Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱ་གཞུང་གིས་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་དྲག་གནོན་ཆེས་ཆེར་བྱེད་བཞིན་པ།  

ད་ཆ་རྒྱ་ནག་ཏུ་དགུན་དུས་ཨོ་རྩལ་འགྲན་ཚོགས་སླད་རྒྱལ་སྤྱིའི་ཡུལ་གྲུ་འདྲ་མིན་ཁག་ནས་རྩེད་འགྲན་པ་འབྱོར་བཞིན་ཡོད་པ་དང་བསྟུན། རྒྱ་གཞུང་གིས་ཡུལ་དེའི་ནང་གི་མང་གཙོ་ལས་འགུལ་བ་འཛིན་བཟུང་དང་སྤྱི་ཚོགས་དྲ་ལམ་ཁག་བཙན་དབང་གིས་སྒོ་རྒྱག་བཞིན་ཡོད་པ་རེད།ནིའུ་ཡོག་གསར་ཤོག་ New York Times གིས་གནས་ཚུལ་སྤེལ་བར་ཟླ་བ་འདིའི་ཚེས་ ༤ ཉིན་རྒྱལ་ས་པེ་ཅིང་དུ་དགུན་དུས་ཨོ་ལམ་པིཀ་རྩལ་འགྲན་དངོས་སུ་འཚོགས་ཀྱི་ཡོད་པ་དང་བསྟུན། རྒྱ་གཞུང་གིས་རྒྱ་ནག་ཏུ་ཡོད་པའི་མང་གཙོའི་ལས་འགུལ་བ་རྣམས་རང་ཉིད་ཀྱི་ནང་དུ་བཀག་སྐྱིལ་དང་ཁག་ཅིག་བཙོན་རར་བཅུག་པ་མ་ཟད། གཞུང་གི་ལས་དོན་ཁག་ལ་མངོན་གསལ་དོད་པོས་སྐྱོན་བརྗོད་གནང་མཁན་རྣམས་ཀྱི་སྤྱི་ཚོགས་དྲ་རྒྱ་སྒོ་རྒྱག་པ་དང་ཆབས་ཅིག་ཏུ་རྒྱ་གཞུང་གིས་མང་ཚོགས་ཀྱི་ཁྲོད་ནས་ཨོ་ལམ་པིཀ་རྩེད་འགྲན་པ་རྣམས་ལ་ངོ་རྒོལ་རིགས་གནང་ཚེ་ཁྲིམས་གཏུག་གི་མཇུག་འབྲས་ཕོག་སྲིད་པའི་ཉེན་བརྡ་སོགས་བཏང་ཡོད་པ་རེད།གསར་ཤོག་ཐོག་ད་དུང་གཟའ་འཁོར་སྔོན་མའི་རེས་གཟའ་པ་སངས་ནས་པེ་ཅིང་ནང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཆེད་རྒྱལ་སྤྱིའི་ཡུལ་གྲུ་འདྲ་མིན་ཁག་ནས་ཨོ་ལམ་པིཀ་རྩེད་འགྲན་པ་དང་གསར་འགོད་པ། དེ་བཞིན་མཉམ་ཞུགས་པ་སོགས་འབྱོར་བཞིན་པ་རྣམས་ལ་ལྟ་སྲུང་ནན་པོ་བྱེད་བཞིན་པའི་འོག་ནས་འགྲོ་དགོས་པ་ཆགས་པ་དེ་ནི་ད་བར་གྱི་རྒྱལ་སྤྱིའི་རྩེད་འགྲན་གཞན་ཐོག་ཏུ་བྱུང་མྱོང་མེད་པ་ཞིག་ཡིན་པ་དང་ལྟ་སྲུང་དེ་ལྟར་བྱེད་བཞིན་པ་དེ་རིགས་མང་ཆེ་བ་ཏོག་དབྱིབས་སྔོན་འགོག་དང་འབྲེལ་བ་ཡོད་ཚུལ་བརྗོད་ཡོད་ཀྱང་། ལས་དོན་དེ་ལྟར་མང་དག་ཅིག་སྤེལ་བ་ནི་རྒྱ་གཞུང་གིས་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་དྲག་གནོན་ཆེས་ཆེར་བྱེད་བཞིན་པའི་རྣམ་ཆེས་མངོན་གསལ་ཆགས་པ་ཞིག་མཚོན་སྐོར་བཤད་འདུགའགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་གྲགས་ཅན་སྐུ་ཞབས་ Hu Jia ལགས་ཀྱིས་རྒྱ་གཞུང་ཉེན་རྟོག་པས་ཁོང་རང་ཁྱིམ་དུ་བཀག་སྐྱིལ་བྱ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད་པར་འགྲེལ་བརྗོད་དང་འབྲེལ། ཁོང་གིས་ཟླ་བ་སྔོན་མར་རང་ཉིད་ཀྱི་ Twitter དྲ་གནས་ཐོག་རྒྱ་གཞུང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་འཚོགས་ལ་ཉེ་བའི་སྔ་རོལ་དུ་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་འདྲི་གཅོད་དང་སུན་གཙེར་གྱིས་བཀག་སྐྱིལ་སོགས་བྱས་དང་བྱེད་བཞིན་པར་སྐྱོན་བརྗོད་ཚ་ནན་གནང་ཡོད་སྟབས། དུས་དེ་ནས་བཟུང་ཉེན་རྟོག་པས་ཁོང་གི་ནང་དུ་ཉིན་བརྒྱད་ཀྱི་ནང་ཚུད་ལ་ཐེངས་བཞི་བསླེབས་ཡོད་པ་མ་ཟད། གལ་ཏེ་ཁོང་ནས་ཁ་ཁུ་སིམ་པོར་མ་བསྡད་ཚེ་ཁོང་གི་ཨ་མར་ཐུག་འཕྲད་གནང་དཀའ་སྐོར་ཉེན་བརྡ་བཏང་བ་སོགས་རྒྱ་གཞུང་གིས་འཚོགས་ལ་རན་པའི་པེ་ཅིང་དགུན་དུས་ཨོ་རྩལ་ལ་མངོན་གསལ་དོད་པོས་སྐྱོན་བརྗོད་བྱེད་མཁན་རྣམས་ལ་དྲག་གནོན་བྱ་རྒྱུའི་ཐག་གཅོད་བྱས་པ་གསལ་པོ་རེད་ཅེས་གསུངས་ཡོད།རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུང་གི་ངེས་སྟོན་པ་ Mandie McKeown ལགས་ཀྱིས་རྒྱ་ནག་ནང་གི་དེ་ལྟ་བུའི་ཁོར་ཡུག་ལ་ཧང་སང་བའི་རྣམ་པ་གསལ་བཟོ་དང་འབྲེལ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཟུང་སྦྲེལ་ཐོག་རྒྱལ་སྤྱིའི་ཡུལ་གྲུ་འདྲ་མིན་ནང་དུ་ངོ་རྒོལ་གྱི་ལས་འགུལ་གོ་སྒྲིག་བརྒྱུད་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གནང་བཞིན་པའི་མཚམས་སུ་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་སྨྲ་བརྗོད་རང་དབང་གཙོས་ཨོ་ལམ་པིཀ་བཅའ་ཁྲིམས་ནང་འཁོད་པའི་རིན་ཐང་ཁག་བརྩི་སྲུང་ཡོང་སླད་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་ཐབས་ཤེས་གང་ཡང་གནང་གི་མེད་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག ཕྱི་ལོ་ ༢༠༠༨ ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་སྐབས་འཛིན་བཟུང་ནན་པོ་བྱས་མྱོང་ཡོད་པ་རྒྱ་ནག་གི་ཁྲིམས་རྩོད་པ་ Teng Biao ལགས་ཀྱིས་ད་ལན་པེ་ཅིང་དུ་ཡོང་མཁན་རྒྱལ་སྤྱིའི་རྩེད་འགྲན་པ་རྣམས་ལ་རྒྱ་ནག་ནང་གི་དྲག་གནོན་སྐོར་གླེང་རྒྱུའི་དམིགས་བསལ་འགན་དབང་ཡོད་ཅེས་གསུངས་འདུག

