Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱ་གཞུང་གིས་བོད་མིར་མནར་གཅོད་གཏོང་པའི་ཐད་ཁ་ཁུ་སིམ་པོར་སྡོད་རྒྱུ་མེད།

དེའང་ཁ་སང་ཚེས་ ༡༢ ཉིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མེཀ་གྷབན་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་སུ་ཡོད་པའི་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་རྣམ་གཉིས་ཟུང་འབྲེལ་གྱིས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་མཆོག་གི་གནད་དོན་འབྲེལ་བའི་ཡོངས་ཁྱབ་དཔྱད་རྩོམ་ཞིག་འདོན་སྤེལ་དང་སྦྲགས་ཏེ་རྒྱ་གཞུང་གིས་བོད་མིར་མནར་གཅོད་གཏོང་པའི་གནད་དོན་ཐོག་ང་ཚོ་ཁ་ཁུ་སིམ་པོར་སྡོད་རྒྱུ་མེད་ཅེས་གསུངས་འདུག Huffington Post ནང་དུ་སྤེལ་བའི་དཔྱད་རྩོམ་དེའི་ཐོག་ཁོང་རྣམ་གཉིས་ཀྱིས་༸པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༦ སྐབས་ནས་སྐུ་འཁོར་ནང་མི་ལྷན་རྒྱས་རྒྱ་གཞུང་གིས་བཙན་འཁྲིད་བྱས་ཏེ་ད་བར་ལོ་ངོ་ ༢༠ ལྷག་གི་རིང་གར་ཡོད་ཤེས་རྟོགས་མེད་པར་འགྱུར་ཡོད་པ་མ་ཟད། འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ཆེས་ལོ་ཡུན་རིང་ཤོས་དེ་ཡིན་པ་མངོན་གསལ་གནང་པ་དང་འབྲེལ། ༸པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་འགྱུར་བ་དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ས་གནས་ཁག་ཏུ་བོད་མིའི་ཉིན་རེའི་འཚོ་བའི་ཁྲོད་དུ་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་པའི་བོད་ནང་གི་བོད་མི་སྤྱིའི་གནས་སྟངས་མཚོན་པ་མ་ཟད། རྒྱ་གཞུང་གིས་རྟག་ཏུ་རྒྱ་ནག་དེ་རྒྱལ་སྤྱིའི་ཐོག་ནས་སྟོབས་ཤུགས་ཆེ་ཤོས་ཡིན་ཁར་རྒྱལ་སྤྱིའི་ཁྲིམས་ལུགས་དང་གནས་བབས་བཅས་པར་གུས་བརྩི་ཞུ་གྱི་ཡོད་ཅེས་བཤད་ཀྱི་ཡོད་པ་དེ་ནི་རྩ་བ་ནས་བདེན་པ་མིན་སྐོར་གསུངས་འདུག ད་དུང་རྒྱ་གཞུང་གིས་བོད་པའི་གྲྭ་བཙུན་དང་བོད་མི་སྟོང་ཕྲག་མང་པོ་འཛིན་བཟུང་གིས་བཙོན་འཇུག་བྱས་པ་མ་ཟད་བོད་ནང་ལ་བོད་མིའི་འགྲོ་འདུག་སྤྱོད་གསུམ་ཐོག་དམ་ནན་བྱེད་བཞིན་པའི་ཐོག་བོད་བརྒྱུད་ནང་བསྟན་གྱི་བསྟི་གནས་དགོན་ཁག་གཏོར་སྐྱོན་དང་བོད་ཀྱི་ཐུན་མིན་རིག་གཞུང་གི་དུས་སྟོན་བཀག་སྡོམ་སོགས་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༢ ལོར་ཞི་ཅིང་ཕིང་གིས་རྒྱ་ནག་གི་འགོ་ཁྲིད་འགན་ཁུར་བ་ནས་བཟུང་གནད་དོན་དེ་དག་ཐོག་སྔར་ལྷག་དྲག་གནོན་བྱེད་ཤུགས་ཆེར་བཏང་ཡོད་པ་ནན་བརྗོད་གནང་འདུག དཔྱད་རྩོམ་དེའི་ནང་གཞན་ཡང་བོད་གསེར་རྟ་བླ་རུང་ཆོས་སྒར་གྱི་དགོན་པ་དང་གྲྭ་ཤག་གཏོར་བཤིག་གནད་དོན་དང་འབྲེལ་དགོན་པ་ནས་གྲྭ་བཙུན་དུ་མ་ཕྱིར་འབུད་བཏང་པ་མ་ཟད། ལྷག་པར་དུ་ཕྱི་ལོ་ ༢༠༠༩ ལོ་ནས་རྒྱ་གཞུང་གི་མཁྲེགས་འཛིན་སྲིད་བྱུས་ལ་མབཟོད་པར་བོད་མི་ ༡༥༠ ལྷག་གིས་རང་སྲོག་བློས་བཏང་གནང་པ་ལུང་འདྲེན་གྱིས་ཨ་རི་གཞུང་གི་ངོས་ནས་རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་པའི་སྲིད་བྱུས་ཐོག་སྔར་ལྷག་འགན་མང་ཙམ་བཞེས་པར་རེ་བ་ཡོད་ཅེས་གསུངས་འདུག་པ་མ་ཟད། ལྷག་དོན་སྲིད་བྱུས་དེ་དག་འགོག་ཐབས་སུ་ཨ་རིའི་སྲིད་འཛིན་ཊམ་མཆོག་ནས་ Reciprocal Access to Tibet ཞེས་པའི་རྒྱ་གཞུང་གིས་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ་སོགས་བོད་ནང་བསྐྱོར་རྒྱུར་བཀག་འགོག་བྱེད་མུས་ལྟར་ཨ་རི་གཞུང་གིས་ཀྱང་དེ་ལྟར་གནང་དགོས་པའི་ཁྲིམས་འཆར་གཏན་འབེབས་ཐོག་མཚན་རྟགས་བཀོད་དགོས་པ་དང་། འགྲོ་བ་མིའི་ཐོབ་ཐང་བརྩི་མེད་བཏང་མཁན་རྒྱ་རིགས་འགོ་ཁྲིད་ཚོའི་ཐོ་གཞུང་བཀོད་དེ་དེ་དག་ལ་དམ་དྲག་གནང་དགོས་པའི་འབོད་སྐུལ་ཞུ་དགོས་པ་གསུངས་འདུག ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མེཀ་གྷབན་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་སུ་ཡོད་པའི་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་རྒྱ་གཞུང་གིས་བོད་མིར་མནར་གཅོད་གཏོང་པར་ཡ་ལན་གང་ཡང་མེད་པར་ཁུ་སིམ་པོར་སྡོད་རྒྱུ་མེད་པ་དང་། རྒྱ་ནག་གཞུང་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་བཟོས་པ་དང་། དེ་བཞིན་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མེད་པ་བཟོས་ནས་བོད་མི་ཚོ་ཡང་འཛམ་གླིང་ཐོག་ནས་རྩ་མེད་བཟོས་ཐབས་ལ་འབད་མུས་ཡིན་པ་རེད། དེས་ན་ང་ཚོས་ཐབས་བྱུས་ངན་པ་དེ་དག་མིག་གི་མདུན་དུ་ལག་བསྟར་སྤེལ་བ་མཐོང་ཆོས་དུ་མེད་པ་བཟོས་དགོས་ཀྱི་རེད་ཅེས་རེ་སྐུལ་གནང་འདུག གཞི་རྩའི་ཁོང་རྣམ་གཉིས་ཀྱིས་སྤེལ་བའི་དཔྱད་རྩོམ་དེ་ནི་གྲོས་ཚོགས་ཀྱི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་རང་དབང་སྲུང་སྐྱོབ་ལས་གཞི་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྱབ་ཁོངས་ཀྱི་ཆོས་དད་དང་འབྲེལ་བའི་ཆབ་སྲིད་བཙོན་པའི་གནད་དོན་གོ་རྟོགས་སྤེལ་རྒྱུ་ལས་གཞིའི་ཆ་ཤས་ཤིག་ཡིན་པ་རེད།    

