Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

རྩེད་འགྲན་པ་ཚོ་པེ་ཅིན་གྱི་དགུན་དུས་ཨོ་རྩལ་ལ་མཉམ་ཞུགས་གནང་རྒྱུ་མེད་པའི་འབོད་སྐུལ།

ཨ་རིའི་ Boston Celtic རུ་ཁག་གི་སིལ་སྤོལ་རྩེད་འགྲན་པ་སྐུ་ཞབས་ Enes Kanter Freedom ལགས་ཀྱིས་ཨོ་རྩལ་རྩེད་འགྲན་པ་ཚོས་རྒྱ་ནག་པེ་ཅིང་ནང་འཚོགས་ལ་རན་པའི་དགུན་དུས་ཨོ་རྩལ་འགྲན་བསྡུར་ལ་མཉམ་ཞུགས་གནང་རྒྱུ་མེད་པའི་འབོད་སྐུལ་གནང་བ་དང་སྦྲགས།  རྩེད་འགྲན་པ་ཚོས་དངུལ་དངོས་ལས་བཟང་སྤྱོད་དེ་གལ་ཆེན་དུ་བརྩི་དགོས་པར་གསུངས་འདུག དེ་ཡང་བྷི་བྷི་སི་གསར་ཁང་གི་གླེང་མོལ་ལས་རིམ་ཞིག་གི་ཐོག་ Kanter Freedom ལགས་ཀྱིས་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་འབྲེལ།  ད་ལྟ་ང་ཚོས་བཀའ་མོལ་གནང་བཞིན་པའི་སྐབས་སུ་རྒྱ་གཞུང་གིས་མི་རིགས་རྩ་གཏོར་གྱི་ལས་གཞི་རྩོམ་བཞིན་ཡོད་པ་དང་སྒོས་སུ་རྩེད་འགྲན་པ་དང་གློག་བརྙན་འཁྲབ་སྟོན་པ་རེད།  དེ་བཞིན་གཞས་པ་གཞས་མ་སོགས་ལ་རང་ཉིད་སོ་སོའི་སྡིངས་ཆ་ཡོད་ནའང་དངུལ་དང་ཚོང་ཁོ་ནར་གལ་ཆེར་བཟུང་པའི་ཐོག་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་བར་ཞེད་སྣང་གནང་གི་ཡོད་པ་རེད།  འོན་ཀྱང་རྩེད་འགྲན་པ་ཚོས་རང་ཉིད་ལ་ཡོད་པའི་སྡིངས་ཆ་བེད་སྤྱོད་ཀྱིས་འཛམ་གླིང་ཁྲོད་ད་ལྟ་དཀའ་ངལ་མྱོང་བཞིན་པའི་མང་ཚོགས་ཀྱི་སྐུ་ཚབ་མཚོན་ཐུབ་པ་གནང་རྒྱུ་གལ་ཆེན་རེད་ཅེས་གསུངས་འདུག ལྷག་པར་ཁོང་གིས་པེ་ཅིན་གྱི་ཨོ་རྩལ་དང་འབྲེལ་རྩེད་འགྲན་པ་དང་ལྷན་དུ་ཐད་ཀར་བཀའ་མོལ་གནང་གི་ཡོད་པ་དང་།  ཁོང་གིས།  རྩེད་འགྲན་པ་ཚོས་མི་རིགས་རྩ་གཏོར་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་སྲིད་བྱུས་ལག་བསྟར་བྱེད་མཁན་རྒྱ་ནག་ལྟ་བུའི་ནང་རྩེད་འགྲན་གནང་རྒྱུ་མིན་ཞེས་བརྗོད་དགོས་པ་གསུངས་འདུག་ལ།  མ་ཟད་བོད་མི་དང་ཧོང་ཀོང་བ།  དེ་བཞིན་ཡུ་གུར་བ་དང་ནང་སོག་མི་མང་སོགས་ཀྱིས་རྒྱ་ནག་གི་གཉའ་གནོན་འོག་སྡུག་སྦྱོང་མྱངས་དང་མྱོང་བཞིན་ཡོད་པས།  རང་ཉིད་ངོས་ནས་དེར་གང་ཡང་མ་གསུངས་པར་ཁུ་སིམ་པོར་བཞུགས་བསྡད་འགྲིག་ཡ་མེད་པའི་དགོངས་ཚུལ་གསུངས་འདུག གཞི་རྩའི་པེ་ཅིང་གི་དགུན་དུས་ཨོ་རྩལ་ཐོག་ལ་ཨ་རི་གཙོས་པའི་དབྱིན་ཡུལ་དང་ཁེ་ན་ཌ།  ཨོ་སི་ཀྲོ་ལི་ཡ།  ནེ་ཌར་ལེནཌ།  ཌེན་མཀ་སོགས་རྒྱལ་ཁབ་ཁག་ཅིག་ནས་དེ་གའི་གཞུང་འབྲེལ་སྐུ་ཚབ་གཏང་རྒྱུ་མིན་པའི་གསལ་བསྒྲགས་གནང་ཡོད་པ་མ་ཟད།  སྐུ་ཞབས་ Kanter Freedom ལགས་ཀྱིས་ཀྱང་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ནས་པེ་ཅིན་ནང་དགུན་དུས་ཨོ་རྩལ་འགྲན་བསྡུར་འཚོགས་བཅུག་པར་སྐྱོན་བརྗོད་ཤུགས་ཆེར་གནང་ཡོད་པ་རེད།རྩ་བའི་Kanter Freedom ལགས་ནས་འདས་པའི་དུས་ཡུན་ནང་བོད་དང་ཡུ་གུར་མི་རིགས་སོགས་ཀྱི་གནད་དོན་ཐད་བསྟུད་མར་གླེང་སློང་གིས་ཞེད་སྣང་མེད་པའི་ཐོག་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེར་གནང་མཁན་ཞིག་ཆགས་ཀྱི་ཡོད་པ་དང་།  ཉེ་ལམ་ཁོང་ཨ་རིའི་མི་སེར་ཆགས་རྗེས་ Enes Kanter Freedom ཞེས་མིང་བརྗེ་བོ་བརྒྱབ་གནང་བ་རེད།  སྐུ་ཞབས་ Kanter Freedom ལགས་ཀྱི་མིང་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཝེ་པཱོ་ཐོག་བཀག་སྡོམ་བྱས་ཡོད་པ་མ་ཟད།  ཁོང་གི་སིལ་སྤོལ་རུ་ཁག་གི་རྩེད་འགྲན་རྣམས་ཀྱང་རྒྱ་ནག་ནང་སྟོན་རྒྱུ་བཀག་སྡོམ་བྱས་ཡོད་པ་རེད།      

ནེ་ཌར་ལེནཌ་དང་ཌེན་མཀ་གཞུང་ནས་ཀྱང་རྒྱ་ནག་གི་དགུན་དུས་ཨོ་རྩལ་ལ་གཞུང་འབྲེལ་སྐུ་ཚབ་མི་གཏོང་རྒྱུའི་ཐག་གཅོད།

