Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

སྐད་འཕྲིན་དངོས་སུ་སྒོ་རྒྱབ་པར་བརྟེན་བོད་ཕྱི་ནང་གི་འབྲེལ་ལམ་རྒྱང་ཐག་རིང་དུ་གྱེས་རྒྱུའི་ཉེན་ཚབས།

ཉེ་བའི་ཆར་རྒྱ་དཀར་ནག་གི་བར་དུ་རྩོད་རྙོག་ཆེ་རུ་ཕྱིན་ཏེ། མཐའ་སྲུང་བའི་བར་དུ་ལག་འཛིང་ཤོར་ནས་ཕན་ཚུན་གྱི་དམག་མི་གསོད་རེས་ཀྱི་གྱོད་དོན་རྣོ་ངར་ཅན་དུ་གྱུར་བ་ལ་བརྟེན་རྒྱ་གར་སྲིད་གཞུང་གི་བརྡ་འཕྲིན་འཕྲུལ་ལས་སྡེ་ཁག་གིས་ཟླ་བ་འདིའི་ཟླ་སྟོད་དུ་རྒྱ་ནག་གིས་བཟོས་བའི་མཉེན་ཆས་ཁག་ ༥༩ རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་མིང་ཐོག་ནས་བཀག་སྡོམ་བྱས་ཡོད་པ་ལྟར། ཁ་ཉིན་ནས་བཟུང་དངོས་སུ་རྒྱ་གར་གྱི་ནང་དུ་སྐད་འཕྲིན་བེད་མེད་ཆགས་ཡོད་པར་བརྟེན་བོད་ནས་ཕེབས་པའི་བོད་མི་མང་པོ་ཞིག་ལ་དངོས་སུ་དེར་འབྲེལ་གྱི་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ་རེད།བཞུགས་སྒར་ཁུལ་དུ་གནས་སྡོད་གནང་མཁན་བོད་ནས་ཕེབས་པ་ཁག་ཅིག་ལ་བཅར་འདྲི་ཞུས་པར་ཁོང་རྣམས་ཀྱིས་སྤྱི་ཡོངས་ཀྱི་ཆ་ནས་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་གྱི་གཙོས་མི་སྒེར་གྱི་འཚོ་བ་ཚུན་ཆད་ལ་དཀའ་ངལ་འཕྲད་བཞིན་ཡོད་སྐོར་ངོ་སྤྲོད་གནང་སོང་། བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ཀྱི་བོད་མི་གསར་དུ་འབྱོར་བ་ཞིག་གིས་ངོ་སྤྲོད་བྱས་པ་ལྟར་ན་ཁོང་གི་ཕ་ཡུལ་དུ་དུས་རྒྱུན་ནས་རྒྱ་ནག་གི་དམ་དྲག་ཡོད་སྟབས། ནང་མི་རྣམས་ལ་ཕར་འབྲེལ་བ་བྱེད་སྐབས་གནམ་གཤིས་ཡག་པོ་མེད་པ་དང་ཆར་བ་འབབ་བཞིན་ཡོད་པ་སོགས་ཀྱི་གསང་བའི་བརྡ་སྟོན་གྱི་ཐོག་ནས་སྟབས་བདེ་མིན་པའི་གོ་བརྡ་སྤྲོད་ཀྱི་ཡོད་སྟབས་དུས་རྒྱུན་ནས་འབྲེལ་བ་བྱེད་ཀྱི་མེད་ཚུལ་ངོ་སྤྲོད་གནང་སོང་། དེ་བཞིན་ལྡི་ལི་མཐོ་སློབ་ཏུ་ཞིབ་འཇུག་གི་སློབ་སྦྱོང་གནང་བཞིན་པའི་བཀྲ་ཤིས་རྡོ་རྗེ་ལགས་ཀྱིས་ལོ་མང་པོའི་རྗེས་སུ་སྐད་འཕྲིན་བརྒྱུད་ནས་ཕ་མ་དང་འབྲེལ་བ་བྱེད་ཐབས་བྱུང་བས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ནའང་། ཁ་སང་ནས་སྐད་འཕྲིན་བཀག་སྡོམ་བྱས་ཡོད་སྟབས་བོད་ནང་དུ་འབྲེལ་ལམ་ཆད་ཡོད་སྐོར་ངོ་སྤྲོད་ཀྱིས་གསར་འབྱོར་བ་མང་པོ་ཞིག་ད་དུང་ཡང་ཐད་ཀར་ཕ་ཡུལ་གྱི་དཔལ་འབྱོར་གྱི་རྒྱབ་རྟེན་འོག་འཚོ་བ་སྐྱེལ་བཞིན་ཡོད་པར་བརྟེན་སྐད་འཕྲིན་བཀག་སྡོམ་གྱི་གནས་བབ་འོག་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་གསུངས་ཡོད། དེ་བཞིན་གཉན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་བོད་ནང་གི་བོད་མི་རྣམས་ཀྱིས་དུས་རྒྱུན་ནས་སྐད་འཕྲིན་བརྒྱུད་དེ་སྐུ་སྒེར་ཡིག་ཚང་དུ་སྐྱབས་རྟེན་དང་བསྔོ་རྟེན་འཇོག་གི་ཡོད་པ་དང་། དེ་ནི་བོད་མི་རྣམས་ཀྱི་དད་འདུན་གྱི་ངོས་ནས་བལྟས་ན་གནད་དོན་གལ་ཆེན་ཞིག་ཆགས་ཡོད་པར་ངོ་སྤྲོད་ཀྱིས་ད་ནས་བཟུང་སྐད་འཕྲིན་བརྒྱུད་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་རྒྱུ་ཡོངས་སུ་མཚམས་ཆད་ཡོད་སྐོར་གསུངས་སོང་། དེ་བཞིན་རྡ་སའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་རྒྱལ་མཚན་ལགས་ཀྱིས་སྐད་འཕྲིན་བཀག་སྡོམ་བྱས་པ་དེས་མི་སྒེར་གྱི་འཚོ་བ་ཙམ་མིན་པར་སྤྱི་ཡོངས་ཀྱི་ཆ་ནས་བོད་ནང་གི་གནས་ཚུར་ཕྱི་ལ་མཁོ་སྤྲོད་བྱེད་རྒྱུར་འགོག་རྐྱེན་ཆེན་པོ་ཞིག་བཟོས་ཡོད་པར་ངོ་སྤྲོད་གནང་སོང་། ཁ་ཉིན་ཚེས་ ༡༥ ནས་བཟུང་རྒྱ་གར་གྱི་ནང་དུ་ཕབ་ལེན་བྱས་པའི་སྐད་འཕྲིན་གྱི་རིགས་ཡོངས་སུ་བེད་མེད་ཆགས་ཡོད་སྟབས་བོད་མི་མང་པོས་གནད་དོན་དེ་སྤྱི་ཚོགས་དྲྭ་ལམ་དུ་བརྒྱུད་སྤེལ་གྱིས་བོད་ཕྱི་ནང་གཉིས་ཀྱིའབྲེལ་ལམ་ལ་དོ་ཕོག་ཐེབས་ངེས་ཀྱི་གདུང་སེམས་མཉམ་བསྐྱེད་ཀྱི་པར་རིས་དང་མཆན་མང་པོ་བཀོད་མཁན་བྱུང་སོང་།  འགའ་ཤས་ཀྱིས་དེ་རིང་གློ་བུར་དུ་སྐད་འཕྲིན་ཚེ་ལས་འདས་སོང་ཞེས་པའི་མཆན་བཀོད་ཀྱི་འོག་སྐད་འཕྲིན་གྱི་པར་རིས་ཐོག་རྒྱ་ནག་གི་རྒྱལ་དར་བཀབ་སྟེ་དུར་འཇུག་བྱེད་ཀྱི་ཡོད་པའི་རྣམ་པ་བསྟན་སོང་།གཞི་རྩའི་སྐད་འཕྲིན་འདི་ནི་བོད་ཕྱི་ནང་གཉིས་སུ་སྤྱོད་བདེ་བའི་ཕན་ཚུན་འབྲེལ་མཐུད་ཀྱི་མ་ལག་སྟབས་བདེ་ཞིག་ཡིན་སྟབས། ཡི་གེ་ཤེས་མིན་ལ་མ་བལྟས་པར་བོད་མི་རྒན་གཞོན་དར་གསུམ་གྱིས་ཡོངས་ཁྱབ་ཀྱིས་བེད་སྤྱོད་བྱེད་ཀྱི་ཡོད་པ་མ་ཟད། རང་ཉིད་ཀྱི་འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་གི་རྣམ་པ་ཕྱིར་མངོན་སའི་སྟེགས་བུ་ཞིག་ཀྱང་ཆགས་ཡོད་ཡོད་པ་རེད། བོད་མི་གསར་དུ་འབྱོར་བ་ཚོར་མཚོན་ན་སྐད་འཕྲིན་འདི་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཐག་ལྟ་བུའི་མི་སྒེར་གྱི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཆགས་ཡོད་པར་བརྟེན། ཐེངས་འདིར་རྒྱ་གར་གྱིས་མཉེན་ཆས་འདི་བཀག་སྡོམ་བྱས་པ་ལ་བརྟེན་ནས་བོད་མི་གསར་འབྱོར་བ་རྣམས་ཀྱིས་རང་ཡུལ་དུ་འབྲེལ་འདྲིས་བྱེད་སའི་ལམ་ཁ་གལ་ཆེན་ཞིག་འགག་ཡོད་པ་རེད། འོན་ཀྱང་བོད་མི་རྣམས་ཀྱིས་སྐད་འཕྲིན་ལྟ་བུའི་མཉེན་ཆས་གཞན་དང་གཞན་བརྒྱུད་ནས་ཕན་ཚུན་གྱི་བར་ལ་འབྲེལ་བ་གནང་རྒྱུར་ཐབས་ཤེས་གནང་བཞིན་འདུག