རྒྱལ་སྤྱི།

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝི་ཏི་ནམ་ནང་སྐུ་བཀྲོངས་པའི་གནད་དོན་ལ་ད་ལྟའང་ཞིབ་འཇུག་མ་བྱེད་པར་སྐྱོན་བརྗོད།

སྔ་ལོ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝི་ཊི་ནམ་དུ་དོགས་གཞི་ཅན་གྱི་གནས་སྟངས་འོག་གློ་བུར་དུ་སྐུ་འདས་གྲོངས་སུ་ཕྱིན་པ་དང་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམ་པ་དབུས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཝི་ཊི་ནམ་དང་རྒྱ་ནག་གཞུང་གཉིས་ཀར་གནད་དོན་དེའི་ཐོག་རང་དབང་ཅན་གྱི་ཞིབ་འཇུག་དང་གསལ་བཤད་མཐིལ་ཕྱིན་དགོས་པའི་ཞུ་སྐུལ་རིམ་པ་གནང་ཡང་། ད་ཆ་ལོ་གཅིག་ལ་སོང་རན་ཡང་། ཝི་ཏི་ནམ་དང་རྒྱ་ནག་གཞུང་གཉིས་ཀས་ཡོངས་ཁྱབ་ཀྱིས་ཞིབ་འཇུག་གང་ཡང་བྱེད་མེད་པར་སྐྱོན་བརྗོད་གནང་འདུག སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ནི་མགོ་ལོག་ཨ་སྐྱོང་གོང་མ་ཚང་གི་ལུང་སྔོན་དགོན་པའི་དགོན་བདག་ཡིན་པ་དང་། ཁོང་ལ་རྒྱ་ནག་དང་ཕྱི་རྒྱལ་ཁྲོད་དད་མོས་གནང་མཁན་སྟོང་ཕྲག་མང་པོ་ཡོད་ཅིང་། དེའི་ནང་ཝེ་ཏི་ནམ་ཡང་ཚུད་ཡོད་པ་དང་། རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༢༤ ཟླ་ ༩ པའི་ནང་ཝི་ཏི་ནམ་དུ་ཆེད་ཕེབས་ཀྱིས་ཡུལ་དེའི་ནང་དཀའ་ངལ་ཆེན་པོའི་འོག་གསང་བའི་ངང་བཞུགས་ཡོད་པའི་ཁྲོད། སྔ་ལོའི་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་གློ་བུར་དུ་ཝི་ཏི་ནམ་གྱི་ཉེན་རྟོག་པས་འཛིན་བཟུང་གིས་ཕྱི་ཚེས་ ༢༨ ཉིན་ས་གནས་སྤྱི་བདེ་ལས་ཁུངས་སུ་རྩིས་སྤྲོད་བྱས་རྗེས་ཉིན་དེར་སྐུ་གྲོངས་པའི་གནས་ཚུལ་ཐོན་ཡོད་པ་རེད། The Vietnamese Magazine ཞེས་པའི་ཝི་ཊི་ནམ་གྱི་དུས་དེབ་ཐོག་ཁ་སང་ཝེ་ཊི་ནམ་གྱི་རྩོམ་པ་པོ་དང་གསར་འགོད་པ HuệNhã ལགས་ཀྱིས་གནས་ཚུལ་སྤེལ་བའི་ནང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པ་འདྲ་མིན་ཁག་གཅིག་གི་སྐུ་ཚབ་ནས་སྔ་ལོའི་ཕྱི་ཟླ་ ༨ པ་དང་དེ་ནས་ཕྱི་ཟླ་ ༡༠ པའི་ནང་ཝི་ཊི་ནམ་དང་རྒྱ་ནག་གཞུང་གཉིས་ཀར་དམིགས་བསལ་ཕྱག་བྲིས་ཕུལ་ཏེ་ཞིང་གཤེགས་དམ་པ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་གནད་དོན་ཐད་ཐུགས་འཚབ་ཀྱི་རྣམ་པ་གསལ་སྟོན་དང་འབྲེལ། རིན་པོ་ཆེ་མཆོག་འཛིན་བཟུང་དང་གར་སོང་ཆ་མེད་འགྱུར་སྟངས། ལྷག་པར་ཉེན་རྟོག་པའི་བཀག་ཉར་འོག་འདས་གྲོངས་ཇི་འདྲ་སོང་མིན་ཐད་རང་དབང་སྒོ་ནས་ཞིབ་འཇུག་མྱུར་དུ་བྱེད་དགོས་པའི་ཞུ་སྐུལ་གནང་ཡོད་ཅིང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ Minnesota Protocol ཞེས་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་ནང་དེ་ལྟ་བུའི་ཉེན་རྟོག་པའི་བཀག་ཉར་འོག་ཁྲིམས་འགལ་གྱི་གསོད་རྨས་གནད་དོན་ལ་འབྲེལ་ཡོད་གཞུང་ནས་མྱུར་དུ་ཞིབ་འཇུག་བྱེད་དགོས་པ་དང་། ཝི་ཏི་ནམ་དང་རྒྱ་ནག་གི་སྲིད་གཞུང་གཉིས་ཀ་ཁྲིམས་སྒྲིག་དེའི་ཁྱབ་ཁོངས་སུ་གཏོགས་ཀྱང་། ད་བར་རྒྱལ་ཁབ་གཉིས་ཀྱིས་ལན་འདེབས་གང་ཡང་བྱེད་མེད་པར་སྐྱོན་བརྗོད་གནང་འདུག ཆེད་མཁས་པ་ཚོས་རྒྱལ་སྤྱིའི་ཁྲིམས་ལུགས་ནང་། གནས་སྟངས་གང་འདྲ་ཞིག་གི་འོག་ཏུ་ཡང་བཙན་དབང་གིས་གར་སོང་ཆ་མེད་དུ་གཏོང་བ་དང་། ཁྲིམས་འགལ་གྱི་སྲོག་ཐོག་གཏོང་བ་གཉིས་ལ་རྒྱུ་མཚན་འགྲེལ་བཤད་གང་ཡང་དང་ལེན་བྱེད་ཀྱི་མ་རེད་ཅེས་ནན་བཤད་གནང་ཡོད་པ་དང་། སྔ་ལོའི་ཕྱི་ཟླ་ ༤ པར་སྤུལ་སྐུ་ཧཱུྃ་ཀར་རྡོ་རྗེ་སྐུ་གཤེགས་པའི་གསལ་བསྒྲགས་རྗེས། ཝི་ཏི་ནམ་དང་རྒྱ་ནག་གཞུང་གཉིས་ལ་གནད་དོན་དེར་ཞིབ་འཇུག་བྱེད་པ་དང་། གྲུབ་དོན་ཕྱོགས་བསྡོམས་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལན་འདེབས་བྱེད་པར་ཉིན་གྲངས་ ༦༠ ཡི་དུས་ཚོད་སྤྲད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ཡང་གསལ་སྟོན་གནང་འདུག གཞི་རྩའི་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ནི་ཕྱི་ལོ་ ༡༩༦༩ ལོར་བོད་མགོ་ལོག་ཨ་སྐྱོང་གོང་མ་ཚང་དུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༨༩ ལོར་རྒྱ་གར་དུ་ཕེབས་ནས་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ལོ་ལྔ་རིང་སློབ་གཉེར་མཛད་རྗེས། ལོ་གཉིས་རིང་ཨ་རིར་སློབ་གཉེར་གྱིས་ཕྱིར་བོད་དུ་ཕེབས། དེ་ནས་ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་དམར་གཞུང་གི་ཆོག་མཆན་ཐོབ་པ་ལྟར་མགོ་ལོག་དགའ་བདེ་རྫོང་ཁོངས་ཀྱི་ལུང་སྔོན་དགོན་པའི་གདན་རབས་བཅུ་པར་གསེར་ཁྲིར་མངའ་གསོལ་ཞུས་ཏེ། ཕྱི་ལོ་ ༢༠༠༤ ནས་ ༢༠༠༦ བར་པེ་ཅིང་དུ་ཕེབས་ནས་ནང་བསྟན་ཆོས་ལུགས་ཐོག་དམིགས་བསལ་གསན་བསམ་མཛད་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༤ ལོར་ཁོང་གིས་མཚོ་སྔོན་ཞིང་ཆེན་གེ་སར་གཞན་ཕན་ཐེབས་རྩ་གསར་འཛུགས་དང་། ཕྱི་ལོ་ ༢༠༠༧ ནས་མགོ་ལོག་ཁུལ་སྲིད་གཞུང་དང་སློབ་གསོ་ཁང་གི་ཆོག་མཆན་ལྟར་དགེ་སློབ་ཆིག་སྟོང་ཙམ་ཡོད་པའི་ཧཱུྃ་ཀར་རྡོ་རྗེ་མི་རིགས་ལག་རྩལ་མཐོ་འབྲིང་སློབ་གྲྭ་བཙུགས་གནང་བ་སོགས་བོད་ཁུལ་གྱི་ཞིང་འབྲོག་བྱིས་པ་སྟོང་ཕྲག་མང་པོར་རིན་མེད་ཐོག་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཕུལ་ཡོད་པ་དང་། དེ་བཞིན་དགོན་པ་དང་བཤད་གྲྭ་མང་པོ་ཕྱག་བཏབ་སྟེ་བོད་ཀྱི་ཆོས་རིག་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་མཛད་རྗེས་རླབས་ཆེན་བསྐྱངས་མྱོང་མཁན་ཞིག་ཡིན་པ་རེད། རིན་པོ་ཆེ་ཞིང་གཤེགས་དམ་པ་ཁོང་ཉིད་ཕྱི་ལོ་ ༢༠༢༤ ལོའི་ཟླ་བ་ ༨ པའི་ནང་རྒྱ་ནག་གི་དབང་འཛིན་པས་མཚོ་སྔོན་ཞིང་ཆེན་ནང་འཛིན་བཟུང་བྱས་མྱོང་ཡོད་པ་དང་།  རྒྱུ་མཚན་གསལ་པོ་མེད་ཀྱང་གནས་ཚུལ་ཐོན་ཁག་ལ་གཞིགས་ན། རིན་པོ་ཆེ་མཆོག་གིས་རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུར་དགའ་བསུ་བྱེད་དགོས་པའི་བཀའ་རྒྱ་ལ་མ་ཉན་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་དམ་བརྟན་པོ་ཡོད་པའི་རྐྱེན་གྱིས་ཡིན་པ་བཤད་ཀྱི་ཡོད་པ་རེད། རིན་པོ་ཆེ་མཆོག་རྗེས་སུ་གློད་བཀྲོལ་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༢༤ ལོའི་ཟླ་བ་ ༩ པའི་ནང་ཝི་ཏི་ནམ་ལ་ཕེབས་རྗེས་སྔ་ལོའི་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་གློ་བུར་དུ་འཛིན་བཟུང་དང་ཉིན་བཞིའི་རྗེས་སུ་དྭོགས་གཞི་ཆེན་པོའི་འོག་འདས་གྲོངས་སོང་བ་མ་ཟད།  ཕྱི་ཟླ་ ༤ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡ ཙམ་ལ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་གསང་སྟབས་ཀྱི་ཐོག་ནས་ཝི་ཏི་ནམ་ནང་དུ་ཞུགས་འབུལ་བྱས་ཡོད།  སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་མ་འདས་པའི་སྔ་རོལ་ན་གར་སོང་ཆ་མེད་དུ་གྱུར་བར་སྤུལ་སྐུ་སྐུ་ཉིད་ཀྱི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་ཐུགས་ཁྲལ་གྱིས་སྙུང་གཞི་བཞེས་ཏེ། སྨན་ཁང་བསྟེན་གཏུག་གནང་ཡང་ཕན་འབྲས་མ་བྱུང་བར་ཕྱིར་ཕ་ཡུལ་དུ་འཁོར་རྗེས་སྐུ་གྲོངས་ཡོད་པ་རེད།