ཨ་རི་དང་དབྱིན་ཡུལ་གཙོས་པའི་རྒྱལ་སྤྱིའི་རང་དབང་ཅན་གྱི་རྒྱལ་ཁབ་མི་ཉུང་བ་ཞིག་ནས་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོལ་རོལ་གཏོང་བཞིན་པའི་བྱ་སྤྱོད་སྤྱི་དང་། ལྷག་པར་དུ་རྒྱ་ནག་སྤྱི་ཙམ་མ་ཟད། བོད་དང་ཤིང་ཅང་། ཧོང་ཀོང་སོགས་ནང་གི་ཆེས་ཞན་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་དང་འབྲེལ་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནང་འཚོགས་ལ་ཉེ་བའི་རྒྱལ་སྤྱིའི་དགུན་དུས་ཨོ་ལོམ་པིག་རྩེད་འགྲན་སྐབས་སུ་གཞུང་འབྲེལ་སྐུ་ཚབ་མི་སྣ་ཆེད་གཏོང་མི་བྱེད་རྒྱུའི་ཐག་གཅོད་གནང་ཡོད་པ་ལྟར། ཉེ་ཆར་རེས་གཟའ་པ་སངས་ཉིན་ཡུ་རོབ་ཀྱི་རྒྱལ་ཁབ་ Netherlands དང་ Denmark གཞུང་ནས་ཀྱང་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་ལོམ་པིག་རྩེད་འགྲན་ཐོག་ལ་གཞུང་འབྲེལ་སྐུ་ཚབ་མི་སྣ་གཏང་རྒྱུ་མིན་པའི་ཐག་གཅོད་གནང་འདུག དེ་ཡང་ Denmark རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Jeppe Kofod ལགས་ནས། Denmark རྒྱལ་ཁབ་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་སེམས་འཚབ་བྱེད་བཞིན་པ་དེ་ནི་གསང་བ་བྱེད་དགོས་པའི་གནད་དོན་ཞིག་མིན་པར་དེ་སྔ་ནས་དེའི་ཐོག་འཛེམ་ཟོན་མེད་པར་བཞེངས་ཕྱོགས་བརྟན་པོ་འཛིན་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། འདི་ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་ལོམ་པིག་གོ་སྒྲིག་ཞུ་ཡུལ་རྒྱ་ནག་ཁབ་ཀྱི་ད་ལྟའི་ཆེས་ཞན་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་གཞིགས་ཏེ་ Denmark སྲིད་གཞུང་ནས་རྒྱ་ནག་གི་དགུན་དུས་ཨོ་ལོམ་པིག་རྩེད་འགྲན་དངོས་ཀྱི་སྐབས་སུ་གཞུང་འབྲེལ་སྐུ་ཚབ་མི་སྣ་གཏང་རྒྱུ་མིན་ཞེས་གསུངས་འདུགདེ་བཞིན་Netherlands རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Frits Kemperman ལགས་ནས། ཐེངས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་ལོམ་པིག་རྩེད་འགྲན་ཐོག་ལ་རྩེད་མོ་བ་རྣམ་པ་སྔར་རྒྱུན་བཞིན་མཉམ་ཞུགས་གནང་གཏན་འཁེལ་ཡོད་ཀྱང་། གཞུང་འབྲེལ་སྐུ་ཚབ་མི་སྣའི་རིགས་རྩེད་འགྲན་དངོས་ཀྱི་ཐོག་ལ་ཆེད་གཏོང་མི་བྱེད་རྒྱུའི་ཐག་གཅོད་ཟིན་ཡོད་པ་གྲགས་གནང་ཡོད་པ་དང་། སྐབས་དེར་ཁོང་ནས་ Netherlands སྲིད་གཞུང་གི་ཐག་གཅོད་འདི་ནི་ཨ་རི་དང་དབྱིན་ཡུལ་སོགས་ཀྱི་ཆབ་སྲིད་རང་བཞིན་གྱི་ཐག་གཅོད་ཅིག་མིན་ཡང་། ད་ལྟའི་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲགས་གནས་སྟངས་ཁྲོད་ Netherlands སྲིད་གཞུང་གིས་སྐུ་ཚབ་མི་སྣ་ཞིག་རྒྱ་ནག་གི་དགུན་དུས་ཨོ་ལོམ་པིག་རྩེད་འགྲན་ཐོག་བཏང་ཡང་། ཕྱོགས་ཕན་ཚུན་དབར་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དོན་ཕན་ལྡན་པའི་གྲོས་མོལ་ཞིག་ཡོང་རྒྱུ་ཁག་པོ་ཡིན་སྟབས། གཞུང་འབྲེལ་སྐུ་ཚབ་མི་སྣ་ཆེད་གཏོང་མི་བྱེད་རྒྱུའི་ཐག་གཅོད་གནང་ཡོད་པ་འགྲེལ་བརྗོད་གནང་འདུགགཞི་རྩའི་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་དུ་ཟླ་བ་རྗེས་མའི་ཕྱི་ཚེས་ ༢ ནས་ ༢༠ བར་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལོམ་པིག་རྩེད་འགྲན་དངོས་སུ་ཚོགས་གཏན་འཁེལ་ཡོད་པ་དང་། རྩེད་འགྲན་འདི་དང་འབྲེལ་ད་བར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་རྒྱ་ནག་གི་བཙན་འཛུལ་དང་དྲག་པོའི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་ཡུ་གུར་བ་དང་། ཧོང་ཀོང་མང་གཙོའི་ལས་འགུལ་བ། གཞན་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་གྱི་ཚོགས་སྒེར་མང་དག་ཅིག་ནས་གནད་འགག་ཆེ་བའི་རྒྱལ་སྤྱིའི་རྩེད་འགྲན་དེ་རྒྱ་ནག་ནང་འཚོགས་རྒྱུའི་འོས་བབ་མེད་པ་དང་། རྒྱ་སྤྱིའི་གཞུང་ནས་རྩེད་འགྲན་དེར་མཉམ་ཞུགས་མི་གནང་རྒྱུ་སོགས་ཀྱི་ཞི་རྒོལ་དང་ཞུ་གཏུགས་ཀྱི་ལས་འགུལ་སྣ་མང་སྤེལ་མུས་ཡིན་པ་དང་། ཉེ་ཆར་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ངོས་ནས་རྩེད་འགྲན་དེ་དངོས་སུ་འགོ་འཛུགས་པར་ཟླ་བ་གཅིག་ཀྱང་མེད་པའི་དུས་སྐབས་དང་བསྟུན། རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་རྒྱ་ནག་གི་དགུན་དུས་ཨོ་ལོམ་པིག་རྩེད་འགྲན་དེ་བེད་སྤྱོད་བཏང་སྟེ། རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་བཟང་དུ་གཏོང་དགོས་པའི་ཐོག་ལ་གནོན་ཤུགས་སྤྲོད་དགོས་པ་གསུངས་འདུག ལྷག་པར་དུ་ཚོགས་པ་དེའི་རྒྱ་ནག་སྡེ་ཚན་གྱི་ཉམས་ཞིབ་པ་ Alkan Akad ལགས་ནས། རྒྱལ་སྤྱིའི་སྲིད་གཞུང་རྣམས་ནས་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཤེས་བཞིན་དུ་རྣམ་གཡེང་དུ་གཏང་རྒྱུ་དེ་ནི་འོས་འཚམས་ཤིག་མིན་པ་དང་། སྲིད་གཞུང་ཁག་གི་འགོ་ཁྲིད་རྣམས་ནས་ཐེངས་དའིའི་རྩེད་འགྲན་གྱི་གོ་སྐབས་དམ་འཛིན་ཐོག་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དྲི་རྩད་སོགས་བརྒྱུད་འགན་ཁུར་ལྡན་པ་ཞིག་བཟོ་རྒྱུའི་ཐོག་ལ་དགོངས་པ་བཞེས་དགོས་པ་གསུངས་འདུག མ་ཟད་རྒྱལ་སྤྱིའི་ཨོ་ལོམ་པིག་རྩེད་འགྲན་ཚོགས་ཆུང་ངོས་ནས་ཀྱང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དགོངས་པ་བཞེས་དགོས་པ་དང་། ལྷག་པར་དུ་རྩེད་འགྲན་དངོས་ཀྱི་སྐབས་སུ་རྒྱལ་སྤྱིའི་རྩེ་མོ་བ་རྣམ་པའི་བདེ་འཇགས་དང་། ལྷག་པར་དུ་སྐབས་དེར་ཞི་རྒོལ་དང་། རྒྱ་ནག་གཞུང་གི་བྱེད་སྟངས་ལ་མི་འདོད་པའི་རྣམ་པ་རིགས་སྟོན་མཁན་བྱུང་པའི་སྐབས་སུ་སྨྲ་བརྗོད་རང་དབང་ལ་བརྩི་སྲུང་དང་སྲུང་སྐྱོབ་ངེས་པར་དུ་བྱེད་དགོས་པ་སོགས་ཀྱི་ཞུ་སྐུལ་ཁག་ཅིག་གནང་འདུགདེ་བཞིན་ཉེ་ཆར་བཞུགས་སྒར་དུ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་ཀྱང་རྒྱ་ནག་གི་དགུན་དུས་ཨོ་རྩལ་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བའི་སྐབས་སུ་ད་བར་ཨ་རི་དང་དབྱིན་ཡུལ། ཁ་ན་ཊ། ཨོ་གླིང་། ལི་ཐུའུ་ནི་ཡ། New Zealand དེ་བཞིན་ཉི་ཧོང་དང་ Scotland སོགས་རྒྱལ་སྤྱིའི་རང་དབང་ཅན་གྱི་རྒྱལ་ཁབ་མི་ཉུང་བ་ཞིག་ནས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་ཐོག་ལ་གཞུང་འབྲེལ་སྐུ་ཚབ་མི་སྣ་མི་གཏོང་རྒྱུའི་ཐག་གཅོད་གསལ་བསྒྲགས་གནང་པ་དེ་ནི་ད་བར་སྤེལ་བའི་ལས་འགུལ་གྱི་གྲུབ་འབྲས་ཤིག་ལ་ངོས་འཛིན་དང་སྦྲགས། བཙན་བྱོལ་བོད་མི་གནས་ཡུལ་གྱི་རྒྱལ་ཁབ་གཙོ་གྲས་རྒྱ་གར་སྲིད་གཞུང་གི་ངོས་ནས་ཀྱང་གནས་སྐབས་ཀྱི་ཁེ་ཕན་ལ་མ་གཟིགས་པར། རྒྱ་ནག་གི་དགུན་དུས་ཨོ་རྩལ་སྐབས་གཞུང་འབྲེལ་སྐུ་ཚབ་མི་སྣ་མི་གཏོང་རྒྱུའི་ཐག་གཅོད་གནང་དགོས་པའི་དགོས་འདུན་བཏོན་ཡོད། ད་རེས་ WION དང་ Economic Times སོགས་གསར་ཁང་ཁག་ཅིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། འདས་པའི་ཟླ་ཤས་གོང་ལ་རྒྱ་གར་གཞུང་ནས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་ལོམ་པིག་རྩེད་འགྲན་ལ་རྒྱབ་སྐྱོར་ཡོད་སྐོར་གསུངས་ཡོད་ཀྱང་། རྒྱ་གར་གཞུང་ནས་རྩེད་འགྲན་དངོས་ཀྱི་སྐབས་སུ་རྒྱ་ནག་ནང་ལ་གཞུང་འབྲེལ་སྐུ་ཚབ་མི་སྣ་ཆེད་གཏོང་གནང་རྒྱུའི་འཆར་གཞི་གང་ཡང་མེད་པ་གསུང་བཞིན་འདུག      

རྒྱ་རིགས་ཁྲིམས་རྩོད་པ་ཞིག་གིས་དབྱིན་ཡུལ་གྲོས་ཚོགས་སུ་གསང་མྱུལ་བྱེད་བཞིན་པ་ཕྱིར་བསྒྲགས།