ཨོ་སི་ཀྲོ་ལི་ཡར་པེ་ཅིང་གི་ཨོ་རྩལ་ལ་ངོ་རྒོལ་སླད་བོད་དོན་ཞི་བའི་གོམ་བགྲོད་དབུ་འཛུགས།

རིང་མིན་ཕྱི་ཟླ་ ༢ ཚེས་ ༤ ཉིན་རྒྱ་ནག་པེ་ཅིང་ནང་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་འཚོགས་གཏན་ཁེལ་ཡོད་ཀྱང་རྒྱལ་སྤྱིའི་ཁྲོད་བོད་མི་དང་ཡུ་གུར་མི་རིགས་སོགས་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་ངོ་རྒོལ་གནང་སྟེ་པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་ཕྱིར་འཐེན་དགོས་པ་དང་།  རང་དབང་ཅན་གྱི་རྒྱལ་ཁབ་རྣམས་ནས་དགུན་དུས་ཨོ་རྩེད་ལ་ངོ་རྒོལ་གནང་དགོས་པའི་འབོད་སྐུལ་གྱི་ལས་འགུལ་རྣམ་པ་འདྲ་མིན་ཐོག་ནས་སྤེལ་མུས་ཡིན་པ་ལྟར། དེ་རིང་ཨོ་སི་ཀྲོ་ལི་ཡ་ནང་དུ་ཡོད་པའི་བོད་མི་རྣམས་ཀྱིས་བོད་དོན་སླད་ Newcastle ནས་སིཌ་ནི་བར་དུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག ཨོ་གླིང་རྒྱལ་ཡོངས་སུ་བོད་རིགས་མཐུན་ཚོགས་ཁག་དང་བོད་དོན་ལྷན་ཁང་། ཡུ་གུར་མཐུན་ཚོགས། དེ་བཞིན་ཧོང་ཀོང་དང་རྒྱ་ནག་མང་གཙོ་དོན་གཉེར་བ་རྣམས་ཟུང་འབྲེལ་གྱིས་པེ་ཅིང་གི་དགུན་དུས་ཨོ་རྩལ་ལ་ངོ་རྒོལ་དང་རྒྱ་གཞུང་གིས་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ།  ཉེ་ཆར་ཁམས་བྲག་མགོར་༸སྟོན་པའི་སྐུ་བརྙན་དང་མ་ཎི་དུང་འཁོར་སོགས་གཏོར་བཤིག་བཏང་བར་ངོ་རྒོལ་སླད་ཨོ་གླིང་གི་ Newcastle བོད་རིགས་མཐུན་ཚོགས་ཀྱི་ངོས་ནས་དེ་རིང་ཕྱི་ཚེས་ ༣༡ ནས་ཟླ་ ༢ ཚེས་ ༤ བར་ Newcastle ནས་སིཌ་ནི་གྲོང་ཁྱེར་བར་སྤྱི་ལེ་ ༡༦༤ ཙམ་གྱི་ཞི་བའི་གོམ་བགྲོད་གནང་རྒྱུ་ཡིན་པ་དང་། ཕྱི་ཟླ་ ༢ ཚེས་ ༣ ཉིན་གྱི་ཕྱི་དྲོར་སིཌ་ནི་ས་གནས་ Deewhy ལ་ཕེབས་འབྱོར་གནང་རྒྱུ་དང་དེ་བཞིན་ཟླ་ ༢ ཚེས་ ༤ ཉིན་གྱི་སྔ་དྲོའི་ཚོུད་ ༧ ཐོག་ Deewhy Walters Gors Park ནང་ཉིན་ལྔ་པའི་གོམ་བགྲོད་དབུ་འཛུགས་ཐོག་སིཌ་ནི་བོད་རིགས་མཐུན་ཚོགས་མཉམ་ཞུགས་ངང་ Deewhy ནས་སིཌ་ནི་གྲོང་ཁྱེར་བར་སྤྱི་ལེ་ ༡༨ ཙམ་ལ་ཞི་བའི་གོམ་བགྲོད་གནང་རྒྱུ་རེད་འདུག དེ་བཞིན་ཉིན་དགུང་ཚོུད་ ༡༢ ཐོག་སིཌ་ནི་གྲོང་ཁྱེར་ Martin Place ནང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་མཇུག་སྒྲིལ་དང་ཚོགས་པ་ཁག་མཉམ་རུབ་ཐོག་དབུ་འབྱེད་ཀྱི་མཛད་སྒོར་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འཆར་འདུག ནིའུ་ཁཱས་ཊིལ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་མགུར་འབུམ་རྒྱལ་ལགས་ཀྱིས་རླུང་འཕྲིན་ཁང་ལ་གོམ་བགྲོད་ཀྱི་ལས་འགུལ་ངོ་སྤྲོད་གནང་བ་དང་འབྲེལ། གོམ་བགྲོད་པ་རྣམས་ནས་ཕྱི་ཚེས་ ༤ ཉིན་ Martin Place ནང་རྟེན་གཞི་བྱས་པའི་ Channel 7 བརྙན་འཕྲིན་ཁང་གི་ངོས་ནས་པེ་ཅིང་གི་དགུན་དུས་ཨོ་རྩལ་རྩེད་འགྲན་དང་འབྲེལ་བའི་ཐད་གཏོང་གནང་རྒྱུ་མེད་པའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་དང་གལ་ཏེ་དེ་ལྟར་མ་གནང་ཚེ་ང་ཚོའི་ངོས་ནས་དེར་བལྟ་རྒྱུ་མིན་ཞེས་བརྡ་ལན་སྤྲད་རྒྱུ་ཡིན་པ་གསུངས་སོང་།ལྷག་པར་དུ་ད་བར་བོད་མི་སོགས་ནས་རང་ཉིད་ཀྱི་གནས་ཡུལ་ས་གནས་སོ་སོར་པེ་ཅིང་གི་དགུན་དུས་ཨོ་རྩལ་ལ་ངོ་རྒོལ་གནང་རྐྱེན་ད་ཆ་ཨ་རི་གཙོས་ཨོ་གླིང་སོགས་རྒྱལ་ཁབ་ཁག་ཅིག་གིས་པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་སྐུ་ཚབ་གཏང་རྒྱུ་མིན་པར་ཐག་གཅོད་གནང་ཡོད་པ་རེད། དེ་འབྲེལ་ལས་འགུལ་སྤེལ་ཤུགས་ཆེ་བ་གཅིག་ནི་ཨོ་གླིང་གི་མི་སྒེར་ནས་འགྲན་ཚོགས་ཀྱི་ཐད་གཏོང་ལ་མ་གཟིགས་བ་དེས་རྣམ་འགྱུར་ངེས་ཅན་ཞིག་ཆེད་འདོན་གནང་གི་འདུག་ཅེས་གསུངས་ཡོད།