བོད་དེ་རྒྱལ་ཁབ་དང་ས་ཁོངས་ ༢༠༨ ནང་ནས་རང་དབང་ཆེས་སྡུག་ཤོས་གྲས་སུ་མིང་སྟོན།

བོད་དེ་རྒྱལ་ཁབ་དང་ས་ཁོངས་ ༢༠༨ ནང་ནས་རང་དབང་ཆེས་སྡུག་ཤོས་གྲས་སུ་མིང་སྟོན།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་དང་ཁྲིམས་སྒྲིག་ཁག་གལ་གནད་ཆེན་པོར་རྩིས་ཏེ་ལག་བསྟར་མདུན་བསྐྱོད་གནང་དགོས་པ་གསུངས་འདུག

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་དང་ཁྲིམས་སྒྲིག་ཁག་གལ་གནད་ཆེན་པོར་རྩིས་ཏེ་ལག་བསྟར་མདུན་བསྐྱོད་གནང་དགོས་པ་གསུངས་འདུག

འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ Xie Yang ལ་ལོ་ལྔའི་ཁྲིམས་ཐག་བཅད་པ་དེ་ཕྱིར་འཐེན་གྱིས་གློད་བཀྲོལ་དགོས་པ་གསུངས་འདུག

འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ Xie Yang ལ་ལོ་ལྔའི་ཁྲིམས་ཐག་བཅད་པ་དེ་ཕྱིར་འཐེན་གྱིས་གློད་བཀྲོལ་དགོས་པ་གསུངས་འདུག

རྒྱ་ནག་གིས་རྒྱལ་ཚོགས་ལྟ་བུའི་རྒྱལ་སྤྱིའི་སྒྲིག་འཛུགས་བེད་སྤྱོད་བཏང་སྟེ་ངན་ཤུགས་སྤེལ་བཞིན་པའི་སྐོར་བགྲོ་གླེང་།

