Tibetan Royal Year of 2151 | Year of the Wood Dragon

སྤེན་པ་ཚེ་རིང་།

ཝི་སི་ཀོན་སིན་ས་གནས་བོད་མིར་འཛིན་སྐྱོང་གི་ལས་དོན་སོགས་ཀྱི་སྐོར་གསུང་བཤད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བྱང་ཨ་རིར་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། ཕྱི་ཚེས་ ༣ ཉིན་ཨ་རིའི་ Wisconsin མངའ་སྡེར་ཡོད་པའི་ས་གནས་བོད་མི་ཚོ་དང་ཐུག་འཕྲད་ཀྱིས་འདས་པའི་ལོ་ངོ་གཉིས་མན་ཙམ་གྱི་རིང་ལ་བཀའ་ཤག་སྐབས་ ༡༦ པའི་ལས་དོན་སྤྱི་ཡོངས་དང་འབྲེལ་བའི་གསུང་བཤད་དང་ས་གནས་མང་ཚོགས་ཀྱི་བཀའ་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།སྲིད་སྐྱོང་མཆོག་གིས་འདས་པའི་དུས་ཡུན་དེ་དག་ཁྲོད་དུ་ཧི་མཱ་ཅལ་ཁུལ་གྱི་ས་གནས་ཁག་གཅིག་ཙམ་མཏོགས་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཡོངས་ལ་ཆེད་ཕེབས་གནང་སྟེ་མི་མང་ལ་གསུང་བཤད་དང་ས་གནས་སོ་སོའི་སྒྲིག་འཛུགས་དང་ཚོགས་སྡེ་བཅས་པར་གཟིགས་ཞིབ་ནན་པོ་གནང་ནས་མང་ཚོགས་ལ་ཉེར་མཁོའི་མཐུན་འགྱུར་ཁག་བསྐྲུན་ཡོད་པ་དང་། རིང་མིན་ཕྱི་ཟླ་ ༣ པའི་སྔོན་རྩིས་གྲོས་ཚོགས་སྐབས་སུ་མང་ཚོགས་ཀྱི་དགོས་མཁོ་ཁག་བསྒྲུབ་རྒྱུ་དང་འབྲེལ་བའི་ལས་གཞི་འཕར་མ་མི་ཉུང་བ་ཞིག་ཡོད་པར་གསུངས་འདུགབོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་སྲ་བརྟན་དང་སྲི་ཞུ་བའི་ནུས་ཤུགས་སྔར་ལས་ཆེ་རུ་གཏོང་ཐབས། ས་ཁང་སྒྲིག་གཞི་བསྐྱར་བཅོས་གནང་བའི་དགོས་དམིགས་སོགས་འགྲེལ་བརྗོད་གནང་བ་དང་། ལྷག་དོན་འཛིན་སྐྱོང་བཀའ་ཤག་གིས་བཙན་བྱོལ་བོད་མིའི་བདེ་དོན་དང་འབྲེལ་བའི་ལས་གཞི་ཆེ་ཁག་མང་དག་ཅིག་གཉེར་བཞིན་ཡོད་པ་ལས་གཙོ་བོ་གཅིག་ནི་གཞིས་ཆགས་སྲ་བརྟན་ལ་དམིགས་པའི་ལས་དོན་ཁག་ཆགས་ཀྱི་ཡོད་པར་འགྲེལ་བརྗོད་དང་སྦྲགས། གཞིས་ཆགས་ཁག་སྲ་བརྟན་དང་ཚགས་ཚུད་བཟོ་ཐབས་སུ་གཞིས་སྒར་ཁག་ནས་ཕྱི་རྒྱལ་ལ་གཞིས་སྤོས་གནང་ཟིན་པའི་བོད་མི་རྣམས་ཀྱི་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་གཞིས་ཆགས་ཀྱི་ས་ཆ་རྣམས་ཕྱིར་རྩིས་སྤྲོད་ཞུ་གལ་ཡིན་པ་གསུངས་ཡོད།    དེ་བཞིན་བཀའ་ཤག་སྐབས་ ༡༦ པའི་ངོས་ནས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་གཞིགས་ནས་གོ་སྐབས་ཇི་ཡོད་དམ་འཛིན་གནང་སྟེ་རྒྱལ་སྤྱིའི་སྟེང་བོད་དོན་གནས་བབ་མཐོ་རུ་གཏོང་ཐབས་གནང་བཞིན་ཡོད་པ་དང་། ས་གནས་བོད་མི་ཚོས་ཀྱང་ཨ་རི་གཞུང་གིས་བོད་དོན་དང་འབྲེལ་བའི་སྲིད་བྱུས་གཏན་འབེབས་གནང་བའི་བརྒྱུད་རིམ་ཁྲོད་འབྲེལ་ཡོད་གྲོས་ཚོགས་འཐུས་མི་གཙོས་གནད་ཡོད་མི་སྣ་ཚོར་བོད་དོན་དང་འབྲེལ་བའི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་ཞུ་སྐུལ་དང་མཚན་རྟག་བསྡུ་རུབ་ཀྱི་ལས་གཞི་ཁག་ལ་མཉམ་ཞུགས་གནང་གནད་ཆགས་ཡོད་པ་གསུངས་ཡོད། སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་སྡེ་ཚན་སོ་སོའི་ངོས་ནས་བོད་ནང་གི་གནས་སྟངས་རྒྱུས་ལོན་ཐུབ་ཐབས་དང་དེ་ལྟར་ཡོང་བར་འབད་པ་ཆེན་པོས་ཤུགས་སྣོན་རྒྱག་མུས་ཡིན་པ་མ་ཟད། ལྷག་པར་རྒྱལ་སྤྱིའི་དབུ་ཁྲིད་ཚོ་དང་ཐུག་འཕྲད་ནམ་བྱུང་ལ་བོད་ཀྱི་གནད་དོན་འདི་དུས་ད་ལྟའང་ཐག་གཅོད་ཟིན་མེད་པའི་གནད་དོན་ཞིག་ཆགས་ཡོད་པ་དང་། རྒྱལ་སྤྱིའི་དབུ་ཁྲིད་རྣམས་ལ་རྒྱ་ནག་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་འགྲེལ་བརྗོད་བྱེད་བཞིན་པ་ནི་རྒྱལ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་བ་ཞིག་ཆགས་ཀྱི་ཡོད་པ་སོགས་ངོ་སྤྲོད་གནང་དང་གནང་བཞིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག གཞོན་སྐྱེས་གཙོ་བོར་གྱུར་པའི་བོད་མི་ཡོངས་ཀྱི་ངོས་ནས་བོད་ཀྱི་ལོ་རྒྱུས་ལ་སློབ་གཉེར་གནང་གལ་ཆགས་ཡོད་པ་སོགས་ལམ་སྟོན་གནང་འདུགསྲིད་སྐྱོང་མཆོག་གིས་ཕྱི་ཚེས་ ༤ ཉིན་ Wisconsin