ཨ་རི་གཞུང་དང་གྲོས་ཚོགས་ནས་རྒྱ་གཞུང་ལ་རྒྱ་ནག་སྤྱི་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་འདྲི་རྩད་ནན་པོ་བྱེད་དགོས།

ཁ་ཉིན་ཕྱི་ཚེས་ ༥ ཉིན་ CECC ཞེས་ཨ་རི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་འདི་ལོ་ ༢༠༡༧ ལོའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་དང་སྦྲགས། ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་སྣེ་ཁྲིད་པའི་ཨ་རི་སྲིད་གཞུང་དང་གྲོས་ཚོགས་གཉིས་ཀྱི་ངོས་ནས་རྒྱ་གཞུང་ལ་རྒྱ་ནག་སྤྱི་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་འདྲི་རྩད་ནན་པོ་བྱེད་དགོས་པ་གསུངས་འདུག གཞི་རྩའི་ཨ་རིའི་སྲིད་འཛིན་སྐུ་ཞབས་ཊམ་མཆོག་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་བསྐྱོད་ལ་ཉེ་བ་དང་བསྟུན་སྙན་ཐོ་ཤོག་གྲངས་ ༣༢༠ ཙམ་ཡོད་པ་ཞིག་འདོན་སྤེལ་གནང་པའི་ནང་དུ་ཚོགས་ཆུང་དེའི་འཛིན་སྐྱོང་གི་ངོས་ནས་རྒྱ་ནག་ནང་གི་གནས་སྟངས་སྤྱི་ཡོངས་ལ་དཔྱད་ཞིབ་གནང་པའི་གཏམ་གླེང་དང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐབ་ཐང་གི་གནས་སྟངས། དེ་བཞིན་རྒྱ་ནག་གཞུང་གི་ཁྲིམས་སྒྲིག་གསར་པ་གཏན་འབེབས་བྱས་ཁག་གི་དགེ་སྐྱོན། བོད་དང་ཤིང་ཅང་། དེ་བཞིན་ཧོང་ཀོང་བཅས་ཀྱི་ཆབ་སྲིད་དང་ཆོས་དད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་འཁོད་ཡོད་པ་རེད། བོད་དོན་འབྲེལ་བའི་ཚན་པའི་ཁོངས་སུ་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་འདས་པའི་ལོ་དུས་ནང་ལ་རྒྱ་གཞུང་གི་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བཏང་མེད་ཁར། བོད་ས་ཁྱོན་ཡོངས་ལ་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པ་མ་ཟད། གཞི་རྒྱ་ཆེ་བའི་གསང་བའི་ལྟ་སྲུང་གི་ལས་གཞི་བརྒྱུད་གཞི་རིམ་མི་མང་གི་ལས་དོན་ཐོག་ལ་ཐེ་བྱུས། དེ་བཞིན་དམ་དྲག་ཅན་གྱི་ཁྲིམས་སྒྲིག་མང་དག་ཞིག་གཏན་འབེབས་བྱས་ཏེ། ས་གནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་པ་མངོན་གསལ་གནང་འདུག རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གནས་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་ལ་ཆབ་སྲིད་ཀྱི་ནག་ཉེས་འོག་འཛིན་བཟུང་བྱས་པ་མ་ཟད། ཁྲིམས་ཐོག་ནས་ཁྲིམས་བཤེར་གནང་འཆར་ཡོད་པ་སོགས་ལུང་འདྲེན་གྱིས་རྒྱ་ནག་གཞུང་ནས་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་སྒྱུ་རྩལ་བ། དེ་བཞིན་ཞི་བའི་ལས་འགུལ་བ་རྣམས་མུ་མཐུད་འཛིན་བཟུང་དང་བཀག་ཉར་སོགས་བྱེད་བཞིན་པ་དེ་ནི། གཞི་རྩའི་འགྲོ་བ་མིའི་ཆོས་དང་བསམ་བརྗོད་ཀྱི་རང་དབང་ལ་བརྩི་མེད་བཏང་པ་ཞིག་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག ཨ་རི་གཞུང་དང་གྲོས་ཚོགས་གཉིས་ཀྱི་ངོས་ནས་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་གཏན་འབེབས་གནང་པའི་ཨ་རི་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་ཁྲིམས་འཆར་ཁག་ལག་བསྟར་ཐོག་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་ཤིག་འཛུགས་ཐབས་དང། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་འམ་ཡང་ན་བོད་མིའི་སྒྲིག་འཛུགས་དང་རྒྱ་གཞུང་གཉིས་དབར་འབྲེལ་མོལ་སླར་གསོ་ཐུབ་ཐབས་གནང་དགོས་པ་མ་ཟད། ཨ་རི་འཛིན་སྐྱོང་གི་ངོས་ནས་ཨ་རིའི་བོད་དོན་དམིགས་བསལ་སྐུ་ཚབ་པ་གང་མགྱོགས་བསྐོ་གཞག་གནང་དགོས་པ་སོགས་འབོད་སྐུལ་གནང་འདུག གཞན་ཡང་ཨ་རིའི་ཚོགས་ཆུང་དེའི་ངོས་ནས། རྒྱ་ནག་གཞུང་ནས་བོད་མིའི་ཆོས་དད་རང་དབང་ལ་བརྩི་སྲུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་ཐེ་བྱུས་བྱེད་རྒྱུ་མེད་པ་དང་། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཙོས་པའི་རྒྱ་གཞུང་གི་བཙོན་འཇུག་བཀག་ཉར་འོག་ཡོད་པའི་བོད་མི་ཞི་རྒོལ་བ་རྣམས་གློད་བཀྲོལ་དགོས་པ་མ་ཟད། ལྷག་པར་དུ་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ངོ་མ་གང་ཡིན་ཤེས་རྟོགས་ཐུབ་ཐབས་སུ་རྒྱལ་སྤྱིའི་རང་དབང་ཅན་གྱི་སྡེ་ཚན་གྱི་ཚོགས་མི་ཞིག་དང་ཆུང་སྲིད་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་བཅུག་དགོས་པ་སོགས་ཀྱི་འབོད་སྐུལ་ཡང་ཞུས་འདུག ཚོགས་ཆུང་གི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Chris Smith ལགས་དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་རྣམ་གཉིས་ཀྱིས་ཐེངས་འདིའི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་རེད། གཞི་རྩའི་ CECC ཞེས་ཨ་རི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་དེ་ཨ་རི་གྲོས་ཚོགས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ལྷག་པར་དུ་རྒྱ་གཞུང་གི་སྲིད་བྱུས་དང་ཁྲིམས་སྒྲིས་ཁག་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་གནས་ཚད་དང་མཐུན་གྱི་ཡོད་མེད་ཐོག་དཔྱད་ཞིབ་དང་བཏང་འཛིན་ཐུབ་ཐབས་སུ་ཕྱི་ལོ་ ༢༠༠༠ ལོར་ཆེད་འཛུགས་གནང་པའི་རང་དབང་ཅན་གྱི་སྡེ་ཚན་ཞིག་ཡིན་པ་རེད།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཨེ་ཤ་ཡའི་ཚོགས་འདུ་ཐེངས་ ༦ པ་དབུ་འཛུགས་གནང་།

