18th TPiE Sessions

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུག་བསྒྲིལ།

སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་དབུ་མ་དང་རང་བཙན་ཞེས་ལམ་ཇི་ཡིན་ལ་ལྟོས་མེད་ང་ཚོའི་མ་རྩ་གཙོ་བོ་དེ་བོད་རང་བཙན་ཡིན་པའི་བདེན་སྤང་དེ་ཉིད་ཡིན་པ་དང་། དེའང་བོད་མི་གཞོན་སྐྱེས་མི་རེ་ངོ་རེའི་བརྒྱུད་ལ་འཇག་ཐུབ་པ་བྱ་རྒྱུ་ནི་ལམ་གཉིས་ཀས་འགན་ཡིན་པའི་ནན་བརྗོད་དང་བཅས། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུག་བསྒྲིལ་གནང་སོང་། དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༡༦ ནས་དབུ་འཛུགས་ཀྱིས་དེ་རིང་ཕྱི་ཚེས་ ༢༥ བར་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་གཉིས་པ་འཚོགས་ཡོད་པ་ལྟར། ལས་བསྡོམས་ཀྱི་གྲོས་ཚོགས་དེའི་ནང་། ལྷན་ཁང་རེ་རེའི་ལོ་འཁོར་ལས་བསྡོམས་ཐོག་ཆ་སྙོམ་གྱིས་སྤྱི་འཐུས་ ༢༩ ཙམ་གྱིས་ཆ་ཤས་བླངས་བའི་ཐོག་གལ་ཆེའི་གནད་དོན་འདྲ་མིན་ཐོག་བགྲོ་གླེང་དང་འདྲི་རྩད་གནང་བ་མ་ཟད། ཉིན་བཅུའི་གྲོས་ཚོགས་དུས་དེའི་ཐོག་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཞེས་པའི་ཁྲིམས་ལག་བསྟར་བྱེད་འགོ་བཙུགས་པའི་ཁྲོད། ཉེ་ལམ་ཨ་རིའི་ནིའུ་ཡོག་ནང་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་བཏང་བའི་ཛ་དྲག་གི་གནས་སྟངས་ཁྲོད། སྤྱི་འཐུས་རྣམ་པས་ཚོར་ཤུགས་ཆེན་པོའི་སྒོ་ནས་དཔའ་བོ་ཁོང་གཙོས་བོད་ནང་གི་རྒྱལ་གཅེས་དཔའ་བོ་ཕོ་མོ་ཡོངས་ལ་གཞུང་འབྲེལ་གྱི་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཏན་འབེབས་མ་ཟད། བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་གཏན་འབེབས། དེ་བཞིན་སྐབས་ ༡༣ པའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་བསྐོ་འཛུགས་གནང་རྒྱུའི་གཞུང་འབྲེལ་གྲོས་ཆོད་བཅས་གཏན་འབེབས་གནང་ཡོད། དེ་རིང་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་བའི་ནང་། ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པ་དང་། འཐབ་རྩོད་རྒྱུན་འཁྱོངས་ཆེད་དུ་མ་འོངས་མི་རབས་གསོ་སྐྱོང་ཡག་པོ་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། བོད་ནང་བཅའ་སྡོད་སློབ་གྲྭའི་གནས་སྟངས་མངོན་གསལ་གྱིས་རང་དབང་ལུང་པའི་ནང་བོད་མི་རྣམས་ནས་བོད་ཕྲུག་རྣམས་ལ་བོད་ཀྱི་ལར་ཞེན་བསྐྲུན་དགོས་པ་གསུངས་སོང་། ལྷག་པར་ཐེངས་འདིའི་གྲོས་ཚོགས་ཁྲོད་སྤྱི་འཐུས་རྣམས་ནས་བཞུགས་མོལ་ཚོགས་འདུའི་སྐབས་ཐག་གཅོད་བྱུང་བ་བཞིན། མ་འོངས་བཀའ་སྤྱི་མཉམ་འབྲེལ་དང་དེ་བཞིན་གྲོས་ཚོགས་ཀྱི་ལས་འགུལ་སོགས་སྤེལ་བའི་སྐབས་སྤྱི་འཐུས་རྣམས་ཀྱིས་ཆ་ཤས་བླང་རྒྱུ་གལ་ཆེ་ཡིན་པའི་སྐུལ་མ་གནང་སོང་། གྲོས་ཚོགས་མཇུག་སྒྲིལ་དང་བསྟུན་ནས་འདི་ག་རླུང་འཕྲིན་ཁང་གིས་སྤྱི་འཐུས་ཁག་གཅིག་ལ་གྲོས་ཚོགས་སྤྱི་ཡོངས་དང་། བྱེ་བྲག་ཏུ་སྤྱི་འཐུས་སྒེར་སོ་སོའི་མྱོང་ཚོར་དང་འབྲེལ་བཀའ་འདྲི་ཞུས་ཡོད། https://youtu.be/kQJZAP2F4rU?si=fUxNuEUwnp-Sh1fc

ཕྱི་དྲིལ་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐད་བགྲོ་གླེང་དང་འདྲི་རྩད།

དེ་རིང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་ ༩ པར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་ཐོགསྤྱི་འཐུས་རྣམ་པས་ཉེ་ལམ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་རང་ལུས་མེར་བསྲེགས་གནང་སྟེ། རྒྱལ་སྤྱིའི་ཁྲོད་ལ་བོད་དོན་ཐད་དོ་སྣང་གནང་མཁན་ཤུགས་ཆེ་རུ་ཕྱིན་ཡོད་པར་དེ་འབྲེལ་གོ་སྐབས་དམ་འཛིན་དང་བཀའ་སྤྱི་གཉིས་ཐུན་མོང་གི་ལས་འགུལ་མུ་མཐུད་སྤེལ་དགོས་པ། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་དོན་བྱེད་ཕྱོགས། བོད་ཀྱི་ཁོར་ཡུག་གི་གནད་དོན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་གྱི་གནད་དོན་དང་འབྲེལ་ནས་གནས་ཡུལ་རྒྱལ་ཁབ་ཀྱིས་གཟིགས་ཕྱོགས། བོད་དོན་ཞུ་གཏུག་དང་དྲིལ་བསྒྲགས་གནང་ཕྱོགས་སོགས་གལ་ཆེ་བའི་བརྗོད་གཞི་སྣ་མང་གི་ཐོག་ལ་བགྲོ་གླེང་དང་ཕྱི་དྲིལ་བཀའ་བློན་མཆོག་ནས་ལན་འདེབས་གསལ་བཤད་བཅས་གནང་ཡོད་པ་རེད། དེ་ཡང་དེ་རིང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་མཐའ་མ་ལས་ཉིན་ ༩ པའི་ཐོག །སྤྱི་འཐུས་ཁག་གཅིག་གིས་ཉེ་ལམ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་དོན་དུ་རང་ལུས་མེར་བསྲེགས་གནང་བའི་གནད་དོན་དང་འབྲེལ་ནས་བོད་མི་བར་མཐུན་སྒྲིལ་དང་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་ཐུགས་འཁུར་ཆེན་པོ་གནང་བཞིན་པའི་དུས་སྐབས་སུ་གོ་སྐབས་དམ་འཛིན་དང་། ལྷག་པར་གྲོས་ཚོགས་ཚོགས་དུས་ ༤ པའི་ཉིན་རྒྱབ་བཞུགས་མོལ་ཚོགས་འདུའི་ཐོག་ཚོགས་ཆུང་ཚང་མས་སྤྱི་མོས་ཀྱི་ཐོག་ནས་ཕྱི་ཟླ་ ༧ ཚེས་ ༢ འདི་བཞིན་བོད་ཀྱི་དཔའ་བོའི་ཉིན་མོར་སྲུང་བརྩི་ཞུ་རྒྱུ་སོགས་ཀྱི་གནད་དོན་མངོན་གསལ་ཐོག །བཀའ་སྤྱི་གཉིས་ཐུན་མོང་ནས་དེ་འབྲེལ་ལས་འགུལ་མུ་མཐུད་སྤེལ་དགོས་སྐོར་གསུངས་སོང་། སྐབས་དེར་བོད་མིའི་སྒྲིག་འཛུག་ཀྱི་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས། བཞུགས་མོལ་ཚོགས་འདུའི་ནང་བཀའ་མོལ་ག་རེ་བྱུང་བ་དེ་ཚོགས་གཙོ་རྣམ་པ་གཉིས་ནས་ཐག་གཅོད་དེ་འདྲ་ཡོད་ཚེ། བཀའ་སྤྱི་གཉིས་ཐུན་མོང་ནས་ལས་དོན་གནང་ཕྱོགས་ག་རེ་ཡོད་མེད་གོ་བསྡུར་གནང་རྒྱུ་དང་། ལས་དོན་ག་རེ་བྱས་པ་ཡིན་ཡང་ནུས་པ་དང་ལྡན་པ་བྱ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་སོང་། རྩ་བའི་ཁ་སང་ལས་ཉིན་ ༨ པ་ཕྱི་དྲོ་ཆུ་ཚོད་ ༧།༣༠ བར་ཚོགས་ཐུན་གཅིག་ཕར་འགྱངས་གནང་ཡོད་པ་ལྟར། སྐབས་དེར་སྤྱ་འཐུས་ཁག་གཅིག་གིས་ཉེ་ལམ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་རྗེས། ཤུལ་དུ་ལྷག་པའི་ཁོང་གི་ན་བཟའ་དང་། སྐར་མ་དྲུག་ཅན་གྱི་ཞལ་འཆེམས་ཀྱི་བརྙན། སྐུ་ལུས་མེར་བསྲེགས་གཏོང་སྐབས་བསྣམས་ཡོད་པའི་རྒྱལ་དར་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁྱབ་ཁོངས་འགྲེམས་སྟོན་ཁང་ནང་དུ་འཇོག་ཐུབ་ན་ཡག་པོ་ཡོད་པར་རེ་སྐུལ་ཞུ་མཁན་ཡང་བྱུང་སོང་། དེ་བཞིན་སྤྱི་འཐུས་ཁག་གཅིག་ནས་བགྲོ་གླེང་ཁྲོད་ལ་བརྙན་ཐུང་ཐུང་བཟོས་པའི་བརྒྱུད་ནས་བོད་དོན་དྲིལ་བསྒྲགས་བྱ་རྒྱུའི་ལས་དོན་གལ་ཆེན་པོ་ཡིན་པ་དང་། དེ་བཞིན་སྤྱི་ཚོགས་དྲྭ་རྒྱ་ཁག་ཏུ་ཤུགས་རྐྱེན་ཆེ་བའི་མི་སྣ་དེ་དག་ལ་འབྲེལ་བ་བྱས་ཏེ་བོད་དོན་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་དགོངས་ཚུལ་གསུང་མཁན་ཡང་བྱུང་སོང་བར། ཕྱི་དྲིལ་བཀའ་བློན་མཆོག་གིས་གནད་དོན་དེའི་ཐོག་ལ་ལས་འདེབས་གསལ་བཤད་གནང་སོང་། ཡང་ཐེ་ཝན་གྱི་གནད་དོན་དང་འབྲེལ་ནས།ད་ལྟའི་ཆར་རྒྱལ་སྤྱིའི་ཁྲོད་ཐའེ་ཝན་དང་གཞུང་འབྲེལ་གྱི་ཐོག་ནས་འབྲེལ་བ་ཡོད་མཁན་རྒྱལ་ཁབ་ཁག་གཅིག་ཡོད་པ་དེ་དག་ལ་འབྲེལ་བ་གནང་རྒྱུ་བྱུང་ཡོད་མེད་དང་། མེད་ཚེ་འབྲེལ་བ་གནང་འཆར་ཡོད་མེད་སྐོར་འདྲི་རྩད་གནང་སྐབས། ཕྱི་དྲིལ་བཀའ་བློན་མཆོག་གིས་སྤྱིར་བཏང་ཐེ་ཝན་དང་ལྷན་དུ་འབྲེལ་བ་ཡག་པོ་ཡོད་ཀྱང་། རྒྱལ་ཁབ་དེ་དག་དང་འབྲེལ་བ་གནང་ཕྱོགས་ཐོག་ལ་འབྲེལ་ཡོད་དོན་གཅོད་བརྒྱུད་བཀོད་མངགས་གནང་རྒྱུ་ཡིན་པ་གསུངས་སོང་། མ་ཟད་སྤྱི་འཐུས་ཁག་གཅིག་གིས་ད་ལྟའི་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་དང་འབྲེལ་ནས་རྒྱ་གར་གཞུང་གི་གཟིགས་ཕྱོགས་དང་། དེ་བཞིན་གཞིས་བཞུགས་བོད་མི་རྣམས་ཀྱི་མངོན་འདོད་ག་རེ་ཡིན་མིན་ཐད་འདྲི་རྩད་གནང་སོང་།སྐབས་དེར་ཕྱི་དྲིལ་བཀའ་བློན་མཆོག་གིས་དབུ་མའི་ལམ་ལ་གདེང་འཇོག་ཐོབ་པའི་ཆེད་དུ་བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་ཡོང་ཐབས་ལ་འབད་བརྩོན་བྱེད་བཞིན་པ་དང་། དེའི་བརྒྱུད་ནས་ཞི་མོལ་ཡོང་རྒྱུར་རེ་བ་བྱེད་བཞིན་ཡོད་པ་སོགས་གསུངས་སོང་། གཞན་ཡང་དེ་རིང་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བོད་ཀྱི་ཁོར་ཡུག་གི་གནད་དོན་ཐད་རྒྱལ་སྤྱིའི་ཁོར་ཡུག་གླེང་སྟེགས་ཐོག་མུ་མཐུད་མཉམ་ཞུགས་གནང་དགོས་པ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་དོན་བྱེད་ཕྱོགས། བལ་ཡུལ་ནང་གི་འོས་བསྡུའི་གནད་དོན་བཅས་ཀྱི་ཐོག་ལ་གླེང་སློང་གནང་ཡོད་པ་རེད། རྩ་བའི་དེ་རིང་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་བགྲོ་གླེང་གྲུབ་མཚམས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་ཕེབས་ཡོད་པ་རེད། སྐབས་དེར་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་ཕེབས་པའི་སྐབས་སྤྱི་འཐུས་ཁག་གཅིག་གིས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་དང་འབྲེལ་བའི་ལས་དོན་མང་པོའི་ཐོག་བགྲོ་གླེང་གནང་ཡོད་པའི་ཁྲོད། སྤྱི་འཐུས་ཁག་གཅིག་གིས་སྦེང་ལོར་ནང་དུ་ཡོད་པའི་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་དེའི་གནས་སྟངས་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འཛིན་སྐྱོང་གི་ལས་དོན་གནང་ཕྱོགས་སོགས་དང་འབྲེལ་ནས་འདྲི་རྩད་གནང་མཁན་བྱུང་སོང་། དེ་བཞིན་ཁག་གཅིག་གིས་བོད་ཕྲུག་ཁྲོད་ Autism རང་གཡེང་ཅན་གྱི་ཐད་ཞིབ་འཇུག་གནང་དགོས་པའི་གནད་དོན་དང་། དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ལ་ལྟ་སྐྱོང་། ཛ་དྲག་སྨན་བཅོས་ཆེད་རོགས་དངུལ་ཞུ་ཕྱོགས། བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དང་འབྲེལ་བའི་ཐོག་ལ་འདྲི་རྩད་གནང་སོང་། གཞན་ཡང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གནད་དོན་དང་། ས་ཁུལ་ཁག་གཅིག་གི་ནང་དུ་རྩེད་ཐང་ཡར་རྒྱས་གཏང་དགོས་པ། སྨྱོ་རྫས་ངན་གོམས་ཀྱི་རིགས་ལ་གོ་རྟོགས་ཀྱི་ལས་འགུལ་སྤེལ་དགོས་པ། འཕྲོད་བསྟེན་ཐད་དགོན་སྡེ་ཁག་དང་སློབ་གྲྭ་ཁག་གི་ནང་དུ་ཟས་བཅུད་བསྟེན་སྟངས་སྐོར་ལ་འདྲི་རྩད་ལྷུག་པོ་གནང་སོང་བ་མ་ཟད། བོད་ཀྱི་གསོ་བ་རིག་པའི་བདག་དབང་དང་འབྲེལ། དེ་སྔོན་ཡིན་ན་སྨན་རྩིས་ཁང་ནི་བོད་ཀྱི་གསོ་བ་རིག་པའི་སྐུ་ཚབ་ཁོ་ན་དེ་ཡིན། འོན་ཀྱང་ད་ལྟའི་ཆར་བོད་ཀྱི་གསོ་བ་རིག་པ་དེ་བོད་ཀྱི་སྨན་རྩིས་ཀྱི་སྐུ་ཚབ་མང་པོའི་ནང་ནས་གཅིག་དེ་ཡིན་་མིན་སོགས་ཀྱི་དོགས་འདྲི་གནང་མཁན་བྱུང་བར། བཀའ་བློན་མཆོག་ནས་ལན་འདེབས་གསལ་བཤད་ གནང་སོང་།