མངའ་སྡེ་ནང་ཡོད་པའི་བོད་པའི་གཞོན་སྐྱེས་ཚོ་དང་ཟུར་དུ་ཐུག་འཕྲད་ཀྱིས་བོད་ཀྱི་ལོ་རྒྱུས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འགྱུར་འགྲོས། དེ་བཞིན་བོད་རིགས་གཞོན་སྐྱེས་ཚོས་བོད་དོན་ཞུ་གཏུག་གི་ལས་འགུལ་ནང་མཉམ་ཞུགས་གནང་གནད་ཡིན་པ་སོགས་གསུངས་པ་དང་གཞོན་སྐྱེས་རྣམ་པའི་བཀའ་འདྲིར་ལན་འདེབས་གནང་ཡོད།དེ་རྗེས་སྲིད་སྐྱོང་མཆོག་ཅི་ཀ་གྷོར་གྲོང་ཁྱེར་དུ་ཕེབས་ཐོན་གྱིས་ས་གནས་བོད་མི་ཚོར་གསུང་བཤད་གནང་ཡོད་པ་རེད། གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་ Wisconsin མངའ་སྡེར་མ་ཕེབས་པའི་གོང་སྟེ། ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་བྱང་ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་འབྲེལ་ཡོད་ལས་བྱེད་ཁག་གཅིག་དང་ལྷན་དུ་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་བཀའ་བསྡུར་གྱི་ལས་རིམ་ཞིག་ཚོགས་ཡོད་པ་མ་ཚད་པར་ཉིན་རྒྱབ་དེར་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya  མཆོག་དང་ཨ་རིའི་བདེ་འཇགས་ལྷན་ཁང་གི་མང་གཅོ་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ Rob Berschinsk ལགས་གཙོས་ལས་བྱེད་རྣམས་དང་ལྷན་དུ་བོད་གནད་སྐོར་ལ་བཀའ་བསྡུར་གནང་ཡོད། འབྲེལ་ཡོད་པར་ཁག་གི་བདག་དབང་སྲིད་སྐྱོང་གི་ངོ་དེབ་དང་སྤྱི་ཚོགས་དྲ་རྒྱ་ཁག་ལས་བཏུས།

འདས་ལོ་ཉི་ཤུའི་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་མ་དངུལ་གནས་བབ་གྲོས་ཚོགས་སུ་སྙན་སྒྲོན་ཞུས་པ།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་བཞི་པའི་ཉིན་རྒྱབ་ཚོགས་དུས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོག་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་རྩིས་ལོ་ ༢༠༠༠་་་༢༠༠༡ ནས་ ༢༠༢༠་་་༢༠༢༡ བར་གྱི་མ་དངུལ་གནས་སྟངས་གྲོས་ཚོགས་སུ་སྙན་སྒྲོན་དང་སྦྲགས། སྙན་ཐོ་འདི་བརྒྱུད་ནས་སྤྱི་འཐུས་རྣམ་པ་དང་། རྒྱ་ཆེ་མང་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དངོས་ཡོད་མ་དངུལ་གནས་སྟངས་མཁྱེན་ཐུབ་པའི་རེ་བ་ཞུ་བཞིན་ཡོད་པ་གསུངས་སོང་།རྩ་བའི་ད་རེས་གྲོས་ཚོགས་སུ་ཕུལ་བའི་འདས་བའི་ལོ་ཉི་ཤུའི་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་མ་དངུལ་གནས་བབ་ཀྱི་སྙན་ཐོ་འདི་ནི་དེ་སྔ་བཀའ་ཤག་སྐབས་ ༡༢ པའི་སྐབས་སུ་དེ་འབྲེལ་སྙན་ཐོ་ཐེངས་ལྔ་བཏོན་པའི་རྗེས་སུ་ད་རེས་ལོ་ ༡༥ ཙམ་གྱི་རྗེས་ཀྱི་སྙན་ཐོ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། སྙན་ཐོ་དེའི་ནང་ལ་རྐང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མཛོད་དང་དབུས་སའི་ལས་ཁུངས་སོ་སོའི་རང་བདག་གི་དངུལ་ཚུད་པའི་མ་དངུལ་གྱི་གནས་བབ་དེ་ཆགས་ཀྱི་ཡོད་པ་རེད། དེ་ཡང་མ་དངུལ་གྱི་ཁྱབ་ཁོངས་རྩིས་སྒོ་གསུམ་ཡོད་པའི་ཁོངས་ནས་སྔོན་རྩིས་མ་དངུལ་གྱི་གནས་བབ་ལ་གཞིགས་ན་རྩིས་ལོ་ ༢༠༠༠་་་༢༠༠༡ ལོར་སྒོར་ས་ཡ་ ༢༩་༤༢ དང་དེའི་རྗེས་རྩིས་ལོ་ ༢༠༡༠་་་༢༠༡༡ ལོར་སྒོར་ས་ཡ་ ༢༦༩་༠༧ དེ་བཞིན་རྩིས་ལོ་ ༢༠༢༠་་་༢༠༢༡ ལོར་སྒོར་ས་ཡ་ ༡༨༦༥་༩༧ བཅས་ཆགས་ཀྱི་འདུག མ་ཟད་ཕྱི་ལོ་ ༡༩༩༥ ཙམ་ནས་འགོ་བཙུགས་པའི་གཏན་འཇགས་མ་དངུལ་གྱི་གནས་བབ་ལ་གཞིགས་ན་རྩིས་ལོ་ ༢༠༠༠་་་༢༠༠༡ ལོར་སྒོར་ས་ཡ་ ༣༦་༦༥ དང་རྩིས་ལོ་ ༢༠༢༠་་་༢༠༢༡ ལོར་སྒོར་ས་ཡ་ ༣༠༡་༩༨ བཅས་ཆགས་ཀྱི་འདུག་པ་མ་ཟད། ཟུར་བཀོལ་སྤྱིར་བཏང་མ་དངུལ་གྱི་གནས་བབ་ལ་གཞིགས་ན་རྩིས་ལོ་ ༢༠༠༠་་་༢༠༠༡ ལོར་སྒོར་ས་ཡ་ ༢༨༦་༦༩ དང་རྩིས་ལོ་ ༢༠༢༠་་་༢༠༢༡ ལོར་སྒོར་ས་ཡ་༡༥༣༢་༢༡ བཅས་ཆགས་ཀྱི་འདུག གཞི་རྩའི་སྙན་ཐོ་དེའི་ནང་ལ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་མི་བརྒྱད་ཁྲི་ཙམ་ཐོག་མར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་སྐབས་དཀའ་ངལ་མང་དག་ཅིག་ལ་གདོང་ལེན་གནང་དགོས་བྱུང་པའི་ཁོངས་ནས་དཔལ་འབྱོར་དེ་གཅིག་ཆགས་ཀྱི་ཡོད་པ་དང་། ཕྱི་ལོ་ ༡༩༥༠ ལོར་གཞུང་གྲོན་ལ་དམིགས་ཏེ་འབྲས་ལྗོངས་ཆོས་རྒྱལ་ལ་ཕྱག་བཅོལ་གནང་པའི་གསེར་དངུལ་རྣམས་དངུལ་ལ་སྒྱུར་ཏེ་ཡིད་ཆེས་དགེ་རྩ་དེབ་སྐྱེལ་གནང་པ་དང་། ༡༩༦༩ ལོར་དཔལ་འབྱོར་ལས་ཁུངས་དངོས་སུ་འགོ་བཙུགས་པ་སོགས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་འབབ་གྲོན་གྱི་བྱུང་རིམ་ཁག་ཀྱང་གསལ་འདོན་གནང་འདུག ལྷག་པར་དུ་འདས་པའི་ལོ་ངོ་ཉི་ཤུའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་གྲོན་ཁྱོན་ཡོངས་ནས་བོད་མི་རང་གི་དཔྱ་དངུལ་དང་གཞན་བསྡུ་དངུལ་འབུལ་འབབ་ནས་ཆ་སྙོམས་བརྒྱ་ཆ་ ༨་༨༡ མ་གཏོགས་ལོང་གི་མེད་སྟབས། ཆ་སྙོམས་བརྒྱ་ཆ་༩༡་༡༩ ཙམ་ཕྱི་ནང་གི་གཞུང་སྒེར་ལ་བརྟེན་བཞིན་ཡོད་པར་འགྲེལ་བརྗོད་དང་སྦྲགས། སྙན་ཐོ་འདིའི་ཐོག་ནས་མང་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དངོས་ཡོད་མ་དངུལ་གནས་སྟངས་མཁྱེན་ཐུབ་པའི་རེ་བ་དང་། བོད་མི་མི་རེ་ངོ་རེ་ནས་སྒྲིག་འཛུགས་ནས་རོགས་རམ་ཅི་ཙམ་ཞུ་དགོས་མིན་དང་། སྒྲིག་འཛུགས་ལ་ཞབས་འདེགས་ཅི་ཞིག་ཞུ་དགོས་མིན་གྱི་དགོངས་པ་བཞེས་ཕྱོགས་ལ་ཁྱད་པར་ཡོད་པ་སོགས་གསུངས་འདུགདཔལ་འབྱོར་བཀའ་བློན་མཆོག་ནས་འདས་ལོ་ཉུ་ཤུའི་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་མ་དངུལ་གནས་བབ་གྲོས་ཚོགས་སུ་སྙན་སྒྲོན་ཞུས་གྲུབ་མཚམས་སུ་སྤྱི་འཐུས་ཁག་ཅིག་ནས་བགྲོ་གླེང་གི་ཆ་ཤས་བླངས་ཏེ་བཀའ་བློན་མཆོག་གིས་ད་རེས་གྲོས་ཚོགས་སུ་ཕུལ་བའི་སྙན་ཐོར་དགའ་བསུ་དང་། མ་འོངས་པར་དངུལ་དང་། གཏན་འཇགས་མ་དངུལ་མ་ཡིན་པའི་དངུལ་གཞན། དེ་བཞིན་བསྒྱུར་དཀའི་མཁར་དབང་སོགས་སྤྱི་ཡོངས་ཀྱི་དཔལ་འབྱོར་གནས་བབ་ཀྱི་སྙན་ཐོག་ཞིག་འདོན་གནང་ཡོང་བའི་འབོད་སྐུལ་ཞུ་མཁན་བྱུང་ཡོད།

གཞུང་ཆེན་རིགས་གཅིག་རྐང་འཛིན་སྐབས་གཉིས་པའི་སློབ་གཉེར་བའི་དཔྱད་རྩོམ་ལ་དཔྱད་ཞིབ་དང་ངག་རྒྱུགས་ཀྱི་མཛད་སྒོ།

ཁ་སང་ཕྱི་ཚེས་ ༢༤ ཉིན་དགུང་ཆུ་ཚོད་ ༡༢ ཙམ་ལ་དྷ་ས་གངས་སྐྱིད་དང་བླངས་ཞབས་ཞུ་ཁང་གི་ཡང་ཐོག་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་བོད་མིིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དང་འབྲེལ་ཡོད་ལས་བྱེད་རྣམ་པ། དེ་བཞིན་དཔྱད་ཞིབ་མཁས་དབང་ཚོགས་ཆུང་གི་ཚོགས་མི་རྣམ་པ་སོགས་ལྷན་འཛོམས་ཐོག་གཞུང་ཆེན་རིགས་གཅིག་རྐང་འཛིན་སྐབས་གཉིས་པའི་སློབ་གཉེར་བའི་དཔྱད་རྩོམ་ལ་དཔྱད་ཞིབ་དང་ངག་རྒྱུགས་ཀྱི་ཉིན་མཐའ་མའི་མཛད་སྒོ་ཚོགས་ཡོད་པ་རེད།མཛད་སྒོའི་ཐོག་སྲིད་སྐྱོང་སྤེམ་པ་ཚེ་རིང་མཆོག་གིས་ཆོས་ཚོགས་ཐེངས་ ༡༢ ཐོག་འགན་བསྐུར་བ་ལྟར་ཆོས་རིག་ལས་ཁུངས་ནས་འགན་བཞེས་ཏེ་བླ་ཆེན་རྣམ་པར་འབྲེལ་བ་ཞུས་པ་དང་། བླ་ཆེན་རྣམ་པས་ཆེས་མཐོའི་ཚོགས་ཆུང་ཞིག་བཙུགས་གནང་སྟེ་སྒྲིག་གཞི་ཞིག་བཟོ་གནང་ཡོད། ཕྱི་ལོ་ ༢༠༡༤ ལོར་དངོས་སུ་ལག་བསྟར་གནང་བ་ནས་བཟུང་ད་ཆ་ཕྱི་ལོ་ ༢༠༢༢ སླེབ་ཡོད་ནའང་གཞུང་ཆེན་རིགས་གཅིག་རྐང་འཛིན་སྐབས་གཉིས་པ་མ་གཏོགས་སླེབ་ཐུབ་མེད། བར་ལམ་ནས་གཉན་རིམས་ཁྱབ་གདལ་རྐྱེན་གྱིས་དེ་སྔའི་དགོངས་པ་ལྟར་གནང་ཐུབ་མེད་པའི་གནས་སྟངས་ལྟ་བུ་རང་བཞིན་གྱིས་བྱུང་བར་གཟིགས་སྐོར་གསུངས་འདུག་པ་མ་ཟད། ལྷག་དོན་དུ་མ་འོངས་པར་ཆོས་རིག་ལས་ཁུངས་ཀྱི་ལས་དོན་འདི་མུ་མཐུད་ནས་གནང་དགོས་ཀྱི་རེད། འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རེད་ཅེས་གསུངས་ཡོད། དེ་བཞིན་རིགས་གཅིག་རྐང་འཛིན་དང་འབྲེལ་བའི་གནང་སྟངས་གནང་ལུགས་ཇི་ལྟར་གནང་དགོས་ཐད་ལ་བསྟན་བདག་བླ་ཆེན་རྣམ་པ་ཚོར་འབྲེལ་བ་ཞུ་རྒྱུ་དེ་བཞིན་ཆོས་སྡེ་ཁག་གི་སྒྲིག་འཛུགས་ནང་ཡོད་པ་དང་མེད་པའི་མཁས་དབང་ཁག་ལའང་བཀའ་འདྲི་ཞུས་ཏེ་ལེགས་བཅོས་གནང་རྒྱུ་གང་ཡོད་མེད་དང་། གོང་རིམ་གྱི་བཀའ་སློབ་ཇི་ཕེབས་གཞིར་བཟུང་ཡར་རྒྱས་གཏོང་རྒྱུའི་ཐོག་ལ་ཆོས་རིག་ལས་ཁུངས་ངོས་ནས་འགན་འཐུས་ཚང་བཞེས་རྒྱུའི་དམ་བཅའ་བརྟན་པོ་ཡོད་པར་གསུངས་ཡོད།སྲིད་སྐྱོང་མཆོག་གིས་ད་དུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རིགས་གཅིག་རྐང་འཛིན་གྱི་དགོངས་པ་དེ་གང་ཡིན་ངེས་གཏན་འཕེལ་བ་ཞིག་ཞུ་རྒྱུ་དཀའ་བ་ཡིན་ཀྱང་། སྲིད་སྐྱོང་མཆོག་གི་ངོས་ནས་གོ་བ་བཞེས་ཕྱོགས་ལ། དབུ་མའི་གཞུང་ཆེན