུལ་གཞུང་ནས་འདི་ལོ་ཡང་ཁུལ་དེའི་བོད་མི་ཚོར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་བཀའ་འཁྲོལ་ཐོབ་མེད་པའི་གལ་ཆེའི་བརྡ་ཁྱབ་ཞིག་སྤེལ་བ་དང་འབྲེལ། བལ་ཡུལ་དུ་བཞུགས་པའི་བོད་མིའི་ཚོའི་ངོས་ནས་མི་མང་འདུ་འཛོམས་དང་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་རིགས་སྤེལ་རྒྱུ་མེད་པའི་འབོད་སྐུལ་ཞུས་འདུག་པ་མ་ཟད། བོད་མི་སོ་སོ་ནས་རང་ཁྱིམ་དུ་ཕྱག་འཆོད་དང་འབྲེལ་རྣམ་དཀར་དགེ་ལས་ལ་འབད་སྤུངས་གནང་ཐོག་སྲུང་བརྩི་ཞུ་འཐུས་ཆོག་པའི་གཞེན་སྐུལ་གནང་འདུག གཞི་རྩའི་བལ་ཡུལ་གཞུང་གིས་བོད་མི་རང་དབང་སྒར་ལངས་གསུམ་བཅུ་དུས་དྲན་གྱི་མཛད་སྒོ་མ་འཚོགས་གོང་ནས་ཁུལ་དེའི་བོད་མི་གནས་ཡུལ་དང་དགོན་ཁག་ཏུ་ཉེན་རྟོག་པ་འགྲེམས་འཇོག་གིས་དོ་ནན་དམ་དྲག་བྱས་དང་བྱེད་མུས་ཡིན་པ་རེད།

བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནད་དོན་ཐོག་ཨོ་སི་ཊོ་ལི་ཡ་གཞུང་ནས་ཞུ་སྐུལ་གང་གནང་ཡོད་མེད་ཐད་ལ་འདྲི་རྩད་གནང་བ།

གྲོས་ཚོགས་འཐུས་མི་ལྕམ་ Lisa Singh ལགས་ཀྱིས་ཨོ་སི་ཊོ་ལི་ཡ་གཞུང་གི་ངོས་ནས་བོད་མི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནད་དོན་ཐོག་རྒྱ་གཞུང་ལ་ཞུ་སྐུལ་གང་ཞིག་གནང་ཡོད་མེད་སོགས་ཀྱི་སྐོར་ལ་འདྲི་རྩད་གནང་འདུག Australia Tibet Council ཞེས་པའི་ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཀྱིས་དེ་རིང་འདོན་སྤེལ་གནང་བའི་བརྙན་པར་དེའི་ནང་ལྕམ་ Lisa Singh ལགས་ནས་ Australia འི་གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་རྒྱལ་སྲུང་དེ་བཞིན་ཚོང་འབྲེལ་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་ཐོག་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཙོས་པའི་བོད་མི་ལས་འགུལ་བ་དང་རྒྱ་རིགས་ཁྲིམས་རྩོད་པ་མང་དག་ཞིག་རྒྱ་གཞུང་གིས་དོ་དམ་བཀག་ཉར་བྱས་ཡོད་པ་མ་ཟད། གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཡང་མང་དག་ཞིག་འབྱུང་བཞིན་པ་བཅས་ཀྱི་ཐོག་ཨོ་སི་ཊོ་ལི་ཡ་གཞུང་ནས་ཕྱག་ལས་གང་གནང་ཡོད་མེད་དང་། ལྷག་ཏུ་ཡུ་རོབ་མཐུན་ཚོགས་དང་འཇར་མ་ནི། དབྱིན་ཡུལ་སོགས་ཀྱི་སྐུ་ཚབ་ཁག་ཅིག་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་བཤེར་སྐབས་བཅར་ཐབས་གནང་ཡོད་པ་ལྟར། ཨོ་སི་ཊོ་ལི་ཡ་གཞུང་ནས་དེ་ལྟར་ཐབས་ཤེས་གནང་ཡོད་མེད་དང་གནད་དོན་དེའི་ཐད་ལ་གོ་རྟོགས་གང་ཡོད་མེད་སོགས་ཀྱི་འདྲི་རྩད་གནང་འདུག སྐབས་དེར་ཨོ་སི་ཊོ་ལི་ཡ་ཕྱི་སྲིད་ལས་ཁུངས་ཀྱི་བྱང་ཨེ་ཤ་ཡའི་དྲུང་ཆེ་ལས་རོགས་སྐུ་ཞབས་ Graham Fletcher ལགས་ཀྱིས་ཨོ་སི་ཊོ་ལི་ཡ་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཐུགས་ཁུར་ཆེ་བཞེས་གནང་བཞིན་པ་དང། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་གང་ཟག་རེ་རེའི་གནད་དོན་ཐད་ལ་ཡོངས་ཁྱབ་བསྒྲགས་གཏམ་ཐེངས་གསུམ་སྤེལ་བ་མ་ཟད། རྒྱ་གཞུང་གི་དཔོན་རིགས་ཚོ་དང་དངོས་སུ་མཇལ་འཕྲད་ཀྱིས་བགྲོ་གླེང་ཐེངས་ ༢༠ ཙམ་གནང་ཡོད་པ་གསུངས་འདུག