བོད་ནང་བསྐྱོད་མཁན་བཙན་བྱོལ་བོད་མི་རྣམས་རྒྱ་དམར་གྱི་དྲིལ་བསྒྲགས་ལག་ཆར་འགྱུར་རྒྱུ་མེད་ཅིང་ཡིད་གཟབ་གནང་དགོས་པ་གསུངས་སོང་།

དེ་རིང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་ ༨ པའི་ཐོག་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གནང་སྐབས་བདེ་སྲུང་བཀའ་བློན་མཆོག་གིས།  བོད་ནང་བསྐྱོད་མཁན་བཙན་བྱོལ་བོད་མི་རྣམས་རྒྱ་དམར་གྱི་དྲིལ་བསྒྲགས་ལག་ཆར་འགྱུར་རྒྱུ་མེད་ཅིང་ཡིད་གཟབ་གནང་དགོས་པ་དང་། རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཐད་བདེ་སྲུང་ལས་ཁུངས་སུ་རྩིས་སྤྲོད་གནང་ན་གཞུང་ཁག་ལ་ཞུ་གཏུག་མཚོན་པའི་གདོང་ལེན་གནང་རྒྱུར་ཕན་ཐོགས་ཡོད་པ་གསུངས་སོང་། དེ་ཡང་དེ་རིང་བདེ་སྲུང་ལས་ཁུངས་ཀྱི་ལས་བསྡོམས་བགྲོ་གླེང་ཐོག སྤྱི་འཐུས་རྣམ་པས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་ནང་དུ་གཉེན་འཕྲད་དང་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་མཁན་བཙན་བྱོལ་བོད་མི་རྣམས་ལ་བློ་འཚབ་ཀྱི་རྣམ་པ་གསལ་སྟོན་ཐོག་ནས་སྤྱི་འཐུས་ཁག་གཅིག་གིས་ཡོ་རོབ་ཁུལ་ནས་བོད་ཕྲུག་ལོ་ན་གཞོན་པ་མི་ཉུང་བ་ཞིག་ལས་གཞི་བྱེ་བྲག་པའི་གོ་སྒྲིག་འོག་ནས་བོད་ནང་དུ་འཁྲིད་ཀྱི་ཡོད་པའི་གནད་དོན་མངོན་གསལ་དང་འབྲེལ་ནས། ཡིད་གཟབ་གནང་དགོས་གལ་དང་དེ་འབྲེལ་བདེ་སྲུང་ལས་ཁུངས་ནས་འབྲེལ་ཡོད་ཕ་མ་རྣམས་ལ་སློབ་གསོ་བསྐྱོན་དགོས་པའི་འབོད་སྐུལ་ཞུས་སོང་། གནད་དོན་དེའི་ཐོག་ལ་བདེ་སྲུང་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག་གིས། ལས་གཞི་དེ་གོ་སྒྲིག་བྱེད་མཁན་ནས་སྒེར་གྱི་དཔལ་འབྱོར་ལ་དམིགས་ནས་བྱེད་ཀྱི་ཡོད་པ་གསལ་བཤད་དང་འབྲེལ། རྒྱ་ཆེ་མང་ཚོགས་ནས་དེ་དག་གི་ཐོག་ལ་ཐུགས་སྣང་གནང་དགོས་པ་དང་། བདེ་སྲུང་ལས་ཁུངས་ནས་ལས་དོན་གནང་དང་གནང་མུས་ཡིན་པ་གསལ་བཤད་གནང་སོང་། དེ་བཞིན་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་དང་འབྲེལ་བ་བྱས་ནས་བོད་ནང་འགྲོ་མཁན་ཡོང་གི་ཡོད་པ་མ་ཟད། ཚུར་ཡོང་ནས་ལོག་བཤད་བྱེད་རྒྱུ་དང་དོན་དངོས་སུ་བོད་ནང་གཉེན་འཕྲད་བསྐྱོད་མཁན་རྣམས་ལ་དོ་ཕོག་བྱུང་གི་ཡོད་པའི་གནས་སྟངས་དང་། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཐད་ལ་སྟངས་འཛིན་གནང་དགོས་པ་གསུང་མཁན་ཡང་བྱུང་སོང་། དེར་བདེ་སྲུང་བཀའ་བློན་མཆོག་གིས་བོད་ནང་ཕེབས་མཁན་ཚང་མས་ཐུགས་སྣང་གནང་དགོས་པ་ཞིག་ནི། རྒྱ་ནག་གི་དྲིལ་བསྒྲགས་ཀྱི་ལག་ཆར་འགྱུར་རྒྱུ་མེད་པའི་བརྡ་ལན་དང་། རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཐད་བདེ་སྲུང་ལས་ཁུངས་སུ་རྩིས་སྤྲོད་གནང་ན་གཞུང་ཁག་ལ་ཞུ་གཏུག་མཚོན་པའི་གདོང་ལེན་གནང་རྒྱུར་ཕན་ཐོགས་ཡོད་པ་གསུངས་སོང་། གཞན་ཡང་ཁ་སང་ཚེས་ ༢༣ གྲོས་ཚོགས་ལས་ཉིན་ ༧ པའི་ཚོགས་ཐུན་མཐའ་མར་བདེ་སྲུང་ལས་ཁུངས་ཀྱི་ལས་དོན་ཐོག་སྤྱི་འཐུས་ཁག་གཅིག་གིས་བོད་ནས་ཚུར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་མཁན་གནད་དོན་དང་འབྲེལ་ནས། འདི་ལོའི་ནང་བོད་ནས་ཚུར་རྗེས་འབྱོར་བ་ག་ཚོད་བྱུང་མིན་གྱི་གྲངས་ཚད་ཐད་འདྲི་རྩད་གནང་མཁན་བྱུང་སོང་བར། སྐབས་དེར་བཀའ་བློན་མཆོག་ནས་རྩ་བའི་ཕྱི་ལོ་ ༢༠༡༢ ལོ་ནས་བོད་ནས་ཕེབས་མཁན་ཉུང་དུ་ཕྱིན་ཡོད་ཀྱང་། འདི་ལོའི་ནང་རྗེས་འབྱོར་བ་ ༧ བྱུང་ཡོད་པ་གསལ་སྟོན་གནང་ཡོད་པ་རེད། ལྷག་པར་ཁ་སང་སྤྱི་འཐུས་ཁག་གཅིག་གིས་ཨོ་གླིང་ནང་བོད་མིའི་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་གནད་དོན་དང་འབྲེལ་ནས་འདྲི་རྩད་ཁག་གཅིག་གནང་ཡོད་པར་བཀའ་བློན་མཆོག་ནས་ལས་འཆར་འདིའི་ཐད་གྲོས་ཚོགས་སུ་གླེང་མི་དགོས་པར་ལས་ཁུངས་སུ་ཕེབས་ཚེ་དེའི་ཐོག་ལན་འདེབས་གསལ་པོ་གནང་རྒྱུ་ཡིན་པ་གསུངས་ཡོད། མ་ཟད་བོད་མིའི་སྐྱབས་བཅོལ་ལག་དེབ་ RC ཡི་གནད་དོན་དང་འབྲེལ་ནས། བལ་ཡུལ་ནས་ཡིན་པ་རྣམས་ལ་སྐྱབས་བཅོལ་ལག་དེབ་བཟོ་རྒྱུར་དཀའ་ངལ་ཡོད་པ་དང་། སྐྱབས་བཅོལ་ལག་དེབ་དུས་འགྱངས་དང་གནས་སྤོ་བྱ་རྒྱུའི་དཀའ་ངལ། དེ་བཞིན་ IC ཕྱི་བསྐྱོད་ལག་དེབ་གསེར་པོ་དུས་འགྱངས་ཆེད་དུ་དུས་ཡུན་རིང་པོ་འགོར་གྱི་ཡོད་པའི་དཀའ་ངལ། དེ་བཞིན་བོད་མི་ཁག་གཅིག་ལ་ Adhaar Card བཟོ་རྒྱུའི་དཀའ་ངལ་འཕྲད་བཞིན་པའི་གནད་དོན་སྐོར་ལ་གླེང་སློང་གནང་སོང་བར་དེར་བདེ་སྲུང་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་། རྩ་བའི་དེ་རིང་བདེ་སྲུང་ལས་ཁུངས་ཀྱི་ལས་བསྡོམས་ཐོག་མུ་མཐུད་བགྲོ་གླེང་མ་གནང་གོང་། སྔ་དྲོ་ཚོགས་ཐུན་གཉིས་རིང་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བདུན་ལ་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་བསྣམས་ཕེབས་ཡོད་པ་དང་། དེ་དོན་ཚན་རེ་རེའི་ཐོག་ནས་གཏན་འབེབས་ལས་རིམ་ཐོག་ཕེབས་ཏེ་གཏན་འབེབས་ཐུབ་པ་བྱུང་སོང་། གཞི་རྩའི་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་དེ་ཉིད་སང་ཉིན་མཇུག་བསྒྲིལ་གནང་གི་ཡོད་སྟབས། དེ་རིང་ཚོགས་གཙོ་མཆོག་གིས་དུས་ཚོད་རྐྱེན་པས་ཕྱི་དྲོ་ཆུ་ཚོད་ ༧།༣༠ བར་ཚོགས་ཐུན་གཅིག་ཕར་འགྱངས་གནང་སྟེ། བདེ་སྲུང་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་ལས་རིམ་གྲུབ་རྗེས། ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་ཐོག་ཕེབས་ཡོད་པ་རེད།