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ John Moolenaar ལགས་ནས་ཨ་མི་རི་ཀའི་རྒྱལ་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་ Michael Waltz ལགས་ཀྱི་ལྷན་དུ་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་ནག་གི་གནོད་འཚེ་ཅན་གྱི་ཤུགས་རྐྱེན་སྐོར་ལ་གྲོས་བསྡུར་དང་བགྲོ་གླེང་གི་ལས་རིམ་འཚོགས་གནང་འདུག་པ་དང་། དེའི་ཐོག་སྐུ་ཞབས་ Michael Waltz ལགས་ཀྱིས་རྒྱ་ནག་གིས་རྒྱལ་ཚོགས་ཀྱི་སྡིངས་ཆ་བེད་སྤྱོད་བཏང་སྟེ་རང་གི་ཐབས་བྱུས་ཀྱི་དམིགས་ཡུལ་སྒྲུབ་རྒྱུར་ངན་ཤུགས་སྤྲོད་བཞིན་པ་མངོན་གསལ་གནང་འདུག དེ་ཡང་ཉེ་ཆར་ཕྱི་ཚེས་ ༢༠ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེར་ New York གྲོང་ཁྱེར་གྱི་ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ཁང་དུ་ཨ་རིའི་གྲོས་ཚོགས་ཀྱི་ཉན་ཞིབ་ལས་རིམ་ཁྲོད་བགྲོ་གླེང་གི་ལས་རིམ་དེ་འཚོགས་འདུག   དེའི་ཐོག་གྲོས་ཚོགས་འཐུས་མི་ John Moolenaar ལགས་ཀྱིས། བདུན་ཕྲག་འདིའི་འགོ་སྟོད་དུ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ནང་དུ་དཔལ་འབྱོར་མཐུན་འགྱུར་བརྒྱུད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་བྱེད་པ་རྣམས་རྒྱལ་ཚོགས་ཀྱི་གནད་འགག་ཆེ་བའི་གནས་རིམ་ཐོག་བསྐོ་བཞག་བྱས་པ་སོགས་ཀྱི་ངན་བྱུས་འདྲ་མིན་བརྒྱུད་རྒྱལ་ཚོགས་ནང་དུ་རང་གི་ཤུགས་རྐྱེན་སྤེལ་བཞིན་པའི་སྐོར་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་ལུང་འདྲེན་དང་སྦྲགས། ཨ་མི་རི་ཀའི་ངོས་ནས་མཉམ་ལས་པ་དང་མཐུན་གྲོགས་རྒྱལ་ཁབ་ཚོ་དང་ལྷན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་ཕྱི་གསལ་ནང་གསལ་གྱི་གནས་བབ་དང་དྲང་ཚུགས་ཀྱི་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུ་དང་། རྒྱ་ནག་དང་བྱང་ཀོ་རི་ཡ། ཨི་རན། ཨུ་རུ་སུ་ལྟ་བུའི་རྒྱལ་ཁབ་བཅས་ཀྱིས་ཆབ་སྲིད་ཀྱི་དམིགས་ཡུལ་ཆེད་དུ་བེད་སྤྱོད་དུ་མི་འགྲོ་བའི་ཐབས་ལམ་ཇི་ལྟར་འཚོལ་བཞིན་ཡོད་མེད་སྐོར་ལ་བཀའ་འདྲི་ཞུས་པར། སྐུ་ཞབས་ Michael Waltz ལགས་ཀྱིས་རྒྱ་ནག་གིས་དཔལ་འབྱོར་མཐུན་འགྱུར་གྱི་གནོན་ཤུགས་བརྒྱུད་ནས་གོ་གནས་ཀྱི་ཐོག་ལ་བཙན་ཤུགས་ཆེན་པོ་བྱེད་བཞིན་པ་མངོན་རྒྱུ་ཡོད་པ་དང་། དེའང་རྒྱལ་སྤྱིའི་མཚོ་འགྲུལ་སྒྲིག་འཛུགས་དང་། འཛམ་གླིང་བརྡ་འཕྲིན་མཉམ་འབྲེལ་མཐུན་ཚོགས། ཟས་རིགས་དང་ཞིང་ལས་ཚོགས་པ། འཛམ་གླིང་ཤེས་རིག་བདག་དབང་ཚོགས་པ་བཅས་ཡིན་སྐོར་དང་འབྲེལ། ཨ་རིའི་ངོས་ནས་ཐབས་བྱུས་ལྡན་པའི་ཐོག་གནད་འགག་ཆེ་བའི་གོ་གནས་ཐོག་འོས་ཞིང་འཚམས་པའི་ཨ་རིའི་མི་སྣ་བསྐོ་འཛུགས་བྱེད་བཞིན་ཡོད་ཀྱང་། ང་ཚོའི་ཤུགས་མང་བ་རྒྱག་དགོས་ས་དེ་རྒྱ་ནག་གི་མི་སྣ་བསྐོ་འཛུགས་ཐོག་ཤུགས་རྒྱག་བཞིན་པའི་ལས་བྱེད་དམའ་རིམ་དང་མཐའ་ན་ཉམས་གསོག་ལས་བྱེད་སྡེ་ཚན་དེ་ཡིན་པ་གསུངས་འདུག དེ་བཞིན་དེ་རིང་གི་བགྲོ་གླེང་ལས་རིམ་ཁྲོད་སྐུ་ཞབས་ Waltz ལགས་ཀྱིས་ཨ་རིའི་རྒྱལ་ཚོགས་ཀྱི་ལས་དོན་ནང་དུ་ཐེ་ཝན་གྱི་རྒྱབ་སྐྱོར་དང་མཉམ་ལས་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་འཕྲུལ་རིག་གི་གནད་དོན་ཐོག་ཐེ་ཝན་གྱི་ཤེས་ཚད་དང་ཁྱད་ལས་དེ་དག་དོན་ཕན་ལྡན་པ་ཆགས་ཀྱི་ཡོད་པ་དང་། ཨ་རིའི་ངོས་ནས་རྒྱ་ནག་གིས་རྒྱལ་ཚོགས་ཀྱི་གྲོས་ཆོད་ལོག་འགྲེལ་དང་བེད་སྤྱོད་ལོག་པ་བཏང་སྟེ་རྒྱལ་སྤྱིའི་ཁྲོད་ཐེ་ཝན་ཁེར་རྐྱང་འཇོག་ཐབས་ལ་གདོང་ལེན་གནང་ཡོད་པ་དེ་ཕན་ནུས་ལྡན་པ་བྱུང་བའི་རེ་བ་ཡོད་པ་ཡང་གསུངས་འདུག