ཁོང་གིས་སྐབས་དེར་ད་དུང་ཨོ་སི་ཊོ་ལི་ཡ་གཞུང་གི་ངོས་ནས་བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་ཐོག་གོ་རྟོགས་གསལ་པོ་ཡོད་པ་མ་ཟད། སྔ་ལོ་ཕྱི་ཟླ་ ༢ པའི་ནང་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་དང་དེ་བཞིན་ཕྱི་ཟླ་ ༡༠ པའི་ནང་བོད་ཀྱི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་ཨོ་སི་ཊོ་ལི་ཡར་ཕེབས་སྐབས་བཀའ་བསྡུར་གནང་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ཨོ་སི་ཊོ་ལི་ཡ་གཞུང་ནས་རྒྱ་ནག་གིས་ཆེས་དོ་དམ་བཀག་ཉར་བྱས་པའི་ལས་འགུལ་བ་སྤྱི་དང་སྒོས་སུ་བོད་མི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་ཐོག་རྒྱ་གཞུང་ལ་མུ་མཐུད་ནས་སྐུལ་དེད་ཞུ་རྒྱུར་ཞལ་བཞེས་གནང་ཡོད་པ་རེད་འདུག ལྕམ་སྐུ་ Lisa Singh ལགས་ཀྱིས་ལྷན་ཚོགས་དེའི་ཐོག་ཏུ་ད་དུང་རྒྱ་ནག་དང་ཨོ་སི་ཊོ་ལི་ཡ་གཉིས་ཀྱི་དབར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ལས་རིམ་དེ་འདས་པའི་ལོ་བཞི་ཙམ་ནས་མཚམས་ཆད་པའི་རྒྱུ་མཚན་གང་ཡིན་བཀའ་འདྲི་ཞུས་པར་སྐུ་ཞབས་ Graham Fletcher ལགས་ཀྱིས་དེ་ནི་རྒྱ་ནག་གཞུང་ཕྱོགས་ནས་དུས་ཚོད་ངེས་གཏན་ཞིག་གནང་གི་མེད་རྐྱེན་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། ཆབ་སྲིད་ཀྱི་རང་དབང་དང་རྒྱལ་ཚོགས་ཀྱི་སྤྱི་དམངས་ཐོབ་ཐང་གི་འབྲུ་དོན་ནང་འཁོད་པའི་གནད་དོན་གྱི་ཆ་ནས་བཤད་ཚེ་རྒྱ་ནག་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་འདུག རྩ་བའི་བཀྲ་ཤིས་དབང་ཕྱུག་ལགས་ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་ New York Times གསར་ཁང་གི་བརྙན་འཕྲིན་ལས་རིམ་ནང་རྒྱ་གཞུང་གི་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་བཞིན་པའི་གནས་སྟངས་འགྲེལ་བརྗོད་གནང་རྐྱེན་རྒྱ་གཞུང་ནས་ཁོང་ཆབ་སྲིད་ཀྱི་ནག་ཉེས་འོག་འཛིན་བཟུང་བྱས་པ་མ་ཟད། འདི་ལོ་ཟླ་ ༡ ཚེས་ ༤ ཉིན་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཁྲིམས་བཤེར་བྱས་ཡོད་པ་ལྟར། སྐབས་དེར་ཡུ་རོབ་མཐུན་ཚོགས་དང་དབྱིན་ཡུལ། འཇར་མ་ནི་སོགས་ཀྱི་གཞུང་ཚབ་ལས་ཁང་སོ་སོའི་སྐུ་ཚབ་ཁག་ཅིག་ཆེད་མངགས་ཁུལ་དེར་ཆེད་ཕེབས་གནང་ཡོད་ཀྱང་རྒྱ་གཞུང་ནས་ཁོང་རྣམ་པ་ཁྲིམས་ཁང་ནང་བཞུགས་བཅུག་མེད་པ་རེད།

ཨ་རིའི་མེ་ཌི་སོན་གྲོང་སྡེ་ལྷན་ཚོགས་ནས་བོད་ཀྱི་སྐད་ཡིག་དེ་གཞུང་འབྲེལ་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཁོངས་སུ་ངོས་འཛིན་གནང་བ།

ཉིན་ཤས་གོང་ཨ་རིའི་ Wisconsin མངའ་ཁུལ་གྱི་བོད་མི་ཚོས་མངའ་ཁུལ་དེའི་ Madison གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་འདུ་ཐོག་བོད་ཀྱི་སྐད་ཡིག་གི་གལ་གནད་དང་ངོ་བོ་སོགས་སྙན་གསེང་ཞུས་ཏེ་བོད་ཀྱི་སྐད་ཡིག་དེ་མངའ་ཁུལ་དེའི་གཞུང་འབྲེལ་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཁོངས་སུ་ངོས་འཛིན་གནང་སྐྱོང་ཡོང་བར་ཞུ་གཏུགས་གནང་འདུག་པ་དང་། སྐབས་དེར་མེ་ཌི་སོན་གྲོང་སྡེ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་མི་རྣམས་ཀྱིས་སྤྱི་མོས་ཐོག་འདི་ལོ་ནས་བཟུང་བོད་ཀྱི་བོད་ཀྱི་སྐད་ཡིག་དེ་གཞུང་འབྲེལ་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཁོངས་སུ་ངོས་འཛིན་གནང་ཡོད་པ་རེད། དེའང་ Wisconsin བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་དེ་ནི་གྲུབ་འབྲས་ཆེན་པོ་ཞིག་ལ་ངོས་འཛིན་གནང་བ་དང་། ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་བློ་བཟང་བསྟན་འཛིན་ལགས་ཀྱིས་མང་ཚོགས་ཀྱི་ཁྲོད་ལ་བོད་རྒྱལ་ཁབ་དེ་རང་དབང་ལྡན་པའི་རྒྱལ་ཁབ་ཞིག་ཡིན་པ་མཚོན་ཐུབ་སྐོར་གསུངས་ཡོད། རྩ་བའི་སྔ་ལོའི་ནང་ཨོ་སི་ཊོ་ལི་ཡ་རྒྱལ་ཁབ་ཀྱི་ New South Wales ནས་བོད་ཀྱི་སྐད་ཡིག་དེ་ངོས་འཛིན་གྱིས་ས་གནས་ཀྱི་གཟའ་མཇུག་སློབ་གྲྭ་ཁག་ལ་གཞུང་འབྲེལ་རོགས་རམ་ཐོབ་ཡོད་པ་མ་ཟད། ཨོ་སི་ཊོ་ལི་ཡའི་རླུང་འཕྲིན་ཁང་ཤེས་གྲས་ SBS ལས་རིམ་ནང་བོད་སྐད་ལེ་ཚན་དབུ་འཛུགས་གནང་རྒྱུ་ཡོངས་བསྒྲགས་གནང་ཡོད་པ་རེད།

ཡོ་རོབ་མཐུན་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་མཆོག་ནས་བཀྲིས་དབང་ཕྱུག་ལགས་ཀྱི་བསམ་སྤྱོད་རང་དབང་སྲུང་སྐྱོབ་དགོས་པ་གསུངས་འདུག

སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའ་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༣༧ པ་ཚོགས་བཞིན་པ་དང་བསྟུན། ཁ་ཉིན་ཟླ་ ༢ ཚེས་ ༢༧ ཉིན་ཡོ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Stavros Lambrinidis ལགས་ཀྱིས་ལྷན་ཚོགས་དེའི་ཐོག་རྒྱ་ནག་གཞུང་གི་ངོས་ནས་བཀྲིས་དབང་ཕྱུག་ལགས་ཀྱིས་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་འཕེལ་ཡོང་སླད་ལས་འགུལ་སྤེལ་མཁན་ཚོའི་བསམ་སྤྱོད་རང་དབང་སྲུང་སྐྱོབ་བྱེད་དགོས་གལ་ཡིན་པ་གསུངས་འདུག དེའང་སྐུ་ཞབས་ Stavros Lambrinidis ལགས་ཀྱིས་སྐབས་དེར་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་ལྷན་ཚོགས་ཐོག་གཏམ་བཤད་གནང་སྐབས་བྱང་ཀོ་རི་ཡ་དང་སིརྱ། བྷར་མ་བཅས་ཀྱི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་བློ་འཚབས་ཆེན་པོ་ཡོད་སྐོར་གསུངས་པ་དང་སྦྲགས། རྒྱ་ནག་གཞུང་གི་ངོས་ནས་ཡུལ་དེའི་ནང་དུ་རང་སྣང་གང་དྲན་གྱིས་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་ཁྲིམས་རྩོད་པ་སོགས་འཛིན་བཟུང་དང་བཀག་སྐྱིལ་བྱས་པ་མ་ཟད། རྒྱ་རིགས་ཁྲིམས་རྩོད་པ་སྐུ་ཞབས་ Wang Quanzhang ལགས། Lee Ming Che ལགས། Yu Wensheng ལགས་སོགས་ཀྱི་གནད་སྟངས་ལ་དམིགས་བསལ་བློ་འཚབ་ཡོད་པ་གསུངས་པ་དང་ཆབས་ཅིག བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་གཙོ་འགྱུར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་འགུལ་བ་རྣམས་ཀྱི་བསམ་སྤྱོད་རང་དབང་སྲུང་སྐྱོབ་གནང་དགོས་ཡོད་སྐོར་ནན་བརྗོད་གནང་འདུག ཁོང་གིས་སྐབས་དེར་ད་དུང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཕྱག་ལས་གནང་མཁན་གྱི་ལས་འགུལ་བ་རྣམས་ཁེར་རྐྱང་མ་ཡིན་པར་ཁོ་ཚོའི་རྒྱབ་ཏུ་ཡོ་རོབ་མཐུན་ཚོགས་རྟག་ཏུ་ཡོད་ཅེས་ནན་བརྗོད་གནང་བ་མ་ཟད། ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་སླད་ཕྱག་ལས་གནང་མཁན་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་སུ་འདྲ་ཞིག་དང་དེ་འབྲེལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་སུ་ཞིག་ཡིན་རུང་དེ་དག་ལ་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་ཡིན་ཞེས་ཞལ་བཞེས་གནང་འདུག ཁྱད་པར་དུ་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་དེའི་ནང་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་མེད་པ་ལ་རྒྱལ་ཁབ་ནང་ཞི་བདེ་དང་བདེ་འཇགས་བརྒྱུད་འཛིན། གོ་ལའི་ཁོར་ཡུག་སྲུང་སྐྱོབ། སྤྱི་ཚོགས་ཁྲོད་དྲང་བདེན་དང་བཟོད་བསྲན། འདྲ་མཉམ་བཅས་ནམ་ཡང་ཡོང་ཐུབ་ཐབས་མེད་ཅེས་གསུངས་འདུག སྐུ་ཞབས་ Stavros Lambrinidis ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་སྲུང་སྐྱོབ་བྱ་རྒྱུ་དེ་རྒྱལ་ཁབ་ཕན་ཚུན་དབར་གྱི་འབྲེལ་ལམ་ཁྲོད་མེད་ཐབས་མེད་པའི་ཆེས་སྙིང་པོ་དེ་ཡིན་པ་དང་། རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་གཞི་མ་ལྟ་བུ་ཆགས་ཡོད་པ་མ་ཟད་ཡོ་རོབ་མཐུན་ཚོགས་ཐོག་མ་གསར་འཛུགས་གནང་བའི་དགོས་དམིགས་གཙོ་གནད་དེའང་ཡིན་སྐོར་གསུངས་ཡོད།

རྒྱ་ནག་གི་སྲིད་འཛིན་ལས་ཡུན་ལ་ཚད་བཀག་མེད་པ་བཟོ་རྒྱུ་དེ་རྒྱལ་ནང་དུ་ཟིང་འཁྲུག་གི་ས་བོན་བཏབ་པ་ཞིག་རེད།

ཉེ་ཆར་རེས་གཟའ་ཉི་མའི་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཁང་ནས་ཡུལ་དེའི་རྩ་ཁྲིམས་ནང་གསལ་བའི་གནད་དོན་ཁག་ཅིག་ལ་བསྐྱར་བཅོས་བྱ་རྒྱུའི་གྲོས་གཞི་འདོན་སྤེལ་བརྒྱུད། དེ་སྔ་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་ལ་གསལ་བའི་རྒྱ་ནག་གི་སྲིད་འཛིན་དུས་ཡུན་ལ་ཚད་བཀག་ལོ་བཅུ་ཞེས་འཁོད་པ་དེ་ཕྱིར་འཐེན་བྱས་ཏེ་སྲིད་འཛིན་གྱི་ལས་ཡུན་ལ་དུས་བཀག་ཚད་གཞི་མེད་པ་བཟོ་རྒྱུ་ཡོངས་བསྒྲགས་བྱས་ཡོད་སྟབས། འདས་པའི་ཉིན་ཤས་ནང་རྒྱ་རིགས་གཙོ་འགྱུར་རྒྱལ་སྤྱིའི་ཐོག་དོ་སྣང་ཅན་མི་ཉུང་བ་ཞིག་ནས་གནད་དོན་དེ་འབྲེལ་བརྒྱུད་ལམ་འདྲ་མིན་སྟེང་དཔྱད་གཏམ་རིགས་སྤེལ་བ་མ་ཟད། རྒྱ་གཞུང་གི་གྲོས་གཞི་དེ་ལ་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཡང་བྱུང་ཡོད། ལྷག་པར་དུ་ཁ་ཉིན་རྒྱ་ནག་གི་རྒྱལ་ས་ Beijing ནང་བཅའ་བཞུགས་ཡུལ་དེའི་ China Youth Daily འམ་རྒྱ་ནག་གི་གཞོན་ནུའི་གསར་ཤོག་གི་སྤྱི་ཁྱབ་རྩོམ་སྒྲིག་ཟུར་པ་སྐུ་ཞབས་ Li Datong ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཁང་གིས་འདོན་སྤེལ་བྱས་པའི་གྲོས་གཞི་དེ་ཟླ་ ༣ ཚེས་ ༥ རེས་གཟའ་ཟླ་བ་ནས་རྒྱ་ནག་ནང་འཚོགས་གཏན་འཁེལ་བའི་སྐབས་ ༡༣ པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་མཐའ་མའི་ཐག་གཅོད་བྱ་རྒྱུ་ཡིན་སྟབས། ཚོགས་ཆེན་ཐོག་རྒྱལ་ས་པེ་ཅིང་ནས་ཆེད་བཅར་ཞུ་མཁན་གྱི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ Xu Tao དང་ Ren Ming དེ་བཞིན་ Yang Yuanqing དང་ Chen Jining གཙོས་པའི་འཐུས་མི་ ༥༥ མིང་ཐོག་ལ་ཞུ་སྙན་ཞིག་ཕུལ་འདུག ཞུ་སྙན་དེའི་ནང་སྐུ་ཞབས་ Li Datong