བོད་པའི་སློབ་ཕྲུག་རྣམས་ལ་བོད་མིའི་འདུ་ཤེས་བསྐྲུན་དགོས་གལ་དང་འབྲེལ་ནས་ཤེས་རིག་གི་ལས་བསྡོམས་ཐོག་བགྲོ་གླེང་ལྷུག་པོ་གནང་སོང་།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པ་ལས་ཉིན་བདུན་པའི་ཐོག་བོད་མིའི་སྒྲག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གནང་བའི་ཁྲོད། སྤྱི་འཐུས་རྣམ་པས་བོད་པའི་སློབ་ཕྲུག་རྣམས་ལ་བོད་མིའི་འདུ་ཤེས་བསྐྲུན་དགོས་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་བགྲོ་གླེང་ལྷུག་པོ་གནང་སོང་། དེ་ཡང་དེ་རིང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་ ༧ པའི་ཐོག་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་ཁག་གཅིག་གིས་དགེ་རྒན་གྱི་གནད་དོན་དང་འབྲེལ་ནས་བོད་པའི་སློབ་གྲྭ་ཁག་གི་ནང་དུ་ཡོད་པའི་བོད་ཡིག་དགེ་རྒན་གྱི་གནས་བབ་དང་ཁོང་རྣམས་ལ་གླ་ཕོག་ག་ཚོད་ཡོད་མེད། དེ་བཞིན་དགེ་རྒན་གྱི་སྤུས་ཚད་གང་འདྲ་ཡོད་མེད། ཟབ་སྦྱོང་དང་འབྲེལ་བ་སོགས་ཀྱི་ཐོག་ལ་འདྲི་རྩད་དང་བགྲོ་གླེང་གནང་སོང་། སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་བོད་ཡིག་དགེ་རྒན་ ༣༥༣ ཡོད་པའི་གནས་སྟངས་དང་གླ་ཕོག་གི་གནད་དོན་དང་འབྲེལ་བའི་སྐོར་ལ་གསལ་བཤད་གནང་སོང་། རྩ་བའི་བོད་པའི་སློབ་གྲྭ་ཁག་གི་ནང་དུ་དགེ་རྒན་ལས་བྱེད་ཀྱི་གྲངས་འབོར་དེ་ ༡༩༢༤ ཡིན་པ་དང་དེའི་ནང་ནས་བོད་པའི་དགེ་རྒན་ལས་བྱེད་ ༡༦༥༥ བརྒྱ་ཆར་བགོས་ན་བརྒྱ་ཆ་ ༨༦ དང་བོད་པ་མ་ཡིན་པ་ ༢༦༩ བརྒྱ་ཆར་བགོས་ན་བརྒྱ་ཆ་ ༡༤ ཆགས་ཀྱི་འདུག ཡང་སློབ་ཕྲུག་གི་གྲངས་འབོར་འདི་ཁྱོན་བསྡོམས་ནས་ ༡༣༡༨༣ ཡིན་པ་དང་དེའི་ནང་ནས་བོད་པའི་སློབ་ཕྲུག་ ༨༡༦༡ ཆགས་ཀྱི་འདུག བརྒྱ་ཆར་བགོས་ན་བརྒྱ་ཆ་ ༦༦་༨༨ ཆགས་ཀྱི་འདུག ཡང་དེ་རིང་སྤྱི་འཐུས་ཁག་གཅིག་གིས་ཤེས་ཡོན་སྲིད་བྱུས་ཀྱི་སྐོར་དང་འབྲེལ་ནས། ཤེས་ཡོན་སྲིད་བྱུས་ནང་བསླབ་གཞི་རྩ་འཛིན་ཐད་བསྒྱུར་བ་གཏོང་དགོས་ཀྱི་ཡོད་མེད་སྐོར་གླེང་སློང་གནང་མཁན་ཡང་བྱུང་སོང་། ད་ལྟའི་ཆར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་མི་མང་པོ་གཞིས་སྤོས་གནང་ཡོད་པ་དང་བོད་པའི་ཕྲུ་གུ་མང་པོ་ཞིག་ཕྱི་རྒྱལ་དུ་ཡོད་སྟབས། སྤྱི་འཐུས་ཁག་གཅིག་གིས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་དམར་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་དང་འབྲེལ་ནས་བློ་འཚབ་ཀྱི་རྣམ་པ་གསལ་སྟོན་ཐོག །ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་པའི་བོད་ཕྲུག་རྣམས་ལ་གཟའ་མཇུག་སློབ་གྲྭའི་བརྒྱུད་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གསོ་དང་འབྲེལ་བའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་ལས་དོན་གནང་དགོས་པའི་འབོད་སྐུལ་དང་། ལྷག་པར་ཕ་མ་ཚོས་ངོས་ནས་འགན་འཁུར་ཤུགས་ཆེ་བཞེས་དགོས་པའི་སྐུལ་འདེབས་ཡང་གནང་སོང་། མ་ཟད་གཞན་སྤྱི་འཐུས་ཁག་གཅིག་གིས་སློབ་གྲྭ་ཟླ་སྒྲིལ་གྱི་གནད་དོན་དང་འབྲེལ་ནས་ད་ལྟའི་གནས་བབ་ཐོག་འདྲི་རྩད་དང་། ལྷག་པར་སློབ་གྲྭ་སྒོ་བརྒྱབ་ཟིན་པ་ཌ་ལ་ཧོ་སི་སློབ་གྲྭ་དང་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་སྐོར་དང་འབྲེལ་ནས་འདྲི་རྩད་ཁག་གཅིག་གནང་སོང་བ་དང་། དེ་བཞིན་བལ་ཡུལ་ནང་གི་བོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་རྒྱ་གར་ནང་དུ་སློབ་སྦྱོང་གནང་སྐབས་མཐུན་རྐྱེན་སྦྱོར་སྤྲོད་སོགས་ཀྱི་སྐོར་འདྲི་རྩད་གནང་སོང་། ཡང་ཁག་གཅིག་གིས་སློབ་གྲྭའི་རང་ཁ་རང་གསོའི་གནད་དོན་དང་འབྲེལ་ནས་སློབ་གྲྭ་ཁག་གཅིག་གི་ནང་དུ་སློབ་ཟུར་རྣམ་པས་མཐུན་འགྱུར་ཞུས་པའི་གནད་དོན་མངོན་གསལ་དང་སློབ་གྲྭ་གཞན་ཁག་ལའང་དེ་མཚུངས་ཀྱི་སྐུལ་འདེབས་གནང་དགོས་པའི་དགོངས་ཚུལ་གསུང་མཁན་ཡང་བྱུང་སོང་། དེ་བཞིན་དེ་རིང་གི་བགྲོ་གླེང་ཁྲོད་བོད་པའི་སློབ་གྲྭ་ཁག་གི་ནང་དུ་ཡོད་པའི་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ལ་ལྟ་སྐྱོང་དང་མཐུན་རྐྱེན་སྦྱོར་སྤྲོད། བྱིས་དྲུང་ཁག་གང་མང་དཔར་སྐྲུན་དང་འགྲེམས་སྤེལ་ཙམ་མ་ཟད། སྒྲུང་དང་འགུལ་བརྙན། དེ་བཞིན་སློབ་ཚན་ནང་རྒྱལ་ཞེན་བསྐྲུན་ཐབས་ཀྱི་ལས་དོན་གནང་དགོས་པ། དགེ་འདུན་པ་རྣམས་ལ་ཨིན་ཇི་དང་རྒྱ་སྐད་སོགས་ཀྱི་སློབ་ཁྲིད་གནང་དགོས་པའི་གནད་དོན། སློབ་གྲྭ་ཁག་གི་ནང་དུ་ཟློས་གར་དགེ་རྒན་གྱི་ས་མིག་སྟོང་པ་ལྷག་པ་རྣམས་ལ་མཐུན་སྦྱོར་གནང་ཕྱོགས། ཕ་མ་ཚོ་ལ་ཤེས་ཡོན་སྲིད་བྱུས་ཀྱི་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་ཡིན་པའི་གནད་དོན་མང་པོའི་ཐོག་ལ་བགྲོ་གླེང་གནང་སོང་། གཞི་རྩའི་ད་ལྟའི་ཆར་བོད་པའི་སློབ་གྲྭ་ཁག་གི་ནང་དུ་སློབ་ཕྲུག་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་དང་། དེའི་ཐོག་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་མཐུད་སྲུང་སྐྱོབ་བྱ་རྒྱུའི་ཐོག་མི་རབས་རྒན་པ་རྣམ་པས་བློ་འཚབ་སྐྱེ་གཞི་ཞིག་ཏུ་གྱུར་ཡོད་པ་མ་ཟད། ད་ལྟའི་ཆར་བུ་བཅོལ་ཁང་ཁག་ ༢༡ ནང་ཁྱོན་བྱིས་པ་ ༢༥༠ མ་གཏོགས་མེད་པའི་གནས་སྟངས་ཤིག་ཆགས་ཀྱི་འདུག རྩ་བའི་དེ་རིང་ཤེས་རིག་ལས་ཁུངས་ཀྱི་བགྲོ་གླེང་དང་ལན་འདེབས་གསལ་བཤད་གྲུབ་མཚམས་བདེ་སྲུང་བཀའ་བློན་མཆོག་ནས་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་། སྤྱི་འཐུས་རྒྱུན་ལས་ནས་གཟིགས་ཞིབ་ཀྱིས་དྲི་བ་དྲི་ལན་གྱི་ལས་རིམ་ཐོག་ཕེབས་བཞིན་ཡོད་པ་རེད།

རྩིས་ལོ་ ༢༠༢༥།༢༦ ལོར་དང་བླངས་དཔྱ་དངུལ་འབུལ་བབ་ནང་ས་ཡ་ ༡༠༠ ལྷག་སྤར་ཆ་བྱུང་ཡོད་པ་གསུངས་སོང་།