་ལ་རིགས་གཅིག་རྐང་འཛིན་གནང་མཁན་ཞིག་ཡིན་ཚེ་དབུ་མའི་གཞུང་ནང་གང་གསུངས་འདུག་པ་དང་། ལྷག་དོན་རྙིང་མ་དང་ས་སྐྱ། བཀའ་བརྒྱུད། དགེ་ལུགས། གཡུང་དྲུང་བོན། ཇོ་ནང་བཅས་ཀྱི་བཞེད་སྲོལ་ཐུན་མོང་མ་ཡིན་པ་གང་དག་ཡོད་མེད་ཀྱིས་གཙོས་པའི་གཞུང་ཆེན་གཅིག་ལའང་ནང་དོན་ཟབ་ཅིང་བརླིང་བ་ཡོད་པར་བརྟེན། ནང་གསེས་གཅིག་ལ་རིགས་གཅིག་རྐང་འཛིན་གནང་ཐུབ་པའི་དགོངས་པ་དེ་ཡོད་སྐོར་གསུངས་དེ་ལྟར་གསུངས་ཡོད།སྲིད་སྐྱོང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པར་རིགས་གཅིག་རྐང་འཛིན་གནང་གྲུབ་པའི་རྗེས་སུ་ཕྱིའི་ལྟ་གྲུབ་མཁས་པ་དང་ཚན་རིག་པ་སོགས་དང་མཉམ་དུ་གཏན་ཚིགས་ལྡན་པའི་ཐོག་ནས་གཞུང་ཆེན་ཁག་ལ་བརྡར་ཤ་གཅོད་རྒྱུར་ཤུགས་སྣོན་རྒྱག་དགོས་གལ་ཡིན་པ་དང་། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གི་དགོངས་པ་གཅིག་ནི། པཱ་ལིའི་ཆོས་བརྒྱུད་འཛིན་མཁན་ཚོ་དང་མཉམ་འབྲེལ་གནང་རྒྱུ་དེ་རེད། ༸གོང་ས་མཆོག་གི་དགོངས་པ་ལྟར་དེ་སྔ་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་ཚོ་དགོན་སྡེ་ཁག་ཏུ་གདན་འདྲེན་ཞུས་ཡོད་པ་རེད། སླད་མར་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་ཚོ་དང་འབྲེལ་བ་ཤུགས་ཆེ་རུ་གཏོང་དགོས་ངེས་ཡིན་པ་སོགས་གསུངས་འདུག   གཞན་ཡང་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་པར་བོད་བརྒྱུད་ནང་བསྟན་འདི་བདག་པོ་རྒྱག་མཁན་ཧི་མཱ་ལ་ཡ་རི་རྒྱུད་ཀྱི་མི་རིགས་ཚོ་ཆགས་ངེས་རེད་ཅེས་བཀའ་སློབ་ཕེབས་ཀྱི་ཡོད་པ་ལྟར། ཧི་མཱ་ལ་ཡ་རི་རྒྱུད་ཀྱི་མི་རིགས་ཚོ་དང་འབྲེལ་ལམ་གང་ལེགས་ཉར་དགོས་གལ་ཡིན་པ་གསུངས་པ་དང་ཆབས་ཅིག་ཏུ་གཞུང་ཆེན་རིགས་གཅིག་རྐང་འཛིན་དང་འབྲེལ་བའི་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ཕྱག་རོགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་དང་སླད་མར་ཡར་རྒྱས་ཀྱི་ཕྱོགས་སུ་མདུན་བསྐྱོད་གནང་བར་འབད་བརྩོན་གནང་ངེས་ཡིན་ཅེས་གསུངས་ཡོད།

༸གོང་ས་མཆོག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་གཟིམ་ཆུང་མཇལ་ཁ་སྩལ་བ།

དེ་རིང་ཕྱི་ཚེས་ ༡༥ རེས་གཟའ་ལྷག་པ་ལྷག་དཀར་ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་མཇལ་མོལ་ཞུས་འདུགགཞི་རྩའི་འདས་པའི་ལོ་ངོ་གཅིག་དང་ཕྱེད་ཀ་ལྷག་གི་གོང་ནས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་ཛ་དྲག་གནས་སྟངས་ཀྱི་རྐྱེན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ཡོངས་རྫོགས་དྲ་ཐོག་བརྒྱུད་ནས་སྐྱོང་བཞིན་ཡོད་པ་མ་ཟད་ཕྱི་ནང་གི་གནད་ཡོད་མི་སྣ་ཚོ་ལའང་དྲ་ཐོག་བརྒྱུད་ནས་མཇལ་མོལ་མཛད་ཀྱི་ཡོད་པ་རེད།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ད་རེས་དངོས་སུ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་གཟིམ་ཆུང་མཇལ་ཁ་སྩལ་བ་དང་སྦྲགས་ཏེ་མཇལ་མོལ་མཛད་པ་དེ་ནི་རིམས་ནད་ཀྱི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དམ་དྲག་རྗེས་ཀྱི་མཇལ་ཁ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སུ་ཐེངས་འདིའི་མཇལ་མོལ་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་སྲིད་སྐྱོང་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྐོར་སྙན་སེང་ཞུས་ཡོད་པ་དང་། ད་རེས་༸གོང་ས་མཆོག་དང་དངོས་སུ་ཞལ་མཇལ་ཞུ་རྒྱུའི་མཛད་འཆར་དབུ་འཛུགས་གནང་བ་དེ་ནི་གནད་ཡོད་མི་སྣ་ཚོ་ལ་དམིགས་པ་ཞིག་ཡིན་པར་གསུངས་སོང་། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ཐུགས་འགན་བཞེས་པ་ནས་བཟུང་སྟེ་ད་བར་དྲ་ཐོག་བརྒྱུད་མཇལ་མོལ་ཐེངས་བཞི་ཙམ་མཛད་ཡོད་ཅིང་། སྲིད་སྐྱོང་མཆོག་གི་ངོས་ནས་མཇལ་དུས་སོ་སོར་འཛིན་སྐྱོང་བཀའ་ཤག་གི་མ་འོངས་ལས་དོན་བྱེད་ཕྱོགས་དང་བཀའ་ཤག་གསར་པའི་བཀའ་བློན་རྣམ་པ་ངོ་སྤྲོད་སྙན་སེང་སོགས་ཞུས་པ་མ་ཟད་མ་འོངས་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་བཀའ་སློབ་ལམ་སྟོན་ཞུས་ཡོད་པ་རེད།

