18th TPiE Sessions
༸གོང་ས་མཆོག་གི་མཚན་ཐོག་ལ་ཡོད་པའི་གངས་ཅན་སྐྱིད་གཤོངས་ཀྱི་ས་ཆ་ཡོངས རྫོགས་བོད་མིའི་སྒྲིག་འཛུགས་དབུས་ངལ་སེལ་ཚོགས་པའི་མཚན་ཐོག་ལ་མིང་བསྒྱུར་ཆ་ཚང་ཟིན་པ་གསུངས་སོང་།
དེ་རིང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གཉིས་པའི་ཉིན་འཁྱོངས་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་འཛིན་སྐྱོང་བཀའ་ཤག་གིས་ལན་འདེབས་གསལ་བཤད་ཁྲོད། ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས། ཉེ་ཆར་ཕྱི་ཟླ་ ༨ པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ལ་ཡོད་པའི་གངས་ཅན་སྐྱིད་གཤོངས་ཀྱི་ས་ཆ་དེ་དག་བོད་མིའི་སྒྲིག་འཛུགས་དབུས་ངལ་སེལ་ཚོགས་པའི་མིང་ཐོག་ལ་མིང་བསྒྱུར་གྱི་ལས་དོན་ཆ་ཚང་ལེགས་གྲུབ་ཟིན་ཡོད་པ་གསུངས་སོང་།
https://youtu.be/tLTvLrL2uV4?si=BtkSIkjrKJQP6GQA
དེ་ཡང་དེ་རིང་སྔ་དྲོ་ནང་སྲིད་བཀའ་བློན་མཆོག་གིས་ལྷན་ཁང་དེའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་དེའི་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་བཅས་ཀྱི་ལས་རིམ་ཐོག་ཕེབས་པའི་ཁྲོད། བོད་མི་མང་སྤྱི་འཐུས་མགོན་པོ་དོན་གྲུབ་ལགས་ཀྱིས། གངས་ཅན་སྐྱིད་གཤོངས་ཀྱི་ས་ཆ་མིང་བསྒྱུར་གྱི་ལས་དོན་གྱི་གནས་བབ་སྐོར་ལ་དྲི་བ་ཕེབས་པར། ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་བཀའ་ལན་དུ། ད་བར་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་འགེགས་བར་ཆད་འཕྲད་སྲིད་པ་དང་འབྲེལ་ནས་གནད་དོན་དེའི་ཐོག་གསང་རྒྱ་དམ་པོ་བྱས་པ་ཡིན་ཡང་ད་ལྟའི་ཆར་ལས་དོན་ཆ་ཚང་ལེགས་གྲུབ་ཟིན་པ་དང་འབྲེལ་ནས་གསང་རྒྱ་བྱེད་དགོས་དོན་མེད་སྐོར་གསུངས་ཏེ་ས་ཆ་མིང་བསྒྱུར་གྱི་ལས་དོན་འགོ་བཙུགས་པ་ནས་ད་བར་གྱི་བརྒྱུད་རིམ་ཆ་ཚང་གསལ་བཤད་གནང་སོང་།
དེའང་ཐོག་མ་ཕྱི་ལོ་ ༢༠༡༥ ཟླ་ ༨ པའི་ནང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ཏུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་ཀྱི་ས་ཆ་ཨེ་ཀར་ ༡༢་༥ རྣམས་བོད་མིའི་སྒྲིག་འཛུགས་དབུས་ངལ་སེལ་ཚོགས་པའི་མཚན་ཐོག་ལ་མིང་བསྒྱུར་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་ཕྱག་བྲིས་ཕེབས་དོན་ལྟར། བཀའ་ཤག་ནས་ནང་སྲིད་ལས་ཁུངས་ལ་ལས་དོན་དེའི་འགན་ཁུར་གནང་ཡོད་པ་ལྟར། ནང་སྲིད་ལས་ཁུངས་ནས་འབད་བརྩོན་རིམ་པ་གནང་ཡོད་པ་དང་། ལྷག་པར་ཕྱི་ལོ་ ༢༠༢༣ ལོར་ Shimla ནང་དུ་སྐབས་དེའི་ནང་སྲིད་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དང་ནང་སྲིད་དྲུང་ཆེ། ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་དྲུང་ཆེ། ཁྱད་ལས་པ། སློབ་སྟོན་པ། དེ་བཞིན་འབྲེལ་ཡོད་ལས་བྱེད་བཅས་ནས་གནད་དོན་དེའི་སྐོར་ལ་ཧི་མ་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་དང་ལྷན་དུ་མཇལ་འཕྲད་ཐོག་མ་གནང་བ་དང་། ༢༠༢༣ ཕྱི་ཟླ་ ༦ པའི་ནང་༸གོང་ས་མཆོག་ནས་གངས་ཅན་སྐྱིད་གཤོངས་ཀྱི་ས་ཁུལ་དེ་ཉིད་བོད་མིའི་སྒྲིག་འཛུགས་ལ་གསོལ་རས་སྩལ་བའི་ཁྲིམས་ཡིག་ལ་མཚན་རྟགས་བསྐྱོན་རྗེས། རིམ་པས་ལོ་གཅིག་ལྷག་གི་རིང་ལ་རྒྱ་གར་དབུས་གཞུང་དང་ཧི་མ་ཅལ་མངའ་སྡེའི་འབྲེལ་ཡོད་ལས་ཁུངས་རིམ་པར་བཅར་ནས་ཡིག་ཆ་དང་འབྲེལ་བའི་འབད་བརྩོན་རིམ་པ་བྱས་ཏེ། ༢༠༢༥ ཕྱི་ཟླ་ ༩ པའི་ནང་ལ་ས་ཆ་མིང་བསྒྱུར་བྱ་ཆོག་པའི་བཀའ་འཁྲོལ་ཐོན་ཡོད་ཀྱང་། བཀའ་འཁྲོལ་ཐོན་པའི་རྗེས་སུ་ས་ཁྲལ་ཧིན་སྒོར་བྱེ་བ་ ༡༣ ལྷག་འབབ་ཀྱི་ཡོད་པ་ལྟར། འབད་བརྩོན་རིམ་པ་གནང་བའི་རྗེས་སུ་མཐར་དངུལ་འབོར་ཧིན་སྒོར་བྱེ་བ་ ༡༣ ལྷག་ཆ་ཚང་སྤྲད་མ་དགོས་པར་ཆག་ཡང་ཐོབ་པ་བྱུང་ཡོད་པ་དེ་ལྟར་ཡང་། ས་ཆ་བོད་མིའི་སྒྲིག་འཛུགས་དབུས་ངལ་སེལ་ཚོགས་པའི་མིང་ཐོག་ལ་དེབ་སྐྱེལ་གྱི་འགྲོ་གྲོན་ཧིན་སྒོར་བྱེ་བ་ ༢ ལྷག་ཙམ་འབབ་ཀྱི་ཡོད་པ་དེའི་ཐོག་འབད་བརྩོན་ཇི་ཙམ་གནང་ཡང་ཆག་ཡང་མ་ཐོབ་པར་སྤྲད་དགོས་བྱུང་ཡོད་པ་བཅས། མཐར་འདི་ལོའི་ཕྱི་ཟླ་ ༨ པའི་ཚེས་ ༢༧ ཉིན་ས་ཆ་ཨེ་ཀར་ ༡༢་༥ ཆ་ཚང་བོད་མིའི་སྒྲིག་འཛུགས་དབུས་ངལ་སེལ་ཚོགས་པའི་མིང་ཐོག་ལ་མིང་བསྒྱུར་གནང་ཐུབ་པ་བྱུང་ཡོད་པ་གསུངས་སོང་།