དེ་རིང་ཟླ་ ༩ ཚེས་ ༢༩ ཉིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་རྒྱལ་ས་ཐེ་པེ་ནང་དུ་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཐེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་Freddy Lim ལགས་དང་ལྕམ་སྐུ་ Yu Mei Nu ལགས་རྣམ་གཉིས་གཙོས་པའི་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལྕམ་ Alison Reynolds ལགས། རྒྱ་གར་དང་ཨོ་སི་ཊོ་ལི་ཡ། ཐེ་ཝན། ཉི་ཧོང་། ནིའི་ཛར་ལན་ཌི། འབར་མ་བཅས་ནས་ཁྱོན་མི་གྲངས་༣༢ ལྷག་ལྷན་འཛོམས་ཐོག་ཚོགས་འདུ་དབུ་འཛུགས་གནང་འདུག ཚོགས་འདུ་དེ་དེ་རིང་ཚེས་ ༢༩ ནས་ཟླ་ ༡༠ ཚེས་ ༡ བར་ཉིན་གྲངས་གསུམ་རིང་འཚོགས་རྒྱུ་ཡིན་པ་དང་། ཚོགས་བཅར་རྣམས་ནས་གཙོ་བོ་ཨེ་ཤ་ཡའི་ནང་གི་བོད་དོན་རྒྱབ་སྐྱོར་གྱི་ནུས་ཤུགས་ཆེ་རུ་གཏོང་ཐབས་དང་བོད་ཀྱི་འཐབ་རྩོད་ཀྱི་དགེ་སྐྱོན་ལ་ངོས་འཛིན་ཡོད་པའི་ཐོག་མ་འོངས་པར་ལས་འགུལ་སྤེལ་ཕྱོགས། དེ་བཞིན་བོད་ནང་གི་ཛ་དྲག་གནས་བབས་ལ་གཞིགས་པའི་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་བཅས་ཀྱི་ཐོག་བགྲོ་གླེང་དང་གོ་བསྡུར་གནང་རྒྱུ་རེད་འདུག དབུ་འབྱེད་མཛད་སྒོའི་ཐོག་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལྕམ་ Alison Reynolds ལགས་ནས་ཚོགས་པ་དེའི་ངོ་སྤྲོད་དང་འབྲེལ་ནས་ད་བར་འབྲེལ་མཐུད་ལས་ཁང་གིས་བོད་ཀྱི་གནད་དོ ན་དེ་རྒྱལ་སྤྱིའི་སྡིངས་ཆའི་བའི་ཐོག་སྐྱེལ་ཐབས་དང་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཤུགས་གཅིག་ཏུ་སྤུངས་ཐབས་བཅས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་སྐོར་སོགས་གསུངས་འདུག མཛད་སྒོའི་སྐུ་མགྲོན་གཙོ་བོ་ཐེ་ཝན་གྲོས་ཚོགས་འཐུས་མི་གཉིས་ཀྱི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད་པ་དང་རྒྱ་གཞུང་གིས་དམ་དྲག་འོག་ཐེ་ཝན་དང་བོད་གཉིས་ཀར་དཀའ་ངལ་གཅིག་མཚུངས་འཕྲད་བཞིན་ཡོད་པ་གསུངས་པ་དང་སྦྲགས། བོད་ཀྱི་དཀའ་རྙོག་དེ་སེལ་ཐབས་སུ་རྒྱལ་སྤྱིའི་ཁྲོད་བོད་དོན་རྒྱབ་སྐྱོར་བ་གང་མང་འཚོལ་ཐབས་ཀྱིས་བོད་དོན་ལས་འགུལ་གྱི་ནུས་ཤུགས་ཆེ་རུ་གཏང་དགོས་གལ་ཡིན་པ་གསུངས་འདུག གཞི་རྩའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་འབྲེལ་མཐུད་ཀྱི་ལས་གཞི་འགོ་འཛུགས་གནང་སྟེ་ད་ལྟའི་ཆར་རྒྱལ་ཁབ་མི་འདྲ་བ་ ༢༠ ལྷག་གི་ནང་ཚོགས་པ་ཁག་ ༢༠༠ ཐམ་པ་ཡོད་ཐོག་བོད་དོན་འབྲེལ་མཐུད་ཀྱི་ལས་དོན་གནང་མུས་ཡིན་པ་རེད།