དབྱིན་ཡུལ་དུ་ལོ་མང་གི་རིང་ལ་ཁྲིམས་རྩོད་ཀྱི་ལས་ཀ་གཉེར་བཞིན་པའི་རྒྱ་རིགས་བུད་མེད་Christine Lee ཟེར་བ་ཞིག་གིས་དབྱིན་ཡུལ་ཁུལ་དུ་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་གསང་མྱུལ་གྱི་ལས་ཀ་བྱས་ཏེ། ཁུལ་དེའི་གྲོས་ཚོགས་ཀྱི་ཆེས་མཐོའི་དཔོན་རིགས་ཁག་ཅིག་ལ་དངོས་དངུལ་གྱི་ཞལ་འདེབས་སྤྲད་ནས་གྲོས་ཚོགས་ཀྱི་ཚོགས་མི་གཞན་ལ་འབྲེལ་བ་བཟོ་ཐབས་བརྒྱུད་དབྱིན་ཡུལ་གྲོས་ཚོགས་སུ་རྒྱ་ནག་གི་གནད་དོན་དང་འབྲེལ་ནས་རྒྱབ་སྐྱོར་འཚོལ་ཐབས་བྱས་ཡོད་པ་ཡོངས་གྲགས་གནང་འདུགདེ་ཡང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་ཁག་ལ་གཞིགས་ན། བདུན་ཕྲག་སྔོན་མའི་ནང་དུ། དབྱིན་ཡུལ་ཁུལ་གྱི་གསང་བའི་ལས་ཁུངས། MI5 ཞེས་པས་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཆེད་དུ་ཉེན་བརྡའི་ཡི་གེ་ཞིག་བཏང་སྟེ།  Christine Lee གྱིས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་ཚབ་བྱས་ཏེ།  དབྱིན་ཡུལ་གྲོས་ཚོགས་འཐུས་མི་རྣམས་ལ་འབྲེལ་བ་བྱས་བ་བརྒྱུད་ནས་ཡུལ་དེའི་ཆབ་སྲིད་ནང་དུ་ཐེ་ཇུས་བྱེད་བཞིན་ཡོད་པ་མངོན་གསལ་གནང་ཡོད་པ་དང་། ཡི་གེ་དེའི་ནང་གསལ་ལྟར་ན། ཁོང་གིས་དབྱིན་ཡུལ་གྱི་ཆེས་མཐོའི་དཔོན་རིགས་ཁག་གཅིག་ལ་ཞལ་འདེབས་སྤྲད་པའི་ཁྲོད་དུ། དབྱིན་ཡུལ་གྱི་ངལ་རྩོལ་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ Barry Gardiner ཞེས་པར་འདས་པའི་ལོ་ལྔའི་ནང་དབྱིན་སྒོར་འབུམ་བཞི་དང་ཁྲི་གཉིས་ལྷག་ཞལ་འདེབས་ཡོད་པ་མ་ཟད།དོགས་ཡོད་ཀྱི་གསང་མྱུལ་བའི་བུ་ཡིས་ཀྱང་Gardiner གྱི་ལས་ཁུངས་ནང་ཆབ་སྲིད་དང་འབྲེལ་བའི་ཉམས་ཞིབ་ཀྱི་ལས་ཀ་གཉེར་ཡོད་འདུག བྷི་བྷི་སི་གསར་ཁང་གིས་བརྗོད་དོན་ལྟར་ན། དབྱིན་ཡུལ་ཁུལ་གྱི་གསང་བའི་ལས་ཁུངས།MI5ངོས་ནས་སྔོན་ཆད་ཨུ་རུ་སུའི་ལས་དོན་ཞིག་དང་འབྲེལ་ནས་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་ལས་ཐེངས་འདིར་བུད་མེད་དེ་མིང་འདོན་གྱིས་རྒྱ་ནག་གི་གསང་མྱུལ་གནད་དོན་ཕྱིར་བསྒྲགས་བྱས་པ་དེ་ཐོག་མ་ཆགས་ཡོད་པ་རེད་འདུགགཞི་རྩའི་ Christine Lee ཞུ་བ་དེ་རང་ལོ་བཅུ་གཉིས་ཀྱི་སྟེང་ནས་དབྱིན་ཡུལ་དུ་སླེབས་ཡོད་པ་ཞིག་ཆགས་ཡོད་པ་དང་། ད་ཆ་ཁོ་མོས་ཁྲིམས་རྩོད་ཀྱི་ལས་ཀ་གཉེར་མུས་ཡིན་པ་མ་ཟད། དབྱིན་ཡུལ་ཁུལ་གྱི་རྒྱ་ནག་གཞུང་ཚབ་ཁང་གི་ཁྲིམས་ལུགས་དང་འབྲེལ་བའི་སློབ་སྟོན་པའི་འགན་ཡང་འཁུར་མུས་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་ཉེ་སྔོན་ཁོ་མོ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་དུས་སྟོན་གྱི་སྟེང་དུ་ཡང་གཞུང་འབྲེལ་གྱིས་གདན་འདྲེན་ཞུས་ཡོད་པ་ཞིག་ཆགས་ཡོད་འདུག དབྱིན་ཡུལ་གྱི་སྲིད་བློན་ཟུར་པ་ལྕམ Theresa May ལགས་ཀྱིས ༢༠༡༩ ལོར་Christine Lee ཞུ་བར་ཁོང་མོས་རྒྱ་ནག་དང་དབྱིན་ཡུལ་གཉིས་ཀྱི་འབྲེལ་ལམ་ཐད་ཞབས་འདེགས་ཞུས་ཡོད་པར་ངོས་འཛིན་གྱིས་གཟེངས་རྟགས་ཕུལ་ཡོད་པ་དང་། དེ་བཞིན་ད་ལྟ་སྤྱི་ཚོགས་དྲ་ལམ་དུ་གནས་ཚུལ་ཐོན་པའི་ནང་དུ།  ཕྱི་ལོ་ ༢༠༡༥ ལོར་ཡང་གསང་མྱུལ་བ་དེ་དབྱིན་ཡུལ་གྱི་སྲིད་བློན་ཟུར་པ་David Cameron ་མཉམ་དུ་མཛད་སྒོ་ཞིག་ནས་མཉམ་དུ་པར་བླངས་དང་། གཞན་ཡངདབྱིན་ཡུལ་གྱི་ངལ་རྩོལ་ཚོགས་པའི་འགོ་ཁྲིད་ཟུར་པ་ Jeremy Corbyn ལགས་དང་ལྷན་དུ་ཡང་པར་བླངས་ཡོད་པ་སོགས་ཁོ་མོ་དབྱིན་ཡུལ་གྱི་མཐོ་རིམ་དཔོན་རིགས་མང་པོར་འབྲེལ་བ་བྱུང་ཡོད་པར་འགྲེལ་བརྗོད་གནང་འདུག ཐེངས་འདིར་དབྱིན་ཡུལ་གྱི་གསང་བའི་ལས་ཁུངས་ཀྱི་ཉེན་བརྡ་དང་། དེ་བཞིན་དབྱིན་ཡུལ་གྲོས་ཚོགས་ཀྱི་ཚོགས་གཙོ་Lindsay Hoyle ལགས་ཀྱིས་གསར་ལམ་ཁག་ཏུ་རྒྱ་ནག་གི་གསང་མྱུལ་བ་དེའི་སྐོར་གྱི་གནས་ཚུལ་ཕྱིར་བསྒྲགས་བྱས་པ་དང་འབྲེལ་ནས། དབྱིན་ཡུལ་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གིས། ཐེངས་འདིར་དབྱིན་ཡུལ་གཞུང་གིས་རྒྱ་ནག་གསང་མྱུལ་བ་ཕྱིར་བསྒྲགས་བྱས་པའི་གནད་དོན་དེར་ངོས་ལེན་མེད་པར་བསྒྲགས་པ་མ་ཟད།  དབྱིན་ཡུལ་གྱི་བྱེད་བབ་དེ་ནི་ཁུལ་དེར་ཡོད་པའི་རྒྱ་རིགས་མི་མང་གི་ཆེ་མཐོང་གཅོག་བྱེད་ཀྱི་དྲིལ་བསྒྲགས་ལྟ་བུ་ཞིག་ཡིན་པར་སྐྱོན་བརྗོད་ཀྱིས། རྒྱ་རིགས་མི་མང་གིས་ཕྱི་རྒྱལ་གྱི་ནང་སྲིད་ཀྱི་གནད་དོན་ལ་ཐེ་ཇུས་མི་བྱེད་རྒྱུའི་རྩ་འཛིན་དམ་པོར་བཟུང་ཡོད་པའི་ལམ་འདེབས་བྱས་འདུགལར་ནས་དབྱིན་ཡུལ་གྱི་རྒྱལ་སྲུང་བློན་ཆེན་སྐུ་ཞབས་ Damian Hinds ལགས་ཀྱིས་ཁུལ་དེའི་གསང་བའི་ལས་ཁུངས་ཀྱི་Christine Lee ཡིས་རྒྱ་ནག་དབུས་ཐབས་ཕྱོགས་གཅིག་འགྱུར་ཁང་གི་ཚབ་བྱས་ནས་དབྱིན་ཡུལ་ནང་སོ་མྱུལ་གྱི་ལས་དོན་སྤེལ་བཞིན་པའི་གནས་ཚུལ་སྐོར་ལ་རྟོག་ཞིབ་མཐིལ་ཕྱིན་པ་གནང་རྒྱུ་ཡིན་སྐོར་གསུང་བ་མ་ཟད། སྤྱིར་ཡུལ་དེའི་གསང་བའི་ཚན་པ་ཁག་ནས་ Christine Lee ཡི་གསང་བའི་ལས་དོན་སྐོར་ལ་དེ་སྔོན་ནས་ཤེས་རྟོགས་ཕྲན་བུ་ཡོད་པ་གསུངས་འདུག  

དོན་འགྲུབ་དབང་ཆེན་ལགས་ཀྱིས་རྒྱལ་ཁབ་བཅུ་བཞི་ལྷག་ལ་སྐོར་སྐྱོད་ཀྱིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ།