མགོ་ལོག་དར་ལག་རྫོང་གི་དགོན་པ་ཁ་ཤས་ནང་དུ་ཆོས་ལུགས་ཁྱབ་ཁུངས་ཀྱི་ཡིག་ཆ་དང་པོའི་དགོངས་དོན་ཟེར་བའི་བྱེད་སྒོ་སྤེལ་བ།

ཕྱི་ལོ་ ༢༠༢༦ ལོའི་ཕྱི་ཟླ་ ༣ ཚེས ༡༠ ནས་བཟུང་མགོ་ལོག་གི་ཁྲ་གླིང་དགོན། ལུང་སྔོན་དགོན་སོགས་ལ་ཆོས་ལུགས་ཁྱབ་ཁུངས་ཀྱི་ཡིག་ཆ་དང་པོ་ཟེར་བའི་བྱེད་སྒོ་ཆེན་པོ་ཞིག་འཚོགས་ཡོད་འདུག ཆོས་ལུགས་ཁྱབ་ཁུངས་ཀྱི་ཡིག་ཆ་དང་པོ་ཟེར་བའི་དྲིལ་བསྒྲགས་ནང་དུ་གཅིག་བཤད་གཉིས་བརྟན་གསུམ་སྐུལ་གྱི་བྱེད་སྒོ་ཟེར་བ་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༢ ཉིན་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ ༡༤ པའི་ཚོགས་འདུ་ཐེངས་ ༤ པའི་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་གཏན་འབེབས་བྱས་རྗེས་དམིགས་བསལ་དྲིལ་བསྒྲགས་ཤིག་ཆགས་ཡོད་འདུག འབྲེལ་ཡོད་བརྒྱུད་ནས་ཤེས་གསལ་ལྟར་ན་གཙོ་བོ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་། ཆོས་ལུགས་བར་གྱི་མཐུན་སྒྲིལ། ཀྲུང་གོ་ལུགས་ཅན་གྱི་བོད་བརྒྱུད་ནང་བསྟན་རྒྱུད་འཛིན། སྔོན་ཐོན་དཔེ་ལེགས་ཅན་གྱི་མི་སྣ་ལ་སློབ་སྦྱོང་བྱེད་དགོས་ཚུལ་གྱི་སློབ་གསོ་། ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན། རྒྱ་ནག་ཆབ་སྲིད་ཀྱི་ངོས་འཛིན་དང་། བསམ་བློའི་ངོས་འཛིན། རྣམ་གཞག་གི་ངོས་འཛིན། སེམས་ཚོར་གྱི་ངོས་འཛིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཆོས་ལུགས་མི་སྣའི་སེམས་ཁམས་རྒྱ་ཁབ་ལ་ཕྱོགས་པ། ཏང་ལ་དགའ་བ་དང་། རྒྱལ་ཁབ་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བའི་བསམ་བློ་གཏིང་ཟབ་ཏུ་གཏོང་བ། "ཏང་གི་སྐད་ཆར་ཉན་པ། ཏང་གི་རྗེས་སུ་འབྲང་བ། ཏང་གི་བཀའ་དྲིན་དྲན་པ་”བཅས་ཀྱི་གདེང་ཚོད་དང་སེམས་ཐག་ཇེ་བརྟན་དུ་གཏོང་དགོས་པ་བཅས་ཡིན་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱ་ནག་གི་བོད་ནང་དྲག་གནོན་དང་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐོར་གླེང་བ།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱ་ནག་གི་བོད་ནང་དྲགས་གནོན་དང་མི་རིགས་མཉམ་གསེས་ཀྱི་སྲིད་བྱུས་ལག་ལྟར་བྱས་བཞིན་པའི་སྐོར་གླེང་བ།

ཨོ་གླིང་དང་ནིའུ་ཛི་ལེནྜ་གཉིས་ཀྱིས་བོད་ནང་དུ་ཆོས་རིག་སྐད་ཡིག་སོགས་ཉམས་རྒུད་འགྲོ་བཞིན་པར་སེམས་འཚབ་གསལ་སྟོན།

ཨོ་གླིང་དང་ནིའུ་ཛི་ལེནྜ་གཉིས་ཀྱིས་བོད་ནང་དུ་ཆོས་རིག་སྐད་ཡིག་སོགས་ཉམས་རྒུད་འགྲོ་བཞིན་པར་སེམས་འཚབ་གསལ་སྟོན།

མི་རིགས་མཐུན་སྒྲིལ་སྐོར་གྱི་ཁྲིམས་གཞི་གསར་པ་དེ་ནི་གྲངས་ཉུང་མི་རིགས་ལ་སྔར་ལྷག་ཚོད་འཛིན་བྱ་རྒྱུར་དམིགས་འབེན་བཟུང་པ་ཞིག་རེད།

རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཉིན་མཐའ་མའི་ཐོག་ Promoting Ethnic Unity and Progress ཞེས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་ཞིག་ཁྲིམས་སུ་བཅད་ཡོད་པར་བོད་དོན་ལས་འགུལ་བསྟི་གནས་ཁང་གཙོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཁྲིམས་གཞི་གསར་པ་དེར་སེམས་འཚབ་ཡོད་པ་བརྗོད་དེ། དེས་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་ལུགས་རིག་གཞུང་བཅས་པར་སྔར་ལྷག་བཙན་གནོན་ཤུགས་ཆེན་ཐེབས་རྒྱུ་མ་ཟད། དེ་འབྲེལ་ཚོགས་པ་རྣམས་ཕྱོགས་གཅིག་ཏུ་འབུད་རྒྱུ་ཡིན་པར་ཉེན་བརྡ་བཏང་འདུག དེ་ཡང་འདས་པའི་ལོའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་གྱི་ལས་འགུལ་ཟེར་བའི་འོག་ནས་བོད་མི་དང་ཡུ་གུར་བ་སོགས་རྒྱའི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་རྣམས་རང་གི་སྲོལ་རྒྱུན་དང་རིག་གཞུང་ནས་རྒྱང་ཐག་རིང་དུ་བཏང་སྟེ་རྒྱ་བསྒྱུར་གྱི་ལས་གཞི་རྒྱ་སྐྱེད་གཏོང་བཞིན་པའི་ཁྲོད་འདིར། ཟླ་བ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་པའི་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ཉིན་མཐའ་མའི་ཐོག་གྲངས་ཉུང་མི་རིགས་ཁྲོད་རྒྱ་སྐད་དང་རྒྱ་ཡིག་བེད་སྤྱོད་ཇེ་མང་དུ་གཏོང་བའི་བརྒྱུད་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་གཏན་འབེབས་བྱས་ཡོད་པ་དང་། ཁྲིམས་གཞི་ངོ་སྤྲོད་བྱེད་མཁན་འཐུས་མི་ Lou Qinjian གྱིས་དེ་ནི་རྒྱ་ནག་གི་མི་རིགས་ཐམས་ཅད་ཀྱི་ནང་དུ་སྤྱི་ཚོགས་ཀྱི་འདུ་ཤེས་ཤུགས་ཆེ་རུ་གཏོང་བར་དམིགས་པ་ཞིག་ཡིན་ཚུལ་བཤད་ཡོད་ཀྱང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཁྲིམས་གཞི་གསར་པ་དེའི་འོག་ནས་རྒྱ་གཞུང་གིས་བོད་མི་དང་ཡུ་གུར། དེ་བཞིན་ནང་སོག་སོགས་གྲངས་ཉུང་མི་རིགས་ཐོག་ཁྲིམས་མཐུན་གྱི་རྣམ་པའི་ཐོག་ནས་རྒྱ་བསྒྱུར་གྱི་སྲིད་བྱུས་ཇེ་ཤུགས་ཆེ་རུ་གཏོང་ངེས་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་སྤེལ་གྱི་མིང་འོག་ནས་སློབ་གྲྭ་དང་དགོན་སྡེ། ཞིང་གྲོང་ཁྱོན་ཡོངས་ནང་རྒྱ་སྐད་སློབ་ཁྲིད་གཙོས་རྒྱ་ནག་དམར་གཞུང་ལ་བརྩི་བཀུར་གྱི་སློབ་གསོ་སྤེལ་རྒྱུ་སོགས་དམིགས་འབེན་བཟུང་ཡོད་པར་སེམས་འཚབ་གནང་བཞིན་འདུག དེའི་ཁོངས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་ལྷ་སྒྲོན་བཀྲེས་མཐོང་ལགས་ཀྱིས། རྒྱ་ནག་གཞུང་གིས་ད་རེས་མི་རིགས་མཐུན་སྒྲིལ་སྐོར་གྱི་སྲིད་བྱུས་ཁྲིམས་མཐུན་བཟོས་ཡོད་པ་དེ་ནི་དོན་དངོས་བོད་ནང་མི་རིགས་སྡེབ་གསོད་ཀྱི་ཁྲིམས་གཞི་གསར་པ་གཏན་འབེབས་བྱས་པ་ཞིག་ཡིན་པ་དང་། འདིས་བོད་ནང་སྔར་ནས་ལག་བསྟར་བྱས་ཟིན་པའི་སྲིད་བྱུས་ཁག་ལ་ཁྲིམས་མཐུན་གྱི་གཞི་རྟེན་ཞིག་བསྐྲུན་ཡོད་པ་དཔེར་ན་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་པའི་བཙན་ཤེད་ཀྱིས་གཏན་འཇགས་སློབ་གྲྭར་འཇུག་པའི་སྲིད་བྱུས་ལྟ་བུ་རེད་ཅེས་མངོན་གསལ་གནང་བ་མ་ཟད། དེས་བོད་ཀྱི་རིག་གཞུང་ལ་ཉེན་ཁ་ཆེ་རུ་བཟོས་ཤིང་། གཞུང་ལ་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་དང་ཆོས་ལུགས་ཉམས་ལེན་བྱེད་པ། ཡང་ན་སྲོལ་རྒྱུན་རྒྱུད་འཛིན་བྱེད་པ་བཅས་ལ་ཉེས་ཆད་གཅོད་པའི་ཁྲིམས་མཐུན་རྒྱུ་མཚན་ཞིག་སྤྲོད་ཀྱི་ཡོད་པར་ནན་བརྗོད་གནང་འདུག