བོད་མིའི་ཁྱིམ་ཚང་ཞིག་གིས་རྒྱ་ནག་གི་ཨོ་རྩལ་ལ་ངོ་རྒོལ་སྐོར་སྐྱོད་ལས་འགུལ་སྤེལ་བ།

དབྱིན་ཡུལ་ནང་གནས་སྡོད་བསྟན་འཛིན་བཟང་མོ་ལགས་དང་ཁོང་གི་སྐུ་ཟླ་བཀྲིས་དོན་གྲུབ་ལགས་རྣམ་གཉིས་ཀྱིས་ལོ་བདུན་སོན་པའི་བོུ་བསྟན་འཛིན་མཚོ་མོ་དང་བསྟན་འཛིན་བདེ་ཆེན་གཉིས་ཁྲིད་དེ་དབྱིན་ཡུལ་ལྷོ་ནུབ་གྲོང་ཁྱེར་ཆེ་གྲས་ཁག་བཞིའི་ནང་དུ་བོད་ཀྱི་རྒྱལ་དར་བསྣམས་ཏེ་འཚོགས་ལ་ཉེ་བའི་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་མི་རིགས་སྡེབ་གསོད་ཀྱི་རྩེད་འགྲན་ཞིག་ཡིན་པ་དང། རྒྱལ་སྤྱིའི་མང་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་མངའ་འོག་ཏུ་སྡུག་རྩུབ་མྱོང་བཞིན་པའི་བོད་མི་གཙོས་གྲངས་ཉུང་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་ལ་རྒྱབ་སྐྱོར་གནང་སྟེ་རྒྱ་ནག་གི་ཨོ་རྩལ་ལ་མཉམ་ཞུགས་གནང་ཕྱིར་འཐེན་དང་གཟིགས་རྒྱུ་མེད་པའི་འབོད་སྐུལ་གྱི་སྐོར་སྐྱོད་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་རེད།རྩ་བའི་ཁོང་བཞི་པོས་ལས་འགུལ་དེ་ཟླ་ ༡ ཕྱི་ཚེས་ ༢༨ ཉིན་དབྱིན་ཡུལ་གྱི་ལྟོ་ནུབ་གྲོང་ཁྱེར་ Bath ནས་དབུ་འཛུགས་ཀྱིས་རིམ་པས་གྲོང་ཁྱེར་ Cardiff དང་། Birmingham དེ་བཞིན་ Bristol བཅས་གྲོང་ཁྱེར་ཆེ་ཁག་བཞིའི་ནང་གི་མང་ཚོགས་དང་ཡུལ་སྐོར་སྤྲོ་འཆམ་པ་འདུ་འཛོམས་ཆེ་བའི་ས་ཚིགས་སུ་ཞུ་འབོད་ཀྱི་སྐོར་སྐྱོད་གནང་བཞིན་ཡོད་པ་དང། ཁོང་རྣམ་པས་ཕྱི་ལོ་ ༢༠༢༢ པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་མཉམ་ཞུགས་ཕྱིར་འཐེན་དང་མི་རིགས་སྡེབ་གསོད་ཀྱི་རྩེ་འགྲན་མཚམས་འཇོག་དགོས། འགྲོ་བ་མིའི་ཐོབ་ཐང་མེད་ན་རྩེད་འགྲན་མེད་ཅེས་སོགས་ངོ་རྒོལ་མཚོན་པའི་ཤོག་སྦྱང་བཤམ་སྟོན་དང། ཁྲོམ་གཞུང་ཐོག་ཏུ་ཕེབས་མཁན་མང་ཚོགས་ལ་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱེད་མཁན་རྒྱ་དམར་པོའི་གཞུང་ནི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྩིས་མེད་རྡོག་རོལ་ཚབས་ཆེན་གཏང་མཁན་མི་གསོད་ཁྲག་སྦྱོར་བའི་གཞུང་ཞིག་ཡིན་པའི་གོ་རྟོགས་སྤེལ་བཞིན་འདུག རྩ་བའི་དབྱིན་ཡུལ་ནང་གནས་སྡོད་བསྟན་འཛིན་བཟང་མོ་ལགས་དང་ཁོང་གི་སྐུ་ཟླ་བཀྲིས་དོན་གྲུབ་ལགས་རྣམ་གཉིས་ཀྱིས་ལོ་བདུན་སོན་པའི་བོུ་བསྟན་འཛིན་མཚོ་མོ་དང་བསྟན་འཛིན་བདེ་ཆེན་གཉིས་བཅས་ཀྱིས་ད་རེས་བོད་དོན་ལས་འགུལ་སྤེལ་བ་འདི་ཆེས་ཐོག་མ་མ་ཡིན་པར་རྒྱུན་དུ་ནས་བོད་དོན་འཐབ་རྩོད་དང་འབྲེལ་བའི་དུས་ཚིགས་ཁག་ལ་ས་གནས་སུ་དང་བླངས་ཐོག་ནས་བོད་དོན་དང་འབྲེལ་བའི་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་རེད།དེ་མཚུངས་སུ་འདས་པའི་གཟའ་འཇུག་ནང་ཡོ་རོབ་རྒྱལ་ཁབ་སྦེལ་འཇམ་དང་ནི་ཌར་ལན་ཌི། ཕ་རན་སི་སོགས་རྒྱལ་ཁབ་ཁག་ཅིག་ནང་དུ་བོད་དོན་རྒྱབ་སྐྱོར་བ་ཚོས་གོ་སྒྲིག་གནང་སྟེ། འཚོགས་ལ་ཉེ་བའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་སྐད་འབོད་དང་བགྲོ་གླེང་སོགས་ཀྱི་ལས་འགུལ་རྣམ་པ་འདྲ་མིན་སྤེལ་དང་སྤེལ་མུས་ཡིན་པ་རེད།ཕྱི་ཚེས་ ༢༩ ཉིན་ཡོ་རོབ་རྒྱལ་ཁབ་སི་པཱན་གྱི་གྲོང་ཁྱེར་སྦར་སི་ལོ་ནར་རྒྱ་ནག་གི་ལོ་གསར་གླུ་སྒར་གྱི་ཁྲོམ་སྟོན་ཐོག་རྒྱ་གཞུང་གིས་བོད་དོན་འཁྱོག་བཤད་དྲིལ་བསྒྲགས་སྤེལ་བཞིན་པའི་ས་ཚིགས་སུ་བོད་རིགས་ཚོགས་པའི་བོད་མི་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་འཕྱར་ཏེ་རྒྱ་གཞུང་གིས་ཕྱིའི་མི་རིགས་ལ་བོད་དེ་རྒྱ་ཁོངས་ཡིན་པ་དང་བོད་ཀྱི་གླུ་སྒར་སྒྱུ་རྩལ་ལ་འཁྱོག་བཤད་བྱེད་བཞིན་པར་ངོ་རྒོ་གྱི་ལས་འགུལ་སྤེལ་ཡོད།

ཡུ་རོབ་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་སུ་རྒྱ་ནག་ཁྲིམས་གཏུགས།