སྔར་ལོའི་ཟླ་བ་༡༡ པའི་ཚེས་༡༨ ནས་བཟུང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཀྱིས་ཡུ་རོབ་ཀྱི་རྒྱལ་ཁབ་བཅུ་བཞི་ལྷག་གི་ནང་དུ་སྐོར་སྐྱོད་ཀྱིས་འདི་ལོའི་ཟླ་བ་རྗེས་མའི་ནང་དུ་རྒྱ་ནག་ཏུ་འཚོགས་འཆར་གྱི་ཨོ་རྩལ་འགྲན་བསྡུར་ལ་ངོ་རྒལ་གྱི་ལས་འགུལ་སྤེལ་དེ། ཁ་སང་ནོར་ཝེ་རྒྱལ་ཁབ་ཏུ་འབྱོར་ནས་ཁུལ་དེའི་གཞུང་འབྲེལ་མི་སྣ་དང་རྩེད་འགྲན་པ་རྣམས་རྒྱ་ནག་གི་ཨོ་རྕལ་འགྲན་ཚོགས་ལ་མི་ཞུགས་རྒྱུའི་ཞུ་སྐུལ་ལས་འགུལ་དབུ་འཛུགས་གནང་འདུགཁ་སང་ཁོང་ནོར་ཝེ་ཁུལ་དུ་འབྱོར་མ་ཐག   ཁུལ་དེའི་བོད་མི་རྣམས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་མཉམ་འཛོམས་ཀྱི་ཐོག་ནས་ཁོང་གིས་ཁུལ་དེའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་ཁུལ་དེའི་རྒྱ་ཡིག་སྡེ་ཚན་གྱི་སྨྱུ་གུ་ཚོགས་པར་མཇལ་འཕྲད་གནང་བ་མ་ཟད། ནོར་ཝེ་གྲོས་ཚོགས་ཀྱི་མདུན་དུ་ད་ལྟའི་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ནས་གསུངས་བཤད་སྟེ་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ནོར་ཝེ་རྒྱལ་ཁབ་ཀྱིས་འཛུལ་ཞུགས་བྱེད་རྒྱུ་མེད་པའི་གཏམ་བཤད་ཀྱང་སྤེལ་ཡོད་པ་དང་། དེ་རིང་ཁོང་གིས་ནོར་ཝེ་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་མུས་རེད་འདུག འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ནས་དོན་འགྲུབ་དབང་ཆེན་ལགས་སུ་ཁོ་གི་ལས་འགུལ་སྐོར་ནས་བཀའ་འདྲི་ཞུས་པར་ཁོང་གིས་དེ་སྔོན་ཧྥ་རན་སི་ནས་ལས་འགུལ་དེ་འགོ་འཛུགས་ཀྱིས་ཁ་སང་ནས་ལས་འགུལ་ཁྲོད་ཀྱི་རྒྱལ་ཁབ་བཅུ་བ་སྟེ། ནོར་ཝེ་ཁུལ་དུ་སླེབས་ནས་ལུས་འགུལ་སྤེལ་མུས་ཡིན་པ་དང་འབྲེལ་ནས། ཁོང་གིས་ཐེངས་འདིའི་ལས་འགུལ་ཁྲོད་ཀྱི་དགོས་འདུན་དོན་ཚན་ཁག་ངོ་སྤྲོད་གནང་བ་ལྟར་ན། གཅིག་ནས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་དང་རྩེད་འགྲན་པ་རྣམས་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབ་དེ་ངོ་སྤྲོད་དང་། ཕྱོགས་གཞན་ཞིག་ནས། རྒྱལ་སྤྱིའི་རྩེད་འགྲན་པ་རྣམས་རྒྱ་ནག་གི་ལོག་ལམ་དུ་ཁྲིད་བཞིན་པ་དེར་གསལ་བཤད། དེ་བཞིན་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་དང་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་ལྟོས་མེད་ཀྱིས་རྒྱ་ནག་གུ་ཨོ་རྩལ་ལྷན་ཚོགས་བསྡུ་བཞིན་པའི་ནོར་འཁྲུལ་ཁག་ཐེར་འདོན་སོགས་ཡིན་པར་བསྒྲགས་སོང་། གཞན་ཡང་ཁོང་གིས། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་རྩེད་འགྲན་གྱི་རྩ་འཛིན་གྱི་ནང་དུ་རྩེད་མོ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རང་དབང་དང་འདྲ་མཉམ་མཚོན་མཚོན་ཕྱིར་རྩེད་འགྲན་གནང་གི་ཡོད་པ་ཞིག་ཡིན་ཡང་། རྒྱ་ནག་ལ་ཆ་མཚོན་ན་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་རྩ་འཛིན་གྱི་སྒྲིག་གཞིའི་ཆ་རྐྱེན་ཚང་མེད་པ་མ་ཟད། དོན་དངོས་སུ་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་བོད་ཀྱི་མཚོན་པའི་གྲངས་ཉུང་མི་རིགས་མང་པོ་ཞིག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་རྩ་འཛིན་དང་ལྡོག་ཕྱོགས་སུ་གྱུར་ཡོད་སྟབས།  རྒྱ་ནག་གིས་ཕྱི་ལོ་ ༢༠༠༨ ལོར་ཨོ་རྩལ་ལྷན་ཚོགས་ལ་ཁས་ལེན་བྱས་པའི་གནད་དོན་ཁག་རྩད་འདོན་གྱིས་ངོ་རྒོལ་དང་དྲིལ་བསྒྲགས་བྱེད་དགོས་བ་དེ་གལ་ཆེན་པོ་ཞིག་ཡིན་པར་གསུངས་སོང་། གཞན་ཡང་ཁོང་གི་ལས་འགུལ་ཁྲོད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོང་གི་ལས་འགུལ་དེར་རྣམ་འགྱུར་སྟོན་སྟངས་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས།  རྒྱལ་སྤྱིའི་གཞུང་འབྲེལ་མི་སྣ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་སྨྱུ་གུ་ཚོགས་སོགས་མང་པོ་ཞིག་ལ་མཇལ་འཕྲད་བྱུང་བའི་ཁྲོད། ཚང་མའི་བོད་ནང་གི་དངོས་ཡོད་གནས་སྟངས་ཀྱི་སྐོར་ལ་དུས་རྒྱུན་ནས་རྒྱུས་ལོན་བྱེད་བཞིན་པ་དང་འབྲེལ་ནས་མུ་མཐུད་ནས་བོད་དོན་རྒྱབ་སྐྱོར་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་སོགས་ཀྱི་རྣམ་འགྱུར་ལེགས་པོ་བསྟན་ཡོད་པར་གསུངས་སོང་། སྐབས་དེར་ཁོང་གིས་འདས་བའི་ལོ་གཉིས་ལྷག་གི་རིང་ལ་ཚོགས་སྐྱིད་ཁག་དང་མི་སྒེར་མང་པོ་ཞིག་གིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་དེར་ངོ་རྒོལ་གྱི་ལས་འགུལ་སྣ་མང་ཞིག་སྤེལ་བའི་གྲུབ་དོན་དུ་ད་ཆ་ཨ་རིའི་མཚོན་པའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱལ་ཁོངས་སོ་སོའི་གཞུང་འབྲེལ་གྱི་མི་སྣ་རྒྱ་ནག་གི་ཨོ་རྩལ་ལ་ཞུགས་རྒྱུ་མིན་པ་དེ་བཞིན་རྒྱལ་སྤྱི་མི་རིགས་དང་ཚོགས་སྡེ་མང་པོ་ཞིག་གིས་ཀྱང་རྒྱ་ནག་ཏུ་འཚོགས་འཆར་གྱི་ཨོ་རྩལ་འགྲན་ཚོགས་དེར་རྒྱབ་སྐྱོར་མེད་པའི་རྣམ་འགྱུར་བསྟོན་ཡོད་སྐོར་གསུངས་སོང་། མཐའ་མར་ཁོང་གིས། གཞི་རྩའི་ད་ལྟའི་ཆར་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་ནད་ཡམས་ཁྱབ་བརྡལ་གྱིས་གནས་སྟངས་ཛ་དྲག་པོ་ལྟ་བུ་ཞིག་ཆགས་ཡོད་ཀྱང་། བཙན་བྱོལ་བོད་མི་རྣམས་ཡུལ་དུས་གནས་མལ་གང་དུ་ཡོད་ཀྱང་གཞིས་ལུས་བོད་མི་རྣམས་ཀྱི་མགྲིབ་ཚབ་པ་ཡིན་ཟེར་ཀྱི་ཡོད་དུས། རྒྱ་ནག་ནང་གི་ཨོ་རྩལ་འཚོགས་ལ་རན་པའི་སྐབས་འདིར་རང་རང་ས་ནས་འགུལ་མུ་མཐུད་དུ་སྤེལ་རོགས་ཞེས་འབོད་སྐུལ་གནང་སོང་།