དེ་བཞིན་དེ་རིང་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་ཁྲོད། སྤྱི་འཐུས་མང་དག་ཅིག་ནས་རུབ་སྡོད་གཞིས་སྤོས་ལས་གཞི་དང་འབྲེལ་བའི་དོགས་དྲི་དང་དགོངས་ཚུལ་གསུང་མཁན་བྱུང་སོང་བའི་ནང་དུ། གཞིས་སྤོས་ལས་གཞིའི་ཁྲོད་ས་ཆ་ཐོབ་པའི་ཁོངས་ནས་བོད་ནས་ཕེབས་པའི་རྗེས་འབྱོར་བ་མང་དག་ཅིག་ལ་ཡོངས་བབ་མེད་པའི་རྐྱེན་གྱིས་ཁང་པ་རྒྱག་མ་ཐུབ་པའི་དཀའ་ངལ་ཡོད་པར་ནང་སྲིད་ལས་ཁུངས་ཀྱི་དམིགས་བསལ་གཟིགས་རྟོགས་དང་རོགས་སྐྱོར་གནང་དགོས་གལ་ཡིན་པ་དང་། ད་དུང་ཐོ་འགོད་མ་ཐུབ་པ་ཁག་གཅིག་ཡོད་པ་རྣམས་ལ་མཐུན་འགྱུར་ཡོད་མེད་སོགས་བཀའ་འདྲི་ཞུ་མཁན་བྱུང་སོང་།
དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་རྒན་གསོ་ཁང་གི་གནས་སྟངས་ཁྲོད་བཞུགས་སྒར་རྡ་རམ་ས་ལ་དང་མོན་གྷོ་འདོད་རྒུ་གླིང་གི་རྒན་གསོ་ཁང་གཉིས་ཀྱི་གནས་སྟངས་ཞན་པོ་ཡོད་པ་དང་ཡར་རྒྱས་གཏང་དགོས་པ། དེ་བཞིན་རྡ་སའི་རྒན་གསོ་ཁང་དུ་ལྐོག་ཟས་ཀྱི་གནད་དོན་ཡང་ཐོས་རྒྱུ་ཡོད་པ་བཅས་ཀྱི་ཐོག་ནས་དྲི་བ་བཏང་བར་ནང་སྲིད་ལས་ཁུངས་ནས་རྩད་ཞིབ་ནན་པོ་བྱ་རྒྱུའི་ཞལ་བཞེས་གནང་སོང་།
གཞན་ཡང་ཉེ་ལམ་བལ་ཡུལ་ནང་ཆུ་ལོག་གི་གོད་ཆགས་ཕོག་པར་ནང་སྲིད་ལས་ཁུངས་ཀྱི་ངལ་སེལ་རོགས་སྐྱོར་དང་བསྐྱར་གསོའི་ལས་དོན་གྱི་འཆར་གཞིའི་སྐོར་ལ་འདྲི་རྩད་གནང་མཁན་བྱུང་སོང་།
དེ་བཞིན་དེ་རིང་ཉིན་འཁྱོངས་རིང་གི་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གནང་བའི་ཁྲོད་ཉམས་ཐག་རོགས་སྐྱོར་གྱི་ལས་གཞི། གཞིས་སྤོས་ལས་གཞིའི་ཁྲོད་ཁང་པ་གསར་རྒྱག་ཟིན་པ་རྣམས་ལ་ཆུ་དང་གློག འགྲོ་ལམ་གྱི་གནད་དོན། གཞིས་ཆགས་ཁག་ཏུ་བུ་བཅོལ་ཁང་གི་གནས་སྟངས། གཞོན་སྐྱེས་ལས་རིགས་སྦྱོང་བརྡར་གྱི་ལས་གཞི་བཅས་ཀྱི་སྐོར་ལ་ཡང་བགྲོ་གླེང་ལྷུག་པོ་གནང་སོང་།
སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས།
དེ་རིང་བཞུགས་སྒར་རྡ་རམ་ས་ལར་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའམ་ལས་བསྡོམས་གྲོས་ཚོགས་དབུ་འཛུགས་གནང་སོང་བ་དང་། ཐེངས་འདིའི་གྲོས་ཚོགས་དེ་ནི་འདི་ལོར་བོད་མི་རང་བཙན་བློ་དགའ་ལགས་ཀྱིས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་གྱིས་རྒྱལ་ཚོགས་ཀྱི་ལས་ཁུངས་འདུན་དུ་སྐུ་ལུས་མེར་བསྲེགས་བཏང་བའི་ཡིད་སྐྱོའི་གནད་དོན་དང་། རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་བཙན་དབང་གི་མི་རིགས་མཉམ་བསྲེས་ཀྱི་ཁྲིམས་ལག་བསྟར་བྱེད་འགོ་བཙུགས་པའི་དུས་མཚམས་གལ་ཆེ་ཞིག་ལ་འཚོགས་པ་ཞིག་ཆགས་ཀྱི་ཡོད་པ་རེད།
དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་བའི་ནང་དུ། དེ་རིང་ང་ཚོ་འདིར་འཛོམས་པའི་སྐབས་སུ་ཚང་མས་སེམས་ནང་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་བློས་བཏང་འདི་དང་རྒྱ་ནག་དམར་པོའི་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་མིང་བྱང་འོག་ནས་བོད་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་ཁྲིམས་གཞི་གཏན་འབེབས་དང་ལག་བསྟར་བྱས་པའི་གནད་དོན་གཉིས་པོ་དྲན་ཤེས་བརྟན་པོ་གཅིག་དང་སྐྱོ་ལྷང་ལྷང་ཞིག་ཡོད་སྐོར་དང་སྦྲགས། མི་རིགས་གཅིག་མཐུན་སྒྲིལ་ཡོང་བར་མི་རིགས་གཞན་གཅིག་གི་ངོ་བོ་བརླག་དགོས་ཡག་འདི་མི་རིགས་རྩ་མེད་མ་གཏོགས་མཐུན་སྒྲིལ་གྱི་སྲིད་བྱུས་མིན་པ་དང་། ཡར་རྒྱས་སླད་དུ་མི་རིགས་གཅིག་གི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་བསྒྱུར་བ་བཏང་དགོས་པ་འདི་ཡར་རྒྱས་ཀྱི་རྣམ་པ་མ་རེད་ཅེས། འདི་རིག་གཞུང་རྩ་གཏོར་གྱི་ངན་བྱུས་ཡིན་སྟབས། དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་དེར་མཐའ་གཅིག་ཏུ་ངོ་རྒོལ་དང་དགག་བྱ་ཤུགས་ཆེ་ཡོད་པ་ནན་བརྗོད་གནང་སོང་།
དེ་བཞིན་ཚོགས་གཙོ་མཆོག་གིས་སྔོན་གླེང་རྩིས་པའི་ལིའུ་ ༧ དང་དོན་ཚན་ ༦༥ ལྡན་པའི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་དེའི་ནང་དོན་ཁྲོད། རྒྱ་རིགས་མིན་པའི་གྲངས་ཉུང་མི་རིགས་རྣམས་ཀྱིས་དོ་སྣང་དམིགས་བསལ་བྱེད་དགོས་པའི་གནད་དོན་ ༡༥ དེ་དག་ལ་ང་ཚོའི་སྦྱངས་པ་བྱས་ནས་གནད་དོན་ཁ་གསལ་ཤེས་པར་བྱས་ཏེ་གཞི་ལུས་རྒྱ་ཆེ་མང་ཚོགས་ཀྱི་དཀའ་སྡུག་དང་རྒྱ་ནག་གི་ཁྲིམས་དེ་རྒྱལ་སྤྱི་དང་ལྷག་པར་དུ་རྒྱ་ནག་གི་ཁྲིམས་དང་ཇི་ལྟར་འགལ་གྱི་ཡོད་པ་བཅས་ཞིབ་འཇུག་གི་རྒྱབ་རྟེན་ཡོད་པའི་ཞུ་གཏུག་བྱེད་དགོས་ཡག་གལ་ཆེན་པོ་ཡིན་པ་ལྟར་དེའི་ཐོག་ནུས་པ་སྤུང་དགོས་པ་གསུངས་སོང་།