ཨོ་སི་ཊོ་ལི་ཡའི་ SBS རླུང་འཕྲིན་གྱི་ལས་རིམ་ནང་བོད་སྐད་ལེ་ཚན་དབུ་འཛུགས་གནང་རྒྱུ།

ཨོ་སི་ཊོ་ལི་ཡ་རྒྱལ་ཁབ་ནང་གི་རླུང་འཕྲིན་ཁང་ཆེ་གྲས་ SBS རླུང་འཕྲིན་ཁང་གི་ལས་རིམ་ནང་བོད་སྐད་ལེ་ཚན་དབུ་འཛུགས་གནང་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་འདུག ཨི་སི་ཊོ་ལི་ཡའི་གྲོང་ཁྱེར་ Melbourne དང་། Sydney ནང་རྟེན་གཞི་བྱས་པའི་ SBS རླུང་འཕྲིན་ཁང་དེ་ནི་འཛམ་གླིང་ནང་གི་སྐད་ཡིག་མི་འདྲ་བ་ཐོག་ལ་གསར་འགྱུར་དང་སྤྱི་ཚོགས་ཀྱི་གནས་ཚུལ། དེ་བཞིན་ཁུལ་དེའི་ནང་གི་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་དང་གླུ་གཞས་ལེ་ཚན་སོགས་རྒྱང་སྲིང་ཞུ་མཁན་རླུང་འཕྲིན་ཁང་ཆེས་གྲགས་ཤིག་ཡིན་པ་དང་། ད་ལྟའི་ཆར་རླུང་འཕྲིན་ཁང་གིས་དབྱིན་ཇིའི་སྐད་ཡིག་གཙོས་པའི་སྐད་ཡིག་མི་འདྲ་ ༦༨ ནང་ལེ་ཚན་རྒྱང་སྲིང་ཞུ་གྱི་ཡོད་པ་རེད། ཁ་སང་ཨོ་སི་ཊོ་ལི་ཡའི་ SBS རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན།  རླུང་འཕྲིན་ཁང་གི་ངོས་ནས་སྐད་ཡིག་གསར་པ་བདུན་གྱི་ལེ་ཚན་གསར་འཇུག་གནང་པ་ཡོངས་བསྒྲགས་གནང་པའི་ནང་བོད་སྐད་དང་། Rohingya Telegu Karen Hakha chin སོག་སྐད། དེ་བཞིན་ Kirundi བཅས་ཀྱི་སྐད་ཡིག་གསར་པ་བདུན་གྱི་ཐིག་རླུང་འཕྲིན་རྒྱང་སྲིང་ཞུ་རྒྱུ་དབུ་འཛུགས་གནང་གི་ཡོད་པ་དང་། དེ་སྔ་རྒྱང་སྲིང་ཞུས་པའི་ Swedish Fijian ལ་སོགས་པའི་སྐད་ཡིག་མི་འདྲ་བ་ ༡༢ ཀྱི་ལེ་ཚན་ཁག་མེད་པ་བཟོས་རྒྱུ་ཡིན་པ་བཀོད་འདུག SBS རླུང་འཕྲིན་ཁང་གིས་ཉེ་ཆར་ཞིབ་འཇུག་གནང་པའི་གྲངས་ཐོ་ལ་གཞིགས་ན། ཨི་སི་ཊོ་ལི་ཡ་ནང་དུ་ད་ལྟའི་ཆར་དབྱིན་ཇིའི་སྐད་ཡིག་ཕུད་པའི་སྐད་ཡིག་གཞན་བེད་སྤྱོད་བྱེད་མཁན་མི་འབོར་ས་ཡ་ ༤ ལྷག་ཡོད་པ་དང། རླུང་འཕྲིན་ཁང་ནས་འགྲེལ་བརྗོད་གནང་པར་སྐད་ཡིག་གསར་པ་ཁག་གི་ལེ་ཚན་དབུ་འཛུགས་གནང་རྒྱུའི་དམིགས་ཡུལ་གཙོ་བོ་ནི། Australia ནང་ད་ཆ་རིག་གཞུང་མི་འདྲ་བའི་མི་རིགས་ཀྱི་གྲངས་འབོར་དང་ཁྱབ་ཚད་ཆེ་རུ་འགྲོ་བཞིན་པ་དང། སྣ་འཛོམས་རིག་གཞུང་མི་འདྲ་བའི་སྤྱི་ཚོགས་ནང་གི་མང་ཚོགས་དེ་དག་གི་དགོས་མཁོར་སྨིན་ཕྱིར་ཡིན་སྐོར་འགྲེལ་བརྗོད་གནང་འདུག རྩ་བའི་ SBS རླུང་འཕྲིན་ཁང་དུ་ཐོག་མའི་འཆར་ཁུལ་དེའི་ནང་ཡོད་པའི་སྐད་ཡིག་མི་འདྲ་བ་ ༦༨ ཀྱི་སྐུ་ཚབ་ནས་ལེ་ཚན་གསར་པའི་ནང་དུ་མཉམ་ཞུགས་བྱ་ཕྱིར་ཞུ་སྙན་ཕུལ་མཁན་བྱུང་འདུག་ཀྱང་། དེ་དག་ཁྲོད་ནས་མཐར་བོད་སྐད་དང་སོག་སྐད། དེ་བཞིན་རོ་ཧིན་གྱེ་སྐད་ཡིག་མཚོན་པའི་ཁྱོན་སྐད་ཡིག་བདུན་འདེབས་ཐོན་གྱིས་རླུང་འཕྲིན་གི་ལེ་ཚན་གསར་པ་དབུ་འཛུགས་གནང་རྒྱུར་ཐག་གཅོད་གནང་འདུག ལས་འཆར་དེ་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༠ ནས་དངོས་སུ་ལག་བསྟར་གནང་རྒྱུ་རེད་འདུག

བལ་ཡུལ་གཞུང་ནས་ཆེས་ཐོག་མའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་རྒྱུ།

བལ་ཡུལ་གཞུང་གིས་ཉེ་ཆར་ National Pride project འམ་རྒྱལ་ཁབ་ཀྱི་སྤོབས་པ་ཞེས་པའི་ལས་འཆར་ཞིག་གི་འོག་བོད་དང་བལ་ཡུལ་བར་ཆགས་པའི་འཛམ་གླིང་ནང་གི་རི་མཐོ་ཤོས་ཇོ་མོ་གླང་མའི་རིའི་མཐོ་ཚད་འཇལ་རྒྱུའི་ལས་གཞི་འགོ་བཙུགས་འདུག The telegraph བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ད་རེས་ཀྱི་ལས་འཆར་དེ་ནི་ཕྱི་ལོ་ ༢༠༡༥ ལོར་བལ་ཡུལ་གཙོས་བལ་བོད་མཐའ་མཚམས་ས་ཁུལ་དུ་ས་ཡོམ་ཤུགས་ཆེ་བྱུང་བའི་འོག ཇོ་མོ་གླང་མའི་རིའི་མཐོ་ཚད་ལ་ཤུགས་རྐྱེན་ཇི་ཙམ་ཐེབས་ཡོད་མེད་བལ་ཡུལ་གཞུང་ནས་ཤེས་རྟོགས་ཐུབ་ཕྱིར་དམིགས་པ་ཞིག་ཡིན་པ་དང། དེ་བཞིན་བལ་ཡུལ་རྒྱལ་ཁབ་དང་དེའི་ཉེ་འཁོར་གྱི་ཡར་རྒྱས་འགྲོ་བཞིན་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ལྷན་དུ་དཔུང་པ་མཉམ་གཤིབ་དང་ནུས་པ་ཡོད་པ་མངོན་གསལ་བྱ་རྒྱུའི་ཆེད་ཡིན་པར་འགྲེལ་བརྗོད་བྱས་འདུག   བལ་ཡུལ་ནས་ད་རེས་ཇོ་མོ་གླང་མའི་མཐོ་ཚད་འཇལ་རྒྱུ་ལས་གཞི་དེའི་ཆེད་ཡོ་རོབ་སྒོར་མོ་ས་ཡ་གཅིག་ལྷག་འགྲོ་གྲོན་གཏང་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་འདུག སྤྱིར་འཛམ་གླིང་ནང་བོད་དང་བལ་ཡུལ་དབར་ལ་ཆགས་པའི་ཇོ་མོ་གླང་མའི་སྟེང་ཐོག་མར་འཛེགས་མཁན་དེ་བལ་པོའི་མི་སེར་ཡིན་པ་དང་། ད་བར་བལ་གཞུང་ཁེར་རྐྱང་གིས་ཇོ་མོ་གླང་མའི་རི་མཐོ་ཚད་ལ་ཚད་གཞི་མཇལ་མྱོང་མེད་པ་རེད། དེ་བཞིན་འདས་པའི་ལོ་ཤས་ནང་དུ་འཛམ་གླིང་ཁྲོད་ཀྱི་ས་ཁམས་རིག་པ་ཕན་ཚུན་དབར་ལ་ཇོ་མ་གླང་མའི་རི་མཐོ་ཚད་དེ་རི་ཁོ་ནའི་མཐོ་ཚད་ཡིན་དང་། རིའི་སྟེང་ཡོད་པའི་གངས་དང་ལྷན་དུ་ཇོ་མོ་གླང་མའི་མཐོ་ཚད་འཇལ་རྒྱུའི་ཐད་བགྲོ་གླེང་གི་རྩོད་གཞི་ཆགས་ཡོད་པ་རེད། རྩ་བའི་བལ་བོད་གཉིས་དབར་ཆགས་པའི་ཇོ་མོ་གླང་མའི་མཐོ་ཚད་ཀྱི་ཚད་གཞི་དེ་ནི། ཕྱི་ལོ་ ༡༨༤༧ ལོར་དབྱིན་ཡུལ་གྱི་རྒྱ་གར་ནང་ཡོད་པའི་དམག་དཔོན་ Andrew Waugh ཡིས་འཇལ་ཡོད་པ་དང་། སྐབས་དེའི་མཐོ་ཚད་དེ་ཕི་ཀྲི་ ༢༩༠༠༢ ཡིན་པ་དང། དེ་རྗེས་ཕྱི་ལོ་ ༡༩༥༥ ལོར་རྒྱ་གར་ངོས་ནས་འཇལ་བའི་མཐོ་ཚད་དེ་ཕི་ཀྲི་ ༢༩༠༢༨ དང། དེ་བཞིན་ཕྱི་ལོ་ ༡༩༩༩ ལོར་ཨ་རིའི་བྷོས་ཊོན་ Boston ས་ཁམས་རིག་པའི་སྡེ་ཚན་ནས་འཇལ་བའི་སྐབས་ཕི་ཀྲི་ ༢༩༠༣༥ ཆགས་ཀྱི་ཡོད་པ་རེད། མཐར་ཕྱི་ལོ་ ༢༠༠༥ ལོར་རྒྱ་ནག་གཞུང་གིས་ཇོ་མོ་གླང་མའི་རི་ཐོག་ཡོད་པའི་གངས་ཕུད་པའི་རི་རྐྱང་པའི་མཐོ་ཚད་འཇལ་བར་གཞིགས་ན་ཕི་ཀྲི་ ༢༩༠༡༦ ཆགས་ཀྱི་ཡོད་པ་རེད།