རྒྱ་སྒྱུར་སློབ་གསོའི་བཙན་བཀའི་འོག་ཏུ་མཐར་ཕྱིན་སློབ་མ་ཞིག་འཛིན་བཟུང་བཙན་ཁྲིད།

ཕྱི་ལོ་༢༠༢༡ ལོའི་ཟླ་༡༢ བའི་ཚེས་༢༠ ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་ས་གནས་ཉེན་རྟོག་པས། སློབ་ཆེན་མཐར་ཕྱིན་སློབ་མ་བློ་བསྟན་ཞུ་བ་ཞིག་གིས་སྐད་འཕྲིན་ཚོགས་པ་ཞིག་གི་ནང་དུ་མགོ་ལོག་ས་ཁུལ་གྱི་རྒྱ་སྒྱུར་སློབ་གསོར་འདོད་མོས་མེད་པའི་སྐད་ཆ་བཤད་རྐྱེན་འཛིན་བཟུང་གིས་ཟི་ལིང་གྲོང་ཁྱེར་དུ་བཙན་ཁྲིད་བཀག་ཉར་བྱས་ཡོད་འདུགའདིར་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་དུ། བློ་བསྟན་ནི་ད་ལོར་སློབ་ཆེན་སློབ་མཐར་ཕྱིན་པ་ཞིག་ཡིན་པ་དང་། ཁོང་གིས་སྲིད་གཞུང་གིས་སློབ་གྲྭ་ཁག་ནང་བོད་སྐད་བོད་ཡིག་གི་སློབ་དེབ་ཀྱི་ཚབ་ཏུ་རྒྱ་ཡིག་གི་སློབ་ཚན་ལག་བསྟར་བྱེད་བཞིན་པ་དེས། མ་འོངས་པར་བོད་རིགས་བྱིས་པ་ཚོར་རང་གི་ཕ་སྐད་མ་ཡིག་དང་འབྲེལ་བ་རྩ་བ་ནས་མེད་པ་བཟོ་ཐབས་ཤིག་ཡིན་པ་བརྗོད་རྐྱེན། ས་གནས་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་པ་ཞིག་ཡིན་པ་རེད་འདུག ཁོང་བཙན་ཁྲིད་བྱས་པའི་སྐབས་དེར་ནང་མི་ཚོར་ཁ་པར་ཡོང་ནས་བློ་བསྟན་ད་ལྟ་ཟི་ལིང་གི་བཀག་ཉར་ཁང་དུ་སློབ་གསོ་སྤྲོད་བཞིན་ཡོད་ལུགས་བཤད་པ་ཙམ་ལས། ཟི་ལིང་གི་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་དང་སློབ་གསོ་ག་རེ་སྤྲོད་ཀྱི་ཡོད་མེད་གསལ་བཤད་བྱས་མེད་པར་མ་ཟད། ནང་མིར་ཐུག་འཕྲད་ཀྱང་བྱེད་བཅུག་མི་འདུག བློ་བསྟན་ནི་ད་ལོར་ལོ་༢༣ ཡིན་པ་དང་། ཕ་ཡུལ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོང་གི་སྐྱ་རིང་གྲོང་སྡེ་ནས་ཡིན་ཞིང་། ཁོང་ནི་ནམ་རྒྱུན་བོད་ཡིག་བོད་སྐད་སྲུང་སྐྱོབ་བྱ་བ་དོན་གཉེར་གནང་མཁན་ཞིག་ཡིན་པ་དང་། འདས་ལོའི་ཕྱི་ཟླ་༩ བ་ནས་བཟུང་རྒྱ་ནག་གཞུང་གིས་མངོན་གསལ་དོད་པོར་སྤྱི་སྐད་ཟེར་བའི་རྒྱ་ཡིག་རྒྱ་སྐད་ཁྱབ་སྤེལ་བཏང་ནས། བོད་སྐད་བོད་ཡིག་གི་སློབ་གྲྭ་དང་དགེ་རྒན། སློབ་ཚན་ཁག་མེད་པར་བཟོས་ནས། དེའི་ཚབ་ཏུ་རྒྱ་སྒྱུར་སློབ་གསོ་ཤུགས་ཆེར་བཏང་བའི་རྐྱེན་གྱིས། རྒྱ་སྒྱུར་སློབ་གསོ་ལ་མི་འདོད་པའི་རྣམ་འགྱུར་སྟོན་མཁན་བོད་ཡིག་དགེ་རྒན་དང་སློབ་མ། ཤེས་ཡོན་པ་མང་པོ་འཛིན་བཟུང་བཀག་ཉར་བྱས་དང་བྱེད་མུས་རེད།གཞི་རྩའི་འདི་ལོའི་ཟླ་བ་དང་པོའི་ཚེས་ ༡༠ ཉིན་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཁུལ་གྱི་སློབ་གྲྭ་ཁག་གི་དགུན་ཁའི་གུང་གསེང་དང་སྟབས་བསྟུན་གྱིས་གཞུང་འབྲེལ་གྱི་གསལ་བསྒྲགས་ཤིག་སྐད་འཕྲིན་གྱི་སྤྱི་སྟེགས་སུ་སྤེལ་བའི་ནང་དུ། སློབ་གྲྭས་དགུན་ཁའི་གུང་གསེང་རིང་མཉམ་སྡེབ་གསབ་ཁྲིད་དང་སློབ་ཚན་གསར་པ་ཁྲིད་རྒྱུ་གཏན་འགོག་ནན་པོ་བྱེད་དགོས་པ། ཁོར་ཡུག་བཟང་པོ་ཧུར་ཐག་བཏོད་དེ་ཚན་རིག་དང་མཐུན་པའི་སྒོ་ནས་མི་སྣ་གསོ་སྐྱོང་བྱེད་པའི་འདུ་ཤེས་དྲིལ་བསྒྲགས་ཧུར་ཐག་བྱས་ནས། ཁྱིམ་བདག་ཚོས་སློབ་ཕྱིའི་གསོ་སྦྱོང་ལ་ལྟ་སྟངས་ཡང་དག་འཛིན་པ་དང་གདམ་ག་གཟབ་ནན་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་བཅས་འཁོད་ཡོད་པ་དང་། དོན་དུ་ཚན་རིག་དང་མཐུན་པའི་སློབ་གསོ་ཞེས་པ་ལས་སློབ་ཕྲུག་རྣམས་ཀྱིས་ཆོས་ལུགས་དང་དགོན་པ་སོགས་སུ་གསབ་ཁྲིད་བྱས་མི་ཆོག་པ་ཤུགས་ཀྱིས་བསྟན་འདུགམ་ཟད་སྔར་ལོའི་ཟླ་བ་བདུན་པ་ནས་བཟུང་བོད་ཁུལ་དུ་བོད་ཀྱི་སྐད་ཡིག་གཙོར་བཟུང་གི་སློབ་གྲྭ་ཁག་སྒོ་རྒྱག་དགོས་བའི་བཙན་བཀའ་བཏང་བའི་ཁྲོད། མཚོ་སྔོན་ཞིང་ཆེན་ཁོངས་སུ་ས་བགོས་བྱས་པའི་མགོ་ལོག་དར་ལག་རྫོང་གི་སེང་འབྲུག་སྟག་རྩེའི་སློབ་དངོས་སུ་སྒོ་རྒྱབ་པ་བསྟུན་ནས།  སློབ་གྲྭ་དེའི་དགེ་རྒན་རིན་ཆེན་སྐྱིད་ཞུ་བ་ཞིག་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། དེ་བཞིན་སྔར་ལོའི་ཟླ་བ་དགུ་བའི་ནང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གི་བོད་མི་གཞན་སྐྱེས་སློབ་མ་གཡང་རི་དང་མགུ་གྲགས་གཉིས་ཀྱིས་ས་གནས་སྲིད་གཞུང་གི་སྟོན་ཁའི་སློབ་དུས་སྐབས་བོད་ཡིག་སློབ་དེབ་ཚབ་ཏུ་རྒྱ་སྒྱུར་སློབ་དེབ་ངེས་ཁྱེར་དགོས་པའི་བཀོད་ཁྱབ་སྤེལ་བར་བློ་འཚབ་ཀྱིས་སྐད་འཕྲིན་ནང་དེ་འབྲེལ་གླེང་སློང་གནང་བར་བརྟེན་འཛིན་བཟུང་བྱས་པ་རེད།