རྒྱ་ནག་དམར་གཞུང་ཆགས་པ་ནས་བཟུང་སྟེ་དེའི་འོག་ཚུད་པའི་བོད་གཙོས་པའི་གྲངས་ཉུང་མི་རིགས་ཚང་མ་མི་རིགས་མཉམ་བསྲེས་ཀྱི་ཐོག་ནས་མེད་པ་བཟོ་རྒྱུའི་ཕུགས་ཀྱི་དམིགས་ཡུལ་འཛིན་པ་བཞིན། སྲིད་བྱུས་རིམ་པའི་ཐོག་ནས་ལག་བསྟར་བྱེད་བཞིན་པའི་གནད་དོན་རིམ་པ་ངོ་སྤྲོད་དང་འབྲེལ། རྒྱ་དམར་གཞུང་གིས་བོད་མི་རིགས་གཅིག་ཡིན་པའི་འདུ་ཤེས་མེད་པ་བཟོ་རྒྱུར་དམིགས་དབེན་འཛིན་བཞིན་ཡོད་སྟབས། ང་རང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཡིན་པ་དང་། འཐབ་རྩོད་བྱེད་པར་མཐུན་སྒྲིལ་མེད་དུ་མི་རུང་བ་ཡིན་པ། མཐུན་སྒྲིལ་གྱི་རྩ་བ་བཟོད་བསྲན་ཡིན་པ། བཟོད་པ་བྱེད་པར་གུས་བརྩི་དགོས་པ། ང་ཚོའི་གཏན་ལ་ཕབ་པའི་བོད་གཞུང་གི་སྲིད་བྱུས་དེ་དབུ་མའི་ལམ་ཡིན་པ་ལྟར། ཆབ་སྲིད་ཀྱི་འགན་ཁུར་བ་ཚང་མར་དབུ་མའི་ལམ་གྱི་སྲིད་བྱུས་འོག་ནས་བོད་ཀྱི་བདེན་མཐའ་གསལ་དགོས་པའི་འགན་ཆགས་བསྡད་ཡོད་པ། མི་སུ་འདྲ་ཞིག་ཡིན་རུང་ལྟ་བ་ལངས་ཕྱོགས་མི་འདྲ་བ་ཡོད་ཆོག་པ་དང་སྲིད་པ་ཡིན་པ་དང་འབྲེལ་ནས། ནང་ཕན་ཚུན་གླེང་སློང་བཟོས་བསྡད་ན་ང་རང་ཚོའི་ཞན་ཆ་ཆགས་བསྡད་ཡོད་པ་མ་ཟད། དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་གཙོས་པའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ནས་ཀྱང་མཐུན་སྒྲིལ་གྱི་བརྡ་ལན་གནང་ཡོད་པ་དེ་དག་འགོ་ཁྲིད་དང་རྒྱ་ཆེ་མང་ཚོགས་གཉིས་ཀས་བསམ་ཤེས་གནང་དགོས་པ་གསུངས་སོང་།
རྩ་བའི་ཐེངས་འདིའི་ཚོགས་དུས་ ༢ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༥།༢༦ ལོའི་ལས་བསྡོམས་རྒྱས་པ་རྣམས་ལ་སྤྱི་འཐུས་རྒྱུན་ལས་ཀྱི་ཆབ་སྲིད་སྡེ་ཚན། རྒྱུན་འབྲེལ་སྡེ་ཚན། དེ་བཞིན་འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་གསུམ་གྱི་ཐུགས་ཞིབ་གནང་བའི་རྒྱུན་ལས་ཀྱི་གཏན་འབེབས་གནང་བའི་དྲི་བ་ཁག་ལྷན་ཁང་སོ་སོར་ཕུལ་བ་རྣམས་ལ་བཀའ་ཤག་གིས་བཀའ་ལན་དང་། ལྷན་ཁང་སོ་སོའི་བཀའ་བློན་གྱིས་ལས་བསྡོམས་བསྡུས་པ་སྙན་སྒྲོན་དང་དེའི་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་བཅས་གནང་གི་ཡོད་པ་རེད། ལྷག་པར་དུ་ད་ལན་གྱི་གྲོས་ཚོགས་སུ་སྤྱི་འཐུས་སྒེར་གྱིས་རྒྱུན་ལས་ཀྱི་གྲངས་ཆ་སྤར་ཡག་ཐོག་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་དང་། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་གཙོས་པའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཁག་གཅིག དེ་བཞིན་རྩིས་ལོ་ ༢༠༢༢།༢༣ ལོའི་རྩིས་ཞིབ་ཀྱི་སྙན་ཐོ་ཁག་ལ་ཞིབ་འཇུག་གནང་མཁན་གྱི་སྐབས་ ༡༣ པའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་འཛུགས་རྒྱུའི་གྲོས་འཆར་བཅས་བསྣམ་ཕེབས་ཀྱི་ཡོད་པ་རེད་འདུག
དེ་རིང་ལས་ཉིན་དང་པོའི་སྔ་དྲོའི་ཚོགས་དུས་ཐོག་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ ༥ འཇོག་གནང་སོང་བ་དང་། དེའང་འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༢ ཉིན་རྒྱ་ནག་དམར་གཞུང་གིས་བོད་ལ་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་དང་བོད་རང་བཙན་གྱི་ཆེད་དུ་སྐུ་ལུས་མེར་བསྲེགས་གནང་སྟེ་སྐུ་འདས་གྲོངས་སུ་གྱུར་མཁན་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་དང་། འདི་ལོའི་ཕྱི་ཟླ་ ༦ པའི་ནང་སྐུ་ཚེའི་འཕེན་པ་རྫོགས་པའི་བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་དང་། བོད་བརྒྱུད་ནང་བསྟན་གྱི་ཞིབ་འཇུག་པ་མཁས་པ་དང་བོད་ཀྱི་གྲོགས་པོ་སྐུ་ཞབས་ Robert Thurman ལགས། འདི་ལོའི་ཕྱི་ཟླ་ ༥ པའི་ནང་སྐུ་ཚེའི་འཕེན་པ་རྫོགས་པའི་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་དང་ཨ་རིའི་ནང་དུ་བོད་མི་གཞིས་སྤོས་ཀྱི་ཐུགས་འགན་གཙོ་བོ་བཞེས་མཁན་གྲས་ཡིན་པའི་སྐུ་ཞབས་ Barney Frank ལགས། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཉེ་ཆར་བལ་བོད་ས་མཚམས་སུ་ཆུ་རུད་ཀྱི་གོད་ཆགས་ཕོག་པའི་འོག་བལ་པོ་དང་བོད་པ་རྒྱལ་སྤྱིའི་རྒྱལ་ཁབ་མང་པོའི་ཡུལ་སྐོར་སྤྲོ་འཆམ་པའི་ཚེ་སྲོག་ཤོར་བ་དང་ཕ་མེས་མ་མེས་ནས་བསགས་པའི་རྒྱུ་ནོར་ལོངས་སྤྱོད་ཡོངས་རྫོགས་མེད་པ་ཆགས་པའི་ཡིད་སྐྱོའི་གནད་དོན་བཅས་ཀྱི་ཐོག་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་འཇོག་གནང་སོང་།
https://www.youtube.com/watch?v=Y8Unht2Y6c4&t=35s
དེ་རིང་གྲོས་ཚོགས་ཚོགས་དུས་གཉིས་པ་འགོ་འཛུགས་དང་བསྟུན། འདི་གའི་གསར་འགོད་པས་སྤྱི་འཐུས་ཁག་གཅིག་ལ་བཀའ་འདྲི་ཞུས་པར། ཁོང་རྣམ་པས་དུས་རྒྱུན་ལྟར་ལས་བསྡོམས་དང་འདྲི་རྩད་ཀྱི་བྱ་རིམ་ཙམ་མིན་པར་ད་རེས་ཀྱི་གྲོས་ཚོགས་ཐོག རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེའི་ཐོག་གླེང་སློང་དང་། བོད་ཀྱི་ངོ་བོ་དང་སྐད་ཡིག་སྲུང་སྐྱོབ་བྱ་ཐབས། དེ་བཞིན་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་ལས་བོད་མིའི་འཐབ་རྩོད་རྒྱ་སྐྱེད་ཇི་ལྟར་བྱེད་ཕྱོགས་བཅས་ཀྱི་ཐོག་ལ་གླེང་སློང་བྱ་རྒྱུ་ཡིན་པ་གསུངས་སོང་།