དེ་ཡང་གཟའ་འཁོར་སྔོན་མའི་རེས་གཟའ་ཕུར་བའི་ཉིན། ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གིས་དབྱེ་འབྱེད་རང་བཞིན་གྱི་རྒྱལ་སྤྱིའི་ཚོང་ལས་ལག་བསྟར་བྱེད་ཀྱི་ཡོད་པ་དང་འབྲེལ་ནས། WTO ཞེས་པའི་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་སུ་རྒྱ་ནག་གི་བྱེད་བབ་དང་འབྲེལ་བའི་ཚོང་དོན་གྱོད་གཞིའི་ཁྲིམས་གཏུགས་བྱེད་འགོ་ཚུགས་འདུག ཡུ་རོབ་མཐུན་ཚོགས་ཀྱིས། རྒྱ་ནག་གིས་ Baltic མངའ་ཁུལ་གྱིས་ཐེ་ཝན་དང་མཉམ་དུ་འབྲེལ་ལམ་གཏིང་ཟབ་ཏུ་བཏང་བ་དང་འབྲེལ་ནས་རྒྱ་ནག་གིས་ཁུལ་དེའི་ལི་ཐོ་ཎི་ཡ་རྒྱལ་ཁབ་དང་མཉམ་དུ་ཚོང་འབྲེལ་ཡོད་ཚད་བཀག་སྡོམ་བྱས་པར་ ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གིས་དབྱེ་འབྱེད་རང་བཞིན་གྱི་ཚོང་ལས་ལག་བསྟར་བྱེད་ཀྱི་ཡོད་པར་ངོས་འཛིན་གྱིས་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་སུ་ཁྲིམས་གཏུགས་བྱས་ཡོད་འདུགདེ་ཡང་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་ལས་ཀྱི་གཙོ་འཛིན།  སྐུ་ཞབས Valdis Dombrovskis ལགས་ཀྱིས་འགྲེལ་བརྗོད་བྱས་པའི་ནང་དུ། གཞི་རྩའི་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་ལ་གྱོད་དོན་ཞུ་གཏུགས་བྱེད་རྒྱུ་དེ་ནི་ང་ཚོ་ལས་སླ་བོ་ཞིག་ལ་ངོས་འཛིན་བྱེད་བཞིན་མེད་ཀྱང་། རྒྱལ་ཁབ་ཕྱོགས་གཉིས་ཀྱིས་ཐེངས་མང་པོ་ཚོང་འབྲེལ་གྱི་གྱོད་དོན་དེ་ཞི་འགྲིག་ཐུབ་ཐབས་སུ་འབད་བརྩོན་བྱས་ཀྱང་གྲུབ་འབྲས་མ་བྱུང་བས།  ད་ནི་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་སུ་ཞུ་སྐུལ་གྱིས་རྒྱ་ནག་དང་འབྲེལ་བའི་གྱོད་དོན་དེ་ཞི་འཇགས་ཡོང་ཐབས་སུ་སྐུལ་མ་གནང་རྒྱུ་ལས་ལྷག་མེད་པ་ཞིག་ཡིན་པར་མངོན་གསལ་གནང་འདུག གཞན་ཡང་ཁོང་གིས། ཡུ་རོབ་མཐུན་ཚོགས་ནི་ཚོང་ར་གཅིག་གི་ངོ་བོར་གནས་ཡོད་པ་དང་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དང་འགལ་བའི་བྱ་སྤྱོད་ལ་ཐུག་སྐབས་ཀྱང་ཡུ་རོབ་མཐུན་ཚོགས་ཀྱིས་གནད་དོན་དེར་མཉམ་མཐུན་གྱིས་ཁ་གཏད་གཅོག་རྒྱུ་ཡིན་ལུགས་ངོ་སྤྲོད་ཀྱིས། ཚོང་ལས་ཀྱི་ཁྲིམས་སྒྲིག་རྩ་གཏོར་བྱིན་པ་དེ་ཡིས་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་རའི་གཅིག་སྒྲིལ་ལ་ཉེན་ཁ་སྤྲད་པ་ཞིག་ཡིན་སྟབས་ཕྱི་འབྲེལ་གྱི་མི་སྣ་བརྒྱུད་ནས་གནད་བབ་དེ་གང་མགྱོགས་ཞི་འཇགས་ཡོང་ཐབས་གནང་དགོས་བར་སྐུལ་འདུགཡུ་རོབ་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་ཀྱི་སྐུ་ཚབ་པས་ཚོང་ལས་ལྷན་ཚོགས་སུ་དང་ཁ་གཏད་ཀྱི་རྒྱ་ནག་སྐུ་ཚབ། Li Chenggang ལགས་སུ་ཡི་གེ་བཏང་བའི་ནང་དུ། པེ་ཅིང་གིས་ལི་ཐོ་ཎི་ཡའི་ཚོང་ལས་ནང་འདྲེན་དང་རྒྱ་ནག་གི་ཅ་དངོས་ཕྱིར་འདྲེན་སོགས་ཡོངས་སུ་བཀག་སྡོམ་བྱས་ཡོད་པ་ཞིག་ཡིན་པར་འཁོད་ཡོད་པ་མ་ཟད། རྒྱ་ནག་གིས་ལི་ཐོ་ཎི་ཡ་དང་འབྲེལ་བའི་ཚོང་ལས་དང་ཞབས་ཞུའི་རིགས་བཀག་སྡོམ་བྱས་པའི་ཁྲོད།  ཡུ་རོབ་མཐུན་ཚོགས་བརྒྱུད་པའི་ཚོང་ལས་ལ་ཡང་དོ་ཕོག་འགྲོ་བཞིན་ཡོད་པར་མངོན་གསལ་གནང་འདུག རྒྱ་ནག་གིས་ཡུ་རོབ་མཐུན་ཚོགས་ཀྱི་གྱོད་དོན་དེ་དང་འབྲེལ་ནས་གནད་དོན་དེ་ནི་རྒྱ་ནག་དང་ལི་ཐོ་ཎི་ཡ་གཉིས་བར་གྱི་གནད་དོན་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས། ཡུ་རོབ་མཐུན་ཚོགས་ཀྱིས་གནད་དོན་དེར་ཐེ་གཏོགས་མི་བྱེད་རྒྱུའི་ཉེན་བརྡ་བཏང་ཡོད་པ་དང་། རྒྱ་ནག་གིས་ལི་ཐོ་ཎི་ཡ་དང་འབྲེལ་བའི་ཚོང་འབྲེལ་བྱེད་ཕྱོགས་དེ་ནི་རྒྱ་ནག་གི་ཚོང་ལས་ཀྱི་འདོད་མོས་ཡིན་པ་ལས་གནད་དོན་གཞན་དང་འབྲེལ་བ་ཡོད་པར་ཁས་ལེན་བྱས་མེད་ཀྱང་ཡུ་རོབ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འགྲེལ་བརྗོད་བྱེད་སྟངས་དེར་ངོས་ལེན་གནང་མེད་པ་རེད་འདུགགཞི་རྩའི་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གིས་ཡུ་གུར་ཁ་ཆེ་མི་མང་ངལ་རྩོལ་བསྒྱུར་བཀོལ་བྱས་པའི་གནད་དོན་དང་འབྲེལ་ནས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་ཡུ་རོབ་ཏུ་འགྲོ་སྐྱོད་མི་ཆོག་པའི་ཁྲིམས་ཀྱི་ཉེས་ཆད་བཅད་པ་དང་བསྟུན་ནས་རྒྱ་ནག་གིས་ཀྱང་ཡུ་རོབ་ཀྱི་དཔོན་རིགས་ཁག་ཅིག་རྒྱ་ནག་གི་ནང་དུ་ཡོང་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་པ་དང་བསྟུན་ནས།  ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་ཀྱི་བར་དུ་ཚོང་དོན་གྱི་གན་རྒྱ་མང་པོ་ཞིག་དུས་ལྟར་འཇོག་མ་ཐུབ་པར་རང་སོར་ལྷག་ཡོད་པ་རེད།

རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ཤིན་ཅང་དུ་ཕེབས་རྒྱུའི་གདན་ཞུ།