རྒྱལ་ཚོགས་སུ་ཨ་རི་གཙོས་རྒྱལ་ཁབ་ལྔས་བོད་དང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་བློ་འཚབ་ཀྱི་རྣམ་པ་བསྟན་འདུག

ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་ནས་སུད་སི་གྲོང་ཁྱེར་ཇི་ནི་ཝ་གྲོང་ཁྱེར་ནང་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལྷན་ཚོགས་ ༣༦ པ་ཚོགས་བཞིན་ཡོད་པ་དང། ཁ་སང་བར་ལ་ཚོགས་འདུའི་ཐོག་ཨ་རི་དང་ཡོ་རོབ་མཐུན་ཚོགས། འཇར་མན། སུད་སི། དབྱིན་ཡུལ་བཅས་རྒྱལ་ཁབ་ལྔས་རྒྱ་ནག་སྤྱི་དང་ལྷག་དོན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་སྐོར་གླེང་སློང་གནང་འདུག སྐབས་དེར་རྒྱལ་ཚོགས་ཀྱི་ཚོགས་མི་སྐུ་ཚབ་ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་གིས་ཁུལ་དེའི་ནང་གི་དབུལ་ཕོངས་མང་ཚོགས་ཀྱི་གྲངས་འབོར་ཇི་ཉུང་དུ་འགྲོ་བཞིན་པའི་གནད་དོན་གཙོས་མང་ཚོགས་ཀྱི་སྤྱི་མང་དང་དཔལ་འབྱོར་ཐོབ་ཐང་ཐོག་ཡར་རྒྱས་བཏང་དང་གཏོང་བཞིན་པར་ངོས་འཛིན་ཞུས་པ་དེ་ལྟར་ཡང། རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གཙོས་པའི་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་ཁས་ལེན་ཞུས་པ་གཞིར་བཟུང་དོན་འཁྱོལ་ལག་བསྟར་བྱེད་དགོས་པ་མ་ཟད། རྒྱ་ནག་ནང་རྩ་ཁྲིམས་ནང་གསལ་ལྟར་རྒྱ་ནག་ནང་གི་མང་ཚོགས་ཀྱི་རང་དབང་ལ་གུས་བརྩི་བྱེད་དགོས་ཞེས་བརྗོད་འདུག རྒྱ་ནག་གཞུང་གིས་གཞུང་འབྲེལ་མིན་པའི་ཚོགས་པའི་ལས་དོན་དང་འབྲེལ་ཁྲིམས་སྒྲིག་གཞིར་བཟུང་ཁུལ་དེར་ཡོད་པའི་ཚོགས་པ་ཁག་གི་སྤྱི་ཚོགས་ལ་ཕན་པའི་ལས་དོན་ལ་དམ་དྲག་མེད་པར་རང་དབང་ཐོག་སྤེལ་བཅུག་དགོས་པར་འབོད་སྐུལ་གནང་འདུག རྒྱ་ནག་ནང་ཡོད་པའི་རིག་གཞུང་མི་འདྲ་བའི་མི་རིགས་ཀྱི་ལམ་སྲོལ་ལ་གུས་བརྩི་དང་། ཆོས་དད་རང་དབང་ལ་གུས་བརྩི་ཞུ་དགོས་པ་སྤྱི་དང་སྒོས་བོད་དང་ཡུ་གུར་མང་ཚོགས་ཀྱི་ཆོས་དད་རང་དབང་དང་རིག་གཞུང་གོམས་སྲོལ་ལ་གུས་བརྩི་ཞུ་དགོས་པའི་སྐུལ་མ་གནང་འདུག དེ་བཞིན་དེ་སྔ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞའོ་པའོ་ལགས་རྒྱ་གཞུང་གི་བཙོན་འོག་ཏུ་སྐུ་གྲོངས་པའི་གནད་དོན་ཐོག་ཡོ་རོབ་མཐུན་ཚོགས་ལ་བློ་ཕམ་ཡོད་ཅེས་གསུངས་པ་དང་ཆབས་ཅིག འདས་པོ་ཁོང་གི་འབྲེལ་ཡོད་ནང་མི་ཚོར་དམ་དྲག་འོག་ནས་གུ་ཡངས་གཏོང་དགོས་པའི་སྐུལ་མ་གནང་འདུག་པ་མ་ཟད། རྒྱ་གཞུང་གིས་ཉེ་བའི་ཆར་ཁུལ་དེའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཁག་ལ་ཕྱི་གསལ་ནང་གསལ་དང་དྲང་བདེན་མེད་པའི་ཐོག་ནས་བཀག་དཀྱིལ་དང་ཁྲིམས་ཐག་བཅད་པའི་གནད་དོན་ཐོག་སེམས་འཚབ་ཡོད་ཅེས་གསུངས་འདུག ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གིས་ད་ལྟའི་ཆར་འཛིན་བཟུང་འོག་ཡོད་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲིས་དབང་ཕྱུག་ལགས་དང། ཁྲིམས་རྩིད་པ་ Jiang Tianyong Wang Quanzhang དེ་བཞིན་ Wu Gan བཅས་ཀྱི་གནད་དོན་ཐོག་ལྟ་ཞིབ་བྱེད་བཞིན་ཡོད་པ་ཡང་གསུངས་འདུག རྒྱལ་ཚོགས་ཀྱི་ལྷན་ཚོགས་དེའི་ཐོག་འཇར་མན་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་སྤྱི་དང་སྒོས་བོད་དང་ཡུ་གུར། ཉེ་འཁོར་ས་གནས་ཁག་གི་གནས་སྟངས་ལ་ཧ་ཅང་གི་བློ་འཚབ་ཡོད་ཅེས་གསུངས་པ་མ་ཟད་ཁྱད་པར་དུ་ཉེ་སྔོན་རྒྱ་གཞུང་གིས་བོད་སེར་རྟ་བླ་རུང་ཆོས་སྒར་གཏོར་བཤིགས་བཏང་བའི་གནད་དོན་དེ་ཁུལ་དེའི་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་གཏོང་པའི་དཔང་རྟགས་ཤིག་ཡིན་པ་ཐེར་བཏོན་བྱས་པ་དང། རྒྱ་གཞུང་གིས་ད་ལྟའི་ཆར་འཛིན་བཟུང་འོག་ཡོད་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲིས་དབང་ཕྱུག་ལགས་དང། ཁྲིམས་རྩིད་པ་ Jiang Tianyong Wang Quanzhang དེ་བཞིན་ Wu Gan དང་། Liu Feiyue སོགས་འཕྲལ་དུ་གློད་བཀྲོལ་གཏང་དགོས་པར་འབོད་སྐུལ་ཞུས་པ་དང་སྦྲགས། རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྒྱ་ནག་ཏུ་ཆེད་བསྐྱོད་བྱེད་དགོས་པ་བརྗོད་འདུག ལྷན་ཚོགས་དེའི་ཐོག་ཨ་རི་གཞུང་གི་སྐུ་ཚབ་ཀྱིས་རྒྱ་གཞུང་ནས་ཁུལ་དེར་ཉེ་བའི་ཆར་ཁྲིམས་རྩོད་པ་དང་ལས་འགུལ་བ་ཁག་བཀག་ཉར་གིས་མནར་གཅོད། བཙན་དབང་འོག་ཆབ་སྲིད་ཀྱི་ཁྲིམས་ཆད་གཏོང་བཞིན་པ། དེ་བཞིན་དེ་དག་གི་འབྲེལ་ཡོད་ནང་མིར་སུན་གཙེར་བཟོ་བཞིན་པའི་གནས་སྟངས་སོགས་མངོན་གསལ་དང་། རྒྱ་གཞུང་གིས་བོད་དང་ཡུ་གུར་ས་གནས་ཁག་ཏུ་དྲག་པོའི་ཁྲིམས་ཞིབ་ལག་བསྟར་བྱས་པར་བློ་འཚབ་ཡོད་པའི་རྣམ་པ་བསྟན་འདུག རྩ་བའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་དེའི་ཁོངས་སུ་ཚོགས་མི་རྒྱལ་ཁབ་ ༤༧ ཡོད་པ་དང། ཁ་སང་བར་གྱི་ལྷན་ཚོགས་དེའི་ཐོག་དབྱིན་ཡུལ་དང་སུད་སི་སྐུ་ཚབ་ནས་ཀྱང་རྒྱ་གཞུང་གི་བཙན་གནོན་འོག་སྐུ་གྲོངས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞའོ་པའོ་མཆོག་གི་གནད་དོན་ཐད་བློ་ཕམ་དང་ཁོང་གི་སྐུ་ཟླ་ཞའོ་ལགས་ཀྱི་ཐོག་འགན་ལེན་བྱེད་དགོས་པ་མ་ཟད་རྒྱ་གཞུང་གིས་ཁུལ་དེའི་ནང་གི་མང་ཚོགས་ཀྱི་སྤྱི་མང་ཐོབ་ཐང། ཆབ་སྲིད་ཐོབ་ཐང། འགྲོ་སྡོད་རང་དབང་ལ་དམ་དྲག་མེད་པའི་གཞི་རྩའི་ཁྲིམས་སྒྲིག་གཞིར་བཟུང་ལག་བསྟར་བྱེད་དགོས་པ་སོགས་ཀྱང་ནན་བརྗོད་གནང་འདུག ཐེངས་འདིའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༣༦ པ་དབུ་འབྱེད་ཉིན་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ Zeid Raadal Hussein མཆོག་ནས་ལྷན་ཚོགས་ཀྱི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་དང། འདས་གྲོངས་སུ་འགྱུར་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་སྐུ་ཞབས་ལིའུ་ཞའོ་པའོ་ལགས་དང། ཞིང་གཤེགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག ད་ཆ་རྒྱའི་བཙོན་འོག་ཏུ་ཡོད་པའི་བཀྲ་ཤིས་དབང་ཕྱུག་ལགས་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་ Jian Tianyong ལགས་ཀྱི་སྐོར་སོགས་གླེང་སློང་གནང་པ་མ་ཟད། རྒྱ་གཞུང་གིས་རྒྱལ་ཁབ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ལ་ཤུགས་སྣོན་འཕར་མ་རྒྱག་བཞིན་པར་བསྔགས་འོས་ལྟར། ལས་གཞི་དེའི་ཁྲོད་བོད་མི་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་གཞན་རྣམས་ལ་དམིགས་བསལ་དོ་སྣང་དགོས་གལ་ཡིན་པ་གསུངས་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་སུ་བོད་ནང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གནས་བབས་སྐོར་བཞུགས་མོལ་ཚོགས་འདུག