དེ་རིང་རྒྱ་གར་གྱི་གསར་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན་རྒྱ་གར་གཞུང་གིས་ད་དུང་ཡང་རྒྱ་ནག་གིས་བཟོས་པའི་མཉེན་ཆས་ ༢༥༠ ལ་ཞིབ་འཇུག་བྱེད་བཞིན་ཡོད་སྟབས། རྒྱ་ནག་གི་མཉེན་ཆས་མང་པོ་ཞིག་ད་དུང་ཡང་བཀག་སྡོམ་བྱེད་རྒྱུ་ཡིན་སྐོར་ངོ་སྤྲོད་གནང་ཡོད་པའི་ཁྲོད་དུ་རྒྱལ་སྤྱིའི་སྟེང་དར་ཁྱབ་ཆེས་ཆེར་བྱུང་བའི་རོལ་རྩེད PUBS སོགས་ཀྱང་བཀག་འགོག་གནང་རྒྱུ་ཡིན་སྐོར་གསལ་འདུག

ཨ་རྒྱ་གཉིས་ཀྱིས་ཕན་ཚུན་གྱི་དོན་གཅོད་ཁང་སྒོ་རྒྱག་རེས་ཀྱི་འཐབ་རྩོད།

གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་ཉིན་ཕྱི་ཚེས་ ༢༢ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་འཕྲུལ་རིག་ཤེས་བྱ་དང་ཨ་རིའི་མི་མང་སྲུང་སྐྱོབ་ཆེད། ཨ་རིའི་Texas མངའ་སྡེ Houston གྲོང་ཁྱེར་ནང་གི་རྒྱ་ནག་གཞུང་ཚབ་ཁང་ཉིན་གསུམ་གྱི་ནང་ཚུད་དུ་སྒོ་རྒྱག་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་པ་ལྟར། དེར་རྒོལ་ལན་དུ་རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་ཡོད་པའི་ཨ་རིའི་དོན་གཅོད་ཁང་སྒོ་རྒྱག་རྒྱུའི་ཐག་གཅོད་བྱེད་ཀྱི་ཡོད་འདུག ཁ་སང་ཕྱི་ཚེས་ ༢༣ ཉིན་ལྷོ་རྒྱ་ནག་རྒྱ་མཚོའི་ཆ་འཕྲིན་ལ་རྒྱ་ནག་གི་རང་མིང་མ་བཤད་པའི་དཔོན་རིགས་ཤིག་གིས་བརྗོད་པ་ལྟར་ན། རྒྱ་ནག་གཞུང་གིས་ཨ་རིའི་ཐད་གཅོད་དེར་རྒོལ་ལན་སློག་ཆེད་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཨ་རིའི་དོན་གཅོད་ཁང་སྒོ་རྒྱག་རྒྱུའི་ཐག་གཅོད་བྱེད་ཀྱི་ཡོད་སྐོར་དང་འབྲེལ། དོན་གཅོད་ཁང་དེ་ནི་ཕྱི་ལོ་ ༡༩༨༥ ལོར་གསར་འཛུགས་བྱས་པ་དང་དེ་ཡིས་རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བ་དང་སི་ཁྲོན་ཞིང་ཆེན། ཡུ་ནན་ཞིང་ཆེན། དེ་བཞིན་Guizhou ཞིང་ཆེན། དེ་བཞིན Chongqing གྲོང་ཁྱེར་བཅས་གྱི་ནང་ལས་དོན་སྒྲུབ་གྱི་ཡོད་པར་འཁོད་འདུགདེང་སང་ཨ་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་འཐབ་སྲིད་རྣོ་ངར་ཆེ་རུ་འགྲོ་བཞིན་པའི་དུས་སྐབས་འདིར། ཁེ་ཉིན་ཨ་རིའི་ངོས་ནས་རྒྱ་ནག་གི་དོན་གཅོད་ཁང་སྒོ་རྒྱག་དགོས་བའི་ཉེན་བརྡ་དང་འབྲེལ་ནས། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ། སྐུ་ཞབས་ Mike Pompeo