རྒྱ་ནག་གཞུང་ངོས་ནས་ཡུལ་དེའི་ནང་ཚོགས་རྒྱུའི་ཨོ་རྩལ་འགྲན་ཚོགས་ཀྱི་རྗེས་སམ། འདི་ལོའི་ལོ་དཀྱིལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་ Michelle Bachelet ལགས་ཤིན་ཅང་དུ་བསྐྱོད་རྒྱུའི་ཆོག་མཆན་ཕུལ་ཡོད་པའི་གནས་ཚུལ་ཐོན་འདུགདེ་རིང་ལྷོ་རྒྱ་ནག་གི་ཞོགས་པའི་ཆ་འཕྲིན་གསར་ཤོག་ཐོག་གནས་ཚུལ་ཐོན་པར་གཞིགས་ན། ལྕམ་སྐུ་ Michelle Bachelet ལགས་ཀྱིས་ཕྱི་ལོ་༢༠༡༨ ལོ་ནས་བཟུང་ཤིན་ཅང་ཁུལ་དུ་སྐུ་ཚབ་ཚོགས་པ་ཞིག་ཆེད་གཏོང་བྱེད་རྒྱུར་གྲ་སྒྲིག་བྱས་པ་ལྟར། རྒྱ་ནག་གཞུང་གིས་འདི་ལོའི་ཟླ་བ་ ༤ བའི་ཚེས་ ༢༠ རྗེས་སམ། པེ་ཅང་གི་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་རྗེས་ལྕམ་སྐུ་མཆོག་གི་སྣེ་ཁྲིད་འོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་སྐུ་ཚབ་ཚོ་ཁག་ཤིན་ཅང་གི་ནང་དུ་ཆེད་ཕེབས་གནང་རྒྱུའི་ཆོག་མཆན་ཕུལ་ཡོད་པ་དེ་ལྟར་ཡང་། ཐེངས་འདིའི་སྐོར་སྐྱོད་དེ་ནི་ཕན་ཚུན་གྲོགས་པའི་མཛའ་བརྩེའི་ངང་ནས་ཆེད་ཕེབས་གནང་རྒྱུ་ཡིན་པ་ལས་དམིགས་བསལ་གྱི་རྟོག་ཞིབ་ཀྱི་ངོ་བོའི་ཐོག་ནས་ཕེབས་རྒྱུ་མིན་པར་བསྒྲགས་འདུག མ་ཟད་དེ་རིང་པེ་ཅིང་དུ་ཚོགས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། རྒྱ་ནག་གཞུང་གི་ངོས་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་ལྕམ་སྐུ་མཆོག་རིང་མིན་ཤིན་ཅང་གཙོ་བྱས་པའི་རྒྱ་ནག་གི་ས་ཁུལ་ཁག་ཏུ་ཆེད་ཕེབས་གནང་རྒྱུར་གདན་ཞུ་ཕུལ་ཟིན་པ་དང་། ད་ལྟའི་ཆར་ཕྱོགས་གཉིས་དབར་གནད་དོན་དེའི་སྐོར་འབྲེལ་བ་བྱེད་མུས་ཡིན་པར་བརྗོད་འདུག རྩ་བའི་ཐེངས་འདིར་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ལ་ཕུལ་བའི་གདན་ཞུ་དེ་ནི་ད་ལྟའི་ཆར་སུད་སི་ཇཱ་ནི་ཝ་གྲོང་ཁྱེར་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ ༤༦ པ་དེ་འཚོགས་བཞིན་པའི་ཁྲོད་ཕུལ་བ་ཞིག་ཡིན་པ་དང་། བརྒྱུད་ལམ་ཁག་གཅིག་ཏུ་ཐོན་པའི་འབྲེལ་ཡོད་གནས་ཚུལ་ཞིག་གི་ནང་གསལ་ལྟར་ན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་རིང་མིན་ཤིན་ཅང་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་འཆར་ཡོད་ཀྱང་། རྒྱ་ནག་གཞུང་ནས་ཐེངས་འདིའི་ཨོ་ལམ་སྤིག་རྩེད་འགྲན་མ་འཚོགས་གོང་དུ་སྙན་ཐོ་དེ་འདོན་སྤེལ་གནང་རྒྱུ་མེད་པའི་གནོན་ཤུགས་སྤྲད་ཡོད་པ་རེད་འདུག སྤྱིར་ཕྱི་ལོ་ ༢༠༠༨ ལོའི་པེ་ཅིང་ཨོ་ལམ་སྤིག་རྩེད་འགྲན་སྐབས་བཞིན། ཐཻངས་འདིའི་པེ་ཅིང་གི་དགུན་དུས་ཨོ་ལམ་སྤིག་རྩེད་འགྲན་གྱི་སྔ་རོལ་དུ་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སླར་ཡང་རྒྱལ་སྤྱིའི་ཁྲོད་དོ་སྣང་དང་བགྲོ་གླེང་ཡོང་བཞིན་པའི་ཁྲོད། ཨ་རི་གཙོས་པའི་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པར་འགྲེལ་བརྗོད་ཀྱིས་འདི་ལོའི་རྩེད་འགྲན་སྐབས་གཞུང་འབྲེལ་སྐུ་ཚབ་གཏོང་རྒྱུ་མིན་པར་ཐག་གཅོད་གནང་ཡོད་པ་རེད།འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ Sophie Richardson ལགས་ཀྱིས་Reuters གསར་སྤེལ་ཁང་ལ་ཡིག་ལམ་ནས་འགྲེལ་བརྗོེད་གནང་བའི་ནང་དུ། རྒྱལ་སྤྱིའི་སྣེ་འདྲེན་གྱི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་ཕྱི་འབྲེལ་གྱི་སྐུ་ཚབ་མི་སྣ་རྣམས་རྒྱ་ནག་གིས་ཡུ་གུར་ཁ་ཆེ་མི་རིགས་ལ་དམིགས་པ་སོགས་ཀྱི་མཚོན་པའི་འགྲོ་བ་མིའི་རིགས་ལ་བསགས་པའི་ནག་ཉེས་ལས་གཡོལ་ཐབས་ཀྱི་བསླུ་བྲིད་འོག་ཏུ་ཚུད་རྒྱུ་མེད་པར་བརྗོད་འདུག གཞི་རྩའི་རྒྱ་ནག་གི་དམར་ཤོག་སྲིད་གཞུང་གི་འོག་ཏུ་ཡོད་པའི་གྲངས་ཉུ་མི་རིགས་ཀྱི་ས་ཁུལ་སོ་སོར་འགྲོ་བ་མིའི་ཐོབ་ཐང་གི་གཙོ་བྱས་པའི་སྐད་ཡིག་དང་ཆོས་ལུགས་དད་མོས་ལ་རྡོག་རོལ་ཆེས་ཆེར་ཐེབས་བཞིན་པ་ཡོངས་གྲགས་ཡིན་པ་ལྟར། སྔར་ལོ་ཨོ་གླིང་དུ་རྟེན་གཞི་བྱས་པའི་ཨོ་གླིང་གི་འཐབ་བྱུས་ལྟེ་གནས་ཁང་(ASPI) གིས་ཟུང་སྐར་བརྒྱུད་བླངས་པའི་པར་རིས་དང་། གཞུང་འབྲེལ་ཡིག་ཆ། དེ་བཞིན་ཕྱི་རྒྱལ་དུ་བྲོས་བྱོལ་དུ་སོང་བའི་ཡུ་གུར་རྣམས་ཀྱི་དངོས་བྱུང་མྱོང་བ་ཁག་ལ་གཞིར་བཟུང་སྟེ་ཞིབ་འཇུག་བྱས་ནས་སྙན་ཐོ་ཞིག་བཏོན་པའི་ནང་དུ། རྒྱ་ནག་གཞུང་གིས་ཡུ་གུར་འདུས་སྡོད་ཆེ་སའི་ཤིན་ཅང་ཁུལ་དུ་ཉུང་མཐར་བཀག་སྐྱིལ་ཁང་ཆེ་ཆུང་མི་འདྲ་བ་ ༣༨༠ ལྷག་འཛུགས་སྐྲུན་བྱས་ཏེ། མི་མང་བཀག་སྐྱིལ་དང་བསམ་བློ་བཅོས་སྒྱུར་བྱེད་བཞིན་ཡོད་པ་མངོན་གསལ་གནང་ཡོད་པ་རེད།

བོད་ནང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོས་པའི་ཉེས་དོན་འོག་ཁྲིམས་བཤེར་ཇེ་མང་།