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་གོ་སྒྲིག་འོག་ཁ་སང་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་“TibetanBuddhistToday”འམ་ད་ལྟའི་བོད་ནང་གི་ནང་པའི་དད་ལྡན་མི་མང་གི་གནས་སྟངས་ཞེས་པའི་གླེང་བརྗོད་ཐོགབོད་ནང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་སྐོར་བཞུགས་མོལ་ལྷན་ཚོགས་གནང་འདུག ལྷན་ཚོགས་དེའི་ཐོག་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། རང་དབང་ཁང་པའི་ལྷོ་ཤར་ཨེ་ཤ་ཡའི་ཉམས་ཞིབ་པ་རྒན་གྲས་ Sarah Cook ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། དེ་བཞིན་ཨ་རིའི་ཆོས་དད་རང་དབང་ལྷན་ཁང་གི་ཉམས་ཞིབ་པ་ Tina Mufford ལགས་བཅས་ནས་མཉམ་ཞུགས་གནང་འདུག སྐབས་དེར་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་རྒྱ་གཞུང་གིས་དོ་དམ་འོག་ཡོད་པའི་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་དང། རྒྱ་གཞུང་གིས་༸གོང་ས་མཆོག་ལ་མཚན་སྨད་དང་༸གོང་ས་མཆོག་གི་༸སྐུ་པར་ཉར་བ་ཤེས་རྟོགས་བྱུང་ཚེ་ཆབ་སྲིད་ཀྱི་ཉེས་མིང་འོག་འཛིན་བཟུང་བྱེད་བཞིན་ཡོད་པ་སོགས་ཀྱི་གནས་སྟངས་ངོ་སྤྲོད་གནང་པ་མ་ཟད། བླ་རུང་སྒར་དང་ཡ་ཆེན་སྒར་གཏོར་བཤིག་གཏོང་བཞིན་པ་དང་འབྲེལ། དགེ་འདུན་པའི་ཐོག་དམར་ཤོག་ཚོགས་པའི་སྟངས་འཛིན་མི་སྣ་ཆེད་བསྐོ་བྱས་པ་དང། ལྷག་པར་དུ་ད་ལྟའི་ཆར་ཆོས་དད་རང་དབང་གི་ཆ་ནས་སེམས་འཚབ་ཆེན་པོ་བྱེད་ཡུལ་ཞིག་ནི་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་ལམ་སྲོལ་ཐོག་སྟངས་འཛིན་བྱེད་བཞིན་པ་དེ་ཆགས་ཡོད་ཅེས་གསུངས་འདུག ཨ་རིའི་རང་དབང་ཁང་པའི་ལྷོ་ཤར་ཨེ་ཤ་ཡའི་ཉམས་ཞིབ་པ་རྒན་གྲས་ Sarah Cook ལགས་ཀྱིས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ རྗེས་ནས་བོད་ནང་གི་བོད་མིའི་ཆོས་ཕྱོགས་བྱེད་སྒོ་ཁག་ལ་སྔར་ལས་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ།བོད་མིའི་འགྲོ་སྡོད་སྤྱོད་གསུམ་དང་། དྲ་རྒྱ་དང་ཁ་པར། བརྙན་འཕྲིན། དེ་བཞིན་སྤྱི་ཚོགས་ཀྱི་འབྲེལ་མཐུད་བརྒྱུད་ལམ་ཐོག་དམ་དྲག་ནན་པོ་བྱེད་བཞིན་ཡོད་ཀྱང། བོད་མི་ཚོའི་སེམས་ཁོངས་ལ་ཡོད་པའི་༸གོང་ས་མཆོག་དང་ནང་ཆོས་ལ་དད་གུས་རྩ་བ་ནས་ཉམས་མེད་ཡོད་པ་སོགས་གསུངས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་དང། རང་ལུས་མེར་སྲེག་གི་བྱུང་རྐྱེན་ངོ་སྤྲོད་གནང་པ་མ་ཟད། ལྷག་པར་དུ་ལྷན་ཚོགས་དེའི་བརྒྱུད་ནས་ད་ཡོད་སྲིད་འཛིན་ཊམ་གཞུང་ནས་ཨ་རིའི་བོད་ཐོག་འཛིན་པའི་ ༢༠༠༢ ཞེས་པའི་ཁྲིམས་སྒྲིག་སྲིད་བྱུས་གཞིར་བཟུང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་སྟེ་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཉིས་དབར་ལ་གྲོས་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཡོང་རྒྱུར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་སྐོར་སོགས་གསུངས་འདུག ཨ་རིའི་ཆོས་དད་རང་དབང་ལྷན་ཁང་གི་ཉམས་ཞིབ་པ་ Tina Mufford ལགས་ནས་རྒྱ་གཞུང་གིས་ཨ་རིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་མི་སྣ་ཁག་བོད་ཀྱི་ས་ཁུལ་དུ་རང་དབང་ཐོག་བསྐྱོད་ཆོག་གི་མེད་པར་བརྟེན། ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་ Reciprocal Access ཞེས་པའི་ཁྲིམས་འཆར་གཏན་འབེབས་བརྒྱུད་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་རྒྱ་རིགས་རྣམས་ཀྱང་ཨ་རིའི་ནང་བསྐྱོད་རྒྱུར་བཀག་འགོག་གི་སྲིད་བྱུས་སྤེལ་དགོས་སྐོར་གསུངས་འདུག རྩ་བའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གིས་ད་རེས་ལྷན་ཚོགས་འདི་ཚོགས་དགོས་དོན་གཙོ་བོ་ནི་ཉེ་བའི་ཆར་རྒྱ་གཞུང་གིས་བོད་སེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་དང་དགེ་འདུན་པའི་ཐོག་ཚོད་འཛིན་དམ་དྲག་སོགས་ཛ་དྲག་གི་གནས་སྟངས་མཚོན་པའི་ད་ལྟའི་བོད་ནང་གི་བོད་མིའི་ཆོས་དད་རང་དབང་གི་གནས་སྟངས་ལ་སེམས་འཚབ་བྱ་ཡུལ་ཞིག་ཏུ་འགྱུར་བཞིན་པ་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་འདུག

རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་བོད་གཙོས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཟུར་ཚོགས་ཤིག་བསྐོང་ཚོགས་གནང་འདུག

སུད་སི་ཇི་ནི་ཝ་གྲོང་ཁྱེར་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༦ པ་ཚོགས་བཞིན་པ་དང་བསྟུན། སྐུ་ཞབས་ Liu Xiaobo ལགས་དམ་པ་དེ་ཉིད་ཀྱི་ཕྱག་ལས་ལ་ཆེ་བསྟོད་ཀྱི་དམིགས་བསལ་ཟུར་ཚོགས་ཤིག་བསྐོང་ཚོགས་གནང་པ་དེའི་ཐོག་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གླེང་སློང་གནང་འདུག དེ་ཡང་ཟླ་ ༩ ཚེས་ ༡༡ ནས་དབུ་འཛུགས་ཀྱིས་ཚེས་ ༢༩ བར་ཚོགས་རྒྱུའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་བསྟུན། ཁ་སང་ Tibet Advocacy Coalition འམ་རྒྱལ་སྤྱི འི་བོད་དོན་ཞུ་གཏུགས་ཚོགས་པའི་གོ་སྒྲིག་འོག་རྒྱལ་ཚོགས་ཀྱི་སྐུ་ཚབ་མི་སྣ་ཁག་ཅིག་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ་དང་། ལྷག་དོན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས། འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་འགན་འཛིན་མིག་དམར་སྒྲོལ་མ་ལགས་བཅས་གདན་ཞུ་ཐོག་རྒྱལ་ཚོགས་ཀྱི་ཡན་ལག་ཚོགས་ཁང་ཞིག་ཏུ་ཟུར་ཚོགས་ཀྱི་ལས་རིམ་ཞིག་བསྐོང་ཚོགས་གནང་འདུག སྐབས་དེར་གཏམ་བཤད་གནང་མཁན་རྣམས་ནས་གཙོ་བོ་འདི་ལོ་རྒྱ་གཞུང་གིས་བཙོན་འཇུག་འོག་སྨན་བཅོས་ཀྱི་མཐུན་རྐྱེན་ཚད་ལྡན་མ་རག་པའི་དབང་གིས་འདས་གྲོངས་སུ་གྱུར་བའི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་ཀྱི་གནད་དོན་དང་། བོད་ནང་གི་ཛ་དྲག་གནས་སྟངས། རྒྱ་གཞུང་གིས་ཉེས་མེད་འཛིན་བཟུང་བཙན་འཁྲིད་འོག་འདས་གྲོངས་སོང་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་གནད་དོན་སོགས་ཀྱི་ཐད་ལ་གྲོས་བསྡུར་གནང་འདུག ཟུར་ཚོགས་ཀྱི་ལས་རིམ་དེའི་ཐོག་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བོད་ནང་རྒྱ་གཞུང་གིས་སྡུག་རྩུབ་དང་བཙོན་ཁང་ནང་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཇི་ལྟར་གཏང་ལུགས། དེ་བཞིན་ཁོང་གི་ཨ་ཞང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་རྒྱའི་བཙོན་ཁང་ནང་བཙན་དབང་གིས་སྐུ་བཀྲོངས་ཡོད་སྐོར་དང་། གནད་དོན་དེའི་འོག་ཁོང་རང་ཉིད་གཙོས་པའི་ནང་མི་ཉེ་འབྲེལ་དང་རིན་པོ་ཆེ་དམ་པའི་སློབ་མ་སོགས་ལ་གནས་ཚུལ་དེ་ཕྱི་ལ་བཤད་མི་ཆོག་པའི་བཙན་བཤད་དང་འཇིགས་སྐུལ་སྣ་ཚོགས་སྔ་རྗེས་སུ་བྱས་ཡོད་པའི་དངོས་ཀྱི་གནད་ཚུལ་རྣམས་འགྲེལ་བརྗོད་གནང་འདུག དེ་བཞིན་མིག་དམར་སྒྲོལ་མ་ལགས་ནས་བོད་ནང་གི་ཛ་དྲག་དཀའ་ངལ་དེ་དག་སེལ་ཐབས་སུ་རྒྱལ་སྤྱིའི་ཚོགས་སྡེ་ཁག་མཉམ་ལས་ཐོག་རྒྱ་གཞུང་གིས་ཆེས་ཐབས་སྡུག་བྱེད་སྟངས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་སྟེ་བོད་ནང་གི་གནས་སྟངས་དངོས་ཡར་རྒྱས་གཏོང་བར་ལས་འགུལ་སྔར་ལྷག་སྤེལ་དགོས་སྐོར་ལ་ཚོར་ཤུགས་ཆེན་པོས་ཚོགས་བཅར་བ་ཡོངས་ལ་བརྡ་ལན་ཞིག་གནང་འདུག དེ་རིང་མིག་དམ་སྒྲོལ་མ་ལགས་དང་ཉི་མ་ལྷ་མོ་ལགས་རྣམ་གཉིས་གཙོས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྐུ་ཚབ་པདྨ་སྒྲོལ་མ་ལགས། ཨུ་རྒྱན་ལགས། ཡུ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་བདེ་ཆེན་ལགས་བཅས་ཐུན་མོང་ནས་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་ཐོག་གི་དམིགས་བསལ་སྐུ་ཚབ་དང་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་ཐོག་གི་དམིགས་བསལ་སྐུ་ཚབ་ཀྱི་ལས་ཁུངས་སུ་ཆེད་བཅར་གྱིས་བོད་ནང་གི་དངོས་ཡོད་གནས་སྟངས་ཁག་གསལ་བཤད་ཞུས་ཡོད་པ་རེད། རྩ་བའི་ཟུར་ཚོགས་འདིའི་ཐོག་བོད་དོན་རྒྱབ་སྐྱོར་བ་དང་། ཞིབ་འཇུག་པ། དེ་བཞིན་རྒྱལ་ཚོགས་ཀྱི་ལས་བྱེད། ཨོ་སི་ཊོ་ལི་ཡ་གཙོས་པའི་རྒྱལ་ཁབ་ཁག་འདྲ་མིན་གྱི་སྐུ་ཚབ་ཁག་ཅིག་བཅས་ཁྱོན་མི་གྲངས་ ༣༠ ཡས་མས་ཤིག་མཉམ་ཞུགས་གནང་འདུག