ལགས་ཀྱིས། ཨ་རིའི་ངོས་ནས་འདས་བའི་ལོ་ངོ་ལྔ་བཅུའི་རིང་ལ་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་བཙུགས་ཡོད་ནའང་། རྒྱ་ནག་གི་ནང་དུ་ལེགས་ཕྱོགས་ཀྱི་འགྱུར་བ་གང་ཡང་སོང་མེད་པར་བརྟེན། ད་ནས་བཟུང་ཨ་རིའི་ངོས་ནས་རྒྱ་ནག་དང་ལྷན་དུ་སྔར་ཡོད་ཀྱི་འབྲེལ་ལམ་འཛུགས་ཕྱོགས་ལ་འགྱུར་བ་གཏོང་རྒྱུ་ཡིན་པ་མ་ཟད། ཁོང་གིས་ད་དུང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབང་ཆ་གཅིག་སྡུད་ལམ་ལུགས་གཙོར་འཛིན་གྱི་འོག་ཏུ། རྒྱ་ནག་གི་ཆབ་སྲིད་ཀྱི་གཡོ་ཇུས་ལྡན་པའི་དྲིལ་བསྒྲགས་པ་དང་ཉམས་ཞིབ་པ་མང་པོ་ཨ་རིའི་ཤེས་ཡོན་གྱི་ལྟེ་གནས་སུ་བཏང་ནས། ཨ་རིའི་རང་དབང་དང་ཁོད་ཡངས་ཀྱི་སྤྱི་ཚོགས་ལ་གཏོར་སྐྱོན་བཟོ་བཞིན་པར་ཡོངས་གྲགས་གནང་འདུག གོང་གི་གནས་ཚུལ་དེ་དང་འབྲེལ་ནས། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Wang Wenbin གྱིས་ཨ་རིའི་བྱེད་བབ་དེ་ནི་འགན་ཁུར་མེད་པའི་གནད་དོན་ཞིག་ཡིན་སྐོར་དང་འབྲེལ་ནས། རྒྱ་ནག་གི་ངོས་ནས་ཁྲིམས་མཐུན་གྱི་ཁེ་དབང་སྲུང་སྐྱོབ་ཀྱི་ཆེད་དུ་ཨ་རིའི་བྱེད་བབ་དེར་ཁ་གཏད་གཅོག་རྒྱུ་ཡིན་པར་བསྒྲགས་ཏེ། རྒྱ་ནག་གིས་ཀྱང་རྒྱ་ནག་གི་ནང་དུ་ཡོད་པའི་ཨ་རིའི་དོན་གཅོད་ཁང་སྒོ་རྒྱག་རྒྱུ་ཡིན་པར་གསར་ལམ་དུ་བསྒྲགས་འདུགགོང་གི་གནས་ཚུལ་དེ་དང་འབྲེལ་ནས། ཁྲིན་ཏུའུ་རུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ལས་ལས་དོན་ལྟེ་གནས་ཁང་གི་འགན་འཛིན། Long Xingchun ཟེར་བས་རྒྱ་ནག་ནང་གི་ཨ་རིའི་དོན་གཅོད་ཁང་གཞན་རྣམས་སྒོ་རྒྱབ་ཀྱང་ཨ་རིར་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་མེད་ནའང་། ཨ་རིའི་ངོས་ནས་བོད་དོན་དང་ཤིན་ཅང་གི་གནད་དོན་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན། ཁྲིན་ཏུའུ་རུ་རྟེན་གཞི་བྱས་པའི་ཨ་རིའི་དོན་གཅོད་ཁང་དེ་སྒོ་རྒྱབ་པ་ཡིན་ན་ཨ་རིའི་ལས་དོན་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པར་བརྗོད་འདུག གཞི་རྩའི་ད་ལྟའི་ཆར་རྒྱ་ནག་གི་ཏོག་དབྱིབས་ནད་དུག་དང་ཚོང་འབྲེལ་གྱི་འགྲན་རྩོད། དེ་བཞིན་འཛམ་གླིང་གི་མང་གཙོ་དང་དམར་ཤོག་གི་ཆབ་སྲིད་ཀྱི་ལྟ་གྲུབ་གཉིས་ཀྱི་འགལ་འདུའི་ཁྲོད་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་དུ་འགྲོ་བཞིན་པ་རེད། རྩ་བའི་རྒྱ་ནག་སྐམ་སའི་ཀང་ཀྲུའུ་གྲོང་ཁྱེར་དང་ཧྲང་ཧེ་གྲོང་ཁྱེར།དེ་བཞིན་ཁྲིན་ཏུའུ་གྲོང་ཁྱེར། ཝུ་ཧན་གྲོང་ཁྱེར་བཅས་ཀྱི་ནང་ཨ་རིའི་དོན་གཅོད་ཁང་ལྔ་ཡོད་འདུག་པ་དང་། དེ་བཞིན་ཨ་རིའི་ནང་ནེའུ་ཡོག་གྲོང་ཁྱེར་དང་ཆའེ་ག་གྷོ་གྲོང་ཁྱེར། སཱན་ཧྥི་རན་སི་ཀོ་དང་ལོ་སི་ཨན་ཇི་ལི་གྲོང་ཁྱེར། ཧོ་སི་ཊོན་གྲོང་ཁྱེར་བཅས་ཀྱི་ནང་རྒྱ་ནག་གི་དོན་གཅོད་ཁང་ལྔ་ཡོད་འདུག