ཆོས་རིག་ལས་ཁུངས་ཀྱི་རྩིས་ལོ་ ༢༠༢༥།༢༦ ལོའི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་།
དེ་རིང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པའི་ལས་ཉིན་དང་པོའི་ཐོག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་བགྲོ་གླེང་གི་ལས་རིམ་ཐོག་ཕེབས་ཡོད་པ་རེད།
https://youtu.be/peKz-IosjJ0?si=Ia4Ipy1sJ8-6EN4F
དེ་ཡང་དེ་རིང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་གནང་ཡོད་པ་ལྟར། ལས་ཉིན་ ༡ པོའི་ཚོགས་ཐུན་ ༡ པོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་ནས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གཙོས་གཞུང་འབྲེལ་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཁག་གི་ལས་དོན་གྲུབ་མཚམས། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་གྲོས་ཚོགས་ཀྱི་དབུས་སུ་ཆོས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༦ ལོའི་ཕྱི་ཟླ་ ༣ ཚེས་ ༣༡ བར་གྱི་ལས་ཡུན་ནང་ལས་དོན་གང་དག་གནང་བ་དང་གྲུབ་འབྲས་ཇི་སོན་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་ཤིག་གྲོས་ཚོགས་སུ་སྙན་སྒྲོན་གནང་རྗེས། ལོ་འཁོར་ལས་བསྡོམས་སྙིང་བསྡུ་དེའི་ཐོག་སྤྱི་འཐུས་མང་དག་ཅིག་གིས་ཆ་ཤས་བཞེས་ཏེ་བགྲོ་གླེང་ལྷུག་པོ་གནང་སོང་།
སྐབས་དེར་ཆ་ཤས་བཞེས་མཁན་སྤྱི་འཐུས་ཕལ་མོ་ཆེས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་ཉེ་ལམ་མོན་གྷོ་འདོད་རྒུ་གླིང་དུ་ཆེས་ཐོག་མའི་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ། ཁུལ་དེའི་མང་ཚོགས་ལ་བཀའ་སློབ་དང་དྲི་བར་དྲི་ལན་ཁྲོད། དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་བཞུགས་སྒར་རྡ་རམ་ས་ལར་བཅའ་བཞུགས་སྐབས་སུ་སྐུ་ངལ་ཕྲད་པ་དང་འབྲེལ་ནས་ད་ལྟ་རྒྱ་གར་ཁྲིམས་ཁང་ནང་དུ་གནད་དོན་དེ་འགྲོ་བཞིན་ཡོད་སྟབས། རིང་མིན་རྒྱ་གར་ཁྲིམས་ཁང་ནང་གི་གནད་དོན་རྣམས་གསལ་པོ་ཆགས་པའི་རྗེས་སུ་རིན་པོ་ཆེ་མཆོག་རྒྱ་གར་ལ་ཕྱིར་ལོག་གནང་སྲིད་པ་སོགས་གསུངས་ཡོད་པར་བློ་ཕམ་དང་སེམས་འཚབ་ཆེན་པོ་བྱུང་ཞེས་དང་། ལྷག་པར་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་གནད་དོན་དེ་བཞིན་རྒྱ་གར་ཁྲིམས་ཁང་ནས་དེ་སྔ་ནས་ཕྱིར་འཐེན་ཟིན་ཡོད་པས་འདི་ལྟ་བུའི་བཀའ་ལན་གནང་དགོས་དོན་ཇི་ཡིན་སྐོར་བཀའ་འདྲི་ཞུ་སྐབས། ཆོས་རིག་བཀའ་བློན་མཆོག་གིས། འཚམས་གཟིགས་ཁྲོད་ཁོང་ནས་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་གནད་དོན་དེ་རྒྱ་གར་ཁྲིམས་ཁང་ནང་མུ་མཐུད་གནས་བསྡད་ཡོད་སྐོར་གསུངས་ཡོད་པར་དགོངས་སེལ་དང་སྦྲགས། བཀའ་བློན་མཆོག་ནས་རིན་པོ་ཆེ་མཆོག་ལ་དད་གུས་ཆེན་པོ་ཡོད་སྐོར་བཀའ་ལན་གནང་སོང་།
མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་མིའི་སྒྲིག་འཛུགས་ངོས་ནས་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་དུ་གདན་འདྲེན་ཞུ་ཆེད་རིན་པོ་ཆེ་མཆོག་གི་སྐུ་འཁོར་དང་ལྷག་པར་འབྲེལ་ཡོད་རྒྱ་གར་གཞུང་གི་མི་སྣའི་ལྷན་དུ་བཀའ་མོལ་གནང་བཞིན་པའི་ཁར། རྒྱ་གར་གཞུང་གི་ངོས་ནས་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་གལ་གནད་བཅས་ཀྱི་སྐོར་ཤེས་བཞིན་པའི་ཐོག རྒྱ་གར་ལ་ཕྱིར་ལོག་གནང་དགོས་པ་ཡང་ཡང་གསུང་བཞིན་ཡོད་སྐོར་ལུང་འདྲེན་གྱིས། བཀའ་ཤག་ངོས་ནས་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ནང་གདན་འདྲེན་ཞུ་ཆེད་མཐུན་འགྱུར་གང་ཡོད་གནང་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་།