དེ་རིང་གྲོས་ཚོགས་ཉིན་འཁྱོངས་རིང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གནང་བའི་ཁྲོད། དཔལ་འབྱོར་བཀའ་བློན་མཆོག་གིས་རྩིས་ལོ་ ༢༠༢༥།༢༦ ལོར་དང་བླངས་དཔྱ་དངུལ་འབུལ་བབ་ནང་ས་ཡ་ ༡༠༠ ལྷག་སྤར་ཆ་བྱུང་ཡོད་པ་གསུངས་སོང་། དེ་ཡང་དེ་རིང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པའི་ལས་ཉིན་དྲུག་པའི་ཐོག་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་གྲོས་ཚོགས་ཀྱི་དབུས་སུ་དཔལ་འབྱོར་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་རྗེས། ལོ་འཁོར་ལས་བསྡོམས་སྙིང་བསྡུས་དེའི་ཐོག་སྤྱི་འཐུས་མང་དག་ཅིག་གིས་ཆ་ཤས་བཞེས་ཏེ། དང་བླངས་དཔྱ་དངུལ་ལག་དེབ་སྐོར་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནད་དོན། བུད་མེད་ནུས་སྟོབས་ཚན་པའི་གནད་དོན་སོགས་ཀྱི་སྐོར་ལ་འདྲི་རྩད་གནང་སོང་། བགྲོ་གླེང་ཁྲོད་སྤྱི་འཐུས་ཁག་གཅིག་གིས་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་གནད་དོན་དང་འབྲེལ་ནས། རྩིས་ལོ་འདིའི་ནང་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཚང་མ་བསྡོམས་པའི་བསྡུས་དངུལ་དེ་ཧིན་སྒོར་ས་ཡ་ ༣༨༩་༧༡ བཞེས་ཐུབ་པ་བྱུང་བ་དེ་རྩིས་ལོ་སྔོན་དང་བསྡུར་ན་བསྡུས་དངུལ་དེ་ཕར་ཆག་ཇི་འདྲ་བྱུང་ཡོད་མེད་དང་། དྲྭ་རྒྱའི་ཐོག་ནས་དཔྱ་དངུལ་འབུལ་རྒྱུའི་མཐུན་རྐྱེན་སྦྱར་ཡོད་པ་དེ་ལྟར་ཡང་། དྲྭ་ལམ་དེ་ཉིད་བེད་སྤྱོད་གཏོང་མཁན་དེ་ཙམ་བྱུང་མེད་པའི་སྐོར་བཀའ་འདྲི་གནང་བར་བཀའ་བློན་མཆོག་ནས། རྩིས་ལོ་ ༢༠༢༤།༢༥ ལོར་དང་་བླངས་དཔྱ་དངུལ་འབུལ་བབ་ས་ཡ་ ༢༦༨།༡༧ བྱུང་ཡོད་པ་དང་། རྩིས་ལོ་ ༢༠༢༥།༢༦ ལོར་ས་ཡ་ ༣༨༩།༧༡ བཅས་བྱུང་ཡོད་པས། འདི་ལོ་དང་བླངས་དཔྱ་དངུལ་འབུལ་བབ་ནང་སྤར་ཆ་ས་ཡ་ ༡༠༠ ལྷག་ཕྱིན་ཡོད་པ་གསུངས་སོང་། གཞན་དྲྭ་རྒྱའི་ཐོག་ནས་དཔྱ་དངུལ་འབུལ་རྒྱུ་དང་འབྲེལ་དྲྭ་རྒྱའི་ཐོག་ནས་དཔྱ་དངུལ་འབུལ་སྲོལ་དེ་ཡང་མང་ཚོགས་ནས་འབོད་སྐུལ་ཞུས་པ་བཞིན་ཆ་རྐྱེན་བསྐྲུན་ཡིན་སྐོར་གསལ་སྟོན་གནང་ཡང་། ད་ལྟའི་ཆར་དྲྭ་རྒྱའི་ཐོག་ནས་དཔྱ་དངུལ་བསྡུ་སྲོལ་དེ་བྱང་ཨ་རིའི་ནང་མ་གཏོགས་མེད་སྟབས། ཁུལ་དེའི་ནང་སྤྱི་མཐུན་ཚོགས་པ་མང་པོ་ཞིག་ལོ་གཅིག་ནང་ཐེངས་གཉིས་ཙམ་འདུ་འཛོམས་གནང་གི་ཡོད་པའི་སྐབས་དཔྱ་དངུལ་ཕུལ་གྱི་ཡོད་པ་དང་། གལ་སྲིད་སྒེར་ངོས་ནས་དྲྭ་རྒྱའི་ཐོག་དཔྱ་དངུལ་ཕུལ་བ་ཡིན་ན་ཨ་སྒོར་ ༢ ཙམ་འཕར་མ་འབུལ་དགོས་ཀྱི་ཡོད་པ་སོགས་ཀྱི་རྐྱེན་མང་པོ་ཞིག་ཡོང་གི་ཡོད་པ་གསུངས་སོང་། ད་དུང་སྤྱི་འཐུས་ཁག་གཅིག་གིས་དཔྱ་དངུལ་བསྡུ་འབབ་དེ་སྤར་དགོས་པའི་གནད་དོན་གླེང་སློང་དང་ཆབས་ཅིག མང་ཚོགས་ངོས་ནས་སོ་སོའི་སྒྲིག་འཛུགས་ལ་རོགས་འདེགས་ཇི་ལྟར་ཞུ་དགོས་པའི་གནད་དོན་ཐོག་ལ་དགོངས་བཞེས་ངེས་པར་གནང་དགོས་པའི་འབོད་སྐུལ་ཞུ་མཁན་ཡང་བྱུང་སོང་། དེ་བཞིན་ལས་བསྡོམས་ནང་གདུང་སེམས་ཉམས་སྐྱེད་ཀྱི་ངེས་མེད་ཞལ་འདེབས་འབུལ་བབ་ཀྱི་ལག་དེབ་བམ་ Blue Book ཞལ་འདེབས་ཁོངས་སུ་ས་ཡ་དྲུག་ལྷག་ཙམ་བྱུང་ཡོད་པ་གསལ་བ་ལྟར། སྤྱི་འཐུས་རྣམས་ཀྱིས་དཔལ་འབྱོར་ལས་ཁུངས་ངོས་ནས་དེ་འབྲེལ་འབུལ་འབབ་ཐད་གོ་རྟོགས་སྔར་ལྷག་སྤེལ་དགོས་པའི་གཞེན་སྐུལ་གནང་མཁན་བྱུང་སོང་། ཡང་སྤྱི་འཐུས་ཁག་གཅིག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་བབ་དང་འབྲེལ་བཀའ་འདྲི་གནང་བར། བཀའ་བློན་མཆོག་ནས་བཀའ་ཤག་སྐབས་ ༡༥ སྐབས་བཙུགས་པའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དང་འབྲེལ་ནས་འདས་པའི་དུས་ཡུན་ནང་ལས་གཞི་དེ་བཞིན་ཁེ་ཕན་རང་བཞིན་དང་ཡང་ན། གཡང་ས་གཅིག་ལ་གཟིགས་ཀྱི་ཡོད་མིན་གྱི་བགྲོ་གླེང་རིམ་པར་བྱུང་རྗེས། སྔ་ལོར་སྲིད་སྐྱོང་མཆོག་ནས་ལས་གཞི་དེ་རང་དབང་ཅན་གྱི་སྡེ་ཚན་དུ་བསྒྱུར་མ་ཐུབ་པ་ཡིན་ན། ཕྱི་ལོ་ ༢༠༢༦ ལོར་སྒོ་བརྒྱབ་རྒྱུའི་ཐག་གཅོད་གནང་བ་དག་རང་སོར་གནས་ཡོད་ཀྱང་། ཉེ་ལམ་ཚོང་པའི་སྐྱིད་སྡུག་ནས་ལས་གཞི་དེ་རྩིས་ལེན་གནང་རྒྱུའི་ཐག་གཅོད་གནང་ཡོད་སྟབས། དེ་འབྲེལ་ཚོགས་པའི་མ་བཤེར་བདག་པོ་དང་ལྷན་གྲོས་བསྡུར་གནང་བཞིན་པ་མ་ཟད། དེ་འབྲེལ་རིང་མིན་ཚོགས་ཆེན་འཚོགས་པའི་བརྒྱུད་གནད་དོན་གསལ་བཟོ་གནང་རྒྱུ་ཡིན་པ་གསུངས་སོང་། དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་བུད་མེད་ནུས་སྟོབས་ཚན་པའི་ངོས་ནས་ཟབ་སྦྱོང་སོགས་ཀྱི་ལས་དོན་ཁག་མང་དག་ཅིག་སྤེལ་བར་བསྔགས་བརྗོད་ཞུས་ཀྱང་། ཁག་གཅིག་གིས་དེའི་ཁྲོད་བུད་མེད་རྣམས་ལ་བཙན་གཡེམ་དང་རྩུབ་སྤྱོད། དེ་བཞིན་བརྙས་བཅོས་སོགས་འགོག་ཐབས་མ་གཏོགས་ཕྱོགས་ཡོངས་ནས་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གྱི་ལས་གཞི་མཚོན་པའི་སྤྱི་ཚོགས་ཞབས་ཞུ་སྒྲུབ་སྟངས་སོགས་དང་འབྲེལ་ནས་ཟབ་སྦྱོང་དགོས་ངེས་གཟིགས་ཀྱི་ཡོད་མིན་གྱི་དྲི་བ་བཏང་མཁན་བྱུང་བར། དཔལ་འབྱོར་བཀའ་བློན་མཆོག་གིས། བོད་མིའི་སྒྲིག་འཛུགས་ནས་དེ་དག་ཡོངས་རྫོགས་གལ་ཆེན་པོ་རྩིས་པའི་ཐོག་ནས་ལས་གཞི་གནང་མུས་ཡིན་པ་གསུངས་སོང་། གཞན་ཡང་སྤྱི་འཐུས་ཁག་གཅིག་གིས། ལས་ཁུངས་ཀྱི་ཁྲིམས་ལུགས་གོ་བསྟུན་ཚན་པའི་ལས་དོན་ལ་བསྔགས་བརྗོད་ཞུས་ཡོད་ཀྱང་། བོད་པའི་ཚོགས་སྡེ་ཁག་དང་དགོན་སྔེ་ཁག་མང་པོ་ཞིག་ལ་ཕྱི་དངུལ་ལེན་བེད་ཆོག་པའི་དེབ་སྐྱེལ་ (FCRA Registration) མེད་པའི་དབང་གིས་ཚོགས་པ་སྒྲིག་འཛུགས་གནས་དང་མ་གནས་ཀྱི་གནས་སྟངས་འོག་ལྷུང་ཡོད་པས་དེའི་ཐོག་དཔལ་འབྱོར་ལས་ཁུངས་ནས་རོགས་སྐྱོར་གང་ཐུབ་གནང་རྒྱུའི་ཞུ་སྐུལ་གནང་བར། བཀའ་བློན་མཆོག་ནས་བོད་མིའི་སྤྱི་ཚོགས་ནང་དེབ་སྐྱེལ་ཡིན་པའི་ཚོགས་སྡེ་ཁག་ ༢༠༦ ཡོད་ཀྱང་། དེའི་ནང་ནས་ཕྱི་དངུལ་ལེན་བེད་ཆོག་པའི་ཡིག་ཆ་ཡོད་པ་ ༡༢༥ དང་། མེད་པ་ ༨༡ ཡིན་སྟབས། དཔལ་འབྱོར་ལས་ཁུངས་ངོས་ནས་ཁེ་མེད་ཚོགས་པ་དེ་དག་ལ་ཕྱི་དངུལ་ལེན་བེད་དང་། འབབ་ཁྲལ། ཁེ་མེད་ཚོགས་པ་འཛིན་སྐྱོང་བཅས་ཀྱི་ཁྲིམས་སྒྲིག་ཐོག་ཟབ་སྦྱོང་འབུལ་བཞིན་པའི་ཐོག དེ་འབྲེལ་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་ཡོད་མེད་བལྟ་ཞིབ་ཀྱིས་སྐབས་དུས་སོ་སོར་ཚོགས་སྡེ་ཁག་ལ་གནས་ཚུལ་མཁོ་སྤྲོད་གནང་བཞིན་པ་གསུངས་སོང་། གཞན་ཡང་བགྲོ་གླེང་ཁྲོད་སྤྱི་འཐུས་ཁག་གཅིག་གིས་བོད་མིའི་སྒྲིག་འཛུགས་དེ་བཞིན་རང་ཁ་རང་གསོའི་ཁ་ཕྱོགས་སུ་བསྐྱོད་དགོས་གལ་དང་། དེ་འབྲེལ་ལས་ཁུངས་ངོས་ནས་འཆར་གཞི་ཇི་ཡོད་ཐོག་བཀའ་འདྲི་གནང་སོང་བ་མ་ཟད། ཡང་ཁག་གཅིག་གིས་སློབ་མཐར་སོན་པའི་བོད་ཕྲུག་ཚོར་བོད་མིའི་སྒྲིག་འཛུགས་གཙོས་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་ཚོགས་སྡེ་ཁག་ནང་ཉམས་གསོག་གི་གོ་སྐབས་བསྐྲུན་དགོས་གལ་ཐོག་དགོངས་ཚུལ་གསུང་མཁན་བྱུང་སོང་། གཞི་རྩའི་དེ་རིང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་སླེང་མ་གནང་གོང་། སྔ་དྲོ་ཚོགས་ཐེངས་དང་པོའི་ཐོག་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་འཕྲོ་སྐྱོང་གནང་ཡོད་པ་རེད། སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་བོད་མི་མཉམ་འབྲེལ་གནད་དོན་དང་། ལ་དྭགས་ཁུལ་གྱི་བོད་མིའི་ས་ཆ་དང་ལྡལ་ཧོར་གཏན་སློབ་ཀྱི་ས་ཆའི་གནད་དོན། དེ་བཞིན་བོད་མའི་མདུན་ལམ་སློབ་སྟོན་སོགས་ཀྱི་ཐོག་ལ་བགྲོ་གླེང་དང་འདྲི་རྩད་གནང་ཡོད་པ་རེད། དེ་རིང་དཔལ་འབྱོར་ལས་ཁུངས་ཀྱི་བགྲོ་གླེང་དང་ལན་འདེབས་གསལ་བཤད་གྲུབ་མཚམས་ཤེས་རིག་བཀའ་བློན་མཆོག་ནས་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་། སྤྱི་འཐུས་རྒྱུན་ལས་ནས་གཟིགས་ཞིབ་ཀྱིས་དོགས་འདྲི་ཁག་ལ་ལན་འདེབས་གནང་ཡོད་པ་རེད།

གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་རྣམ་པས་ཚོར་ཤུགས་ཆེན་པོས་རྩོད་གླེང་གིས་བགྲོ་གླེང་ལྷུག་པོ་གནང་སོང་།

དེ་རིང་གྲོས་ཚོགས་ཉིན་འཁྱོངས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་རྣམ་པས་ཚོར་ཤུགས་ཆེན་པོས་བགྲོ་གླེང་ལྷུག་པོ་གནང་སོང་བ་དང་། བགྲོ་གླེང་ཁྲོད་སྤྱི་འཐུས་ཁག་གཅིག་བར་འཁྲུག་རྩོད་ཤོར་སོང་། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་ལྔ་པའི་ཐོག །བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་ཕེབས་ཡོད་པ་དང་། གྲོས་ཆོད་གྲོས་འཆར་དེ་བགྲོ་གླེང་གི་ལས་རིམ་ནང་མ་ཚུད་པའི་སྔོན་དུ། གྲོས་ཆོད་དོན་ཚན་ ༥ པའི་ནང་བོད་རང་དབང་རང་བཙན་ཆེད་ལས་འགུལ་རྒྱུན་མཐུད་བྱ་རྒྱུ་ཞེས་པའི་ཚིག་གཞི་དེ་དང་འབྲེལ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལས་རིམ་རྣམ་གཞག་བཏོན་ཏེ། ད་རེས་གྲོས་ཆོད་གྲོས་འཆར་དེའི་འགོ་བརྗོད་དེ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཡིན་པ་དེ་ལྟར་ཡང་། གྲོས་ཆོད་དོན་ཚན་ལྔ་པའི་ནང་དོན་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་འགྱུར་བ་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། དེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་ལ་འགྱུར་བ་འགྲོ་ཡི་ཡོད་མེད་དང་། གལ་ཏེ་སྲིད་བྱུས་ལངས་ཕྱོགས་ལ་འགྱུར་བ་འགྲོ་ཡི་ཡོད་ཚེ་ངེས་པར་དུ་བཅའ་ཁྲིམས་དོན་ཚན་ ༥༦ འོག་ནས་འགྲོ་དགོས་ཀྱི་ཡོད་པ་གསུངས་སོང་། དེའི་རྗེས་སྤྱི་འཐུས་ ༢༠ ལྷག་གིས་གྲོས་ཆོད་གྲོས་འཆར་དེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་འབྲེལ་བ་ཡོད་མེད་སྐོར་དང་འབྲེལ་ནས་ལས་རིམ་རྣམ་གཞག་བཏོན་ཡོད་ཅིང་། རྗེས་སུ་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་གསལ་བཤད་ཁྲོད། གྲོས་ཆོད་གྲོས་འཆར་བསྣམས་ཕེབས་སྟངས་དེ་ཁྲིམས་སྒྲིག་དང་མཐུན་པ་ཞིག་ཡིན་ཞིང་། དེའི་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལ་འགྱུར་བ་འགྲོ་ཡི་མ་རེད་ཅེས་རྒྱུན་ལས་ནང་གོ་བསྡུར་བྱུང་ཡོད་པ་སོགས་གསུངས་སོང་། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེ་སྤྱི་མོས་ཐོག་ལས་རིམ་ནང་ཚུད་རྗེས། བགྲོ་གླེང་ཁྲོད་སྤྱི་འཐུས་ཁག་གཅིག་གིས། གྲོས་ཆོད་དོན་ཚན་ལྔ་པའི་ནང་དོན་མ་གཏོགས་གཞན་གྲོས་ཆོད་དོན་ཚན་ཁག་དང་སྔོན་གླེང་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞིང་། གྲོས་ཆོད་དོན་ཚན་ལྔ་པའི་ཚིག་བརྗོད། བོད་རང་དབང་རང་བཙན་ཆེད་ལས་འགུལ་རྒྱུན་མཐུད་བྱ་རྒྱུ་ཞེས་པ་དེར་བཅའ་ཁྲིམས་ཀྱི་ཐ་སྙད་དང་མཐུན་པའི་བོད་དོན་བདེན་མཐའ་གསལ་རྒྱུ་ཞེས་བསྐྱར་བཅོས་གནང་དགོས་པ་དང་། ཁག་གཅིག་གིས་བོད་དོན་འཐབ་རྩོད་ཅེས་འཁོད་དགོས་པའི་དགོས་འདུན་བཏོན་སོང་། དེ་བཞིན་གྲོས་ཆོད་གཏན་འབེབས་བྱུང་ཚེ་མ་འོངས་པར་ཚིག་གཞི་དེའི་འགྲེལ་བརྗོད་བྱེད་ཕྱོགས་ཐད་ལ་ཕར་འཐེན་ཚུར་འཐེན་བྱ་སྲིད་པར་བརྟེན། ཚོགས་གཙོ་མཆོག་གིས་སྲིད་བྱུས་ལ་འགྱུར་བ་འགྲོ་ཡི་མ་རེད་ཅེས་གསུངས་པ་དེ་ཡིག་ཐོག་ཏུ་ཡོད་མེད་བཀའ་འདྲི་ཞུས་སོང་། ཡང་ཁག་གཅིག་གིས་གྲོས་ཆོད་གྲོས་འཆར་གྱི་ནང་དོན་ཡོངས་རྫོགས་ལ་རྒྱབ་སྐྱོར་དང་། དབུ་མའི་ལམ་གྱི་སྲིད་བྱུས་ལ་གུས་བཀུར་དང་འབྲེལ། སྲིད་བྱུས་ལ་བསྐྱར་བཅོས་དགོས་པའི་དགོས་འདུན་དང་དེ་ཡང་མང་གཙོའི་ལམ་སྲོལ་དང་མཐུན་པའི་གནད་དོན་ཞིག་ཡིན་པའི་སྐོར་དང་། ཁག་གཅིག་གིས་བོད་རང་བཙན་ཇི་ལྟར་རྩོད་དགོས་པའི་ལག་བསྟར་དང་ཐབས་ལམ་ག་རེ་ཡོད་མེད་གསལ་པོ་དགོས་པའི་གླེང་སློང་གནང་སོང་།  ད་དུང་སྤྱི་འཐུས་རྣམ་པས་རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དང་འབྲེལ་ནས་བོད་ནང་གི་མི་རིགས་སྡེབས་གསོད་ཀྱི་ལས་དོན་ལ་སྐྱོན་བརྗོད་དང་། ལྷག་པར་བོད་ནང་གི་བོད་རིགས་འགོ་ཁྲིད་ཀྱི་གནས་བབ་དང་འབྲེལ་ནས་བོད་ནང་གི་ཛ་དྲག་གནས་སྟངས་གང་འདྲ་ཡོད་མེད་གསལ་པོ་སྟོན་ཐུབ་ཀྱི་ཡོད་པ་གསུངས་སོང་། མ་ཟད་སྤྱི་འཐུས་ཁག་གཅིག་གིས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བློས་བཏང་གནང་རྗེས། རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་དོན་ལས་འགུལ་ཤུགས་ཆེ་སྤེལ་དང་སྤེལ་མུས་དང་།  ལྷག་པར་དུ་གཞོན་སྐྱེས་མང་པོ་ཞིག་ལ་སེམས་འགུལ་ཐེབས་ཡོད་པའི་གནད་དོན་དང་།  དཔའ་བོ་ཁོང་གི་བློས་བཏང་དེ་ཆུད་ཟོས་སུ་མ་སོང་བ་དང་། སྔར་ལྷག་བོད་དོན་ལས་འགུལ་སྤེལ་དགོས་གལ། རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་དང་འབྲེལ་ནས་བཙན་བྱོལ་ནང་དུ་གཞོན་སྐྱེས་ཚོར་བོད་ཀྱི་སྐད་ཡིག་དང་ཆོས་རིག་རྒྱུན་མཐུད་རྩིས་སྤྲོད་དགོས་ཤིང་། ཕ་མ་ཚོས་འགན་འཁུར་འོག་ནས་སྐད་ཡིག་སྲུང་སྐྱོབ་བྱ་དགོས་པ། གཞོན་སྐྱེས་ཚོས་དབུ་མའི་ལམ་དང་རང་བཙན་གྱི་གནད་དོན་ལ་མགོ་འཐོམ་རྒྱུ་མེད་པ། སྤྱི་ཚོགས་དྲྭ་རྒྱའི་ནང་བཀའ་མོལ་གནང་མཁན་བོད་མི་རྣམས་ནས་སྤྱི་ཚོགས་འཁྲུག་གཞིའི་བཀའ་མོལ་གནང་རྒྱུ་མེད་པའི་འབོད་སྐུལ་ཞུས་སོང་། གང་ལྟར་ཡང་དེ་རིང་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་ཁྲོད།  སྔ་དྲོའི་ཚོགས་འདུའི་ཐོག་གྲོས་ཆོད་གྲོས་འཆར་དེ་ཉིད་གྲོས་ཚོགས་ནང་བསྣམས་ཕེབས་སྟངས་ཀྱི་བརྒྱུད་རིམ་དང་། ལྷག་པར་ཉིན་རྒྱབ་སྤྱི་འཐུས་སྒེར་གྱི་ལས་དོན་གནང་ཕྱོགས་དང་འབྲེལ་ནས་སྤྱི་འཐུས་ཁག་གཅིག་དབར་འཁྲུག་རྩོད་ཤོར་བ་ཡང་བྱུང་སོང་། རྩ་བའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དོན་ཚན་ ༦ ཡོད་པ་དང་། དེ་དག་ནི་གཞིས་བཞུགས་བོད་མི་རྣམས་རྒྱ་དམར་གཞུང་གི་དྲག་རྩུབ་བཙན་གནོན་འོག་དགའ་སྡུག་ཚད་ལས་བརྒལ་བ་མྱངས་དགོས་བྱུང་བར་འུ་ཐུག་ཐབས་ཟད་ཀྱིས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་མི་རྣམས་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པ། བོད་རང་བཙན་དགོས་པ་སོགས་གདུང་འབོད་ཤུགས་དྲག་བཅས་གཅེས་པའི་ལུས་སྲོག་ཚུན་ཆད་བློས་བཏང་གནང་བའི་དཔའ་མཛངས་ལ་ཡི་རངས་བསྔགས་བརྗོད་དང་གདུང་སེམས་མཉམ་སྐྱེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུ་ཁྲིད་རྣམ་པས་རྒྱ་ནག་གི་འགོ་ཁྲིད་ཚོར་དྲང་བདེན་གྱི་གནས་ལུགས་གསེད་བཀྲེོལ་གནང་སྟེ། བོད་མིའི་ཚེ་སྲོག་སྐྱོབ་ཐབས་དང་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་དགོས་འདུན་རྣམས་ལག་བསྟར་ཡོང་ཕྱིར་ནུས་ཐོན་གྱི་འགན་འཁུར་འཕྲལ་མར་བཞེས་དགོས་པ། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཟེར་བ་དེར་ནམ་ཡང་ངོས་ལེན་མེད་པས་ཕྱིར་འཐེན་བྱ་དགོས་པའི་བརྡ་ལན།  ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་བོད་ནང་ཉེས་མེད་འཛིན་བཟུང་བཙོན་འཇུག་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལ་དམ་དྲག །རང་འབྱུང་ཁོར་ཡུག་ལ་གཏོར་སྐྱོན་སོགས་བོད་ཐོག་འཛིན་པའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ཡོངས་རྫོགས་འཕྲལ་དུ་མཚམས་འཇོག་ངེས་པར་གནང་དགོས་པ། དེ་བཞིན་རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ཀྱིས་གོ་སྐབས་དམ་འཛིན་གྱིས་བོད་དོན་དྲིལ་བསྒྲགས་དང་སྲིད་གཞུང་ཁག་ལ་ཞུ་གཏུག་སོགས་སྔར་ལྷག་རྡོག་རྩ་ཆིག་སྒྲིལ་གྱིས་བོད་རང་དབང་རང་བཙན་ཆེད་ལས་འགུལ་རྒྱུན་མཐུད་བྱ་རྒྱུ་སོགས་ཚུད་ཡོད་པ་རེད།