ཚོགས་སྡེ་ཁག་ ༡༩༠ ལྷག་གིས་ཤིན་ཅང་ནང་གི་ངལ་རྩོལ་བསྒྱུར་བཀོད་ཀྱི་ཐོན་སྐྱེད་མཚམས་འཇོག་གི་ཞུ་སྐུལ།

རྒྱལ་སྤྱིའི་ཚོགས་སྡེ་ ༡༩༠ ལྷག་གིས་མཉམ་འབྲེལ་གྱི་ཐོག་ནས། Apple དང་ Nike གཉིས་ཀྱི་གཙོ་བྱས་པའི་རྒྱལ་སྤྱིའི་བཟོ་ལས་ཁང་ཆེ་གྲས་ཡོངས་ཀྱིས་རྒྱ་ནག་གི་བཙན་དབང་གི་འོག་ཏུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱིས་ཤིང་ཅང་མི་མང་ངལ་རྩོལ་བསྒྱུར་བཀོད་བྱས་ཏེ་ཐོན་སྐྱེད་བྱས་པའི་ཚོང་ལས་ཁག་དང་མཉམ་དུ་འབྲེལ་ཐག་གཅོད་དགོས་བའི་འབོད་སྐུལ་ཞུས་འདུགདེའང་དེ་རིང་བྷི་བྷི་སུ་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་སྤྱིའི་ངལ་རྩོལ་བསྒྱུར་བཀོད་ལྟ་རྟོག་ཚོགས་པས།  རྒྱ་ནག་གིས་ངལ་རྩོལ་མི་མང་གི་འགྲོ་བ་མིའི་ཐོབ་རྡོག་རོལ་གྱི་གནད་དོན་དང་འབྲེལ་ནས། རྒྱལ་སྤྱིའི་ཚོང་ལས་ཁང་རྣམས་ཀྱིས་སྔ་ས་ནས་རྒྱ་ནག་གི་བཟོ་ཚོང་ཁང་དེ་དག་དང་འབྲེལ་ལམ་གཅོད་དགོས་བ་ཞིག་ཡིན་ནའང་། ཚོང་ལས་ཁག་གིས་ད་དུང་མུ་མཐུད་དུ་ཚོང་འབྲེལ་བྱེད་བཞིན་པར་བརྟེན། ད་ཆ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ ༡༩༠ ལྷག་གིས་མཉམ་འབྲེལ་གྱི་ཐོག་ནས་ངལ་རྩོལ་བསྒྱུར་བཀོད་ཀྱི་ཚོང་ལས་ཁང་དང་འབྲེལ་ཐག་གཅོད་དགོས་བ་དེ་གལ་ཆེན་ཡིན་སྐོར་གྱི་འབོད་སྒྲ་སྒྲོག་བཞིན་ཡོད་པ་དང་། བཟོ་ལས་ཁང་རྣམས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་བཟོ་ལས་ཁང་དེ་དག་དང་མཉམ་དུ་འབྲེལ་བ་བྱེད་རྒྱུ་མཚམས་འཇོག་པ་ཁོ་ན་ཙམ་མིན་པར། བཟོ་ཚོང་ཁང་དེ་དག་ལ་འབྲེལ་ལམ་འཛུགས་ཕྱོགས་སྤྱི་ཡོངས་ཀྱི་ཆ་ནས་ཞིབ་འཇུག་བྱེད་དགོས་བར་གསུངས་འདུག གོང་གི་གནས་ཚུལ་དེ་དང་འབྲེལ་ནས།  Nikeབཟོ་ལས་ཁང་གིས་རྒྱ་ནག་གི་ནང་འབྲེལ་ཡོད་ཀྱི་ཐོན་སྐྱེད་སྡེ་ཁག་གིས་གྲངས་ཉུང་མི་རིགས་རྣམས་བསྒྱུར་བཀོད་ཀྱི་ཉེན་ཚབས་ལ་ཞིབ་འཇུག་བྱེད་བཞིན་ཡོད་པར་འགྲེལ་བརྗོད་ཀྱིས། བཟོ་ལས་ཁང་གིས་ཐད་གར་ཤིན་ཅང་ཁུལ་གྱི་བཟོ་ལས་ཀྱི་རྒྱུ་ཆ་འབོར་འདྲེན་བྱེད་ཀྱི་མེད་ནའང་། རྒྱ་ནག་གི་ནུབ་རྒྱུད་ས་ཚུགས་སུ་གནས་པའི་ཤིན་ཅང་གི་ཁུལ་གྱི་བཟོ་ལས་ཁང་མང་པོས་ངལ་རྩོལ་བསྒྱུར་བཀོད་བྱེད་ཀྱི་ཡོད་པར་ཡོངས་གྲགས་གནང་ཡོད་པ་དང་།  