ཁོང་གིས་ད་དུང་ང་ཚོས་བོད་ནང་གི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭའི་གནོད་སྐྱོན་ཚབས་ཆེན་དག་མཐོང་ཟིན་པ་དང་འོན་ཀྱང་ཁྲིམས་གཞི་གསར་པ་འདིས་དཔེར་ན་བོད་པའི་ཕ་མ་ཚོར་རང་གི་བྱིས་པ་ཚོ་སོ་སོའི་སྐད་ཡིག་ཐོག་སློབ་སྦྱོང་བྱེད་འདོད་ཡོད་པའི་འདོད་པ་བརྗོད་པ་ཙམ་གྱིས་ཀྱང་ཁྲིམས་ཆད་ཕོག་སྲིད་པ་ལྟ་བུ་རེད་ཅེས་གསུངས་འདུག དེ་བཞིན་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གཙོས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོགས་སྡེ་ཁག་གཅིག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་གཏོང་རྒྱུའི་ཁྲིམས་གསར་པ་ཞིག་གཏན་འབེབས་བརྒྱུད་སློབ་གྲྭ་དང་གཞུང་གི་ལས་ཀ སྤྱི་པའི་གནས་སུ་རྒྱ་སྐད་གཙོ་བོར་བེད་སྤྱོད་གཏོང་རྒྱུའི་སྲིད་བྱུས་ཁག་གཞུང་འབྲེལ་བཟོས་ཡོད་པར་སེམས་འཚབ་ཀྱི་རྣམ་པ་ཆེད་འདོན་དང་སྦྲགས། བཅའ་ཁྲིམས་དེའི་འོག་ནས་མ་འོངས་པར་རྒྱ་གཞུང་གིས་བོད་མི་དང་ཡུ་གུར། དེ་བཞིན་ནང་སོག་སོགས་གྲངས་ཉུང་མི་རིགས་ཐོག་ཁྲིམས་མཐུན་གྱི་རྣམ་པའི་ཐོག་ནས་དྲག་གནོན་ཇེ་ཤུགས་ཆེ་རུ་གཏོང་ངེས་ཡིན་པའི་ཐོག་ཁོང་རྣམ་པའི་སྐད་ཡིག་བེད་སྤྱོད་ལ་ཚོད་འཛིན་དང་རིག་གཞུང་གི་ལག་ལེན་ལ་དམིགས་འབེན་འཛུགས་སྲིད་པའི་ཉེན་བརྡ་བཏང་བ་མ་ཟད། བཅའ་ཁྲིམས་གསར་པ་དེ་ནི་ཕྲུ་གུ་ཚོའི་ངོ་བོ་དང་ལོ་རྒྱུས། རིག་གཞུང་བཅས་དང་འབྲེལ་བ་གཅོད་ཐབས་ཤིག་ཡིན་པར་བརྗོད་དེ། དེ་འབྲེལ་སྙན་ཐོའི་ནང་གསལ་ལྟར་ན། རྒྱ་ནག་ནང་གི་སོག་སྐད་ཀྱི་དྲྭ་ཚིགས་བརྒྱ་ཆ་བརྒྱད་ཅུ་ལྷག་བཀག་སྡོམ་བྱས་ཡོད་ཅིང་། རྒྱ་སྐད་ལ་བྱང་ཆུབ་པ་ནི་ལས་ཀའི་གོ་སྐབས་འཐོབ་པའི་ཆ་རྐྱེན་དུ་གྱུར་ཏེ་མི་རིགས་གྲངས་ཉུང་ཁག་ལ་དཔལ་འབྱོར་གྱི་ཐོག་ནས་མཐའ་འབུད་བྱེད་བཞིན་ཡོད་པ་གསུངས་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་གི་ཉམས་ཞིབ་པ་ Yalkun Uluyol གྱིས་ཁྲིམས་གསར་པ་དེ་ནི་ཏེང་ཞའོ་ཕིང་གི་དུས་རབས་སྐབས་ཀྱི་སྲིད་བྱུས་ལས་གལ་ཆེའི་འགྱུར་བ་ཞིག་ཡིན་པ་དང་སྲིད་བྱུས་དེས་གྲངས་ཉུང་མི་རིགས་ཚོར་རང་གི་སྐད་ཡིག་བེད་སྤྱོད་བྱེད་པའི་ཐོབ་ཐང་འགན་ལེན་བྱས་ཡོད་པར་གསུངས་འདུག འགྲོ་བ་མིའི་ཐོབ་ཐང་ཚོགས་པས་མུ་མཐུད་ཁྲིམས་གཞི་གསར་པ་དེ་རྒྱ་ནག་ཕྱི་ཕྱོགས་སུ་ཡོད་པའི་རྒྱ་རིགས་ཚོ་ལའང་ཤུགས་རྐྱེན་ཐེབས་སྲིད་པ་དང་། དེས་ཁོང་ཚོ་དང་འབྲེལ་བ་དམ་ཟབ་ཏུ་གཏོང་བར་སྐུལ་མ་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གི་ཕྱི་རོལ་དུ་མི་རིགས་ཀྱི་མཐུན་སྒྲིལ་ཉམས་དམས་སུ་གཏོང་བ་དང་ཁ་བྲལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་རུང་ཉེས་ཆད་ཕོག་སྲིད་པར་བཤད་འདུག