དེ་བཞིན་སྤྱི་འཐུས་ཁག་གཅིག་གིས། ཆོས་རིག་ལས་ཁུངས་ནས་ཁྱབ་ཁོངས་ཆོས་སྡེ་ཁག་དང་རིག་གཞུང་བསྟི་གནས་ཁང་ཁག་ཏུ་ཡོད་པའི་རྩ་ཆེའི་དཔེ་རྙིང་དང་ཡིག་རིགས་རྣམས་དུས་དང་འཚམས་པའི་ཉར་ཚགས་དང་སྲུང་སྐྱོབ་སླད་ཕྱི་ལོ་ ༢༠༢༤ ནས་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་ཞིག་སྤེལ་མུས་ཡིན་པ་བཞིན་ལས་གཞི་འདི་ཐོག་མའི་འཆར་གཞི་ལྟར་འགྲོ་ཐུབ་ཀྱི་ཡོད་མེད་དང༌། ད་བར་ལས་གཞི་འདིའི་ཆེད་འགྲོ་སོང་ཕྱོགས་བསྡོམས་སྒོར་ཇི་ཙམ་སོང་ཡོད་སྐོར་བཀའ་འདྲི་ཞུ་སྐབས་ཆོས་རིག་བཀའ་བློན་མཆོག་གིས། བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་འདི་བཞིན་ཐོག་མའི་འཆར་གཞི་ལྟར་འགྲོ་མུས་ཡིན་ཀྱང་སྔ་ལོ་ཨ་རིའི་རོགས་ཚོགས་ (USAID) སྒོ་བརྒྱབ་པར་བརྟེན་ཟླ་ཤས་ཕར་འགྱངས་ཞུ་དགོས་ཆགས་ཡོད་པ་མ་ཟད། ལས་གཞི་འདིའི་ཆེད་ ༢༠༢༦།༣།༣༡ བར་འགྲོ་སོང་བསྡོམས་སྒོར་ས་ཡ་ལྔ་བཅུ་ང་བཞི་དང་ཉིས་འབུམ་ཁྲི་མེད་བརྒྱད་སྟོང་བཞི་བརྒྱ་བརྒྱད་བཅུ་ཐམ་པ་སོང་ཡོད་པ་དང་། ༢༠༢༦།༤།༡ ནས་ད་བར་བསྡོམས་སྒོར་ས་ཡ་བརྒྱད་དང་ལྔ་འབུམ་བདུན་ཁྲི་དྲུག་སྟོང་བདུན་བརྒྱ་བཅུ་གཅིག སོང་ཡོད་པ་གསུངས་སོང་།
ཡང་སྤྱི་འཐུས་ཁག་གཅིག་གིས། རྒྱ་གར་རྒྱལ་ཡོངས་སུ་དགོན་སྡེ་ཁག་མི་ཉུང་བ་ཞིག་ལ་ FCRA མེད་པའི་རྒྱུ་མཚན་ཐོག་ནས་ཕྱི་དངུལ་ལེན་ཐུབ་ཀྱི་མེད་པའི་གནས་སྟངས་འོག་དགོན་པའི་འཛིན་སྐྱོང་སྤེལ་གསུམ་ལ་དཀའ་ངལ་འཕྲད་བཞིན་ཡོད་པས། ད་ལྟའི་ཆར་ཁྱོན་དགོན་པ་ག་ཚོད་ལ་དེ་འབྲེལ་དཀའ་ངལ་འཕྲད་བཞིན་པའི་སྐོར་བཀའ་འདྲི་ཞུ་སྐབས་བཀའ་བློན་མཆོག་ནས། བོད་པའི་སྤྱི་ཚོགས་ནང་དེབ་སྐྱེལ་ཟིན་པའི་དགོན་སྡེ་ཁྱོན་ ༦༣ ཡོད་པ་དང་། དེབ་སྐྱེལ་བྱས་མེད་པའི་དགོན་སྡེ་ཁག་མི་ཉུང་བ་ཞིག་ཡོད་སྟབས། ཆོས་རིག་ལས་ཁུངས་ངོས་ནས་དགོན་སྡེ་ཁག་རྣམས་རིམ་པས་དེ་ལྟར་ཡིག་ཆ་རག་ཐུབ་པར་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་སོང་།
ཕྱོགས་མཚུངས་སྤྱི་འཐུས་ཁག་གཅིག་གིས། དགོན་སྡེ་ཁག་གི་དཔེ་ཁྲིད་དང་སྐད་ཡིག་དགེ་རྒན་གྱི་གནད་དོན་དང་འབྲེལ། ཆོས་རིག་ལས་ཁུངས་ཀྱི་ངོས་ནས་དཔེ་ཁྲིད་དགེ་རྒན་རྣམས་ལ་ཟླ་རེར་དོད་སྒོར་ ༣༠༠༠ ལས་སྤྲོད་ཀྱི་མེད་སྟབས། དགོན་སྡེ་ཁག་གི་བཤད་གྲུབ་ཀྱི་བྱ་བ་རྣམས་སྲ་བརྟན་ཡོང་བར་དཔེ་ཁྲིད་དགེ་རྒན་རྣམས་ནི་མེད་ཐབས་ཡིན་པ་གསལ་སྟོན་ཐོག ཁོང་རྣམས་ལ་ལོ་རེར་འཕྲོད་བསྟེན་བརྟག་དཔྱད་ཀྱི་མཐུན་འགྱུར་སྦྱོར་དགོས་པའི་ཞུ་སྐུལ་གནང་བ་ལྟར། བཀའ་བློན་མཆོག་ནས་དེ་འབྲེལ་མཐུན་འགྱུར་སྦྱོར་བར་འབྲེལ་ཡོད་དང་གོ་བསྡུར་གནང་རྒྱུ་ཡིན་པ་གསུངས་སོང་།
བགྲོ་གླེང་ཐོག་གཞན་ཡང་སྤྱི་འཐུས་རྣམ་པས་རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༣ པའི་ཚོགས་འདུའི་ཐོག་གཏན་འབེབས་དང་ཕྱི་ཟླ་ ༧ པའི་ཚེས་ ༡ ནས་ལག་བསྟར་བྱེད་འགོ་བཙུགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་གསར་པ་དེས་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་དང་རྒྱ་མི་རིགས་ཀྱི་ངོ་བོ་གཙོ་བོར་འཛིན་པའི་སྲིད་བྱུས་ལ་ཁྲིམས་ཐོག་ནས་གཞི་འཛིན་ས་བཟོས་ཡོད་སྟབས། དེས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་བཞིན་པའི་ཁྲོད་འདིར། ཆོས་རིག་ལས་ཁུངས་ངོས་ནས་དེ་འབྲེལ་གདོང་ལེན་གནང་གལ་ཆེ་བ་མ་ཟད། ལྷག་དོན་ད་སྐབས་བོད་ཀྱི་ཟློས་གར་དང་གཞིས་ཆགས་ཁག་གི་ལྷ་མོ་ཚོགས་པ། དེ་བཞིན་ཆོས་རིག་ལས་ཁུངས་དང་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གཉིས་ཟུང་འབྲེལ་ཐོག་མཐོ་སློབ་ཐོན་པའི་བོད་རིགས་སློབ་ཕྲུག་ཁག་ལ་ཟླ་དྲུག་རིང་རིག་གནས་ཟབ་ཁྲིད་གནང་བཞིན་པ་དག་ལ་འཛུལ་ཞུགས་གནང་མཁན་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་ལ་ཐུགས་འཚབ་དང་སྦྲགས། དེ་འབྲེལ་ཆོས་རིག་ལས་ཁུངས་སྤྱི་དང་བྱེ་བྲག་ཏུ་ཕ་མ་དང་ཕྲུ་གུ་སོ་སོའི་ངོས་ནས་གོ་སྐབས་དམ་འཛིན་གྱིས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་སོང་།
གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྤྱི་མོས་ཀྱིས་གཏན་འབེབས་དང་འབྲེལ་གྲོས་ཚོགས་ཚོགས་དུས་དང་པོ་མཇུག་སྒྲིལ།
དེ་རིང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་ཉིན་མཐའ་མའི་གྲོས་ཚོགས་སུ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྤྱི་མོས་ཀྱིས་གཏན་འབེབས་གནང་བ་དང་འབྲེལ་ནས་གྲོས་ཚོགས་ཚོགས་དུས་དང་པོ་མཇུག་སྒྲིལ་གནང་སོང་།
དེ་ཡང་སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་ཉིན་མཐའ་མའི་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་མུ་མཐུད་བགྲོ་གླེང་དང་སྦྲགས། རྒྱ་གཞུང་གིས་ཉེ་ལམ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་སྒྲིག་ལག་བསྟར་བརྒྱུད་བོད་ཀྱི་ཆོས་རིག་སྐད་ཡིག་བཅས་པ་རྩ་མེད་གཏོང་ཐབས་ཀྱི་བྱ་འགུལ་ཤུགས་ཆེར་སྤེལ་བཞིན་པའི་ཐོག་སེམས་འཚབ་དང་འབྲེལ། བཙན་བྱོལ་ནང་གི་བོད་མི་ཚོས་རང་དབང་ལུང་པའི་ནང་ཡོད་པའི་གོ་སྐབས་དམ་འཛིན་གྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་གང་ཐུབ་བཀོལ་སྤྱོད་ཐད་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་སོང་།