དེ་བཞིན་Apple བཟོ་ལས་ཁང་གིས་ཀྱང་གནད་དོན་དེར་ཞིབ་འཇུག་བྱས་ཀྱང་ད་ལྟའི་ཆར་ངལ་རྩོལ་བསྒྱུར་བཀོད་ཀྱི་དཔང་རྟགས་གང་ཡང་མ་རྙེད་ནའང་། བཟོ་ཚོང་ཁང་དེའི་ངོས་ནས་ཚོང་ལས་ཀྱི་ལམ་ཁ་དེར་མུ་མཐུད་དུ་སྡང་འཛིན་ལེགས་པོ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུགཡིན་ནའང་། ཨོ་གླིང་གི་ASPI ཞེས་པའི་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཁང་གིས་རྒྱ་ནག་ནང་གི་ངལ་རྩོལ་བསྒྱུར་བཀོད་དང་འབྲེལ་བའི་ཞིབ་འཇུག་གི་སྙན་ཐོ་ལྟར་ན།  རྒྱ་ནག་གིས་ཤིན་ཅང་གི་མི་མང་སྟོང་ཕྲག་མང་པོ་རྒྱ་ནག་རྒྱལ་ཡོངས་ཀྱི་བཟོ་ཚོང་ཁང་གང་སར་འགྲེམས་འཇོག་གིས་བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་འཇུག་བཞིན་པ་མ་ཟད།  བཟོ་ལས་ཁང་དེ་དག་གི་ནང་དུ་མིང་གྲགས་ཡོད་པའི་ Apple དང་ Nike གཉིས་ཀྱི་མཚོན་པའི་བཟོ་ལས་ཁང་༨༠ ལྷག་ཡོད་པ་མངོན་གསལ་གནང་འདུག དེ་བཞིན་རྒྱལ་སྤྱིའི་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་རྒྱུན་ལས་ཀྱི་ཚོགས་གཙོ།   Omer Kanat ལགས་ཀྱིས་གསར་ཁང་ལ།  བཟོ་ལས་ཁང་རྣམས་ལ་གནོན་ཤུགས་སྤྲད་དེ་ཤིན་ཅང་དང་རྒྱང་ཐག་རིང་དུ་གཏོང་རྒྱུ་དེ་ནི་པེ་ཅིན་སྲིད་གཞུང་གིས་ཤིང་ཅང་ཁུལ་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུར་སྐུལ་འདེད་གཏོང་བྱེད་གལ་ཆེན་ཞིག་ཡིན་སྐོར་འགྲེལ་བརྗོད་ཀྱིས།  རྒྱ་ནག་སྲིད་གཞུང་ལ་གནོན་ཤུགས་མ་སྤྲད་བར་དུ་བྱ་སྤྱོད་ག་རེ་ཡིན་ཡང་སྤེལ་སྲིད་པར་བརྟེན། ཐེངས་འདིར་བཟོ་ཚོང་ཁང་དེ་དག་དམིགས་འབེན་དུ་བཟུང་ནས་ལས་འགུལ་སྤེལ་རྒྱུ་ཛ་དྲག་ཆགས་ཡོད་སྐོར་གསུངས་འདུགཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ James McGovern ལགས་ཀྱིས་ཀྱང་རྒྱལ་སྤྱིའི་བཟོ་ཚོང་ཁང་རྣམས་ཀྱིས་རང་གི་ཚོང་ཁང་རྒྱ་ནག་གི་བཟོ་ཚོང་ཁང་དེ་དག་དང་འབྲེལ་ཐག་བཅད་དེ། ཤིན་ཅང་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཐེབས་ཀྱི་མེད་པའི་བཟོ་ཚང་གི་ལམ་ཁ་གཞན་ཞིག་འཚོལ་རྒྱུ་གལ་ཆེན་པོ་ཡིན་པར་བསྒྲགས་འདུག གཞི་རྩའི་རྒྱ་ནག་གིས་སྔར་ལོ་ནས་ཤིན་ཅང་གི་ཁུལ་དུ་ཡུ་གུར་མི་མང་ས་ཡ་གཅིག་ཙམ་བཀག་སྐྱིལ་བྱས་ཏེ།   དེ་དག་ཡོད་ཚད་ལ་ཤེས་ཡོན་སློབ་གསོ་སྤེལ་དགོས་གལ་ཡིན་པར་འགྲེལ་བརྗོད་བྱེད་བཞིན་ཡོད་ནའང་།  