ཕྱི་ལོ་ ༢༠༡༧ ནས་ ༢༠༢༠ བར་གྱི་རྒྱ་ནག་ཁྲིམས་ཁང་གི་ཚིག་ཐོར་གཞིགས་ཚེ་དེ་སྔའི་ལོ་གཉིས་དང་བསྡུར་ན་ཕྱི་ལོ་ ༢༠༢༠ ནང་རྒྱ་ནག་རྒྱལ་ཡོངས་སུ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོས་པའི་ཉེས་དོན་འོག་ཁྲིམས་བཤེར་ཧ་ཅང་མང་པོ་བྱས་པ་དང་སྒོས་སུ་བོད་ནང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོས་པའི་ཉེས་དོན་འོག་ཁྲིམས་བཤེར་གྱི་གྱོད་དོན་ཆེས་མང་བ་ཡོད་པ་མངོན་གསལ་གནང་ཡོད།ཨ་རིར་རྟེན་གཞི་བྱས་པའི་ Dui Hua ཞེས་ཆབ་སྲིད་བཙོན་པའི་གནད་དོན་ཐོག་ཉམས་ཞིབ་གཙོ་བོ་གནང་སྟེ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ཕྱག་ལས་གནང་མཁན་ཐེབས་རྩ་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ National Bureau of Statistics ཞེས་རྒྱ་ནག་རྒྱལ་ཡོངས་གྲངས་རྩིས་བསྡུ་བཤེར་ལས་ཁུངས་ཀྱི་དྲ་རྒྱར་ཕྱི་ལོ་ ༢༠༡༧ ནས་ ༢༠༢༠ བར་ལོ་གསུམ་གྱི་དུས་ཡུན་ནང་རྒྱ་ནག་ཏུ་ཉེས་དོན་ཁྲིམས་བཤེར་བྱས་པའི་གྲངས་ཐོ་ལུང་འདྲེན་གྱིས་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་ཁྱོན་དུ་ Endangering State Security འམ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་ཉེས་དོན་ ༤༡༧ ལ་ཁྲིམས་བཤེར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་ཁྲིམས་དོན་ ༢༥༧ དང་ ༢༠༡༩ ལོར་ཁྲིམས་དོན་ ༣༡༧ བཅས་བྱུང་བ་ལས་མང་བ་ཡོད་པར་མངོན་གསལ་གནང་འདུག Dui Hua ཚོགས་པའི་ངོས་ནས་བོད་དང་ཤིན་ཅང་ནང་དུ་ཉེས་དོན་གྱི་གནད་དོན་ཁག་ལོགས་སུ་དབྱེ་ནས་བོད་ནང་དུ་རྒྱ་ནག་གིས་ས་ཁུལ་གཞན་ལས་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་ཉེས་དོན་ཁྲིམས་བཤེར་བྱས་པ་ཧ་ཅང་མང་བ་ཡོད་པ་དང་ཕྱི་ལོ་ ༢༠༡༨ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁ་བྲལ་གྱི་ཀུན་སློང་སྤེལ་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་སྡེ་ཁག་ལ་དངུལ་གྱི་རོགས་སྐྱོར་བྱས་པའི་ཉེས་མིང་འོག་བོད་མི་ ༢༥ ལ་ཁྲིམས་ཐག་བཅད་ཡོད་པ་དང་དེ་རྗེས་ ༢༠༡༩ ལོར་གྱོད་དོན་ཁག་ ༢༤ འི་ཁྲོད་མི་ ༣༧ ལ་ཁྲིམས་ཐག་བཅད་པ། དེ་བཞིན་ ༢༠༢༠ ལོར་གྱོད་དོན་ ༦༥ ཁྲོད་མི་ ༧༤ ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོས་པའི་ཉེས་མིང་འོག་ཁྲིམས་ཐག་བཅད་པ་སོགས་ཕྱི་ལོ་ ༢༠༢༠ ལོར་གྲངས་འབོར་དེ་ཧ་ཅང་མང་བ་ཆགས་ཡོད་པར་ཆེས་མངོན་གསལ་གནང་ཡོད་པ་རེད།དེ་བཞིན་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཁྲིམས་ཐག་བཅད་པའི་གྲངས་འབོར་ཁ་གསལ་མེད་ཀྱང་དཀར་མཛེས་ས་གནས་ཁྲིམས་གཞི་ལས་ཁུངས་ཀྱིས་སྔ་ལོའི་ལོ་འཁོར་སྙན་ཐོ་འདོན་སྤེལ་བྱས་པའི་ནང་ཕྱི་ལོ་ ༢༠༢༠ ལོར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོས་པའི་གྱོད་དོན་ ༧ གྱི་འོག་བོད་མི་ ༩ ལ་ཁྲིམས་ཐག་བཅད་པ་དང་། དེ་བཞིན་ལོ་དེར་གྱོད་དོན་གཞན་ ༡༢ ཁྲོད་མི་ ༡༥ ལ་ཁྲིམས་ཐག་བཅད་ཡོད་པ་ཤེས་རྟོགས་བྱུང་འདུག དཀར་མཛེས་ས་གནས་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་པའི་གྱོད་དོན་ལ་ཉམས་ཞིབ་གནང་བའི་ཁྲོད་ ༢༠༢༠ ཕྱི་ཟླ་ ༦ ནས་ ༨ བར་མི་དགུ་ལ་ཁྲིམས་ཀྱི་ཉེས་ཆད་བཏང་ཡོད་པ་དང་དེ་རྗེས་ཕྱི་ཟླ་ ༩ ནས་ ༡༢ བར་མི་ ༦ ལ་ཁྲིམས་ཐག་བཅད་ཡོད་པ་རེད། དེ་མཚུངས་སུ་ཟི་ཁྲོན་ཞིང་ཆེན་གྱི་རྔ་བ་ཁུལ་དུ་བོད་མི་ ༧ ལ་ཁྲིམས་ཐག་བཅད་ཡོད་པ་ཤེས་རྟོགས་ཐུབ་ཡོད། Dui Hua ཐེབས་རྩ་ཁང་གིས་ད་དུང་རྒྱ་ནག་རྒྱལ་ཡོངས་སུ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་ཀྱི་གྱོད་དོན་མང་ཤོས་ཤིན་ཅང་འམ་ཤར་ཏུར་ཀིས་ཐན་ཁུལ་དུ་བྱུང་ཡོད་པ་གསུངས་འདུག དེའང་ཕྱི་ལོ་ ༢༠༡༣ དང་ ༡༤ ནང་དུ་ཤར་ཏུར་ཀིས་ཐན་ཁྲིམས་ཁང་གི་ངོས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་གྱོད་དོན་ ༣༠༠ ཙམ་ཐག་བཅོད་བྱས་ཡོད་པ་དང་། རྒྱ་ནག་ཁྱོན་གྱི་གྲངས་འབོར་གྱི་གསུམ་ཆ་གཅིག་ཆགས་ཀྱི་ཡོད་པ་དང་། ཕྱིས་སུ་ ༢༠༡༥ ལོར་གྱོད་དོན་ ༢༡༤ ཞེས་གྲངས་འབོར་ཕྲན་བུ་ཉུང་དུ་ཕྱིན་ཡོད་ཀྱང་། སྐབས་དེའི་རྒྱ་ནག་ཁྱོན་གྱི་གྲངས་འབོར་ལས་ཕྱེད་ཀ་ཙམ་ཆགས་ཀྱི་ཡོད་པར་གསུངས་འདུག ཕྱི་ལོ་ ༢༠༡༧ ལོ་ནས་ཤིན་ཅང་དུ་མང་ཚོགས་རྣམས་བཙན་དབང་གིས་ངལ་རྩོལ་ར་བར་བཅུག་ནས་དམ་དྲག་ཆེས་ཆེར་བྱས་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཉེས་དོན་གྱི་གནད་དོན་རྣམས་ཀྱི་ཐོག་གནས་ཚུལ་དངོས་གང་ཡིན་གསལ་རྟོགས་དཀའ་བར་གྱུར་བའི་ཁྲོད་ཚོགས་པའི་ཉམས་ཞིབ་ནང་ཕྱི་ལོ་ ༢༠༢༠ ལོར་ཤིན་ཅང་ནང་མི་ ༦༨ ལ་རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་དང་འབྲེལ་ནས་ཁྲིམས་ཐག་བཅད་ཡོད་པ་ཤེས་རྟོགས་བྱུང་བ་ལས་དེ་མིན་ཤེས་རྟོགས་གང་ཡང་བྱུང་མེད། Dui Hua ཐེབས་རྩ་ཁང་གིས་ད་རེས་སྙན་ཐོ་རིམ་པ་དང་པོ་དེ་དངོས་སུ་འདོན་སྤེལ་གནང་བའི་ནང་བོད་དང་ཤིན་ཅང་དུ་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་གྱོད་དོན་ཁག་མངོན་གསལ་གནང་རྗེས་ཟླ་བ་རྗེས་མར་སྙན་ཐོ་རིམ་པ་གཉིས་པ་འདོན་སྤེལ་གནང་རྒྱུའི་ནང་ཧན་མི་རིགས་གནས་པའི་རྒྱ་ནག་གི་ས་ཁུལ་གཞན་ཁག་གི་གནས་སྟངས་སྐོར་མངོན་གནང་རྒྱུ་རེད་འདུག