རྗེས་འབྱོར་བ་གཙོས་པའི་བོད་མི་གཅིག་ཀྱང་མ་ལུས་པར་གཟིགས་སྐྱོང་གནང་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་གསུངས་སོང་།

དེ་རིང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པའི་ལས་ཉིན་བཞི་པའི་ཐོག་ནང་སྲིད་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་དང་ལན་འདེབས་བསལ་བཤད་ཀྱི་ལས་རིམ་རྒྱུན་སྐྱོང་གནང་བའི་ཐོག  ནང་སྲིད་ལས་ཁུངས་ཀྱི་གཞིས་སྤོས་ལས་གཞིའི་སྐོར་བགྲོ་གླེང་ཁྲོད།  ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་རྗེས་འབྱོར་བ་གཙོས་པའི་བོད་མི་གཅིག་ཀྱང་མ་ལུས་པར་གཟིགས་སྐྱོང་གནང་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་གསུངས་སོང་། དེ་ཡང་དེ་རིང་མུ་མཐུད་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གི་ལས་རིམ་ཐོག་ཕེབས་པའི་ཁྲོད།  ཁ་ཉིན་ལས་ཉིན་གཉིས་པ་དང་དེ་རིང་ལས་ཉིན་བཞི་པའི་ཐོག་སྤྱི་འཐུས་ཁག་གཅིག་ནས་གཞིས་ཆགས་ཁག་ཏུ་ཞིང་ཁར་ཆུ་མེད་པའི་དཀའ་ངལ་ལོ་རེར་ཆེ་རུ་འགྲོ་བཞིན་པ་དང་འབྲེལ་ནས་ཆར་ཆུ་བདག་འཛིན་གྱི་ལས་དོན་ལ་ཤུགས་རྒྱག་དགོས་པའི་དགོངས་ཚུལ་ཕེབས་པར།  ནང་སྲིད་བཀའ་བློན་མཆོག་གིས་བཀའ་ལན་དུ།  སྤྱིར་ནང་སྲིད་ལས་ཁུངས་ཀྱིས་དེའི་ཐོག་ལས་གཞི་རིམ་པ་སྤེལ་ཡང་ས་གནས་མང་ཚོགས་ཀྱིས་ལྒ་སྨུག་སོགས་ཀྱི་ཞིང་ལས་བཏབ་ཕྱོགས་ཁྲོད་བོད་མི་རང་གི་བཟོས་པའི་དཀའ་ངལ་རྐྱེན་པས་འགོག་རྐྱེན་འཕྲད་བཞིན་ཡོད་པ་གསུངས་སོང་། དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་བོད་ནས་ཕེབས་མཁན་གཙོ་བོར་འགྱུར་བའི་བོད་མི་ཁག་གཅིག་ད་དུང་གཞིས་སྤོས་ལས་གཞི་འདིའི་ནང་ཐོ་རྒྱག་མ་ཐུབ་པར་ལུས་ཡོད་པ་ནན་བརྗོད་དང་འབྲེལ། གཞིས་སྤོས་ལས་གཞི་འདི་སྒོ་རྒྱག་རྒྱུ་མེད་པའི་ཞུ་སྐུལ་གནང་མཁན་བྱུང་བར། ནང་སྲིད་བཀའ་བློན་མཆོག་གིས་ལན་འདེབས་སུ་གཞིས་སྤོས་ཀྱི་ལས་གཞིའི་ནང་དུ་མིང་ཐོ་གསར་པ་བཀོད་རྒྱུ་སོགས་གནས་སྐབས་མཚམས་འཇོག་ཞུས་པ་མ་གཏོགས་སྒོ་བརྒྱབ་མེད་པ་དང་། ནང་སྲིད་ཀྱི་ངོས་ནས་རྗེས་འབྱོར་བ་གཙོས་པའི་བོད་མི་གཅིག་ཀྱང་མ་ལུས་པར་གཟིགས་སྐྱོང་གནང་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་གསུངས་སོང་། དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་རྒྱ་གར་གཞུང་གིས་ཕྱི་ལོ་ ༢༠༢༤ ལོའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ལག་བསྟར་གྱི་གནས་སྟངས་ཐད་དྲི་བ་ཕེབས་པར་ནང་སྲིད་བཀའ་བློན་མཆོག་གིས་བཀའ་ལན་དུ།  རྒྱ་གར་གཞུང་གིས་ ༢༠༢༤ ཡི་སྲིད་བྱུས་འདི་ཡོད་པར་བརྟེན་རྒྱ་གར་ནང་སྐྱབས་བཅོལ་བའི་སྤྱི་ཚོགས་མང་པོ་ཡོད་པའི་ཁྲོད་སྲིད་བྱུས་ཡོད་མཁན་གྱི་བཙན་བྱོལ་བ་ང་ཚོ་གཅིག་པོ་ཆགས་བསྡད་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་གར་དབུས་དང་མངའ་སྡེ་རེ་རེའི་ངོས་ནས་བོད་མིར་རོགས་པ་བྱེད་བཞིན་པ་དེ་དག་འདིའི་འོག་ནས་འགྲོ་བཞིན་ཡོད་པ་དང་། བོད་མི་གཞོན་སྐྱེས་རྣམས་ལ་རྒྱ་གར་སྤྱི་ཚོགས་ནང་དུ་ལས་ཀའི་ཐོབ་ཐང་འདྲ་མཉམ་ཐོབ་རྒྱུ་བཅས་ཀྱི་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་བཅས་བསྐྱར་ནན་གནང་སོང་། དེ་མིན་དེ་རིང་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་ཁྲོད། མཉམ་འབྲེལ་གྱི་གནད་དོན་སྐོར་གླེང་སློང་མུ་མཐུད་སླེབས་པ་དང་འབྲེལ། ནང་སྲིད་བཀའ་བློན་གྱིས་མཉམ་འབྲེལ་གྱི་གནད་དོན་ཚང་མའི་ནང་རྒྱ་གར་ཁྲིམས་ཀྱི་ཐོག་ནས་ནང་སྲིད་ལས་ཁུངས་འཛུལ་ཆོག་གི་མེད་ཀྱང་དེ་མིན་གྱི་རྒྱབ་སྐྱོར་དང་རམ་འདེགས་ཞུ་བཞིན་ཡོད་པ་གསུངས་སོང་། དེ་བཞིན་གངས་ཅན་སྐྱིད་གཤོངས་རྒྱ་སྒོ་ནས་བཀའ་ཤག་བར་གཞུང་ལམ་ཐོག་ཡུལ་མི་རྒྱ་གར་བའི་གླ་འཁོར་འཇོག་བཞིན་པའི་དཀའ་ངལ་སྐོར་སྤྱི་འཐུས་གཙོས་པའི་བཞུགས་སྒར་དུ་ཕེབས་མཁན་མང་ཆེའི་བསམ་ཚུལ་སླེབ་བཞིན་པ་དང་འབྲེལ།  བཀའ་ལན་དུ་ནང་སྲིད་བཀའ་བློན་མཆོག་གིས་གངས་སྐྱིད་རྒྱ་སྒོ་ནས་བཀའ་ཤག་བར་གྱི་གཞུང་ལམ་དེ་མིང་བསྒྱུར་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ས་ཁང་ནང་མེད་པ་མ་ཟད།  བོད་མིའི་སྒྲིག་འཛུགས་ལ་དེའི་ཐོག་བདག་དབང་ཡང་མེད་པ་ཡིན་ནའང་། ས་ཆ་བེད་སྤྱོད་གཏོང་བ་དང་འབྲེལ་ནས་རྒྱ་ལམ་བཟོ་ཕྱོགས་དང་ཉམས་གསོ་རིགས་ང་ཚོས་ཞུ་ཡི་ཡོད་པ་མ་ཟད། དེ་སྔ་བཀའ་ཤག་སྐབས་ ༡༥ པའི་སྐབས་ནས་བཟུང་ད་བར་ས་གནས་རྒྱ་གར་གྱི་འབྲེལ་ཡོད་ལས་ཁུངས་དང་དཔོན་རིགས་ལྷན་དུ་གླེང་སློང་དང་ཐབས་ལམ་འཚོལ་བཞིན་ཡོད་པ་གསུངས་སོང་།   དེ་བཞིན་དེ་རིང་གི་བགྲོ་གླེང་ལས་རིམ་ཁྲོད་བཞུགས་སྒར་ཁུལ་གྱི་བོད་པའི་ཁང་ཁྱིམ་ ༢༡༨ ཀྱི་གནས་སྟངས་སྐོར་དང་བལ་བོད་ས་མཚམས་ས་ཁུལ་དུ་ཆུ་རུད་ཀྱི་གནས་སྟངས་དང་། དེར་ཞིབ་འཇུག་དང་རོགས་སྐྱོར་གྱི་གནད་དོན། དེ་བཞིན་བལ་ཡུལ་ནང་གི་ཤ་ཝ་ར་གསུམ་གྱི་བོད་མི་རྣམས་རུབ་སྡོད་གཞིས་ཆགས་ཀྱི་ལས་གཞིའི་ནང་བཅུག་དགོས་པའི་གཞན་སྐུལ་ཡང་གནང་མཁན་བྱུང་སོང་། དེ་བཞིན་དེ་རིང་རྒན་གསོ་ཁང་གི་གནས་སྟངས་སོགས་ཀྱི་ཐོག་ལ་ཡང་དྲི་བ་དང་གསལ་བཤད་སོགས་མུ་མཐུད་གནང་སོང་། རྩ་བའི་དེ་རིང་ལས་ཉིན་བཞི་པའི་གྲོས་ཚོགས་དེ་བཞིན་ཉིན་རྒྱབ་ཏུ་སྤྱི་འཐུས་ལྷན་ཁང་གི་ཟུར་ཆད་ལས་རིམ་ཡོད་པ་དང་འབྲེལ་ནས་གྲོས་ཚོགས་ཉིན་ཕྱེད་ལས་འཚོགས་མ་སོང་།

བོད་རང་བཙན་འཐབ་རྩོད་རྒྱུན་འཁྱོངས་བྱ་རྒྱུའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཞིག་གྲོས་ཚོགས་ཀྱི་ལས་རིམ་ནས་ཟགས་སོང་།