ད་ཆ་རྒྱལ་སྤྱིའི་སྒང་དུ་རྒྱ་ནག་གིས་བཀག་སྐྱིལ་བྱས་པའི་མི་མང་དེ་དག་ལ་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་བྱས་ཏེ་བཟོ་ལས་ཐོན་སྐྱེད་ཀྱི་ཐད་ནས་ལོག་སྤྱོད་བྱེད་ཀྱི་ཡོངས་པ་ཡོངས་གྲགས་ཆགས་བཞིན་པ་ལྟར། ཁ་སྔོན་ཨ་རིའི་སྲིད་གཞུང་གིས་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ནས་ཨ་རིའི་བཟོ་ཚོང་དང་འབྲེལ་ཡོད་རྒྱ་ནག་གི་ཚོང་ལས་སྡེ་ཚན་ ༡༡ ལ་ཨ་རིའི་གཞུང་གིས་ཆོག་མཆན་མེད་པར་མཉམ་འབྲེལ་གྱི་ཚོང་ལས་གནང་མི་ཆོག་པའི་ཉེས་ཆད་བཅད་ཡོད་པ་རེད།

དཀའ་ངལ་གྱི་སྐབས་སུ་བློ་སེམས་བརྟན་པོས་མདུན་སྐྱོད་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བཀའ་བསྩལ་སོང་།

དེ་རིང་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དྲ་ལམ་བརྒྱུད་ནས ཨ་རི་དང་དབྱིན་ཡུལ། དེ་བཞིན་ཁ་ན་ཌ་དང་ཨོ་གླིང་། གཞན་ཡང་སེངྒ་པོར་དང་ཤི་རི་ལང་ཀ་སོགས་ཀྱི་སྨན་པ་མང་པོ་ཞིག་ལ་སྨན་བཅོས་ལག་ལེན་ཁྲོད་ཀྱི་སྙིང་རྗེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་བསྩལ་ཏེ་འགྲོ་བ་མིའི་རིགས་ཀྱི་ནང་སེམས་ཀྱི་ཞི་བདེ་ནི་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ལ་འབྲེལ་བ་ཆེན་པོ་ཡོད་པར་བསྟེན། སྨན་པ་རྣམས་ཀྱིས་ཞལ་ངོ་མཛུམ་གྱིས་ཁེངས་ནས་ནད་པར་ལྟ་སྐྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་བཀའ་བསྩལ་སོང་།དེ་རིང་གི་དྲ་ལམ་གྱི་བཀའ་སློབ་དེ་འགོ་མ་ཚུགས་གོང་།  རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Apollo སྨན་ཁང་གི་སྨན་པ་དང་། རྒྱལ་སྤྱིའི་རྒྱ་གར་གྱི་སྨན་པ་ཚོགས་པའི་འགན་འཛིན།  སྨན་པ་ Anupam Sibal ལགས་ཀྱིས་དེ་རིང་གི་བཀའ་སློབ་ཀྱི་ལས་རིམ་ངོ་སྤྲོད་གནང་སྟེ།  མགོན་པོ་གང་གིས་དུས་རྒྱུན་ནས་སྙིང་རྗེ་ནི་རང་བཞིན་གྱིས་གྲུབ་ཡོད་པ་ཞིག་མ་ཡིན་པར། དེ་ནི་རང་གི་བྱེད་ལས་ནས་ཡོང་གི་ཡོད་སྟབས། གལ་ཏེ་ཁྱེད་ཀྱི་གཞན་ཞིག་ལ་བདེ་སྐྱིད་བསྐྲུན་བསམ་ན་སྙིང་རྗེ་ཕྱག་བསྟར་གནང་དགོས་བ་དང་། དེ་བཞིན་རང་ཉིད་ལ་བདེ་སྐྱིད་དགོས་ན་ཡང་སྙིང་རྗེ་ཕྱག་བསྟར་གནང་དགོས། ང་ཚོས་འཚོལ་བཞིན་པའི་བདེ་སྐྱིད་དེ་ནི་སྙིང་རྗེ་གོང་འཕེལ་གཏོང་བ་དང་གཞན་ལ་བསམ་ཤེས་བྱེད་པ་ཁོ་ནས་ལས་འབྱུང་གི་ཡོད་པར་གསུངས་ཡོད་པ་ལུང་འདྲེན་གྱིས།  