སྲིད་སྐྱོང་མཆོག་གིས་ཨུཏྟརཱ་ཁནྜ་མངའ་སྡེའི་ནང་ས་གནས་བོད་མི་ལ་གཏམ་བཤད་དང་རྒྱ་གར་གྱི་དཔོན་རིགས་མཇལ་འཕྲད།

བོད་མའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་བྱང་ཕྱོགས་ཨུ་ཏྲ་ཁནྜ་མངའ་སྡེའི་ལྡེ་ར་ལྡུན་ཁྱབ་ཁོངས་ཀྱི་ས་གནས་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ་ལྟར།ཐེངས་འདིའི་ཕྱོགས་སྐྱོད་ཀྱི་སྐབས་སུ།སྲིད་སྐྱོང་མཆོག་གིས་མངོན་དགའ་སློབ་གྲྭ་དང་ཚེ་རིང་དོན་ལྡན་གཞིས་གྲོང་། དེ་བཞིན་དོན་འགྲུབ་གླིང་སོགས་སུ་ཆེད་ཕེབས་ཀྱིས་མང་ཚོགས་ལ་གཏམ་བཤད་གནང་བ་མ་ཟད།གཞན་ཡང་ས་གནས་ཀྱི་སློབ་གྲ་ཁག་དང་དགོན་སྡེ་ཁག་ལ་གནས་གཟིགས་དང་རྒྱ་གར་གྱི་དཔོན་རིགས་ཁག་གཅིག་མཇལ་འཕྲད་གནང་འདུག ཕྱི་ཚེས་ ༡ ཉིན་དོན་འགྲུབ་གླིང་བོད་མིའི་གཞིས་ཆགས་ནང་གཏམ་བཤད་གནང་སྐབས། བོད་མིའི་མི་རབས་རྒན་པ་རྣམས་ཀྱི་དཀའ་སྤྱད་ཀྱི་འོག་ནས་བོད་མིའི་གཞིས་ཆགས་ཁག་ཐོག་མར་གསར་འཛུགས་གནང་སྟངས་སྐོར་ངོ་སྤྲོད་དང་འབྲེལ། གཞིས་ཆགས་འདི་ཉིད་འཛིན་སྐྱོང་གནང་སྟངས་བཙན་བྱོལ་བོད་མིའི་གཞིས་ཆགས་གཞན་དང་མི་འདྲ་བ་ཞིག་བྱུང་ཡོད་ཀྱང་། གཞིས་ཆགས་དེའི་ངོས་ནས་བོད་སྤྱི་པའི་དོན་དུ་མཉམ་རུབ་བྱེད་བཞིན་པ་འདི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་པ་དང་། སྐབས་རེ་གཞིས་གྲོང་གི་མང་ཚོགས་ཀྱི་ཁྲོད་དུ་ཕན་ཚུན་མི་འདྲ་བའི་ཆ་མང་དག་ཅིག་ཡོད་ཀྱང་དེ་དག་ལ་ལྟོས་མེད་ཀྱིས་ཕན་ཚུན་གྱི་དགོངས་ཚུལ་ལ་ངོས་ལེན་གནང་ནས་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་སྐྲུན་རྒྱུ་གལ་ཆེན་པོ་ཡིན་པར་གསུངས་འདུགདེ་བཞིན་སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་བ་ནས་བཟུང་བོད་མིའི་གཅིག་གྱུར་གྱི་ངོ་བོ་གསར་སྐྲུན་གནང་སྟེ་ལོ་རྒྱུས་རང་བཞིན་གྱི་རླབས་ཆེན་གྱི་མཛད་རྗེས་བཞག་ཡོད་པར་ལུང་འདྲེན་གྱིས། གཞི་རྩའི་བོད་ཀྱི་བཙན་པོའི་སྐབས་སུ་རྒྱ་ནག་གིས་རྒྱལ་ས་ཞི་ཧན་གྱི་མཚོན་པའི་ས་ཁུལ་མང་པོ་ཞིག་ལ་དབང་བསྒྱུར་གྱིས་ས་ཁྱོན་ཆེན་པོ་དབང་དུ་བསྡུས་ཡོད་ཀྱང་། དུས་བསྟུན་གྱིས་བོད་མིའི་སྟོབས་ཤུགས་རིམ་བཞིན་ཉམས་དམས་སུ་གྱུར་བའི་ཁྲོད། དགའ་ལྡན་ཕོ་བྲང་གི་དུས་སྐབས་སུ་ཁམས་ཀྱི་འབྲུ་ཆུའི་ཤར་ཕྱོགས་ཀྱི་མཚོན་པའི་མདོ་སྨད་ཀྱི་ས་ཁུལ་ཁག་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་སུ་མེད་ཀྱང་། ད་ཆ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་ཏུ་བོད་མི་ཡོངས་ཀྱིས་གཅིག་གྱུར་གྱི་ངོ་བོ་བཟུང་ཡོད་པ་ནི་ལོ་རྒྱུས་ཁྲོད་ཀྱི་རླབས་ཆེན་གྱི་མཛད་རྗེས་ཤིག་ཡིན་པར་གསུངས་འདུགསྲིད་སྐྱོང་མཆོག་གིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་ནས། ཕྱི་རྒྱལ་གྱི་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་ཁག་ལ་མཚུངས་བསྡུར་བྱས་པ་ཡིན་ན་བོད་མིའིི་སྤྱི་ཚོགས་ཀྱི་ནང་དུ་རིམས་ནད་སྔོན་འགོག་གནང་བ་དེ་ལེགས་འགྲུབ་བྱུང་ཡོད་པ་ཞིག་ཡིན་པ་ལུང་འདྲེན་གྱིས། དེ་ལྟ་བུའི་ལེགས་འགྲུབ་ཀྱི་ཆ་དེ་ནི་བོད་མིའི་སྒྲིག་འཛུགས་ཁོ་ནས་བསྒྲུབས་པ་ཞིག་མིན་པར་བོད་མིའི་སྤྱི་མང་ཡོངས་དང་སྒོས་སུ་དགོན་པ་གྲྭ་ཚང་ཁག་གིས་ཐུགས་འགན་ཆེ་བཞེས་ཀྱིས་རོགས་སྐྱོར་བླ་ན་མེད་པ་གནང་བ་ལ་བརྟེན་ནས་ཡོང་བ་ཞིག་ཡིན་པར་གསུངས་ཏེ། ཐེངས་འདིར་སྲིད་སྐྱོང་མཆོག་མཁའ་འགྲོ་རིན་པོར་མཇལ་འཕྲད་ཀྱི་སྐབས་སུ་ཡང་ཁོང་གིས་བོད་མི་རྣམས་ལ་རིམས་ནད་ཀྱི་སྐབས་སུ་རོགས་སྐྱོར་གནང་བར་ཐུགས་རྗེ་ཞུས་ཡོད་པར་གསུངས་འདུགདེ་བཞིན་སྲིད་སྐྱོང་མཆོག་གིས་བོད་མི་རྣམས་ཀྱི་ཕྱོགས་འགལ་དེ་རྒྱ་ནག་ཡིན་སྟབས་ བོད་མི་ནང་ཁུལ་དུ་ལབ་གླེང་རིགས་བྱེད་རྒྱུ་མེད་པར།དུས་རྒྱུན་ནས་རྒྱ་ནག་གི་བྱེད་བབ་ལ་དོ་སྣང་མང་ཙམ་གནང་དགོས་བར་གསུངས་བ་དང་འབྲེལ་ནས། དབུ་མའི་ལམ་བརྒྱུད་ནས་བོད་གཞིས་བྱེས་གཉིས་ཀྱི་བར་དུ་འབྲེལ་བ་བྱུང་ཡོད་པར་མངོན་གསལ་གྱིས་ད་ཆ་རྒྱ་ནག་ནང་གི་མཁས་དབང་མང་པོ་ཞིག་གིས་ཀྱང་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལུང་འདྲེན་གནང་སྟེ། དབུ་མའི་ལམ་འདི་བོད་མིའི་སྒྲིག་འཛུགས་དང་༸གོང་ས་མཆོག་གི་ལངས་ཕྱོགས་ཡིན་སྟབས་རང་བཙན་རྩོད་མཁན་རྣམས་ཀྱིས་ཀྱང་ཕྱི་རྒྱལ་གྱི་དཔོན་རིགས་ལ་མཇལ་འཕྲད་ཀྱི་སྐབས་སུ་དང་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ཀྱི་སྐོར་ནས་བཀའ་མོལ་ཞུས་རྗེས་མི་སྒེར་དང་ཚོགས་པའི་ལངས་ཕྱོགས་འགྲེལ་བརྗོད་བྱེད་ཐུབ་ན་ལེགས་པའི་རེ་སྐུལ་གནང་སྟེ་ད་ལྟའི་བཀའ་ཤག་གི་ངོས་ནས་འཐབ་བྱུས་འདྲ་མིན་གྱི་ཐོག་ནས་རྒྱ་ནག་དང་ལྷན་དུ་གྲོས་མོལ་གནང་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་པར་གསུངས་འདུགསྲིད་སྐྱོང་མཆོག་གིས་བོད་མི་རྣམས་མང་གཙོ་ལུང་པར་ཡོད་དུས། མང་གཙོའི་རང་དབང་ལོངས་སུ་སྤྱོད་དགོས་པ་དང་ཆབས་གཅིག་་མང་གཙོའི་འགན་ཁུར་བཞེས་རྒྱུ་ཡང་གལ་ཆེན་ཡིན་པར་གསུངས་སྟེ། སྤྱི་ཚོགས་ཀྱི་ནང་དུ་གནད་དོན་ལྷག་པའི་སྐབས་སུ་མང་ཚོགས་ཀྱིས་རང་དབང་གི་འགྲེལ་བརྗོད་སྣ་མང་མ་བྱས་གོང་དུ་མང་གཙོའི་འོས་འགན་དེ་ཡང་ཤེས་དགོས་བ་གལ་ཆེན་པོ་ཡིན་པར་གསུངས་སྟེ། འདི་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་དཀའ་ངལ་དང་འབྲེལ་ནས་མང་ཚོགས་ཀྱི་ཁྲོད་དུ་བཀའ་ཤག་གི་ངོས་ནས་བར་འདེམས་མ་བྱས་པར་བརྗོད་མཁན་ཁག་ཅིག་ཡོང་གི་ཡོད་ཀྱང་། དོན་དངོས་སུ་མང་གཙོའི་ཀ་བ་གསུམ་གྱི་ནང་དུ་དབང་ཚད་ཆ་བགོས་བྱས་ཡོད་པ་ལྟར་བཀའ་ཤག་གི་ངོས་ནས་གྲོས་ཚོགས་ཀྱི་དཀའ་ངལ་དེར་ཐེ་ཇུས་བྱེད་རྒྱུའི་དབང་ཚད་མེད་སྟབས་མང་ཚོགས་ཀྱིས་གནད་དོན་དེ་ཤེས་དགོས་བར་གསུངས་འདུགགཞི་རྩའི་སྲིད་སྐྱོང་མཆོག་གི་ཕྱོགས་སྐྱོད་ཀྱི་སྐབས་སུ་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༣ ཉིན་གྱི་དགོང་དྲོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨུཏྟརཱ་ཁནྜ་མངའ་སྡེ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་སུཀ་བྷིར་སིངྒ་སནྡུ་ Shri Sukbhir Singh Sandhu ལགས་དང་མཇལ་འཕྲད་ཀྱིས་ཨུཏྟརཱ་ཁནྜ་མངའ་སྡེ་གཞུང་གིས་ཨུཏྟརཱ་ཁནྜ་མངའ་སྡེ་ནང་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་དང་།དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གོང་ཚེས་ཉིན་གྱི་སྔ་དྲོར་ཨུཏྟརཱ་ཁནྜ་མངའ་སྡེ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་ལས་འཕར་སྐུ་ཞབས་ཨ་ནྣཏ་ཝར་ངྷན་ Shri Anand Vardhanལགས་དང་མཇལ་འཕྲད་གནང་སྟེ་རྒྱ་གར་དབུས་གཞུང་གིས་ཕྱི་ལོ་ ༢༠༡༤ བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཞེས་པ་གཏན་འབེབས་གནང་ཡོད་པ་དེ་བཞིན་རྒྱ་གར་གྱི་མངའ་སྡེ་མང་པོས་ལག་བསྟར་གནང་གི་ཡོད་པ་ལྟར་ཨུཏྟརཱ་ཁནྜ་མངའ་སྡེ་གཞུང་གིས་ཀྱང་གང་མགྱོགས་ལག་བསྟར་ཆ་ཚང་གནང་རྒྱུའི་རེ་སྐུལ་ཞུས་པ་མ་ཟད། ཨུཏྟརཱ་ཁནྜ་མངའ་སྡེའི་ནང་གནས་སྡོད་བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་ཁག་གཅིག་གི་སྐོར་གླེང་སློང་གནང་འདུག

གནད་ཡོད་མི་སྣར་མཇལ་འཕྲད་དང་རྒྱལ་སྤྱིའི་སློབ་ཕྲུག་སྐོར་ཞིག་ལ་བོད་དོན་གསུང་བཤད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡོ་རོབ་སུད་རྒྱལ་ཁབ་ནང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་བསྟུན་ས་གནས་སུ་ཡོད་པའི་རྒྱལ་སྤྱིའི་གནད་ཡོད་མི་སྣར་མཇལ་འཕྲད་དང་སློབ་ཕྲུག་སྐོར་ཞིག་ལ་བོད་དོན་གསུང་བཤད་གནང་འདུགཁ་སང་ཕྱི་ཚེས་ ༣ ཉིན་སྲིད་སྐྱོང་མཆོག་གིས་སུད་སི་གི་གྲོང་ཁྱེར་ཇི་ནི་ཝ་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འབྲེལ་ཡོད་མི་སྣ་དང་ཨ་རིའི་རྒྱལ་ཚོགས་ཀྱི་གཏན་འཇགས་སྐུ་ཚབ་སྐུ་ཞབས་ Benjamin W. Moeling ལགས་སོགས་གཙོས་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ནས་བོད་དོན་སྙན་སེང་ཞུས་འདུགསྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Michael Van Walt Van Praag ལགས་དང་ལྷན་དུ་ཇི་ནི་ཝའི་ Graduate Institute