ལྷག་པར་བགྲོ་གླེང་ཁྲོད་སྤྱི་འཐུས་ཁག་གཅིག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཞག་པ་ཙམ་མིན་པར་དངོས་སུ་ལག་བསྟར་དོན་འཁྱོལ་ཡོང་བ་གནང་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་དེ་བཞིན་གཞིས་ལུས་བོད་མིར་ཐུགས་ཕམ་མི་བྱུང་བའི་སླད་དུ་བཙན་བྱོལ་བོད་མི་ཚོས་འབད་འབུངས་གང་ཡོང་དགོས་པ་གསུངས་སོང་།
དེ་བཞིན་སྤྱི་འཐུས་མི་ཉུང་བ་ཞིག་གིས་ང་ཚོ་བོད་མི་ནང་ཁུལ་འགལ་ཟླའི་རིགས་མ་གནང་བར་བོད་དོན་བདེན་མཐའ་སེལ་ཐབས་ཐོག་ཚང་མའི་ནུས་པ་མཉམ་སྤུངས་དང་རྡོག་རྩ་གཅིག་སྒྲིལ་གནང་དགོས་གལ་གསུངས་སོང་བ་དེ་ལྟར་ཡང་ལ་ལས་རྡོག་རྩ་གཅིག་སྒྲིལ་ཡོང་དགོས་ན་དམའ་འབེབས་དང་ཟུར་ཟ་གནང་མཁན་ཚོས་འགོད་བཤགས་གནང་དགོས་ཀྱི་ཡོད་པ་དང་དེ་མ་གནང་བར་དུ་ཆིག་སྒྲིལ་ཡོང་ཐབས་བྲལ་བ་རེད་ཅེས་ཀྱི་དགོངས་ཚུལ་གསུངས་མཁན་བྱུང་ཡོད།
གཞུང་འབྲེལ་གྱི་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེའི་ཐོག་དེ་རིང་ཉིན་དགུང་བར་བགྲོ་གླེང་གནང་བའི་ཁྲོད། ཁྱོན་སྤྱི་འཐུས་ ༡༦ གིས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་རྣམས་ཀྱིས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་ཞུས་ཐོག་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་པོའི་སྲིད་བྱུས་ཁག་ཐེར་འདོན་གྱིས་རྒྱ་གཞུང་གི་བྱེད་བབ་ལ་སྐྱོན་བརྗོད་ནན་པོ་དང་སྦྲགས། རྒྱ་གཞུང་གི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ལྷག་བསམ་སྙིང་སྟོབས་ལ་ཡི་རངས་ཞུས་སོང་།
དེ་རིང་སྤྱི་མོས་ཐོག་གཏན་འབེབས་གནང་བའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེའི་ནང་། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ལ་ཡི་རངས་དང་ཤུལ་ལུས་ཉེ་འབྲེལ་བཅས་ལ་ཐུགས་གསོ་ཞུ་རྒྱུ་གཙོས་རྒྱ་གཞུང་གིས་བོད་ནང་གི་བྱིས་པ་རྣམས་བཅའ་སྡོད་སློབ་གྲྭར་བཙན་ཁྲིད་མཚོན་པའི་བོད་ཀྲུང་གོ་ཅན་དུ་སྒྱུར་བཞིན་པའི་སྲིད་བྱུས་དག་མཚམས་འཇོག་དགོས་པ། དེ་བཞིན་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དབུས་པའི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་གཏོང་དགོས་པ་དང་། ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་བོད་ནི་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པར། རྒྱ་གཞུང་ནས་བོད་རྒྱའི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་པ་སོགས་དོན་ཚན་དྲུག་འཁོད་ཡོད།
དེ་རིང་ཉིན་རྒྱབ་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་གྲོས་ཚོགས་མཇུག་བསྡོམས་ཀྱི་གསུང་བཤད་གནང་སྐབས་གཙོ་བོ་བཀའ་སྤྱི་གཉིས་ནས་བོད་དོན་བདེན་མཐའ་སེལ་ཐབས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་ཐབས་བཅས་བཅའ་ཁྲིམས་ཐོག་བཀུར་བའི་འགན་དབང་ཐད་ཞོགས་འདེགས་གང་ཐུབ་གནང་དགོས་པའི་སྐུལ་མ་གནང་པ་དང་སྦྲགས། ལྷག་པར་དུ་གྲོས་ཚོགས་དེའི་ནང་བཀའ་བློན་འོས་འདེམས་མཚོན་པའི་ལས་རིམ་ཁག་ཅིག་ཕེབས་པའི་བརྒྱུད་རིམ་ཁྲོད་བཅའ་ཁྲིམས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བཅས་ཀྱི་ཐོག་ལ་ཕན་ཚུན་བསམ་ཚུལ་མ་མཐུན་པ་ཡོང་པ་དེ་ནི་ཁྲིམས་སྒྲིག་ནང་གསལ་ཁ་བཏོན་དགོས་ཡག་གནད་འགག་ཆགས་ཀྱི་ཡོད་སྟབས། དཀའ་ངལ་འདི་རིགས་མ་འོངས་སླར་མི་ཡོང་བའི་ཆེད་དུ་གྲོས་ཚོགས་ནས་འགན་བཞེས་པའི་ཐོག་པའི་ཁྲིམས་ཀྱི་སྒྲིག་གཞི་ཁ་གསལ་དགོས་ངེས་ཡིན་པ་གསུངས་སོང་།
ད་དུང་ཚོགས་གཙོ་མཆོག་ནས་གྲོས་ཚོགས་ཀྱི་ར་བ་འདི་ཆེས་མཐོང་ལྡན་པ་གང་འདྲ་བཟོ་མིན་སྤྱི་འཐུས་ཚང་མར་རག་ལུས་ཡོད་པ་འགྲེལ་བརྗོད་ཀྱིས་ངེས་པར་དུ་བཀའ་མོལ་གང་གནང་ཡང་ཕན་ཚུན་ཆེས་མཐོང་དང་གུས་བརྩི་ལྡན་པའི་ཐོག་ནས་གནང་རོགས་ཞེས་དང་ལྷག་པར་དུ་ང་ཚོ་ཚང་མ་ཆབ་སྲིད་ཀྱི་བྱོལ་བ་ཞིག་ཡིན་པའི་ཆ་ནས་མིང་རྒྱབ་ཁུར་གྱིས་ལས་འགན་ཡོད་པ་ཙམ་དུ་མ་ཟད་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་ཆབ་སྲིད་ཀྱི་འགན་འཁུར་ཡོད་པ་དྲན་སྐུལ་གནང་སོང་།