ལགས་ནས་ཁོང་པེ་ཅིང་དུ་གནས་སྡོད་བྱེད་བཞིན་པའི་རྒྱ་ནག་གི་མི་སེར་ཞིག་ཡིན་པ་དང་། འཐུས་མི་དེ་དག་ང་ཚོའི་འཐུས་མི་རེད། དེས་ན་འཐུས་མི་རྣམས་ནས་འཚོགས་ལ་ཉེ་བའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཁང་གིས་འདོན་སྤེལ་གནང་བའི་རྩ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་གཞི་ནང་གསལ་བའི་སྲིད་འཛིན་གི་ལས་ཡུན་ལ་ཚད་བཀག་མེད་པ་བཟོ་རྒྱུ་དེར་མོས་མཐུན་རྩ་ན་མི་འདུག་ཞེས་གསུངས་དགོས་པ་གསལ་ཡོད། ལྷག་པར་དུ་ད་ལྟའི་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་སྲིད་འཛིན་གྱི་དུས་ཡུན་ལ་ཚད་བཀག་བཟོ་བ་ནི་དེ་སྔ་རྒྱ་ནག་གི་སྲིད་འཛིན་ Mao Zedong སྐབས་སུ་རྒྱ་ནག་ནང་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་ནས་རྒྱ་ནག་ཁྱོན་ལ་དཀའ་སྡུག་ཆེན་པོ་འཕྲད་ཡོད་སྟབས། ཕྱི་ལོ་ ༡༩༨༢ ལོར་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་རིགས་མི་མང་ཡོངས་ནས་ཆབ་སྲིད་ཀྱི་གནད་འགག་ཞིག་ལ་གཟིགས་ཏེ་བཟོས་པ་ཞིག་རེད་ཅེས་འགྲེལ་བརྗོད་དང་ཆབས་ཅིག ཐེངས་འདིའི་གྲོས་གཞི་བརྒྱུད་ནས་རྒྱ་ནག་གི་སྲིད་འཛིན་ལས་ཡུན་ལ་ཚད་བཀག་མེད་པ་བཟོ་རྒྱུ་དེ་སླར་རྒྱ་ནག་རྒྱལ་ནང་དུ་ཟིང་འཁྲུག་གི་ས་བོན་བཏབ་པ་ཞིག་རེད་ཅེས་གསུངས་འདུག དེ་བཞིན་ཁོང་གིས་རྒྱ་ནག་དེ་ད་ལྟ་ཡོད་བཞིན་པའི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་མདུན་བསྐྱོད་བྱ་དགོས་པ་མ་གཏོགས་འདས་ཟིན་པའི་ཆབ་སྲིད་ཀྱི་ལམ་ལུགས་ཐོག་ཕྱིར་ཤིག་བརྒྱབ་རྒྱུ་མེད་པ་གསུངས་པ་དང་འབྲེལ། རྩ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་གཞིའི་ནང་སྲིད་འཛིན་གྱི་ལས་ཡུན་ལ་དུས་བཀག་མེད་པ་བཟོ་རྒྱུ་དེ་ཕྱིའི་རྒྱལ་ཁབ་ཁག་ནས་རྒྱ་ནག་ལ་འཕྱ་སྨོད་བྱ་གཞི་ཞིག་ཆགས་རྒྱུ་དང་སླད་མར་རྒྱ་ནག་གི་ཆེ་མཐོང་ལའང་གནོད་ངེས་རེད་ཅེས་གསུངས་ཡོད། གཞི་རྩའི་ཐེངས་འདིའི་རྒྱ་ནག་གི་རྩ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་གཞི་གནད་དོན་དེ་དང་འབྲེལ་སྐུ་ཞབས་ Li Datong ལགས་ཙམ་མ་ཟད་རྒྱ་རིགས་ཚོང་པ་གྲགས་ཅན་ Wang Ying ལགས་དང་ཕྱི་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བ་གཙོས། དོ་སྣང་ཅན་མང་དག་ཞིག་ནས་སྤྱི་ཚོགས་ཀྱི་དྲ་གནས་ Weibo དང་ Wechat དེ་བཞིན་ Twitter ཐོག་རྒྱ་གཞུང་གི་ཐག་གཅོད་དེ་ཡག་རྟགས་ཤིག་མིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་མང་དག་བྱུང་ཡོད་ཀྱང་། རྒྱ་གཞུང་ནས་མང་ཚོགས་ཀྱི་བསམ་ཚུལ་དང་། མཆན་འགྲེལ་དེ་དག་སྤྱི་ཚོགས་ཀྱི་དྲ་གནས་ཐོག་ནས་ཕྱིར་འཐེན་དང་བཀག་སྡོམ་གྱིས་ཆེས་དམ་དྲག་བྱེད་མུས་ཡིན་པ་དང་། རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ཁག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཁང་གི་གྲོས་གཞི་དེ་དུས་ཚོད་ཀྱི་ཆ་ནས་འོས་ཤིང་འཚམས་པ་རེད་ཅེས་བསྔགས་བརྗོད་བྱས་ཡོད།