ཞེས་པའི་ཤེས་ཡོན་ཡོན་ལྟེ་གནས་ཁང་དུ་དུས་རབས་ཉེར་གཅིག་པའི་ནང་གི་ཕྱི་འབྲེལ་ལས་དོན། བོད་ཀྱི་ཆབ་སྲིད་དང་ཁྲིམས་ཐོག་གི་གནས་བབ་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་སྐོར་སོགས་ངོ་སྤྲོད་གནང་སྟེ་སློབ་མ་རྣམ་པའི་བཀའ་འདྲིར་ལན་འདེབས་གསལ་བཤད་གནང་ཡོད་པ་རེད། སྐུ་ཞབས་ Michael ལགས་ཀྱིས་བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ལ་བདག་དབང་ཡོད་སྐོར་བཤད་བཞིན་པ་དེ་དག་གཞི་རྩ་གང་ཡང་མེད་སྐོར་སོགས་གསུངས་ཡོད།གསུང་བཤད་ཀྱི་ལས་རིམ་དེ་ནི་ Graduate Institute ཞེས་པའི་ཤེས་ཡོན་ཡོན་ལྟེ་གནས་ཁང་གི་ཨེ་ཤ་ཡ་སློབ་ཕྲུག་རང་འགུལ་ཚོགས་པས་གོ་སྒྲིག་ཞུས་པ་དང་ལས་རིམ་ཁག་གྲུབ་ནས་ཉིན་རྒྱབ་སྲིད་སྐྱོང་མཆོག་གིས་ཁུལ་དེར་ཡོད་པའི་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་སྟེ་མ་འོངས་ལས་དོན་གནང་ཕྱོགས་དང་འཆར་གཞི་ཇི་ཡོད་སོགས་ཀྱི་ཐོག་གྲོས་བསྡུར་དང་སྦྲགས་ཚོགས་མི་རྣམ་པའི་བཀའ་འདྲིར་ལན་འདེབས་གསལ་བཤད་གནང་ཡོད།གཞི་རྩའི་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༧ ནས་ ༣༠ བར་ཉིན་གྲངས་བཞིའི་རིང་ཨི་ཝ་ལི་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཏེ་ཁུལ་དེར་ཐེངས་དང་པོ་ཚོགས་པའི་ IPAC ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཐུན་ཚོགས་ཀྱི་ཚོགས་འདུར་ལྷན་ཞུགས་གནང་སྟེ་རྒྱ་ནག་ནི་གོ་ལའི་འགོ་ཁྲིད་ཅིག་ཆགས་འདོད་ཚེ་ནོར་འཁྲུལ་ཅན་གྱི་དྲག་པོའི་སྲིད་བྱུས་སྤེལ་མཚམས་བཞག་ནས་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་གོ་ངོས་ནས་ཡིད་ཆེས་འཕེལ་བ་ཞིག་བྱེད་དགོས་པ་སོགས་ཀྱི་གསུང་བཤད་གནང་བར་མ་ཟད་ས་གནས་ཀྱི་གནད་ཡོད་མི་སྣ་དང་བོད་མི་བཅས་ཐུག་འཕྲད་གནང་ཡོད།སྲིད་སྐྱོང་མཆོག་ད་ཆ་སུད་སིད་ཀྱི་གྲོང་ཁྱེར་ཇི་ནི་ཝ་ནང་ཚོགས་པའི་ཇི་ནི་ཝའི་བོད་དོན་གླེང་སྟེགས་ཐེངས་བཞི་པ་དང་གནད་ཡོད་མི་སྣར་མཇལ་འཕྲད་སོགས་ཀྱི་མཛད་རིམ་ཁག་ལེགས་འགྲུབ་དང་བསྟུན་དེ་རིང་ཕྱི་ཚེས་ ༤ ཉིན་སུད་སི་རྒྱལ་ས་ Bern དུ་ཕེབས་ཐོན་གྱིས་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་དང་གསུང་བཤད་གནང་རྒྱུ་ཡིན་པ་དང་། དེ་བཞིན་ཕྱི་ཚེས་ ༦ ཉིན་སུད་སི་ཀྱི་གྲོང་ཁྱེར་ Zürich ནང་དུ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་དང་མཇལ་འཕྲད་གནང་རྒྱུ་ཙམ་མ་ཟད། ས་གནས་སུ་ཡོད་པའི་བོད་པའི་གཞོན་སྐྱེས་ཚོ་ལ་ཟུར་དུ་གསུང་བཤད་དང་བཀའ་འདྲི་ཞུ་རྒྱུའི་མཛད་རིམ་ཞིག་ཀྱང་གཏན་འཁེལ་ཡོད་པ་བཅས་སོ།

སློབ་གྲྭ་རྩིས་སྤྲོད་རྩིས་ལེན་གནང་རྒྱུ་དེ་གཡོལ་ཐབས་མེད་པའི་ལས་དོན་གལ་ཆེ་ཞིག་ཡིན་པར་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་ ༩ ཚེས་ ༦ ནས་རྒྱ་གར་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁོངས་སུ་རྩིས་སྤྲོད་གནང་འདས་ཡོད་པའི་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཆེ་ཁག་ལྔར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་བཞིན་ཡོད་པའི་ཁྲོད་འདིར་རྩིས་སྤྲོད་ལྷག་འདས་ཡོད་པའི་སློབ་གྲྭ་དེ་དག་རྩིས་སྤྲོད་རྩིས་ལེན་གནང་རྒྱུ་དེ་ནི་གཡོལ་ཐབས་མེད་པའི་ལས་དོན་གལ་ཆེ་ཞིག་ཡིན་པར་གསུངས་ཡོད།སྲིད་སྐྱོང་མཆོག་གིས་ཕྱི་ཚེས་ ༧ ཉིན་སིམ་ལ་གཏན་སློབ་ཀྱི་སློབ་སྤྱི་ S.K.Singh ལགས་དང་རེག་ཊར་ཕུན་ཚོགས་ཚེ་རིང་ལགས་གཙོས་འབྲེལ་ཡོད་དགེ་སློབ་ཡོངས་དང་མཇལ་འཕྲད་གནང་སྟེ་ཐེངས་འདིའི་འཚམས་གཟིགས་ཀྱི་གནད་དོན་གཙོ་བོ་ནི་སློབ་གྲྭ་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་དང་འབྲེལ་བ་ཡོད་སྐོར་གསུངས་ཡོད་པ་དང་། ཁུལ་དེའི་འཚམས་གཟིགས་ཁག་གྲུབ་མཚམས་སུ་ཧར་པར་སྤུར་དང་མ་སུ་རི་གཏན་སློབ་གཉིས་ལ་འཚམས་གཟིགས་དང་སྦྲགས་ཏེ་འབྲེལ་ཡོད་རྣམས་དང་མཇལ་འཕྲད་ཀྱིས་གསུངས་བཤད་གནང་ཡོད།སྐབས་དེའི་འཚམས་གཟིགས་དང་འབྲེལ་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