གཞི་རྩའི་ཁ་སང་དང་དེ་རིང་བཅས་ཉིན་གཉིས་རིང་བར་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་དྷརྨ་སཱ་ལཱར་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་ ༡ ཚོགས་ཡོད་པ་དང། གྲོས་ཚོགས་སུ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་གྱི་གྲོས་ཆོད་གྲོས་འཆར་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད་པ་མ་ཟད། བཀའ་ཤག་སྐབས་བཅོ་བདུན་པའི་བཀའ་བློན་དྲུག་འོས་འདེམས་གནང་ཡོད་པ་རེད།
སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཆོགས་དུས་དང་པོ་དབུ་འཛུགས།
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢ ཉིན་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཆོགས་དུས་དང་པོ་དབུ་འཛུགས་དང་འབྲེལ། ལོ་རྒྱུས་ཐོག་གི་བུད་མེད་ཚོགས་གཙོ་ཐོག་མ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་ཚོགས་དུས་དབུ་འཛུགས་ཀྱི་གསུངས་བཤད་ཁྲོད། མི་མང་གིས་འོས་འདེམས་གནང་བའི་སྐུ་ཚབ་སྤྱི་འཐུས་རྣམས་ནས་མང་ཚོགས་ཀྱི་མངོན་འདོད་དང་མཐུན་པའི་ལས་དོན་གནང་དགོས་གལ་དང་། ལྷག་པར་དུ་འཛིན་སྐྱོང་བཀའ་ཤག་དང་ཁྲིམས་བཟོ་ལྷན་ཚོགས་གཉིས་ཀའི་ངོས་ནས་བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་གཞི་མར་བཞག་པའི་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་རྒྱལ་སྤྱིའི་ཁྱོན་དུ་བོད་དོན་ལ་རྒྱབ་སྐྱོར་ཐོབ་ཐབས་ཙམ་མ་ཟད། བོད་ཀྱི་བདེན་མཐའ་གསལ་ཐབས་སླད་ནུས་པ་མཉམ་སྤུངས་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་གསུངས་སོང་།
https://youtu.be/2pOi8vkahzI?si=Fxa7F4MRH2U2hMoL
དེ་ཡང་དེ་རིང་སྔ་དྲོ་ཆུ་ཚོད་ ༩.༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་བསྐྱངས་པ་དང་སྦྲགས། ཐེངས་འདིའི་གྲོས་ཚོགས་ཀྱི་ལས་རིམ་ཁག་ངོ་སྤྲོད་ཀྱིས། ཕྱག་སྦྲེལ་སྤྱི་འཐུས་རྣམས་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་འོས་འདེམས་བྱུང་བ་དེ་འོས་བསྡུའི་རྒྱལ་ཁ་ཙམ་མ་ཡིན་པར་ཕྲག་པའི་ཐོག་ལས་འགན་ལྕི་བོ་ཞིག་བཀུར་ཡོད་པ་དྲན་སྐུལ་གནང་བ་དང་། གྲོས་ཚོགས་ནང་བགྲོ་གླེང་གི་ཆ་ཤས་ལེན་པའི་སྐབས་སུ་ཕན་ཚུན་གུས་བརྩི་ཡོད་པའི་ཐོག་ནས་ནང་ཁུལ་གྲོས་བསྡུར་སྦྱང་བཤད་གནང་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་མ་ཟད། བཀའ་སྤྱི་གཉིས་ཀྱི་འཐུས་ཚབ་ངོས་ནས་གྲུབ་བྱ་གང་ཡིན་པ་དེ་ངོས་འཛིན་པའི་ཐོག་ནུས་པ་མཉམ་སྤུངས་ཀྱིས་དཀའ་ངལ་རྣམས་ལ་གདོང་ལེན་བྱ་དགོས་ཤིང་། ལྷག་པར་དུ་ཁྲིམས་སྒྲིག་བཟོས་པའི་སྐབས་ཐུགས་སྣང་ཟབ་པོས་སྔར་ཡོད་ཁྲིམ་སྒྲིག་ཁག་སླ་རུ་མི་འགྲོ་བའི་སླད་དུ་དམ་དོན་གྱིས་ཧུར་བསྐྱེད་གནང་དགོས་པའི་སྐུལ་མ་གནང་སོང་།
ཚོགས་གཙོའི་དབུ་འབྱེད་གསུང་བཤད་གྲུབ་མཚམས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྐབས་གསར་པའི་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་གཙོས་འཐུས་མི་ཡོངས་ལ་འཚམས་འདྲི་དང་འབྲེལ། འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ནས་འབྱུང་འགྱུར་ལོ་བཞི་དང་ཕྱེད་ཀ་ལྷག་གི་ལས་ཡུན་རིང་མཉམ་རུབ་ཀྱི་ནུས་པ་འདོན་རྒྱུ་གལ་ཆེན་པོ་ཡིན་པ་ལྟར་འཛིན་སྐྱོང་བཀའ་ཤག་གིས་སྤྱི་པའི་ལས་དོན་དང་གྲོས་ཚོགས་ལ་མཐུན་འགྱུར་ཞུ་སྒོ་ཁག་འཐུས་ཚང་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡིན་པ་དང་། སྤྱི་འཐུས་རྣམ་པ་ཚོས་ཀྱང་དེ་ལྟར་གནང་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་སོང་།
སྲིད་སྐྱོང་མཆོག་གི་བཀའ་ཤག་གི་དགའ་བསུའི་འཚམས་འདྲི་གྲུབ་མཚམས། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གྲོས་ཚོགས་སུ་སྙོན་སྒྲོན་ཞུས་པ་དང་། དེའི་ནང་གཙོ་བོ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ལ་ཡི་རངས་དང་ཤུལ་ལུས་ཉེ་འབྲེལ་བཅས་ལ་ཐུགས་གསོ་ཞུ་རྒྱུ་གཙོས་རྒྱ་གཞུང་གིས་བོད་ནང་གི་བྱིས་པ་རྣམས་བཅའ་སྡོད་སློབ་གྲྭར་བཙན་ཁྲིད་མཚོན་པའི་བོད་ཀྲུང་གོ་ཅན་དུ་སྒྱུར་བཞིན་པའི་སྲིད་བྱུས་དག་མཚམས་འཇོག་དགོས་པ། དེ་བཞིན་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དབུས་པའི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་གཏོང་དགོས་པ་དང་། བོད་ནི་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པར། རྒྱ་གཞུང་ནས་བོད་རྒྱའི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་པ་སོགས་དོན་ཚན་དྲུག་འཁོད་ཡོད་པ་རེད་འདུག