དེའི་ཁྲོད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་སྐུ་ཞབས་ Volker Turk ལགས་ཀྱིས་རེས་གཟའ་པ་སངས་ཉིན་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གཞི་གསར་པ་གཏན་འབེབས་བརྒྱུད་སློབ་གྲྭ་དང་སྲིད་གཞུང་། སྤྱི་ཚོགས་ཀྱི་ས་ཆ་རྣམས་སུ་རྒྱ་ཡིག་གཙོ་བོར་སྤྱོད་པར་སྐུལ་མ་གཏོང་ཡོད་པ་འགྲེལ་བརྗོད་ཀྱིས། ཁྲིམས་གཞི་གསར་པ་དེས་བོད་མི་དང་ཡུ་གུར། དེ་བཞིན་ནང་སོག་སོགས་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་དང་རིག་གཞུང་རང་དབང་། སྐད་ཡིག་སློབ་གསོའི་རང་དབང་བཅས་ལ་སྔར་ལྷག་ཚོད་འཛིན་བྱེད་སྲིད་པའི་ཐད་བློ་འཚབ་ཡོད་པ་གསུངས་འདུག དེ་བཞིན་གཙོ་འཛིན་མཆོག་གིས་ཁྲིམས་དེས་བཙན་ཤེད་ཐོག་རིག་གཞུང་མཉམ་བསྲེས་དང་། ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་བཅས་ལ་བཀག་སྡོམ་བྱེད་ཐུབ་པ་མ་ཟད། གྲངས་ཉུང་མི་རིགས་ཚོས་ཞི་བདེའི་ངང་རང་དབང་སྤྱོད་པར་ཉེས་ཆད་གཅོད་རྒྱུའི་ཉེན་ཁ་ཡོད་སྐོར་ནན་བཤད་གནང་འདུག ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉེ་ཆར་བཞུགས་སྒར་ཉེ་འདབས་སུ་འཚོགས་པའི་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེ་ཚོགས་ཆེན་ཐེངས་གསུམ་པའི་ཐོག་ཆེད་ཕེབས་ཀྱིས། བོད་ནང་གི་རིག་གཞུང་དང་ཆོས་ལུགས་སྐད་ཡིག་བཅས་སྲུང་སྐྱོབ་གནང་རྒྱུར་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་སྐོར་གསུང་བཤད་གནང་བའི་ཁྲོད། ཉེ་ཆར་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བའི་སྐོར་གླེང་སྟེ། དེས་བོད་མི་ཚོའི་ལོ་རྒྱུས་ཀྱི་སྲོལ་རྒྱུན་དང་ཐུན་མོང་མ་ཡིན་པའི་ངོ་བོར་ཉེན་ཁ་ཚབས་ཆེན་བཟོ་བཞིན་ཡོད་པ་ནན་བརྗོད་གནང་བ་མ་ཟད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དེ་རིང་སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་དབུ་འབྱེད་གཏམ་བཤད་ནང་། ཁྲིམས་ཡིག་དེ་ནི་རྒྱ་ནག་གིས་བཙན་བཟུང་བྱས་པའི་མི་རིགས་དེ་དག་དང་འབྲེལ་བ་ཆགས་ཀྱི་ཡོད་ཅིང་། ཁྲིམས་ཡིག་དེའི་ནང་དོན་ཚན་ ༦༥ ཡོད་པར་དོན་ཚན་མང་ཆེ་བ་བོད་མི་དང་འབྲེལ་བ་ཡོད་པ་གང་ཞིག དོན་ཚན་ ༡༥ དེ་བཞིན་སྤྱི་སྐད་དམ་རྒྱ་སྐད་བཀོལ་སྤྱོད་གཙོ་བོར་བཟུང་སྟེ། བོད་ཀྱི་སྐད་ཡིག་ལ་ཤུགས་རྐྱེན་འགྲོ་གིན་ཡོད་པ་གསལ་པོ་ཡིན་པར་བརྟེན། ད་ལྟའི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཁྲིམས་ཡིག་དེའི་ཐོག་གླེང་སློང་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ལྷག་པར་ང་ཚོ་གནད་དོན་དེར་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྟབས། མ་འོངས་པར་དེའི་ཐོག་ཉམས་ཞིབ་བྱས་ཏེ་ཐེར་འདོན་དང་། ཞུ་སྐུལ་གནང་རྒྱུ། རྒྱ་ནག་གཞུང་ལ་ཡང་དེ་འབྲེལ་བརྡ་ལན་སྤྲོད་དགོས་པའི་དུས་ལ་བབས་ཡོད་པའི་བརྡ་ལན་གནང་སོང་།

Latest news