རྒྱ་ནག་གི་དཔལ་འབྱོར་སྲུང་སྐྱོབ་སླད་ཆོས་ལུགས་ལ་དམ་དྲག་བྱེད་དགོས་བའི་གླེང་སློང་།

རྒྱ་ནག་དབུས་གཞུང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག   ཡུལ་དེའི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བའི་ལས་གཞི་ཁག་ལམ་ལྷོང་ཡོང་བའི་ཕྱིར། ཆོས་ལུགས་ལ་སྡང་འཛིན་ནན་མོ་བྱེད་དགོས་པར་བཤད་འདུག དེ་རིང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Bitter winter ཞེས་པའི་གསར་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། སྔར་ལོའི་ལོ་མཇུག་ཏུ་ཚོགས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་འབྲེལ། རྒྱ་ནག་དབུས་གཞུང་གི་མི་མང་བདེ་འཇགས་བློན་ཆེན་ལས་ཁུངས་ཀྱི་དམར་ཤོག་དྲུང་ཆེ Wang Xiaohong ཟེར་བའི་དཔྱད་གཏམ་ཞིག་སྤེལ་བའི་ནང་དུ། རྒྱ་ནག་གི་དཔལ་འབྱོར་ཕེལ་རྒྱས་སླད་རྒྱལ་ཁབ་ནང་བདེ་འཇགས་དགོས་གལ་ཆེ་བ་དང་། བདེ་འཇགས་དཀྲུག་གཞིའི་གནད་དོན་གཙོ་བོ་ཞིག་ནི་ཁྲིམས་འགལ་གྱི་ཆོས་ལུགས་ཁག་ཡིན་སྟབས། ཆོས་ལུགས་ལ་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཧ་ཅང་དགོས་གལ་ཆེ་བར་འགྲེལ་བརྗོད་བྱས་འདུགགསར་ཁང་གིས་ད་དུང་། ཆོས་ལུགས་ལ་དམ་དྲག་བྱེད་རྒྱུ་དེ་ནི་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལྟ་གྲུབ་ཅིག་ཡིན་པ་དང་། ཡུལ་དེའི་ལོ་རྒྱུས་སློབ་དེག་ཁག་གི་ནང་དུའང་ཡུ་རོབ་ཤར་མའི་རྒྱལ་ཁབ་རྣམས་ཀྱིས་ཆོས་ལུགས་ལ་རང་དབང་ཆེས་ཆེར་སྤྲད་དེ་སྤྱི་མང་ལ་དམ་དྲ་མ་བྱས་པའི་རྐྱེན་གྱིས་རྒྱལ་ཁབ་ཉམས་དམས་སུ་གྱུར་ཡོད་པར་འགྲེལ་བརྗོད་བྱས་པའི་ཁོངས་སུ། གཙོ་བོ་པཱོ་ལན་ཊི་དང་ཧང་གྷ་རི།་དེ་བཞིན་ལཱི་ཐོ་ཎི་ཡ་སོགས་ཡིན་པར་བཀོད་པ་ལུང་འདྲེན་དང་འབྲེལ། སྤྱིར་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་འཁོར་དཔལ་འབྱོར་ལས་དོན་ཚོགས་འདུ་དེ་ནི་ཚོང་ལས་ཡིན་པ་ལས་ཆོས་ལུགས་དང་འབྲེལ་བ་མེད་ནའང་། Wang Xiaohong ཡིས་སྤེལ་བའི་དཔྱད་གཏམ་ལས་ཐེངས་འདིའི་ཚོགས་འདུ་དེའང་ཆོས་ལུགས་ཀྱི་གནད་དོན་དང་འབྲེལ་བ་ཆེན་པོ་ཆགས་ཡོད་པ་བརྗོད་འདུག དེའང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཟླ་བ་སྔོན་མའི་ཚེས་ ༨ ནས་༡༠ བར་དཔལ་འབྱོར་གྱི་ཚོགས་འདུ་དེ་ཚོགས་པ་དང་བསྟུན། ཟླ་འདིའི་ཚེས་ལྔ་ཉིན། Wang Xiaohong  གྱིས་རྒྱ་ནག་གི་ཉིན་རེའི་ཚགས་པར་དང་དམར་ཤོག་ཚོགས་པའི་དྲ་གནས་སྟེང་དཔྱད་བརྗོད་སྤེལ་བའི་ནང་དུ། རྒྱ་ནག་གི་དམར་ཤོག་ཚོགས་མི་རྣམས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་གཙོར་འཛིན་བྱེད་བཞིན་པའི་སྲོལ་རྒྱུན་གྱི་ Guotai Minan ཞེས་པ་སྟེ། དོན་དུ་མི་མང་བདེ་འཇགས་ཡིན་དུས་རྒྱ་ནག་དར་རྒྱས་ཆེན་པོ་འགྲོ་ངེས་བའི་ལྟ་སྤྱོད་ཀྱིས་སེམས་སྐུལ་ཆེན་པོ་ཐེབས་ཡོད་པ་མངོན་གསལ་དང་འབྲེལ། ཁོང་ངོས་ནས་Guotai Minan ཞེས་པའི་སྲོལ་རྒྱུན་གྱི་ལབ་སྲོལ་དེའི་དོན་ནི། རྒྱལ་ཁབ་ནང་དཔལ་འབྱོར་གོང་འཕེལ་ཡོང་བར་གཙོ་བོ་ཁྲིམས་འགལ་གྱི་ཆོས་ལུགས་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་དཀྲུག་གཞིའི་ལས་དོན་ཁག་ལ་མཐའ་གཅིག་ཏུ་དམ་དྲག་བྱ་དགོས་པ་དེ་ཡིན་སྐོར་བརྗོད་འདུག ཁོས་དཔྱད་གཏམ་དེའི་ནང་རྒྱ་ནག་གི་སྤྱི་བདེ་མི་སྣས་ཕྱིའི་སྟོབས་ཤུགས་ཁག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་ལ་འགོག་རྐྱེན་བཟོ་ཆེད་གྲངས་ཉུང་མི་རིགས་དང་ཆོས་ལུགས་ཀྱི་གནད་དོན་སོགས་བེད་སྤྱོད་བྱེད་པ་ཁག་ལ་ཁྲིམས་སྒྲིག་ལག་བསྟར་གྱིས་ལྟ་རྟོག་ནན་མོ་བྱེད་རྒྱུའི་སྐུལ་མ་བྱས་པ་མ་ཟད། ཁ་བྲལ་གྱི་བྱ་སྤྱོད་དང་རྒྱལ་ཁབ་བརྟན་བརླིང་ལ་ཚོད་འཛིན་བྱེད་དགོས་བ་དང་། དེ་བཞིན་ཁྲིམས་ཀྱི་དབང་སྒྱུར་ཟེར་བའི་བསམ་བློ་ཁྱེར་ནས་ཆོས་ལུགས་དང་གྲངས་ཉུང་མི་རིགས་ཁྲོད་རྩོད་རྙོག་བཟོ་མཁན་རྣམས་ལ་དམ་དྲག་བྱེད་དགོས་པ་བརྗོད་འདུག གཞི་རྩའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཆབ་སྲིད་ཀྱི་འགན་ཁུར་བ་ནས་བཟུང་བོད་ཁུལ་ཡོངས་སུ་ཆོས་ལུགས་རྒྱ་སྒྱུར་དང་སྐད་ཡིག་རྒྱ་སྒྱུར་གྱིས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ལ་དམ་དྲག་ཆེས་ཆེར་བྱེད་བཞིན་པ་ཡོངས་གྲགས་ཆགས་ཡོད་པ་དང་། ཉེ་སྔོན། རྒྱ་ནག་གིས་བོད་ཁུལ་དུ་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་འགྲེལ་ནས་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་སྤྱི་ཡོངས་ནས་རྒྱ་ནག་གིས་ཆོས་དེ་དུག་རྩ་ལྟ་བུར་ངོས་འཛིན་བྱེད་བཞིན་པ་མ་ཟད། བོད་ཁུལ་དུ་༸གོང་ས་མཆོག་གི་ཤུགས་རྐྱེན་གཙང་བཟོ་བྱེད་རྒྱུར་དམིགས་ནས་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ཞིག་ཡིན་པར་གསུངས་ཡོད།

བྲག་མགོའི་ནང་གི་ཁྲིམས་འགལ་གྱི་བྱ་སྤྱོད་འགོག་ཆེད་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྐུལ།

རྒྱ་ནག་གཞུང་གིས་བོད་ས་ཡོངས་དང་། ལྷག་པར་ཁམས་བྲག་མགོ་རུ་འདས་པའི་ལོ་ཤས་ནས་མི་སྤྱོད་ལས་འདས་པའི་བཙན་གནོན་དང་དྲག་སྤྱོད་སྤེལ་བ་མ་ཟད། ཉེ་བའི་ཆར་སླར་ཡང་དམ་དྲག་ནན་པོའི་འོག་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་གི་སྨིད་༩༩་ཅན་གྱི་སྟོན་པའི་སྐུ་འདྲ་དང་མ་ཎི་འཁོར་ལོ་གྲངས་ ༤༥ ཙམ་རྩ་གཏོར་དང་། དེ་བཞིན་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་ཐོག་བརྩེགས་གསུམ་ཅན་ཞིག་ཀྱང་རྩ་གཏོར་གྱིས་འབྲེལ་ཡོད་ཀྱི་དགེ་འདུན་པ་ཁག་ཅིག་འཛིན་བཟུང་བྱས་པའི་གནས་ཚུལ་རིམ་པ་ཐོན་པའི་ཁྲོད། ཁ་ས་རེས་གཟའ་ལྷག་པའི་ཉིན་ཨོ་གླིང་གི་སཌི་ནི་གྲོང་ཁྱེར་ནང་བོད་མི་དྭང་བླངས་བ་ཁག་ཅིག་གིས་ལག་ཏུ་བོད་ཀྱི་རྒྱལ་དར་དང་འཕྲེད་དར་སོགས་སྒྲེང་ནས་རྒྱ་ནག་ལ་ངོ་རྒོལ་ཤུགས་ཆེར་བྱས་པ་དང་ཆབས་ཅིག     རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བྲག་མགོའི་ནང་གི་ཁྲིམས་འགལ་གྱི་བྱ་སྤྲོད་དེའི་རིགས་འགོག་ཆེད་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྐུལ་གནང་འདུག སཌི་ནིའི་བོད་ཀྱི་གཞོན་ནུ་ཚོགས་པ་དང་། དྭངས་བླངས་བོད་མི་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་གྱིས་ལས་འགུལ་དེ་སྤེལ་བ་དང་འབྲེལ། གསར་འགོད་གསལ་བསྒྲགས་ཤིག་འདོན་སྤེལ་གནང་བའི་ནང་དུ། བྲག་མགོའི་ནང་གི་ཛ་དྲག་གི་གནས་སྟངས་ཞིབ་ཕྲ་བཀོད་པ་དང་འབྲེལ། རྒྱ་ནག་གཞུང་གི་ངོས་ནས་བོད་མི་ཚོའི་ཆོས་དད་རང་དབང་དང་དད་རྟེན་སོགས་ལ་བརྩི་བཀུར་ཏིལ་འབྲུ་ཙམ་ཡང་མི་བྱེད་པར་འདི་ལྟར་བོད་ཀྱི་དགོན་སྡེ་དང་སློབ་གྲྭ། སྐུ་རྟེན་སོགས་གཏོར་བཅོམ་བྱེད་བཞིན་པ་ནི་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བ་དང་མི་རིགས་རྩ་མེད་གཏོང་བའི་བྱ་སྤྱོད་ཐ་ཤལ་ཞིག་ཡིན་པ་མངོན་གསལ་ཡིན་སྐོར་གསུངས་བ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་རྒྱལ་ཁབ་ཁག་དང་ཚོགས་སྡེ་ཁག  མི་སྒེར་ཚང་མས་རྒྱ་ནག་གི་ཐལ་ཆེའི་སྤྱོད་ཚུལ་འདི་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ་ཁྲིམས་འགལ་གྱི་བྱ་སྤྱོད་འདིའི་རིགས་འགོག་ཐབས་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲོད་རོགས་ཞེས་རེ་སྐུལ་ཤུགས་དྲགས་ཞུས་གནང་འདུག གཞི་རྩའི་ཁམས་བྲག་མགོའི་ནང་དུ་ས་གནས་ཞིང་འབྲོག་མང་ཚོགས་ཀྱིས་ས་ཡོམ་གྱི་འཇིགས་པ་སོགས་ཀྱི་བར་ཆད་ལས་ལྡོག་ཐབས་སུ་ཞལ་འདེབས་བསྡུས་པ་བརྒྱུད་ནས་ཕྱི་ལོ་ ༢༠༡༥ སྟོན་པའི་སྐུ་བརྙན་སྨིད་ ༩༩ ལྡན་པ་དེ་བཞེངས་བསྐྲུན་གྱིས་སྐུ་བརྙན་དེ་ནི་བྲག་མགོ་མི་མང་ཙམ་མ་ཟད་ཕྱོགས་ཁག་གི་བོད་མི་ཚོའི་དད་རྟེན་གཙོ་བོ་ཞིག་ཏུ་གྱུར་ཡོད་ཀྱང་། ཉེ་བའི་ཆར་བྲག་མགོ་རྫོང་སྲིད་གཞུང་ལས་ཁུངས་ནས་ས་གནས་བོད་མི་ཚོའི་དད་མོས་ལ་བརྩི་བཀུར་ཏིལ་འབྲུ་ཙམ་ཡང་མི་བྱེད་པར་ཆོས་དད་རང་དབང་ཡོངས་སུ་འཕྲོག་ནས་སྟོན་པའི་སྐུ་བརྙན་དེ་ཉིད་ཡོངས་སུ་རྩ་གཏོར་བཏང་བ་མ་ཟད་དགོན་པའི་ཉེ་འདབས་སུ་ཡོད་པའི་མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ་ཙམ་ཡོད་པ་དེ་དག་ཚང་མ་རྩ་གཏོར་བཏང་ཡོད་པ་རེད། ད་དུང་བོད་མི་རྣམས་ལ་གནའ་རབས་ནས་གོམས་སྲོལ་ཡོད་པའི་མ་ཎི་དར་ལྕོག་དང་སྒོ་དར་སོགས་ཡོད་ཚད་མར་ཕབ་སྟེ་མེར་སྲེག་གཏོང་དུ་་བཅུག་ཡོད་ལ། ཐོག་བརྩེགས་གསུམ་ཅན་གྱི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་ཞིག་ཀྱང་རྩ་གཏོར་གྱིས་དགོན་པའི་འབྲེལ་ཡོད་ཀྱི་གྲྭ་བ་ཁག་ཅིག་ལ་གཅར་རྡུང་ཚ་ནན་བཏང་ཡོད་པ་རེད། ཨོ་གླིང་གི་དངས་སླངས་བོད་མི་ཚོགས་པའི་ངོས་ནས་རྒྱ་ནག་གིས་གཞན་ཡང་བྲག་མགོའི་ནང་བསྟན་སློབ་གླིང་ཡོངས་སུ་གཏོར་བཤིག་བཏང་ཡོད་པའི་གནད་དོན་དང་འབྲེལ། རྫོང་སྲིད་གཞུང་གིས་སློབ་གྲྭ་དེར་ཡིག་ཆ་ཚད་ལྡན་མེད་པའི་རྒྱུ་མཚན་གྱིས་གཏོར་བཤིག་བཏང་བ་ཡིན་ལུགས་བརྗོད་ཡོད་ཀྱང་། དོན་དངོས་ཐོག་ས་གནས་བོད་མི་ཚོའི་རང་གི་རིག་གཞུང་རྒྱུན་འཛིན་བྱ་སའི་སློབ་གྲྭ་གཅིག་པོ་དེ་ཡང་མེད་པ་བཟོས་ནས་མངོན་སུམ་འཛེམ་མེད་ཐོག་བོད་ཀྱི་རིག་གཞུང་རྩ་གཏོར་གྱི་ལས་འགུལ་སྤེལ་བཞིན་ཡོད་པའི་འགྲེལ་བརྗོད་དང་འབྲེལ། དེར་མཐའ་གཅིག་ཏུ་ངོ་རྒོལ་གནང་འདུག