རྒྱལ་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་གླེང་དགོས་པའི་ཞུ་འབོད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཙོ་འགྱུར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ ༢༠ ཡས་མས་ཤིག་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་རྒྱལ་ཁབ་ཁག་ཅིག་ལ་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་གླེང་དགོས་པའི་ཞུ་འབོད་གནང་འདུག དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བར་ཚོགས་པ་དེ་དག་ནས་སུད་སི་གྲོང་ཁྱེར་ཇི་ནི་ཝ Geneva ནང་ཁ་སང་ཕྱི་ཟླ་ ༢ ཚེས་ ༢༦ ཉིན་ནས་དབུ་འཛུགས་གནང་བའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་བསྟུན། ལྷན་ཚོགས་དེའི་ཚོགས་མི་རྒྱལ་ཁབ་ཁག་ཅིག་ལ་ཞུ་ཡིག་ཕུལ་ཐོག་རྒྱལ་ཁབ་དེ་དག་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་རྒྱ་ནག་གཞུང་གིས་བོད་ནང་བོད་མི་ཚོའི་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་སོགས་ལ་དྲག་གནོན་བྱས་པ་མ་ཟད་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྣམས་ཉེས་མེད་འཛིན་བཟུང་གིས་བཙོན་འཇུག་ཁྲིམས་ཆད་གཏོང་བཞིན་པ་དེ་དག་རྩ་བ་ནས་བྱ་མི་རུང་བའི་བྱ་སྤྱོད་ཞིག་ཡིན་པ་ཐེར་བཏོན་གནང་དགོས་པ་གསུངས་འདུག དེ་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱིས་གཙོས་པའི་སྡུག་རྩུབ་མྱོང་བཞིན་པའི་རྒྱ་ནག་གི་ཁྲིམས་རྩོད་པ་དང་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་མི་སྣ་ལྔའི་གནད་དོན་ཐེར་བཏོན་དང་། ལྷག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གི་དབང་སྒྱུར་འོག་མང་ཚོགས་ཀྱི་གཞི་རྩའི་འགྲོབ་མིའི་ཐོབ་ཐང་གི་གནས་སྟངས་དུས་ད་ལྟའང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མངོན་གསལ་གནང་འདུག རྩ་བའི་ཞུ་ཡིག་དེའི་ནང་ཐེར་བཏོན་གནང་བའི་མི་སྣ་ལྔ་པོ་དེ་དག་གི་ཁོངས་སུ་ཁ་བྲལ་གྱི་ནག་ཉེས་འོག་ལོ་གཉིས་ལྷག་ཙམ་དོ་དམ་བཀག་ཉར་བྱས་པའི་བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་དང།  རྒྱ་ནག་གཞུང་གི་མནར་སྤྱོད་མྱོང་བཞིན་པའི་རྒྱ་རིགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་དམ་པ་དེ་ཉིད་ཀྱི་ལྕམ་ Liu Xia ལགས། དེ་བཞིན་རྒྱ་རིགས་ཁྲིམས་རྩོད་པ་སྐུ་ཞབས་ Wang Quanzhang ལགས། Swedish གི་མི་སེར་ཡིན་པ་རྒྱ་རིགས་དཔེ་དེབ་ཚོང་འགྲེམས་པ་སྐུ་ཞབས་ Gui Minhai ལགས། རྒྱ་རིགས་ཁྲིམས་རྩོད་པ་ Yu Wensheng ལགས་བཅས་གི་གནད་དོན་མངོན་གསལ་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་དག་གིས་འདི་ལོའི་ཕྱི་ཟླ་ ༡༡ ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དུས་བཀག་བསྐྱར་ཞིབ་གནང་འཆར་ཡོད་སྟབས། དུས་ཚིགས་ཀྱི་ཆ་ནས་ད་རེས་ཀྱི་ལྷན་ཚོགས་དེའི་སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་དགོས་པ་དེ་ཆེས་གནད་ཆགས་ཡོད་པ་མ་ཟད། ལྷན་ཁང་དེའི་ཚོགས་མི་རྒྱལ་ཁབ་རྣམས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་དང་ལྷག་པར་དུ་རྒྱ་ནག་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་ཆོད་སེམས་ཇི་ཙམ་ཡོད་པ་གསལ་སྟོན་གནང་རྒྱུ་དེ་ཛ་དྲག་ཆགས་ཡོད་ཅེས་གསུངས་འདུག

དབྱིན་ཡུལ་གྲོས་ཚོགས་ནང་བོད་ཀྱི་ལོ་གསར་སྲུང་བརྩི།