དེ་རིང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གནང་བའི་ཁྲོད། སྤྱི་འཐུས་ཁག་གཅིག་གིས་ཚོར་བ་རྣོ་བོའི་ཐོག་རྒྱ་གཞུང་གིས་ཉེ་ལམ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་སྒྲིག་ལག་བསྟར་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ངོ་བོ་དང་བཅས་པ་རྩ་མེད་གཏོང་ཐབས་ཀྱི་བྱ་འགུལ་ཤུགས་ཆེར་སྤེལ་བཞིན་པའི་ཐོག་སེམས་འཚབ་དང་འབྲེལ། བཙན་བྱོལ་ནང་གི་བོད་མི་ཚོ་རང་དབང་ལུང་པའི་ནང་ཡོད་པའི་གོ་སྐབས་དམ་འཛིན་གྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་གང་ཐུབ་བཀོལ་སྤྱོད་ཐད་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་སོང་།
ཡང་ལ་ལས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་བོད་རྒྱ་ཞི་མོལ་ལམ་འབྲེལ་མོལ་གནང་དགོས་གལ་དུས་ལ་བབས་ཡོད་པ་ནན་བརྗོད་དང་། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མི་མང་ན་གནས་སའི་རྒྱ་གར་འཕགས་པའི་ཡུལ་གྱི་མང་ཚོགས་ཁྲོད་བོད་དོན་གོ་རྟོགས་སྔར་ལྷག་སྤེལ་དགོས་གལ། དེ་བཞིན་དེང་སྐབས་དྲྭ་རྒྱའི་དུས་སུ་བོད་མི་ཚང་མས་མི་རིགས་ཀྱི་འདུ་ཤེས་འཛིན་པའི་ཐོག་བརྒྱུད་ལམ་གང་ཡོད་བེད་སྤྱོད་ཀྱིས་བོད་དོན་ཐོག་ནུས་པ་སྤུང་དགོས་པ་དང་། ལྷག་པར་དུ་སྤྱི་འཐུས་ཁག་གཅིག་གིས་འཆར་ཅན་དུ་བསྣམས་ཕེབས་པའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེ་དག་གྲོས་ཚོགས་ཀྱི་དེབ་ཐེར་དུ་བཀོད་པ་ཙམ་མ་ཡིན་པར་དངོས་སུ་ལག་བསྟར་དོན་འཁྱོལ་ཡོང་བར་གཟིགས་ཞིབ་གནང་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་གསུངས་སོང་།
ལས་རིམ་ལྟར་ན་སང་ཉིན་མུ་མཐུད་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་དང་གྲོས་ཆོད་གཏན་འབེབས་གནང་རྒྱུ་ཡིན་པ་རེད།
བཀའ་ཤག་སྐབས་བཅོ་བདུན་པའི་བཀའ་བློན་དྲུག་འོས་འདེམས།
དེ་རིང་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཐོག་སྲིད་སྐྱོང་མཆོག་ནས་ཕྱག་རོགས་བཀའ་བློན་རྣམ་པ་མཚན་འདོན་གནང་བ་ལྟར་ཚང་མ་བཀའ་ཤག་སྐབས་བཅུ་བདུན་པའི་བཀའ་བློན་དུ་བདམས་ཐོན་བྱུང་སོང་།
དེ་རིང་སྐབས་ ༡༨ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཚོགས་ཐུན་གསུམ་པའི་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཉེར་གཉིས་པའི་དགོངས་དོན་གཞིར་བཟུང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་སུ་སྐབས་ ༡༧ པའི་བཀའ་ཤག་གི་བཀའ་བློན་འོས་མི་དྲུག་རེ་རེ་བཞིན་མཚོན་འདོན་གྱིས་ལོ་རྒྱུས་ངོ་སྤྲོད་གནང་མཚམས། སྤྱི་འཐུས་ཁྲོད་ནས་བཀའ་བློན་འོས་མི་དཔལ་ལྡན་དོན་གྲུབ་ལགས་མ་གཏོགས་གཞན་འོས་མི་ཚང་མར་དགག་པ་བསྐྱོན་མཁན་བྱུང་རྐྱེན་སྤྱི་མོས་ཐོབ་མེད་སྟབས། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ངོ་ཡོད་སྤྱི་འཐུས་ ༤༤ ནས་གསང་བའི་འོས་ཤོག་འཕངས་ཏེ་བཀའ་བློན་འོས་མི་ཚང་མར་མང་མོས་ཐོབ་སོང་།
སྐབས་ ༡༧ པའི་བདམས་ཐོན་བཀའ་བློན་རྣམས་ནི། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་དང་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་མཆོག དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་མཆོག དེ་བཞིན་སྤྱི་ཟུར་དབུ་རྒྱན་བསྟན་འཛིན་མཆོག བདེ་སྲུང་དྲུང་ཟུར་ཀུན་དགའ་བཀྲ་ཤིས་མཆོག སྤྱི་འཐུས་པདྨ་མཚོ་མཆོག་བཅས་ཡིན་པ་རེད།
ལྷག་པར་དུ་དེ་རིང་གསང་བའི་འོས་ཤོག་འཕེན་སྐབས་བཀའ་དྲུང་ཚེ་རྒྱལ་མཆོག་ལ་འོས་གྲངས་ ༣༠ ཐོབ་ཡོད་པ་དང་། དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་མཆོག་ལ་འོས་གྲངས་ ༣༣ ། སྤྱི་ཟུར་དབུ་རྒྱན་བསྟན་འཛིན་མཆོག་ལ་འོས་གྲངས་ ༢༤ ། བདེ་སྲུང་དྲུང་ཆེ་ཟུར་པ་ཀུན་དགའ་བཀྲ་ཤིས་མཆོག་ལ་འོས་གྲངས་ ༢༩ ། སྤྱི་ཟུར་པདྨ་མཚོ་མཆོག་ལ་འོས་གྲངས་ ༢༤ བཅས་དང་། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་སུ་སྤྱི་མོས་ཐོབ་སྟེ་བཀའ་བློན་དུ་བདམས་ཐོན་བྱུང་ཡོད།
དེ་རིང་གྲོས་ཚོགས་སུ་བཀའ་བློན་དྲུག་བདམས་ཐོན་བྱུང་མཚམས་སུ་གསར་འགོད་པས་སྲིད་སྐྱོང་མཆོག་ལ་བཀའ་འདྲི་ཞུས་ཡོད།
ལས་རིམ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཚན་བཏོན་གནང་བ་བཞིན། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་འདེམས་ཐོན་བྱུང་བའི་སྐབས་བཅུ་བདུན་པའི་བཀའ་བློན་དྲུག་ནས་སང་ཉིན་ཕྱི་ཟླ་ ༦ ཚེས་ ༣ རེས་གཟའ་ལྷག་པའི་ཉིན་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་དངོས་སུ་དམ་འབུལ་གནང་གི་ཡོད་པ་རེད་འདུག