པེ་ཅིང་གི་ཨོ་རྩལ་ཐོག་བོད་མི་རྩེད་འགྲན་པ་གཉིས་མཉམ་ཞུགས།

པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་བསྡུར་འཚོགས་ལ་ཉེ་བ་དང་བསྟུན་འདི་ལོའི་འགྲན་བསྡུར་ཐོག་བོད་མི་གཉིས་ནས་མཉམ་ཞུགས་གནང་རྒྱུ་ཡིན་པ་དང་ཁོང་གཉིས་ནི་དགུན་དུས་ཨོ་རྩལ་ནང་མཉམ་ཞུགས་གནང་མཁན་བོད་མི་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལ་གཞིགས་ན། ཟླ་བ་རྗེས་མར་འཚོགས་རྒྱུའི་རྒྱ་ནག་གི་དགུན་དུས་ཨོ་རྩལ་ཐོག་ལོ་ན་ ༡༨ སོན་པ་ཆབ་མདོ་ནས་ཡིན་པ་དབྱངས་ཅན་ལྷ་མོ་དང་ནག་ཆུ་ནས་ཡིན་པ་ཚེ་རིང་དགྲ་འདུལ་གཉིས་ snowboarding དང་ cross-country skiing ཞེས་གངས་ཤུད་རྩེད་འགྲན་ནང་འདེམས་སྒྲུག་བྱས་འདུག དབྱངས་ཅན་ལྷ་མོ་ལགས་ནི་དེ་སྔ་ཁོང་རྐང་རྩེད་སྤོ་ལོ་རྩེད་མཁན་ཞིག་ཆགས་ཀྱི་ཡོད་པ་དང་། དགུན་དུས་ཨོ་རྩལ་དང་འབྲེལ་ཁོང་གིས་པེ་ཅིང་ཨོ་རྩལ་ནང་རྩེད་འགྲན་སླད་འདེམས་སྒྲུག་བྱུང་བར་ཧ་ཅང་དགའ་བོ་བྱུང་སོང་བ་དང་རང་ཉིད་ནས་རྩེད་འགྲན་ཆེད་དུ་གྲ་སྒྲིག་ཡག་པོ་ཞིག་གནང་རྒྱུ་དང་རང་རྒྱལ་ཁབ་ཆེད་སོ་སོ་ནས་གང་ལེགས་གནང་ཐབས་ལ་འབད་ཀྱི་ཡིན་ཞེས་གསུངས་འདུག རྩ་བའི་རྒྱ་ནག་གི་པེ་ཅིན་དགུན་དུས་ཨོ་རྩལ་ལ་བཙན་བྱོལ་བོད་མི་གཙོས་པའི་ཡུ་གུར་དང་དེ་བཞིན་རྒྱལ་སྤྱིའི་ཁྲོད་པེ་ཅིང་གི་དགུན་དུས་ཨོ་རྩལ་ཕྱིར་འཐེན་དགོས་པའི་ངོ་རྒོལ་བསྟུད་མར་གནང་མུས་ཡིན་པ་དང་། ལྷག་པར་ཨ་རི་གཙོས་ཁེ་ན་ཌ་དང་དབྱིན་ཡུལ། ཨོ་སི་ཀྲོ་ལི་ཡ། ལི་ཐོ་ནི་ཡ། ནི་ཌར་ལན་ཌི་སོགས་རྒྱལ་ཁབ་ཁག་གཅིག་ནས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ་སྐྱོན་བརྗོད་མཚོན་ཕྱིར་ཨོ་རྩལ་འགྲན་ཚོགས་སྐབས་གཞུང་འབྲེལ་མི་སྣ་གཏང་རྒྱུ་མིན་པ་ཡོངས་གྲགས་གནང་ཡོད། གཞུང་འབྲེལ་སྐུ་ཚབ་གཏང་རྒྱུ་མིན་པའི་ཐོ་གཞུང་ནང་ཁ་སང་ Portugal ནས་ཀྱང་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྒོ་འབྱེད་དང་མཇུག་སྡོམ་མཛད་སྒོར་གཞུང་འབྲེལ་སྐུ་ཚབ་གཏང་རྒྱུ་མིན་པའི་གསལ་བསྒྲགས་གནང་འདུག  དེ་འབྲེལ་ Portugal གྱི་ཕྱི་འབྲེལ་བློན་ཆེན་སྐུ་ཞབས་ Augusto Santos Silva མཆོག་གིས་ཡུལ་དེའི་ནང་གི་ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་དང་ལྷག་པར་ད་ལྟའི་གནས་བབ་ལ་ཡོ་རོབ་མཐུན་ཚོགས་ཀྱི་ཆིག་སྒྲིལ། དེ་བཞིན་དགུན་དུས་ཨོ་རྩལ་འགྲན་བསྡུར་དེ་རྒྱལ་ཡོངས་ཀྱི་རྩེད་འགྲན་གཙོ་བོ་ཞིག་མིན་པའི་རྒྱུ་མཚན་གསུངས་འདུག ཉེ་ལམ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་དུ་ཡོད་པའི་ Kaputin ཞེས་པའི་ཚོགས་སྡེའི་ལས་འགུལ་བ་ཁག་གཅིག་གིས་ཁུལ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་དུ་ཞི་ཅིན་ཕིང་གི་འདྲ་གཟུགས་དམར་ཧྲེང་ཞིག་དང་ཨོ་ལམ་པིཀ་ཡི་མཚོན་རྟགས་ཞགས་ཐག་འགྲེམས་སྟོན་བརྒྱུད་ཨོ་རྩལ་ཕྱིར་འཐེན་དང་དེ་བཞིན་ཡུ་གུར་ངལ་རྩོལ་དང་འབྲེལ་ཐོན་རྫས་ཁག་བཀག་སྡོམ། རྒྱ་ནག་གིས་བོད་གཙོས་ཧོང་ཀོང་དང་ཐེ་ཝན་ཐད་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་གནང་འདུག