དབྱིན་ཡུལ་གྲོས་ཚོགས་ནང་དུ་ཁུལ་དེའི་གྲོས་ཚོགས་འཐུས་མི་སྐོར་ཞིག་དང་ས་གནས་སུ་ཡོད་པའི་གཞུང་ཚབ་ཁག་ཅིག་གི་སྐུ་ཚབ་རྣམ་པ་ལྷན་འཛོམས་ཐོག་རབ་གནས་ས་ཁྱི་ལོའི་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ་དང་སྦྲགས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་གལ་སྐོར་འབོད་སྐུལ་ཞུས་འདུག ལས་རིམ་འདི་ནི་ཁུལ་དེའི Tibet Society བོད་དོན་རྒྱབ་སྐྱོར་ཚོགས་པ་དང་དབྱིན་ཡུལ་གྱི་ཆབ་སྲིད་ཚོགས་པ་འདྲ་མིན་ལས་གྲུབ་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཐོུང་གིས་གོ་སྒྲིག་ཞུས་པ་ཆེས་ཐོག་མ་ཞིག་ཆགས་ཀྱི་འདུག་པ་དང་། མཛད་སྒོའི་ཐོག་དབྱིན་ཡུལ་གྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Chris law ལགས་དང་ Tibet Society ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Norman Baker ལགས་རྣམ་གཉིས་ནས་ས་ཁྱི་ལོའི་བོད་ཀྱི་ལོ་གསར་པའི་འཚམས་འདྲིའི་གསུང་བཤད་གནང་འདུག Tibet Society ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Norman Baker ལགས་ཀྱིས་ལས་རིམ་འདི་ལྟ་བུ་དུས་སང་ནས་མུ་མཐུད་སྲུང་བརྩི་ཞུས་ཐུབ་པའི་རེ་བ་ཡོད་པ་གསུངས་འདུག་པ་དང་། དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Chris Law ལགས་ནས་སྐབས་དེའི་མཛད་སྒོའི་ཐོག་ཕེབས་པའི་གྲོས་ཚོགས་འཐུས་མི་རྣམས་ལ་ཁོང་སྐུ་སྒེར་གྱི་ངོས་ནས་བོད་དང་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་གནང་མུས་སྐོར་གསུངས་པ་དང་ཆབས་ཅིག ཕྱག་སྦྲེལ་གྲོས་ཚོགས་འཐུས་མི་རྣམ་པའི་ངོས་ནས་ཀྱང་བོད་ནང་གི་འགྲོ་བ་མའི་ཐོབ་ཐང་སྲུང་སྐྱོབ་ཡོང་སླད་དུ་མཉམ་རུབ་ཀྱི་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་གཞེན་སྐུལ་གནང་འདུག བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཁྱི་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་གྱི་མཛད་སྒོ་དེའི་སྟེང་གྲོས་འཐུས་མི་སྐུ་ཞབས་ Chris Law ལགས་དང་ Kerry McCarthy ལགས་ཀྱིས་གཙོས་པའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་འཐུས་མི་ ༥ དང་ས་གནས་སུ་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁག་ཅིག་གི་སྐུ་ཚབ་བཅས་ཕེབས་ཡོད་པ་རེད།

འགུལ་རིས་བརྙན་ཐུང་བརྒྱུད་ནས་ ༢༠༢༢ ལོའི་པི་ཅིང་གི་དགུན་དུས་ཨོ་རྩེད་འགྲན་སྡུར་ལ་སྐྱོན་བརྗོད།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་མཚོན་པའི་འགུལ་རིས་བརྙན་ཐུང་བརྒྱུད་རིང་མིན་རྒྱ་ནག་ཏུ་འཚོགས་རྒྱུའི་ ༢༠༢༢ ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་རྩེད་འགྲན་བསྡུར་ལ་ཟུར་ཟ་དང་སྐྱོན་བརྗོད་གནང་འདུག ཟླ་བ་འདིའི་ཕྱི་ཚེས་ ༩ ནས་ཁ་སང་བར་ལྷོ་ཀོ་རི་ཡར་ཕྱི་ལོ་ ༢༠༡༨ ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་རྩེད་འགྲན་བསྡུར་ཆེན་མོ་ཚོགས་ཡོད་པ་རེད། ཁྱོན་ཉིན་གྲངས་ ༡༧ རིང་གི་རྩེད་འགྲན་ཆེན་མོ་དེ་ཁ་སང་ཕྱི་ཚེས་ ༢༥ ཉིན་མཇུག་སྒྲིལ་གནང་ཡོད་པ་མ་ཟད་སྐབས་དེར་ལྷོ་ཀོ་རི་ཡའི་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ལུགས་སྲོལ་ལྟར་རྒྱལ་སྤྱིའི་ཨོ་རྩེད་འགྲན་བསྡུར་གྱི་དར་ཆ་དེ་རིང་མིན་ ༢༠༢༢ ལོར་དགུན་དུས་ཨོ་རྩེད་འགྲན་བསྡུར་ཚོགས་ཡུལ་རྒྱ་ནག་ལ་རྩིས་སྤྲོད་གནང་ཡོད་པ་རེད། ཁ་སང་ལྷོ་ཀོ་རི་ཡའི་ནང་ཚོགས་པའི་ཨོ་རྩེད་འགྲན་བསྡུར་མཇུག་སྒྲིལ་དང་གཞུང་འབྲེལ་དར་ཆ་རྩིས་སྤྲོད་རྩིས་ལེན་གནང་བའི་དུས་ཚིགས་དང་བསྟུན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཐོག Beijing 2022: Will it be another bloody Games འམ་རྒྱ་ནག་ཏུ་འཚོགས་རྒྱུའི་ ༢༠༢༢ ལོའི་པི་ཅིང་གི་དགུན་དུས་ཨོ་རྩེད་འགྲན་སྡུར་དེ་མི་བསད་ཁྲག་སྦྱོར་གྱི་རྩེད་འགྲན་གཞན་ཞིག་ཆགས་རྒྱུ་ཡིན་ནམ་ཞེས་འབོད་ཚིག་བཀོད་ཐོག་རྒྱ་གཞུང་ལ་ཟུར་ཟ་བྱས་པའི་འགུལ་རིས་བརྙན་ཐུང་ཞིག་འདོན་སྤེལ་གནང་འདུག ལྟེ་གནས་ཁང་དེས་སྤེལ་བའི་དུས་ཡུན་སྐར་མ་གཅིག་ཡོད་པའི་འགུལ་རིས་བརྙན་ཐུང་དེའི་ནང་གཙོ་བོ་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་པི་ཅིང་དུ་ཨོ་རྩེད་འགྲན་བསྡུར་མ་ཚོགས་གོང་དུ་བལ་བོད་ཀྱི་ས་མཚམས་ནང་པ་ལར་རྒྱ་གཞུང་གི་དམག་མིས་བོད་ནས་བྲོས་འབྱོལ་དུ་ཡོང་མཁན་བོད་པའི་བཙུན་མ་ཞིག་ལ་མེ་མདའ་བརྒྱབ་ནས་དམར་བསད་བཏང་བ་དང་ལྷག་ཏུ་ཕྱི་ལོ་ ༢༠༠༨ ལོར་པི་ཅིང་རྒྱལ་སྤྱིའི་ཨོ་རྩེད་འགྲན་རྩོད་ཚོགས་རྗེས་བོད་གཙོ་འགྱུར་རྒྱ་ནག་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཆེས་ཞན་དུ་ཕྱིན་ཡོད་པ་སོགས་གསལ་བཏོན་གནང་ཡོད། འདི་ག་རླུང་འཕྲིན་ཁང་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱལ་སྤྱིའི་འབྲེལ་མཐུད་པ་བསྟན་འཛིན་འཇིགས་བྲལ་ལགས་སུ་བཅར་འདྲི་ཞུས་པར་དེ་སྔ་རྒྱ་ནག་གཞུང་གིས་ ༢༠༠༨ ལོའི་ཨོ་རྩེད་འགྲན་བསྡུར་སྐབས་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་འགྲོ་བར་ཁས་ལེན་བྱས་པ་དང། དེ་བཞིན་ཨོ་རྩེད་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་རེ་བ་དང་ཡིད་ཆེས་གནང་བ་ལྟར་རྒྱ་ནག་ཏུ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་མངོན་གསལ་བྱས་པ་དང་འབྲེལ། རྒྱལ་སྤྱིའི་ཨོ་ལམ་པིག་ཚོགས་ཆུང་ལ་དེ་སྔའི་ཚོགས་ཆུང་གི་གྲོས་ཆོད་དང་ཆ་རྐྱེན་ནང་གསལ་བཞིན་ད་བར་རྒྱ་གཞུང་ནས་དོན་འཁྱོལ་ལག་བསྟར་ཇི་བྱེད་ཁ་གསལ་དགོས་པར་རེ་འདུན་ཆེད་བཏོན་ཡོད་པ་གསུངས་འདུག དེ་བཞིན་ཨོ་རྩེད་གྲོལ་རྗེས་ད་བར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཞན་དུ་ཕྱིན་ཡོད་པའི་སྙན་ཐོ་ཞིག་རྒྱལ་སྤྱིའི་ཨོ་ལམ་པིག་ཚོགས་ཆུང་ལ་ཕུལ་ནས་རྒྱལ་སྤྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཁག་བོད་དུ་འགྲོ་བསྐྱོད་གནང་བཅུག་དགོས་པ་དང་ལྷག་ཏུ་ས་གནས་དངོས་ཀྱི་གནས་སྟངས་རྟོག་ཞིབ་གནང་ཐོག་རྒྱུས་ལོན་ཡོང་རྒྱུར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་བསྐྱར་ནན་ཞུས་འདུག རྩ་བའི་ཕྱི་ལོ་ ༢༠༡༥ ལོར་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་དེ་རྒྱ་ནག་ཏུ་འཚོགས་རྒྱུ་ཐག་གཅོད་སྐབས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་འགུལ་བ་བཅས་ཚོགས་སྒེར་ཁག་གིས་དེར་ངོ་རྒོལ་དང་སྐྱོན་བརྗོད་ཀྱི་ལས་འགུལ་ཡང་སྤེལ་ཡོད་པ་རེད།

Latest news