Dutchརྩེད་འགྲན་པ་རྣམས་པེ་ཅིང་དུ་མ་བསྐྱོད་གོང་རང་ཉིད་ཀྱི་ཁ་པར་དང་གློག་ཀླད་ནང་དུ་འཇོག་དགོས་པ་བརྗོད་འདུག

Netherlands གྱི་གསར་ཤོག་  De Volkskrant ཐོག་ཁ་ཉིན་ཐོན་པའི་གནས་ཚུལ་ཞིག་གི་ནང་གསལ་ལྟར་ན། ཡུལ་དེའི་རྩེད་འགྲན་པ་རྣམས་རིང་མིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་རྒྱུའི་ཨོ་ལམ་སྤིག་རྩེད་འགྲན་ཆེད་མ་བསྐྱོད་གོང་དུ། རང་ཉིད་ཀྱི་ཁ་པར་དང་གློག་ཀླད་རྣམས་རང་ཁྱིམ་དུ་འཇོག་དགོས་པའི་ལམ་སྟོན་ཕེབས་ཡོད་པ་རེད་འདུགདེའང་ད་སྐབས་ཕྱོགས་གཅིག་ནས་ཨ་རི་གཙོས་པའི་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། ལྷག་པར་ཤིན་ཅང་ནང་གི་ད་ལྟའི་ཛ་དྲག་གི་དཀའ་ངལ་ལ་གཞིགས་ཏེ། རང་ཉིད་ཀྱི་ཕྱི་འབྲེལ་མི་སྣ་པེ་ཅིང་དུ་འཚོགས་རྒྱུའི་དགུན་དུས་ཨོ་ལམ་སྤིག་རྩེད་འགྲན་ལ་ཆེད་གཏོང་གནང་རྒྱུ་མིན་པའི་ཐག་གཅོད་ཕྱིར་བསྒྲགས་དང་། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་ཁག་ཅིག་དང་། ལྷག་པར་ཨོ་ལམ་སྤིག་རྩེད་འགྲན་ལྷན་ཚོགས་ངོས་ནས་རྩེད་འགྲན་དང་ཆབ་སྲིད་གཉིས་བསྲེ་རྒྱུ་མེད་པའི་ལངས་ཕྱོགས་འཛིན་བཞིན་པའི་ཁྲོད།  Netherlands གྱི་ཨོ་རྩལ་ཚོགས་ཆུང་ནས་ཡུལ་དེའི་རྩེད་འགྲན་པ་རྣམས་ལ་རང་ཉིད་ཀྱི་ཁ་པར་དང་གློག་ཀླད་པེ་ཅིང་དུ་འཁྱེར་རྒྱུ་མེད་པའི་ལམ་སྟོན་གནང་བའི་སྒོ་ནས་རྒྱ་ནག་གི་གསང་མྱུལ་ལས་དོན་ལས་གཡོལ་ཐབས་གནང་བཞིན་འདུག Dutch རྩེད་འགྲན་ལྷན་ཚོགས་ཀྱི་མགྲིན་ཚབ་པ་ Geert Slot ལགས་ཀྱིས་ De Volkskrant གསར་ཤོག་ལ་འགྲེལ་བརྗོད་གནང་དོན་ལྟར་ན། ཡུལ་དེའི་རྩེད་འགྲན་པ་རྣམས་པེ་ཅིང་དུ་མ་ཕེབས་གོང་ཁོ་ཚོར་ཡུལ་དེའི་ནང་འཕྲད་སྲིད་པའི་ཉེན་ཁ་ཆེ་བའི་གནད་དོན་ཁག་ཅིག་ལ་ཞིབ་དཔྱོད་གནང་བ་བཞིན། ཐེངས་འདིའི་ཛ་དྲག་གི་ལམ་སྟོན་དེ་ནི་རྩེད་འགྲན་པ་རྣམས་ཀྱི་དྲ་ལམ་དང་བརྡ་འཕྲིན་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་ལས་དོན་གྱི་ཆ་ཤས་གལ་ཆེན་ཞིག་ཡིན་པར་གསུངས་བ་མ་གཏོགས། གནད་དོན་གཞན་ཁག་སྐོར་ལ་འགྲེལ་བརྗོད་གང་ཡང་གནང་མི་འདུགཁོང་གིས་ད་དུང་སྤྱིར་དྲ་ལམ་བདེ་འཇགས་སྲུང་སྐྱོབ་ཀྱི་གནད་དོན་ཞེས་པ་ནི་ད་སྐབས་ཧ་ཅང་གལ་གནད་ཆེན་པོར་གྱུར་ཡོད་ཀྱང་། རྒྱ་ནག་གཞུང་ངོས་ནས་ཡུལ་དེའི་ནང་གི་དྲ་ལམ་ཕྱི་ཕྱོགས་ལ་ཡོངས་སུ་བཀག་སྡོམ་བྱས་ཡོད་སྟབས། དེའི་ཐོག་དམིགས་བསལ་ཡིད་གཟབ་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་ཡོད་པ་དང་། གནས་ཚུལ་ཡོང་ཁུངས་ཁག་གིས་གསར་ཤོག་ལ་གསུངས་པར་གཞིགས་ན།  Dutch གྱི་རྩེད་འགྲན་པ་རྣམས་ཀྱིས་ཐེངས་འདིར་པེ་ཅིང་གི་དགུན་དུས་འགྲན་ཚོགས་དེར་མ་བསྐྱོད་གོང་དུ་རང་ཉིད་ཀྱི་ཁ་པར་དང་གློག་ཀླད་ཁྱིམ་དུ་འཇོག་དགོས་པ་མ་ཟད། སྒེར་གྱི་གསང་བ་རྣམས་རྒྱ་གཞུང་གི་སོ་མྱུལ་ལས་སྐྱོབ་ཆེད་ཁོང་རྣམ་པར་རྒྱ་ནག་ཏུ་བསྐྱོད་པའི་རིང་ལ་ཁ་པར་གསར་པ་མཁོ་སྤྲོད་བྱ་རྒྱུ་རེད་འདུག རྩ་བའི་ཉེ་བའི་ཟླ་ཤས་ཁྲོད་རྒྱལ་སྤྱིའི་ས་གནས་གང་སར་བཞུགས་པའི་བོད་མི་དང་། ཡུ་གུར་བ། དེ་བཞིན་ཧོང་ཀོང་དང་ཐེ་ཝན། ལྷོ་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ལས་འགུལ་བ་རྣམས་ནས་རྒྱ་ནག་ནང་འཚོགས་རྒྱུའི་ཨོ་ལོམ་སྤིག་རྩེད་འགྲན་ལ་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་བའི་ཁྲོད། ཨ་རི་དང་དབྱིན་ཡུལ།  ཨོ་གླིང་། ཁེ་ན་ཊ། དེ་བཞིན་ནེའུ་ཛི་ལནཊི་སོགས་ཀྱིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་གྱི་མི་སྣ་གཏོང་རྒྱུ་མིན་པར་ཡོང་གྲགས་གནང་བ་མ་ཟད། རྩེད་འགྲན་པ་རྣམས་ལའང་འགྲན་ཚོགས་དེའི་ཐོག་བསྐྱོད་རྒྱུ་མེད་པའི་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཁྲོད། རྒྱ་ནག་ལ་ངོ་རྒོལ་གྱི་རྣམ་པ་གསལ་སྟོན་གནང་མཁན་རྩེད་འགྲན་པ་མི་ཉུང་བ་ཞིག་བྱུང་ཡོད་པ་རེད། Netherlands ལ་མཚོན་ན་ཐེངས་འདིའི་པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་ཐོག་ཡུལ་དེའི་རྩེད་འགྲན་པ་ཁྱོན་ ༣༠ ལྷག་ཙམ་ནས་མཉམ་བཞུག་གནང་རྒྱུ་རེད་འདུག