དེ་རིང་གྲོས་ཚོགས་སུ་སྤྱི་འཐུས་སངས་རྒྱས་རྡོ་རྗེ་ལགས་ཀྱིས་བོད་རང་བཙན་འཐབ་རྩོད་རྒྱུན་འཁྱོངས་བྱ་རྒྱུའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཞིག་ཆེད་བཏོན་གནང་ཡང་། དེར་སྤྱི་འཐུས་ཀརྨ་དགེ་ལེགས་ཀྱིས་དགག་པ་བསྐྱོན་པ་དང་དེ་འབྲེལ་སྤྱི་འཐུས་གྲངས་  ༡༧ ཙམ་ནས་ལས་རིམ་རྣམ་བཞག་བཏོན་རྗེས། གྲོས་ཆོད་གྲོས་འཆར་ལས་རིམ་ནང་ཚུད་རྒྱུར་འོས་འཕེན་པའི་ཁྲོད་རྒྱབ་སྐྱོར་གནང་མཁན་ ༡༥ དང་དགག་བྱ་གནང་མཁན་ ༢༣ བཅས་བྱུང་སྟབས་གྲོས་ཆོད་གྲོས་འཆར་དེ་ཉིད་ལས་རིམ་ནས་ཟགས་སོང་། དེའང་དེ་རིང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་ལས་ཉིན་ ༣ པའི་ཚོགས་ཐུན་ ༡ པོའི་ཐོག སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཁག་གཅིག་ཕེབས་པའི་ཁྲོད།  སྤྱི་འཐུས་སངས་རྒྱས་རྡོ་རྗེ་ལགས་ཀྱིས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་དམར་གྱིས་བཙན་བཟུང་བྱས་པ་ནས་བཟུང་། བོད་ཀྱི་ཁོར་ཡུག་གཏོར་བཅོམ་དང་དགོན་སྡེ་རྩ་གཏོར། བོད་མི་འབུམ་ཕྲག་མང་པོ་དམར་གསོད་དང་བཙོན་འཇུག་མནར་གཅོད། བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭར་བཀར་འཇུག  ལོ་ན་བཅོ་བརྒྱད་མ་སོན་བར་དགོན་སྡེ་ཁག་ལ་གྲྭ་བཙུན་འཛུལ་ཞུགས་མི་ཆོག་པ་དང༌། སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཚན་མེད་པ་བཟོས་ཏེ། ཡུལ་སྲོལ་གོམས་གཤིས་དང༌། སྲོལ་རྒྱུན་རིག་གནས། སྐད་ཡིག་བཅས་རྒྱ་བསྒྱུར། བོད་མིའི་ཁྲག་རིས་མངོན་མེད་བཟོ་ཐབས་བྱེད་བཞིན་པ་སོགས། མདོར་ན་བོད་ཅེས་པའི་མིང་བྱང་དང་བཅས་པ་ནག་བསུབས་ཀྱིས་འཛམ་གླིང་འདིའི་ཐོག་བོད་རྒྱལ་ཁབ་དང་མི་རིགས་རྨེག་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་དང་། དངོས་སུ་ཁྲིམས་ལུགས་གཏན་འབེབས་བྱས་པར་མཐོང་ཆོས་སུ་ཡོད་པ་མ་ཟད།  ཉེ་ལམ་སྤྱི་ཟླ་ ༧ པའི་ཚེས་ ༢ ཉིན། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་ཁར་རང་ལུས་མེར་བསྲེགས་གནང་ཡོད་པ་སོགས་འགྲེལ་བརྗོད་དང་འབྲེལ། རང་དབང་ཆོས་འབྱོར་བདེ་སྐྱིད་དང༌། གཞིས་བྱེས་ལྷན་འཛོམས་ཀྱིས་རྒྱལ་ཁབ་སླར་གསོ་མ་བྱུང་བར། སྲོག་གི་ཕྱིར་ཡང་བོད་རང་བཙན་འཐབ་རྩོད་རྒྱུན་འཁྱོངས་བྱ་རྒྱུའི་གྲོས་ཆོད་དུ།  ཞེས་པའི་གྲོས་འཆར་ཆེད་བཏོན་དང་།  དེར་སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་ལགས་ནས་རྒྱབ་སྐྱོར་གནང་ཡོད་པ་རེད།   གྲོས་ཆོད་གྲོས་འཆར་དེ་བཞིན་གྲོས་ཚོགས་ཀྱི་གྲོས་ཆོད་གྲོས་འཆར་ལས་རིམ་ནང་ཚུད་རྒྱུར་འོས་འཕེན་པའི་ཁྲོད། སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ཀྱིས་དགག་པ་བསྐྱོན་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཚོན་པའི་སྤྱི་འཐུས་གྲངས་  ༡༧ ཙམ་ནས་ལས་རིམ་རྣམ་བཞག་བཏོན་རྗེས། གྲོས་ཆོད་གྲོས་འཆར་ལས་རིམ་ནང་ཚུད་རྒྱུར་འོས་འཕེན་པའི་ཁྲོད་རྒྱབ་སྐྱོར་གནང་མཁན་  ༡༥  དང་དགག་བྱ་གནང་མཁན་ ༢༣   བཅས་བྱུང་སྟབས་གྲོས་ཆོད་གྲོས་འཆར་དེ་ཉིད་ལས་རིམ་ནས་ཟགས་སོང་། སྐབས་དེར་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་ནས་རེས་གཟའ་པ་སངས་ཉིན་སྤྱི་འཐུས་སྒེར་སོ་སོ་ནས་གྲོས་ཆོད་གྲོས་འཆར་བསྣམས་ཕེབས་རྒྱུའི་སྐུ་དབང་ཡོད་པ་ལྟར་དེའི་ཆ་རྐྱེན་འོག་ནས་ད་རེས་གྲོས་ཆོད་གྲོས་འཆར་དེ་ཉིད་སླེབས་ཡོད་སྟབས། གྲོས་ཚོགས་སུ་མང་མོས་ཀྱི་ཐོག་ནས་དེ་འབྲེལ་ཐག་གཅོད་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། འོན་ཀྱང་སྲིད་སྐྱོང་གཙོས་སྤྱི་འཐུས་མི་ཉུང་བ་ཞིག་གིས་བོད་རང་བཙན་འཐབ་རྩོད་རྒྱུན་འཁྱོངས་བྱ་རྒྱུའི་གྲོས་ཆོད་དེ་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གྱི་ངོ་བོའི་ཐོག་ནས་གྲོས་ཚོགས་སུ་སླེབས་ཡོད་ཀྱང་། གྲོས་ཆོད་ཀྱི་ནང་དོན་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་ལ་བསྒྱུར་བ་གཏོང་དགོས་མིན་སོགས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་དེ། བཅའ་ཁྲིམས་དོན་ཚན་ ༥༦ དང་འགལ་གྱི་ཡོད་པ་གསུངས་སོང་། བཅའ་ཁྲིམས་དོན་ཚན་ ༥༦ ནང་བོད་དང་བོད་མིའི་རྩ་དོན་དང་འབྲེལ་བའི་གལ་ཆེའི་སྲིད་བྱུས་གཏན་འབེབས་ཆེད་སྤྱི་འཐུས་ལྷན་ཚོགས་སུ་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་བའམ། བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཀྱིས་རྩ་འབོར་བཞི་ཆ་གསུམ་ཡན་གྱིས་མོས་མཐུན་བྱུང་ན། དབུས་འོས་བསྡུ་ལས་ཁང་བརྒྱུད་མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་རྩོམ་ཆོག་ཅིང་། མང་མོས་ཇི་བྱུང་ལ་ལས་ཉིན་བཅུ་བཞིའི་ནང་ཚུན་སྲིད་སྐྱོང་གིས་མང་མོས་བྱུང་བའི་ཚད་འཛིན་དང་མིང་རྟགས་བཀོད་དེ་གསལ་བསྒྲགས་བྱ་རྒྱུ་ཡིན་སྐོར་གསལ་ཡོད་པ་ལྟར།   ད་ལན་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་འོག་ནས་གཞུང་འབྲེལ་གྱི་སྲིད་བྱུས་བསྒྱུར་བ་གཏོང་རྒྱུའི་ལམ་ལུགས་བཟོས་པ་ཡིན་ན།  མ་འོངས་པ་དེ་ལྟར་བརྒྱུད་གཞུང་འབྲེལ་སྲིད་བྱུས་ལས་སླ་པོའི་ངང་ནས་བསྒྱུར་བ་གཏོང་ཉེན་ཡིན་པས་དེ་འབྲེལ་དགོངས་བཞེས་གནང་དགོས་སྐོར་གསུངས་སོང་། ཡང་ཁག་གཅིག་གིས་རྩ་བའི་ད་རེས་ཀྱི་གྲོས་ཆོད་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འགྲོ་ལུགས་དང་ལས་དོན་གནང་ཕྱོགས་ཀྱི་སྒྲིག་གཞི་འོག་ནས་བསྣམས་ཕེབས་ཡོད་ཀྱང་།  ཁྲིམས་ཀྱི་ཨ་མ་བཅའ་ཁྲིམས་ཆགས་ཀྱི་ཡོད་པས་གྲོས་ཆོད་ཀྱི་ནང་དོན་ཁག་གཅིག་བཅའ་ཁྲིམས་དང་འགལ་གྱི་ཡོད་མེད་སྐོར་ངེས་པར་དུ་ཞིབ་འཇུག་དགོས་པའི་ཐོག  གྲོས་ཆོད་དེ་བཞིན་ཐད་ཀར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས་གང་གཟབ་གནང་དགོས་གལ་ཆེ་བ་ཡིན་པ་དང་།   ལྷག་པར་གྲོས་ཆོད་སྔོན་གླེང་ནང་བྱུང་རབས་མང་པོ་བཀོད་ཡོད་པས་བྱུང་རབས་དེ་དག་དངོས་འབྲེལ་ཡིན་མིན་སོགས་དང་འབྲེལ་ཞིབ་འཇུག་དགོས་པས་དེ་འབྲེལ་དུས་ཚོད་ངེས་ཅན་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་སོང་བས།  བོད་མི་མང་སྤྱི་འཐུས་ཚོགས་གཅོ་མཆོག་ནས་གྲོས་ཆོད་དེ་ཉིད་ལས་རིམ་ཚོགས་ཆུང་དང་གོ་བསྡུར་གྱིས་གཞི་ནས་ཐག་གཅོད་གནང་རྒྱུ་ཡིན་སྐོར་གསུངས་སོང་། དེ་ལྟར་ཡང་སྤྱི་འཐུས་ཁག་གཅིག་གིས་མང་གཙོའི་ལམ་ལུགས་འོག་སྤྱི་འཐུས་ཚོར་སྒེར་གྱི་གྲོས་ཆོད་གྲོས་འཆར་བསྣམས་ཕེབས་རྒྱུའི་སྐུ་དབང་ཆ་ཚང་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལ་བསྒྱུར་བ་གཏོང་དགོས་པའི་གྲོས་འཆར་རིགས་གཞུང་འབྲེལ་མ་གཏོགས་སྤྱི་འཐུས་སྒེར་གྱི་གྲོས་འཆར་ཐོག་ནས་སླེབས་དགོས་ཀྱི་ཡོད་སྐོར་ཁྲིམས་ལུགས་གང་གི་ནང་དུ་ཡང་གསལ་གྱི་མེད་སྟབས། ཚོགས་གཙོ་མཆོག་གི་ཐག་གཅོད་དེར་ངོས་ལེན་གནང་ཐབས་བྲལ་བ་ཡིན་སྐོར་དང་།  ལྷག་པར་གནང་ལུགས་དེ་ནི་སྤྱི་འཐུས་སྒེར་གྱི་ཐོབ་ཐང་བཀག་སྡོམ་གནང་བ་དང་གཅིག་མཚུངས་ཡིན་སྐོར་དགོངས་ཚུལ་གསུངས་སོང་། མ་ཟད།  ཁག་གཅིག་གིས་བོད་རང་བཙན་འཐབ་རྩོད་རྒྱུན་འཁྱོངས་བྱ་རྒྱུའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་དེ་གྲོས་ཚོགས་ཀྱི་ལས་རིམ་ནང་ཚུད་རྒྱུའི་ཐད་འོས་འཕེན་དགོས་པའི་ཞུ་སྐུལ་གནང་མཐར་རྒྱབ་སྐྱོར་གནང་མཁན་  ༡༥  དང་དགག་བྱ་གནང་མཁན་ ༢༣ བཅས་བྱུང་སྟབས་གྲོས་ཆོད་གྲོས་འཆར་དེ་ཉིད་ལས་རིམ་ནས་ཟགས་སོང་། ཕྱོགས་མཚུངས་དེ་རིང་སྤྱི་འཐུས་ལྷག་པ་ཚེ་རིང༌ལགས་ཀྱིས་དེང་སྐབས་ང་ཚོའི་སྐད་ཡིག་དང་རིག་གཞུང་ཉམས་ཆག་ཕྱིན་དང་འགྲོ་བཞིན་ཡོད་ཅེས་པ་ནི་དངོས་ཡོད་གནས་སྟངས་ཡིན་པ་དང་། ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་གནང་དགོས་པ་ཡང་ཤིན་ཏུ་གལ་ཆེ་ཡིན་པས།  ད་ནས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ཞབས་ཞུ་བ་གཏོགས་པ་ཚང་མས་གཞུང་འབྲེལ་ཕྱག་ལས་གནང་སྐབས་ཕ་སྐད་གཙང་མ་བཀོལ་སྤྱོད་གནང་རྒྱུའི་གྲོས་ཆོད་བསྣམས་ཕེབས་ཡོད་སྟབས། སྤྱི་འཐུས་ཁྱོན་ ༣༨ ཀྱི་རྒྱབ་སྐྱོར་ཐོག་ནས་སྤྱི་མོས་ཀྱི་གཏན་འབེབས་བྱུང་སོང་། སྐབས་དེར་ཆ་ཤས་བཞེས་མཁན་སྤྱི་འཐུས་ཚང་མས་ཞལ་གཅིག་བསྒྲགས་ཐོག་དེང་སྐབས་བོད་ཀྱི་སྐད་ཡིག་ཉམས་ཆག་ཤུགས་ཆེ་འགྲོ་བཞིན་པས། ཕ་སྐད་གཙང་མ་བཀོལ་སྤྱོད་གནང་རྒྱུའི་གྲོས་ཆོད་གཏན་འབེབས་ཙམ་མ་ཡིན་པར་དོན་དངོས་སུ་སྐད་ཡིག་གི་གནས་སྟངས་ཡར་རྒྱས་གཏང་ཆེད་འཛིན་སྐྱོང་བཀའ་ཤག་དང་ཚོགས་པ་རེ་གཉིས་མ་ཡིན་པར་ཚང་མའི་ངོས་ནས་འགན་ཁུར་དང་དོ་སྣང་གནང་གལ་ཡིན་པ་གསུངས་སོང་།