་སྐྱོང་མཆོག་གིས་འདས་པའི་ཟླ་བ་གསུམ་ལྷག་གི་ཕྱག་ལས་ཁྲོད་དུ་རྒྱ་གར་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ལ་རྩིས་སྤྲོད་གནང་བཞིན་པའི་སློབ་གྲྭ་ཁག་གི་རྒྱབ་ལྗོངས་ལ་གཟིགས་ཞིབ་གནང་སྐབས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ཏུ་བོད་པའི་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་ཕྱིན་པ་དེ་ནི་བློ་འཚབ་ཀྱི་གནས་སྟངས་ཤིག་ཏུ་གཟིགས་ཏེ།ད་རེས་རྩིས་སྤྲོད་ལྷག་འདས་ཡོད་པའི་སློབ་གྲྭ་དེ་དག་གི་གནས་སྟངས་དངོས་སུ་རྒྱུས་ལོན་གནང་སྟེ་བོད་པའི་སློབ་གྲྭ་ཁག་གི་སྤྱི་ཡོངས་གནས་བབ་ལ་འགྱུར་བ་དང་། ལྷག་པར་དུ་རྩིད་སྤྲོད་ལྷག་འདས་ཡོད་པའི་སློབ་གྲྭ་དེ་དག་རྩིས་སྤྲོད་རྩིས་ལེན་གནང་རྒྱུ་དེ་ནི་གཡོལ་ཐབས་མེད་པའི་ལས་དོན་གལ་ཆེ་ཞིག་ཡིན་པར་གསུངས་ཡོད།གཞི་རྩའི་རྒྱ་གར་དབུས་གཞུང་གིས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་རིམ་བཞིན་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་གཏན་ཁེལ་བ་ནས་བཟུང་ཕྱི་ལོ་ ༢༠༡༣ ལོ་ནས་ད་བར་སློབ་གྲྭ་ཁག་ ༥༥ རྩིས་སྤྲོད་གནང་ཟིན་པ་དང་ད་ལྟའི་ཆར་སིམ་ལ་དང་ཧར་པར་སྤུར། མ་སུ་རི། རྡོ་རྗེ་གླིང་། ཀ་སྦུག དེ་བཞིན་ཌལ་ཧོར་བཅས་གཏན་སློབ་ཁག་དྲུག་གི་རྩིས་སྤྲོད་རྩིས་ལེན་གྱི་ལས་རིམ་འགྲོ་བཞིན་པ་རེད།ད་ཆ་སློབ་གྲྭ་ཆེ་ཁག་དྲུག་པོ་དེ་དག་གི་སློབ་མའི་གྲངས་འབོར་ཉུང་དུ་སོང་བ་མ་ཟད་ལྷག་པར་དུ་ད་ཡོད་སློབ་ཕྲུག་ཁོངས་ནས་བརྒྱ་ཆ་ ༩༠ ཙམ་ས་གནས་ཡུལ་མི་དང་ཧི་མཱ་ལ་ཡ་མངའ་ཁུལ་གྱི་སློབ་མ་ཆགས་ཀྱི་ཡོད་སྟབས། ཉེ་ལམ་སློབ་གྲྭ་དག་གི་དགེ་ལས་ཁག་ཅིག་ནས་རྒྱ་གར་གྱི་བརྒྱུད་ལམ་ཐོག་ངོ་རྒོལ་གྱི་རྣམ་པ་བསྟན་ཡོད་པ་དང་། སྲིད་སྐྱོང་མཆོག་གི་མཚམས་གཟིགས་ཁྲོད་དུ་འབྲེལ་ཡོད་ཁག་ཅིག་ནས་སློབ་གྲྭ་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྩིས་བཞེས་གནང་ན་འགྲིག་མིན་གྱི་གཞེན་སྐུལ་ཕུལ་མཁན་ཡང་བྱུང་ཡོད།བོད་མིའི་སྒྲིག་འཛུགས་ཀྱིས་སྤེལ་བའི་གནས་ཚུལ་ནང་སྲིད་སྐྱོང་མཆོག་ནས་རྩིས་སྤྲོད་ལྷག་འདས་ཡོད་པའི་སློབ་གྲྭ་དེ་དག་རྩིས་བཞེས་གནང་མིན་གྱི་སྐུ་དབང་དེ་བོད་མིའི་སྒྲིག་འཛུགས་ཁོ་ནར་མེད་སྟབས། ཐེངས་འདིའི་འཚམས་གཟིགས་ཁྲོད་རྩིས་སྤྲོད་ལྷག་འདས་ཡོད་པའི་སློབ་གྲྭ་ཁག་གི་སློབ་མའི་གནས་སྟངས་དང་། བོད་ཕྲུག་གི་གྲངས་འབོར། དེ་བཞིན་འབྲེལ་ཡོད་རྒྱ་གར་ས་གནས་ཡུལ་མིའི་སློབ་ཕྲུག དགེ་རྒན་གྱི་གནས་བབ་སོགས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་རྒྱུས་ལོན་གནང་ཟིན་པའི་རྗེས་སུ་རྒྱ་གར་དབུས་གཞུང་གི་འབྲེལ་ཡོད་དཔོན་རོགས་ཚོ་དང་བཀའ་བསྡུར་ཞུ་རྒྱུ་ཡིན་པ་དང་། གལ་སྲིད་རྒྱ་གར་དབུས་གཞུང་ནས་སློབ་གྲྭ་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ངེས་པར་དུ་རྩིས་བཞེས་དགོས་པར་བཀའ་ཕེབས་ཚེ་སློབ་གྲྭའི་གནས་སྟངས་དང་སློབ་མའི་ཤེས་ཡོན་སོགས་ཀྱི་ཐོག་འཐུས་ཤོར་མེད་པའི་ཐུགས་འགན་བཞེས་ངེས་ཡིན་པར་གསུངས་འདུག རྩ་བའི་སྲིད་སྐྱོང་མཆོག་ད་ལྟའི་ཆར་རྩིས་སྤྲོད་ལྷག་འདས་ཡོད་པའི་སློབ་གྲྭ་ཁག་གསུམ་ནང་གི་འཚམས་གཟིགས་གྲུབ་ཏེ་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་ཀྱི་རིང་རྒྱ་གར་ནུབ་སྦེང་གྷལ་མངའ་སྡེར་ཡོད་པའི་ཀ་ལོན་སྦུག་གཏན་སློབ་དང་རྡོ་རྗེ་གླིང་གཏན་སློབ་གཉིས་ཀྱི་གནས་སྟངས་རྒྱུས་ལོན་གནང་སྟེ་ཕྱི་ཚེས་ ༡༢ དང་ ༡༣ བཅས་སུ་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་གནད་ཡོད་མི་སྣར་མཇལ་འཕྲད་དང་དེ་འབྲེལ་ཚོགས་འདུ་ཁག་ཅིག་འཚོགས་འཆར་ཡོད་པ་རེད།སྲིད་སྐྱོང་མཆོག་གིས་ད་རེས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ཏུ་འཚམས་གཟིགས་གནང་བའི་གོ་སྐབས་དང་བསྟུན་ས་གནས་དེ་དག་གི་ཉེ་འཁྲིས་སུ་ཡོད་པའི་བོན་གཞིས་ཌོ་ལན་ཇི་དང་། ཌོ་ལན་ཇི་སཾ་བྷོ་ཊ་སློབ་གྲྭ དེ་བཞིན་མ་སུ་བོད་ཁྱིམ་བཅས་སུ་གཟིགས་ཞིབ་དང་འབྲེལ་ཡོད་ཚོར་གསུང་བཤད་སོགས་གནང་ཡོད།

Latest news