རྒྱ་ནག་གཞུང་གིས་བྲག་མགོ་ཁུལ་དུ་བོད་མི་ཁག་ཅིག་ལ་གཅར་རྡུང་གིས་སློབ་གསོ་ཁང་དུ་བཀག་སྐྱིལ།

ཕྱི་ལོ་༢༠༢༡ ཟླ་༡༡ པའི་ནང་རྒྱ་ནག་ས་གནས་སྲིད་གཞུང་གིས། ཁམས་བྲག་མགོ་རྫོང་གི་ཉེ་འཁྲིས་ཀྱི་གཡི་ཉ་གྲོང་ཚོའི་ནང་དུ་ཕག་གསོ་ཁང་དང་བྱ་གསོ་ཁང་འཛུགས་སྐྲུན་བྱ་བའི་ལས་འཆར་ལག་བསྟར་བྱེད་སྐབས། ས་གནས་ཡུལ་མི་ཁག་ཅིག་གིས་མོས་མཐུན་མ་བྱས་པའི་རྐྱེན་གྱིས། ས་གནས་སྲིད་གཞུང་དང་བྲག་མགོ་རྫོང་ཉེན་རྟོག་པ་མཉམ་འབྲེལ་ཐོག་ལས་འཆར་དེ་ལ་མོས་མཐུན་མེད་མཁན་དང་། དེར་མི་འདོད་པའི་རྣམ་འགྱུར་སྟོན་མཁན། གནས་ཚུལ་དེ་བོད་ཕྱི་ཕྱོགས་ལ་གཏོང་མཁན་བཅས་དོགས་ཡོད་ཡུལ་མི་༡༠ ལྷག་འཛིན་བཟུང་གིས་གཅར་རྡུང་གཏོང་བཞིན་པའི་གནས་ཚུལ་བྱུང་འདུགའདི་གའི་གསར་འགོད་པས་བཞུགས་སྒར་ཁུལ་གྱི་བོད་བོད་གནས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་དེར་འབྲེལ་གྱི་གནས་ཚུལ་སྐོར་ནས་བཀའ་འདྲི་ཞུས་པར་ཁོང་གིས། གཙོ་བོ་རྒྱ་ནག་གི་བཀོད་བྱུས་འོག་བོད་ཁུལ་དུ་ཕག་གསོ་དང་བྱ་གསོ་ཁང་གི་བཟོ་གྲྭ་རྩ་འཛུགས་བྱེད་བཞིན་པ་ལྟར། སྔར་ལོ་ཁམས་བྲག་མགོ་དགོན་པར་སྤྱི་ལེ་གཉིས་ཙམ་ལས་མེད་པའི་གཡི་ཉ་གྲོང་ཚོའི་ནང་དུ་ཡང་བཙན་དབང་གིས་ཕག་གསོ་ཁང་གསར་རྒྱག་བྱེད་བཞིན་པ་དང་འབྲེལ་ནས། རྒྱ་ནག་གི་ལས་གཞི་དེར་མོས་མཐུན་མེད་པའི་བོད་མི་ཁག་ཅིག་ལ་གཅར་རྡུང་དྲག་པོ་བཏང་ནས་དྲན་མེད་དུ་བརྒྱལ་བ་སོགས་ཀྱི་གནད་དོན་བྱུང་ཡོད་པ་མ་ཟད།  བོད་མི་དེ་དག་ད་ལྟ་ཡང་ཁུལ་དེ་དང་ཐག་ཉེ་བའི་ཐང་ནག་མ་ཞེས་པའི་ས་ཚིགས་སུ་སློབ་གསོ་ཁང་ཞེས་པ་ཞིག་ཏུ་བཀག་སྐྱིལ་བྱས་ཡོད་པར་བརྗོད་སོང་། གཞན་ཡང་ཁོང་གིས། ཕྱི་ལོ་༢༠༢༡ ཟླ་༡༢ ཚེས་༢༡ ཉིན་རྒྱ་ནག་ས་གནས་སྲིད་གཞུང་གིས། ཁམས་བྲག་མགོ་དགོན་པའི་ར་སྐོར་ནང་ལོགས་ཀྱི་ཕི་ཁྲུ་གསུམ་ཅན་གྱི་བྱམས་ཁང་གཏོར་སྐབས། ད་དུང་ཝ་ལོ་རིན་པོ་ཆེའི་བླ་བྲང་དང་གྲྭ་ཤག་ཁ་ཤས་ཀྱང་གཏོར་འདུག་པའི་ཁྲོད། གྲྭ་བ་ཁག་ཅིག་གྲྭ་ཤག་མེད་པའི་གནས་སྟངས་ཁྲོད་རང་ཁྱིམ་དུ་ཕྱིར་ལོག་བྱེད་དགོས་བྱུང་ཡོད་པ་ཡང་ངོ་སྤྲོད་གནང་སོང་། བྲག་མགོ་རྫོང་ས་གནས་སྲིད་གཞུང་དང་ཉེན་རྟོག་པས། ཁམས་བྲག་མགོར་བྱུང་བའི་གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་ཡོད་པ་ཤེས་རྟོགས་བྱུང་ཚེ། ལས་བྱེད་པ་ཡིན་ན་ལས་གནས་ནས་ཕྱིར་འཕུད་གཏོང་རྒྱུ་དང་། གྲྭ་པ་ཡིན་ན་དགོན་པ་ནས་འཕུད་རྒྱུ། སློབ་མ་ཡིན་ན་སློབ་གྲྭ་ཕྱིར་འཕུད་རྒྱུ་མ་ཟད། སྲིད་གཞུང་གི་རོགས་སྐྱོར་ཐོབ་ཐང་ཚང་མ་མེད་པ་བཟོ་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བཏང་ཡོད་པའི་ཁྲོད། ཁམས་བྲག་མགོ་རྫོང་གི་གྲོང་ཚོ་གཞན་པ་ཞིག་གི་ནང་དུ་ཡང་། དྲགས་རྡུང་གི་གནས་ཚུལ་བྱུང་ཡོད་ནའང་། གྲོང་ཚོའི་མིང་དང་དྲགས་རྡུང་གི་རྒྱུ་རྐྱེན་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུགགཞི་རྩའི་བོད་ཁུལ་ས་གནས་སོ་སོའི་དགོན་པར་ཆེ་མཐོང་ཆེན་པོ་ཡོད་པ་མ་ཟད། དུས་ཆེན་ནམ་ཡིན་ལ་བོད་མི་རྣམས་རང་དགོན་དུ་ཕྱིན་ནས་ཁ་འདོན་དགེ་སྦྱོང་དང་ཕྱག་སྐོར་སོགས་བྱེད་བཞིན་ཡོད་སྟབས། དགོན་པའི་ཉེ་འཁྲིས་སུ་ཕག་གསོ་ཁང་དང་བྱ་གསོ་ཁང་གསར་རྒྱག་བྱས་ནས་བཤས་ར་འཛུགས་སྐྲུན་བྱེད་པ་དེ་ནི་བོད་མིའི་ཆོས་སྤྱོད་དང་དད་འདུན་ལ་རྒོལ་བའི་བྱ་སྤྱོད་ཅིག་ཡིན་སྟབས།  རྒྱ་ནག་གི་བཙན་དབང་གི་བྱེད་བབ་དེ་ལས་ས་གནས་ཡུལ་མི་རྣམས་ཀྱི་སེམས་ཁོངས་སུ་སྡུག་བསྔལ་ཆེན་པོ་སྐྲུན་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད།རྩ་བའི་བོད་ཁུལ་དུ་ཉེ་བའི་ལོ་འགའི་རིང་ལ་ཆོས་ལུགས་རྒྱ་ནག་ཅན་ལ་བསྒྱུར་དགོས་རྒྱུའི་དྲིལ་བསྒྲགས་ཤུགས་ཆེར་གནང་བཞིན་པ་དང་བསྟུན་ནས།  ཁམས་བྲག་མགོ་ཙམ་མ་ཡིན་པར། གསེར་རྟ་བླ་རུང་སྒར་དུ་ཡང་གྲྭ་ཤག་གཏོར་བཅོམ་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་གནས་སྟངས་ཀྱང་བྱུང་ཡོད་པ་དང་། སྐབས་དེའི་ལས་གཞི་ལག་བསྟར་བྱེད་མཁན་ཡང་ད་ཆ་བྲག་མགོ་ཁུལ་གྱི་དམར་ཤོག་གི་དྲུང་ཆེར་བསྐོ་བཞག་བྱས་ཡོད་པའི་ Wang Dongsheng ཟེར་བ་དེ་ཆགས་ཡོད་པ་དང་།  སྔོན་ཆད་ཁོང་གིས་ཁམས་རྟའུ་དང་ལི་ཐང་ཁུལ་དུ་ལས་འགན་སྒྲུབ་བཞིན་པའི་སྐབས་སུ་ཡང་ས་གནས་བོད་རིགས་མང་ཚོགས་ལ་ཚད་བརྒལ་གྱི་དྲག་གནོན་བྱས་བའི་གནད་དོན་རིམ་པ་བྱུང་ཡོད་པ་ལྟར། འདས་བའི་ཟླ་གཉིས་ལྷག་གི་རིང་ཁམས་བྲག་མགོ་དགོན་དུ་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་དང་རྗེ་བཙུན་བྱམས་དགོན་གྱི་སྐུ་བརྙན་ཐོག་བརྩེགས་གསུམ་ཅན་ཞིག་ཀྱང་རྩ་གཏོར་གྱིས་མང་ཚོགས་ལ་དྲག་གནོན་ཤུགས་ཆེར་བྱེད་མུས་རེད་འདུག

Latest news