སྤྱི་འཐུས་རྒྱུན་ལས་གྲུབ་ཆའི་ནང་ཕྱི་རྒྱལ་སྤྱི་འཐུས་གཅིག་དགོས་པའི་སྤྱི་འཐུས་སྒེར་གྱི་བསྐྱར་བཅོས་ཁྲིམས་འཆར་མར་ཟགས་སོང་།

དེ་རིང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པའི་ཐོག་ཨ་རིའི་སྤྱི་འཐུས་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས་ཀྱིས་སྤྱི་འཐུས་རྒྱུན་ལས་ཀྱི་གྲུབ་ཆའི་ནང་། རྒྱ་བལ་འབྲུག་གསུམ་ལས་གཞན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་འཐུས་གཅིག་རེ་ཞེས་བསྐྱར་བཅོས་ཁྲིམས་འཆར་ཞིག་བསྣམས་ཕེབས་པ་དང་། དེར་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་སམ་སྤྱི་འཐུས་ ༣༠ ནས་རྒྱབ་སྐྱོར་དགོས་ཀྱི་ཡོད་པར་གཏན་འབེབས་ཁྲོད་སྤྱི་འཐུས་ ༢༣ མ་གཏོགས་རྒྱབ་སྐྱོར་ཐོབ་མེད་སྟབས། སྤྱི་འཐུས་སྒེར་གྱི་བསྐྱར་བཅོས་ཁྲིམས་འཆར་དེ་མར་ཟགས་སོང་། དེ་ཡང་དེ་རིང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཉིན་རྒྱབ་ཀྱི་ཚོགས་དུས་ཆ་ཚང་སྤྱི་འཐུས་སྒེར་གྱི་ཁྲིམས་ཡིག་བསྐྱར་བཅོས་ཁྲིམས་འཆར་དེའི་ཐོག་ཕེབས་སོང་། སྤྱི་འཐུས་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས་ཀྱིས་ཆེད་འདོན་དང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་རྒྱབ་སྐྱོར་གནང་བའི་བསྐྱར་བཅོས་ཁྲིམས་འཆར་དེའི་ནང་། བཅའ་ཁྲིམས་དོན་ཚན་ ༤༢ སྤྱི་འཐུས་རྒྱུན་ལས་ཅེས་པའི་ནང་གསེས་དང་པོའི་ཚིག་བརྗོད་རྙིང་པའི་ནང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་མ་འཚོགས་པའི་སྐབས་རྒྱུན་ལས་ཚོགས་ཆུང་ཞིག་དགོས་པར་ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་དང༌། ཆོས་བརྒྱུད་རེ་ནས་སྤྱི་འཐུས་རེ་བཅས་གོང་གསལ་ཁུངས་སོ་སོས་འོས་བསྡུའམ། ཡང་ན་དམིགས་འཛུགས་གང་འོས་སྐབས་བསྟུན་བྱ་རྒྱུ་དང༌། ལོ་རེའི་མཚམས་ནས་བསྐྱར་འདེམས་བྱ་རྒྱུ། ཞེས་གསལ་བ་དེའི་ཐོག རྒྱ་བལ་འབྲུག་གསུམ་ལས་གཞན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་འཐུས་གཅིག་རེ་ཞེས་བསྐྱར་བཅོས་ཚིག་བརྗོད་བསྣམས་ཕེབས་འདུག བསྐྱར་བཅོས་ཁྲིམས་འཆར་དེ་ལས་རིམ་ནང་ཚུད་རྗེས་རྒྱབ་སྐྱོར་གནང་མཁན་དང་འགག་བྱ་གནང་མཁན་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུག་པོ་གནང་སོང་བ་དང་། དགག་བྱ་གནང་མཁན་རྣམ་པས་བསྐྱར་བཅོས་དེ་ཡིས་རིམ་པས་དབུས་བོད་མིའི་སྒྲིག་འཛུགས་དེ་བཞིན་མ་འོངས་པ་ལ་བཙན་བྱོལ་བོད་མིའི་སྐྱིད་སྡུག་ཙམ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཡོད་པ་དང་། ཡང་ཁག་གཅིག་གིས་གལ་སྲིད་ཨ་རིའི་སྤྱི་འཐུས་ཞིག་རྒྱུན་ལས་སླེབས་པ་ཡིན་ན། ཡོ་རོབ་དང་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨོསྟྲེ་ལི་ཡ་ཨེ་ཤི་ཡའི་འཐུས་ཚབ་གནང་ཐུབ་ཀྱི་ཡོད་མེད། ལྷག་པར་ཕྱི་རྒྱལ་སྤྱི་འཐུས་ཡོངས་ལས་རྒྱུན་ལས་གཅིག་གི་ཡོང་ཁུངས་དེ་བཅའ་ཁྲིམས་ནས་འགལ་གྱི་ཡོད་པ། དེ་བཞིན་རྒྱུན་ལས་འདི་ལོ་གཅིག་རྡ་རམ་ས་ལར་བཞུགས་དགོས་ཀྱི་ཡོད་དུས་མ་འོངས་པ་ལ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་གཞོན་སྐྱེས་རྣམས་སྤྱི་འཐུས་བཞེངས་རྒྱུར་འགོག་རྐྱེན་བཟོ་ཡི་ཡོད་པ་སོགས་གསུངས་སོང་། དེ་བཞིན་རྒྱབ་སྐྱོར་གནང་མཁན་རྣམ་པས། སྤྱི་འཐུས་རྒྱུན་ལས་ནང་ཕྱི་རྒྱལ་སྤྱི་འཐུས་དགོས་རྒྱུ་ནི་དྲང་བདེན་དང་འདྲ་མཉམ་ཞིག་ཡིན་པ་དང་། མང་གཙོའི་ལམ་སྲོལ་དང་མཐུན་པ། དེ་བཞིན་འདས་པའི་ལོ་རྒྱུས་ཁྲོད་སྤྱི་འཐུས་ཀྱི་ཡོང་ཁུངས་རིམ་པ་མང་དུ་ཕྱིན་ཡོད་པ་ལྟར། རྒྱུན་ལས་ནང་དུའང་དེ་མཚུངས་དགོས་ཀྱི་ཡོད་པར་དུས་ལ་སླེབས་ཡོད་པ་མ་ཟད། བོད་མི་ཕྱེད་ཀ་ལྷག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་སྟབས་དེ་དག་གི་གནད་དོན་རྣམས་སྤྱི་འཐུས་རྒྱུན་ལས་ནང་དུ་སླེབས་ཐུབ་པའི་ཕན་ཐོགས་སོགས་ཀྱི་སྐོར་ལ་གསུངས་སོང་། བགྲོ་གླེང་མཚམས་སུ་བསྐྱར་བཅོས་ཁྲིམས་འཆར་འདོན་མཁན་སྤྱི་འཐུས་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས་དང་། རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་རྣམ་གཉིས་ཀྱིས་གསལ་བཤད་ཁྲོད། ཁྲིམས་འཆར་དེ་གཏན་འབེབས་བྱུང་བ་ཡིན་ན་ཕྱི་རྒྱལ་དུ་གནས་སྡོད་གཞོན་སྐྱེས་ཤེས་ཡོན་ཅན་རྣམས་དུས་ཚོད་མེད་པའི་ཆ་ནས་རྒྱུན་ལས་སུ་བཞུགས་ཐབས་བྲལ་སྟབས། མ་འོངས་པ་ལ་གཞོན་སྐྱེས་ཁོང་རྣམ་པ་སྤྱི་འཐུས་བཞེངས་རྒྱུར་འགོག་རྐྱེན་བཟོ་ཡི་ཡོད་པ་གསུངས་བར་ལན་འདེབས་དང་འབྲེལ། མ་འོངས་པར་སྤྱི་འཐུས་དང་རྒྱུན་ལས་སུ་བཞུགས་ཀྱི་ཡིན་གསུང་མཁན་མང་དག་ཅིག་ཡོད་པ་མིང་འདོན་གནང་རྒྱུ་ཡོད་སྐོར་གསུངས་སོང་བ་མ་ཟད། གཞན་སྤྱི་འཐུས་ཁག་གཅིག་གིས་གལ་སྲིད་ཨ་རིའི་སྤྱི་འཐུས་ཞིག་རྒྱུན་ལས་སུ་སླེབས་པ་ཡིན་ན། ཡོ་རོབ་དང་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨོསྟྲེ་ལི་ཡ་ཨེ་ཤི་ཡའི་འཐུས་ཚབ་གནང་ཐུབ་ཀྱི་ཡོད་མེད་སོགས་ཀྱི་སྐོར་དོགས་འདྲི་གནང་ཡོད་སྟབས། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྤྱི་འཐུས་སུ་ཞིག་རྒྱུན་ལས་སུ་འདེམས་ཐོན་བྱུང་ཡང་སྐུ་ཚབ་བྱེད་ཐུབ་པའི་ཐག་གཅོད་ནས་གསུངས་ཐུབ་ཀྱི་ཡོད་པ་དང་། ཁྲིམས་འཆར་བསྐྱར་བཅོས་དེ་བསྣམས་མ་ཕེབས་སྔོན་ཕྱི་རྒྱལ་སྤྱི་འཐུས་ ༥ ནང་ཁུལ་བགྲོ་གླེང་གནང་ཡོད་སྐོར་སོགས་གསུངས་སོང་། གང་ལྟར་སྤྱི་འཐུས་རྒྱུན་ལས་གྲུབ་ཆའི་ནང་ཕྱི་རྒྱལ་སྤྱི་འཐུས་གཅིག་དགོས་པའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་བསྣམས་ཕེབས་པ་དེར། སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཏེ།  སྤྱི་འཐུས་ ༣༠ ཡི་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་དུས་སྤྱི་འཐུས་ ༢༣ ལས་མ་གཏོགས་རྒྱབ་སྐྱོར་ཐོབ་མེད་པ་སོང་ཙང་ཁྲིམས་འཆར་འདི་མར་ཟགས་ཡོད་པ་རེད།

Latest news