རྒྱ་གཞུང་གིས་ཨོ་སི་ཊོ་ལི་ཡ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་ཤེས་ཡོན་སྡེ་ཁག་ལ་ཤུགས་རྐྱེན་སྤྲོད་བཞིན་པ་ཐེར་བཏོན་གནང་འདུག

ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཁང་ Australia Tibet Council ཞེས་པ་ནས་རྒྱ་གཞུང་གིས་འདས་པའི་ལོ་ཤས་ནང་དུ་ཨོ་སི་ཊོ་ལི་ཡའི་ཆབ་སྲིད་དང་ཤེས་ཡོན་སྡེ་ཁག་ལ་ཤུགས་རྐྱེན་སྤྲོད་བཞིན་པར་བརྟེན་ཨོ་སི་ཊོ་ལི་ཡ་རྒྱལ་ཁབ་ཀྱི་ངོས་ནས་བོད་ཀྱི་གནད་དོན་ཐོག་ཁུ་སིམ་པོ་བསྡད་ཀྱི་ཡོད་སྐོར་ཞིབ་འཇུག་སྙན་ཐོ་ཞིག་འདོན་སྤེལ་བརྒྱུད་ནས་ཐེར་བཏོན་གནང་འདུག དེ་རིང་ཟླ་ ༩ ཚེས་ ༡༣ ཉིན་སྔ་དྲོ་ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཁང་གིས་ཨོ་སི་ཊོ་ལི་ཡ་གཞུང་བོད་ཀྱི་གནད་དོན་ཐོག་ཁུ་སིམ་པོ་གནས་པ་ Australia’s Silence on Tibet ཞེས་པའི་སྙན་ཐོ་ཞིག་ཡུལ་དེའི་གྲོས་ཚོགས་སུ་འདོན་སྤེལ་གནང་འདུག ད་རེས་འདོན་སྤེལ་གནང་པའི་སྙན་ཐོའི་ནང་གཙོ་བོ་འདས་པའི་ལོ་བཅུ་ཕྲག་གཅིག་ནང་དུ་ཨོ་སི་ཊོ་ལི་ཡ་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་ཐོག་གླེང་སློང་ཐེངས་གཅིག་ཀྱང་གནང་མེད་པ་མངོན་གསལ་དང་འབྲེལ། ཡུལ་དེའི་ཆབ་སྲིད་ཚོགས་པ་ཆེ་ཁག་དང་ཤེས་ཡོན་སྡེ་ཁག་ལ་རྒྱ་གཞུང་དང་འབྲེལ་བ་ཡོད་པའི་ཚོང་པ་ཁག་ནས་དངུལ་ཕོན་ཆེན་ཞལ་འདེབས་སྤྲད་ནས་གནོད་ཤུགས་སྤྲོད་མུས་ཁར་རྒྱ་གཞུང་གིས་རྒྱལ་སྤྱིའི་ཐོག་བོད་ཀྱི་དངོས་ཡོད་གནས་དོན་བསྒྱུར་བཅོས་བཏང་སྟེ་རྣམ་པ་གསར་པ་ཞིག་གི་ཐོག་ནས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་ཐེར་བཏོན་བྱས་འདུག དེ་རིང་སྔ་དྲོ་སྙན་ཐོ་འདོན་སྤེལ་གྱི་མཛད་སྒོར་ཨོ་སི་ཊོ་ལི་ཡ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Michael Danby མཆོག་དབུས་པའི་གྲོས་ཚོགས་འཐུས་མི་ ༡༥ ཙམ་དང་ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཁང་གི་ལས་འཆར་འགན་འཛིན་བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་སོགས་ཆེད་བཅར་ཞུས་འདུག དེ་བཞིན་ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཁང་གིས་སྙན་ཐོ་དེ་ཡུལ་དེའི་གྲོས་ཚོགས་ ༣༠ ལྷག་ལ་ཆེད་བཅར་གྱིས་ཕུལ་ཐུབ་པ་བྱུང་འདུག འདི་ག་རླུང་འཕྲིན་ཁང་ནས་ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཁང་གི་ལས་འཆར་འགན་འཛིན་བོད་མི་མང་སྤྱི་འཐུས་སྐྱིད་འཛོམས་ལགས་སུ་སྙན་ཐོ་དང་འབྲེལ་བའི་བཅར་འདྲི་ཞུས་པར་ཁོང་གིས་སྙན་ཐོ་དེ་རྒྱ་གཞུང་གིས་ཨོ་སི་ཊོ་ལི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་ཤེས་ཡོན། དེ་བཞིན་བོད་མིའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་སྤྲོད་བཞིན་པ་དེས་བོད་ཀྱི་གནད་དོན་ལ་ཉེན་ཁ་གང་ཞིག་འཕྲད་ཀྱི་ཡོད་པ་གསལ་སྟོན་ཆེད་དེ་ལྟར་འདོན་སྤེལ་གནང་པ་ཡིན་ཞེས་གསུངས་སོང་།

Latest news