རྒྱ་ནག་གིས་ Fight Club ཞེས་པའི་གློག་བརྙན་གྱི་ལེའུ་མཐའ་མ་བཅོས་སྒྲིག་བྱས་པ།

ཕྱི་ལོ་ ༡༩༩༩ ལོར་ཨ་རི་ནང་གློག་བརྙན་བཟོ་བཀོད་པ་ David Fincher  ཡིས་སྤྱི་ཚོགས་བདེ་ཐབས་དང་འབྲེལ་ནས་ཆེད་བཟོ་གནང་བའི་གློག་བརྙན་གྲགས་ཅན་  Fight Club ཞེས་པ་དེ་ཉེ་ལམ་རྒྱ་ནག་གི་ Tencent བརྒྱུད་ལམ་ཐོག་མང་ཚོགས་ནས་ལྟ་རྒྱུ་ཡོད་པ་བཟོས་སྟབས་དེ་སྔ་གློག་བརྙན་ངོ་མ་ལྟ་མྱོང་མཁན་དག་གིས་སྤྱི་ཚོགས་དྲ་ལམ་བརྒྱུད་རྒྱ་ནག་གིས་གློག་བརྙན་དེའི་མཐའ་མའི་ལེའུ་དེ་བཀག་ནས་དེའི་ཚབ་ཏུ་དབང་ལྡན་ཉེན་རྟོག་པར་རྒྱལ་ཁ་ཐོབ་ཡོད་ཚུལ་བཀོད་ནས་མཇུག་སྡོམ་བྱས་པར་གླེང་སློང་ཤུགས་ཆེར་གནང་བཞིན་འདུགགློག་བརྙན་དངོས་ཀྱི་ལེའུ་མཐའ་མར་སྤྱི་ཚོགས་བདེ་ཐབས་ཀྱི་གནད་དོན་དང་འབྲེལ་ནས་འབར་རྫས་ཀྱིས་ཁང་པ་མ་གཏོར་གོང་གི་གློག་བརྙན་དེའི་ནང་སྒྲུང་བཤད་མཁན་ Edward Norton གྱིས་ཁོང་རང་ཉིད་ཀྱི་བསམ་བློའི་ནང་གི་མི་སྣ་གློག་བརྙན་ཁྲབ་སྟོན་པ་ Brad Pitt བསད་པའི་རྣམ་པ་ཡོད་ཀྱང་། རྒྱ་ནག་གིས་བཅོས་སྒྲིག་བྱས་པའི་མཐའ་མཇུག་གི་ལེའུ་ནང་དབང་འཛིན་མི་སྣ་ཉེ་རྟོག་པས་འཆར་གཞི་ཡོད་ཚད་ཤེས་ཡོད་ཚུལ་དང་འབར་རྫས་གས་ མ་བཅུག་པར་ནག་ཉེས་ཅན་གྱི་མི་སྣ་རྣམས་འཛིན་བཟུང་གིས་ཁྲིམས་ཐག་བཅད་པ་མ་ཟད། ཁོང་གིས་ཁྲབ་སྟོན་བྱས་པའི་ Tyler Durden དེ་སྨྱོན་ཁང་ཞིག་ཏུ་ནད་གསོའི་སླད་བཏང་སྟེ་ ༢༠༡༢ ལོར་དྲག་སྐྱེད་བྱུང་ཡོད་ཚུལ་གྱི་བརྡ་ལན་ཞིག་ཆེད་བཀོད་ཀྱིས་གློག་བརྙན་མཇུག་སྒྲིལ་ཡོད་པ་རེད་འདུགགློག་བརྙན་ Fight Club གྱི་སྒྲུང་གཞི་ངོ་མ་དེ་ ༡༩༩༦ ལོར་རྩོམ་པ་པོ་ Chuck Palahniuk ཡིས་སྤྱི་ཚོགས་ཀྱི་དངོས་བྱུང་གནས་སྟངས་དང་འབྲེལ་ནས་བྲིས་པའི་བརྩམ་སྒྲུང་ཞིག་ཡིན་པ་དང་། རྩོམ་པ་པོ་ Chuck ལགས་ཀྱིས་རྒྱ་ནག་གིས་བཅོས་སྒྲིག་བྱས་པའི་གློག་བརྙན་ལ་ཧང་སང་ཡོད་པ་མ་ཟད། རྒྱ་ནག་ལ་ཟུར་ཟ་དང་སྦྲགས་ཏེ་རྒྱ་ནག་ནང་དུ་ལེའུ་མཐའ་མ་དེ་དགའ་པོའི་ངང་ནས་མཇུག་སྒྲིལ་ཡོད་པར་བཤད་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གི་བྱེད་བབ་དེས་རྒྱ་ནག་གི་སྤྱི་ཚོགས་ནང་དུ་དཀའ་ངལ་ཆེན་པོ་དང་མི་དྲང་བའི་ཁྲིམས་ཀྱི་དབང་བསྒྱུར་ཤུགས་ཆེན་པོ་ཡོད་པའི་མཚོན་རྟགས་ཤིག་ཡིན་པ་བརྗོད་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་ Ted Cruz ལགས་ཀྱིས་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཀྱི་གློག་བརྙན་ལ་གསོ་མྱུལ་བྱས་པ་དེ་གསར་པ་གང་ཡང་མིན་པ་དེ་ལྟར་ནའང་གློག་བརྙན་བཅོས་སྒྲིག་བྱས་པ་དེ་དཀོན་པོ་ཡིན་པར་བཤད་ཡོད།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་ནག་གི་དགུན་དུས་ཨོ་རྩལ་ནང་མཉམ་ཞུགས་མི་གནང་བར་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུག

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ Jiri RuziCka ལགས་དང་སྐུ་ཞབས་ Jiri Oberfalzer རྣམ་གཉིས་ཀྱིས་དབུས་པའི་གྲོས་ཚོགས་འཐུས་མི་རྣམས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ་རྒྱ་ནག་ནང་འཚོགས་རྒྱུའི་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ནང་མཉམ་ཞུགས་མི་གནང་བའི་ལས་གུལ་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུགཟླ་ཤས་གོང་ནས་བོད་མིའི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་ཕ་རན་སི་རྒྱལ་ཁབ་ནས་དབུ་འཛུགས་གནང་སྟེ་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་ཏུ་ཆེད་བཅར་གྱིས་ས་གནས་སྲིད་གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་སྙན་སེང་ཞུས་པ་དང་སྦྲགས་ཏེ་འཚོགས་ལ་ཉེ་བའི་རྒྱ་ནག་ནང་གི་དགུན་དུས་ཨོ་རྩལ་ཐོག་རྒྱལ་སྤྱིའི་གཞུང་ཁག་ནས་མཉམ་ཞུགས་གནང་རྒྱུ་མེད་པའི་ཞུ་སྐུལ་སོགས་གནང་བཞིན་ཡོད་པ་ལྟར། ཁ་ཉིན་རེས་གཟའ་ཟླ་བའི་ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམ་པས་དབུས་པའི་སྲིད་གཞུང་ལ་དེ་འབྲེལ་ཞུ་སྐུལ་གནང་ཡོད་པ་རེད།སྐབས་དེར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནས་དོན་གྲུབ་དབང་ཆེན་ལགས་ཀྱི་ཞུ་སྐུལ་ལ་དགའ་བསུ་ཆེན་པོ་གནང་བ་མ་ཟད་ཡུལ་དེའི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ Jiri RuziCka ལགས་དང་སྐུ་ཞབས་ Jiri Oberfalzer རྣམ་གཉིས་ཀྱིས་དབུས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་ཟུང་འབྲེལ་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ་དོན་གྲུབ་དབང་ཆེན་ལགས་ནས་ཨོ་ལམ་པིག་སྐོར་ཞུ་སྐུལ་གནང་བའི་དོན་ཚན་ཁག་དངོས་འབྲེལ་ཡིན་པ་དང་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ཚོགས་ཆུང་ནས་སླར་ཡང་རྒྱ་ནག་གཞུང་ལ་ཨོ་རྩལ་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་གནང་བ་དེ་ནི་ནོར་འཕྲུལ་ཆེན་པོ་ཞིག་ཡིན་པ་དང་། དེ་ནི་དེ་སྔ་ ༡༩༣༦ ལོར་ Berlin དང་དེ་རྗེས་ Soviet Union བཅས་སུ་ཚོགས་པའི་ཨོ་ལམ་པིག་རྩེད་འགྲན་ལྟར། ཨོ་ལམ་པིག་རྩེད་འགྲན་ཚོགས་ཆུང་ནས་སླར་མང་ཚོགས་སྤྱི་ལ་དམ་དྲག་དང་། ལྷག་པར་དུ་གྲངས་ཆུང་མི་རིགས་ཚོ་ལ་གཉའ་གནོན་དང་གཅིག་བསྡུས་རིང་ལུགས་ཀྱི་སྲིད་གཞུང་ལ་རྒྱབ་སྐྱོར་གནང་བ་ཞིག་ཀྱང་མཚོན་གྱི་ཡོད་ཅེས་གསུངས་འདུགལྷག་པར་དུ་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ Jiri RuziCka ལགས་ནས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནི་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་ལམ་པིག་ལ་ངོ་རྒོལ་གྱི་རྣམ་པ་ཆེད་བསྟན་གནང་མཁན་གྱི་གྲོས་ཚོགས་འཐུས་མི་ཐོག་མ་དེ་ཆགས་ཀྱི་ཡོད་པར་འགྲེལ་བརྗོད་དང་སྦྲགས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནས་ད་རེས་དོན་གྲུབ་དབང་ཆེན་ལགས་ཀྱིས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་ནང་མཉམ་ཞུགས་གནང་རྒྱུ་མེད་པའི་ཞུ་སྐུལ་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུགསྐབས་དེར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Přemysl Rabas ལགས་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་གཙོས་ཆབ་སྲིད་མི་སྣ་རྣམས་ནས་རྒྱ་ནག་གཞུང་གིས་ཡུ་གུར་མི་སེར་འཛིན་བཟུང་བཙན་ཁྲིད་དང་བོད་མིས་གཙོས་པའི་རང་དབང་དང་མང་གཙོའི་ལས་འགུལ་བ་རྣམས་བཙོན་འཇུག་བྱེད་བཞིན་པའི་བྱ་སྤྱོད་ཀྱི་ངལ་བ་སེལ་བའི་ཐོག་ནས་ད་རེས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་ལམ་པིག་རྩེད་འགྲན་དང་ནང་མཉམ་ཞུགས་གནང་རྒྱུ་མེད་པའི་རེ་སྐུལ་ཡང་གནང་འདུག  

Latest news