ད་སྐབས་རྒྱ་ནག་གི་རིམས་ནད་ཀྱི་རྐྱེན་གྱིས་སྨན་པ་རྣམས་ལ་ཡང་ལས་བྲེལ་གྱི་ཁྲོད་དུ་སེམས་ཀྱི་གནོན་ཤུགས་ཆེན་པོ་ཡོང་གི་ཡོད་སྟབས། མགོན་པོ་གང་གིས་སྨན་བཅོས་ལག་ལེན་ཁྲོད་ཀྱི་སྙིང་རྗེ་སྐོར་གྱི་བཀའ་སློབ་སྩོལ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་སོང་།སྐབས་དེར་༸གོང་ས་མཆོག་གིས། འགྲོ་བ་མིའི་རིགས་ཀྱི་འཕྲོད་བསྟེན་ནི་ཕྱི་གཟུགས་ཀྱི་གྲུབ་ཆ་དང་ནང་སེམས་ཀྱི་གྲུབ་ཆ་གཉིས་ཀྱིས་གྲུབ་ཡོད་པ་ཞིག་ཡིན་པར་བཀའ་གནང་སྟེ། བྱམས་བརྩེ་དང་སྙིང་རྗེ། དེ་བཞིན་ནང་སེམས་ཀྱི་སྟོབས་ཤུགས་དང་ཞི་བདེ་སོགས་ནི་ནང་སེམས་ཀྱི་འཕྲོད་བསྟེན་གལ་ཆེན་ཞིག་ཡིན་པ་དང་། ཕྱི་ལུས་པོའི་འཕྲོད་བསྟེན་གྱི་ཆ་ནས་དབུགས་སྦྱོང་བྱེད་རྒྱུ་གལ་ཆེན་ཡིན་པ་བཀའ་བསྩལ་བ་དང་འབྲེལ། དབུགས་སྦྱོང་ཉམས་ལེན་གནང་བ་ཡིན་ན་སེམས་འཚབ་དང་ཁོང་ཁྲོ་ཞི་བར་ཕན་ཐོག་འབྱུང་གི་ཡོད་པའི་ལམ་སྟོན་གནང་བ་དང་འབྲེལ། དབུགས་སྦྱོང་དེ་ཤེས་ཡོན་རང་ལ་ངོས་འཛིན་བྱས་པའི་ཐོག་ནས་འགྲོ་བ་མིའི་རིགས་ཀྱི་འཕྲོད་བསྟེན་ཇེ་རྒྱས་ཇེ་ལགས་སུ་གཏོང་བར་ཉམས་ལེན་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་སོང་།མགོན་པོ་༸གང་གིས་རྒྱ་གར་གྱི་ནང་དུ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་འགྲོ་བ་མིའི་རིགས་ཀྱི་ནང་སེམས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་སྲོལ་རྒྱུན་བཟང་པོ་ཞིག་ཡོད་པར་བཀའ་གནང་སྟེ། བདག་ཉིད་ཆེན་པོ་གྷན་ངྷི་མཆོག་གིས་ཀྱང་དུས་རྒྱུན་ནས་འཚེ་མེད་ཞི་བ་དང་སྙིང་རྗེ་ཕྱག་ལེན་གནང་གི་ཡོད་པ་མ་ཟད། ཁོང་གིས་རྗེས་སུ་རྒྱ་གར་གྱི་རང་དབང་འཐབ་རྩོད་ཀྱི་སྐབས་སུ་ཡང་འཚེ་མེད་ཞི་བ་དང་སྙིང་རྗེ་ཕྱག་ལེན་གནང་ཡོད་པ་དེ་ནི་འཛམ་གླིང་གི་མིག་དཔེ་ལྟ་བུར་གྱུར་ཡོད་པར་བཀའ་གནང་བ་དང་འབྲེལ།  ༸མགོན་པོ་གང་གིས་ བདག་ཉིད་ཆེན་པོ་གྷན་ངྷི་མཆོག་ལ་སྐྱོན་བརྗོད་ཏོག་ཙམ་ཡོད་པའི་ཆ་དེ་ནི་ཁོང་གིས་རྒྱ་གར་ལ་རང་དབང་ཐོབ་མཚམས་སུ་རྒྱ་གར་གྱི་ནང་དུ་དབྱིན་ཇིའི་ཤེས་ཡོན་ལམ་ལུགས་རྒྱུན་འཛིན་གནང་རྒྱུར་ཁས་ལེན་གནང་ཡོད་པ་དེ་རེད།  དེའི་ཚབ་ཏུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་བཀའ་བསྩལ་སོང་། སྐབས་དེར། ཨོ་གླིང་གི་སྨན་དཔྱད་རིག་པའི་ནོ་སྦེལ་གཟེགས་རྟགས་བཞེས་མྱོང་མཁན་གྱི་ལྕམ་སྐུ་ Elizabeth Blackburn ལགས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་ལོ་ངོ་བཅུ་བཞིའི་སྔོན་མཇལ་མྱོང་བ་ཕྱིར་དྲན་གནང་བ་དང་འབྲེལ་ནས། མི་ཚེ་ནང་སེམས་ངལ་བྱུང་བ་ལ་བརྟེན་ནས་རེ་བ་བརླགས་པའི་མི་ལ་རོགས་རམ་ཅི་ལྟར་གནང་དགོས་བའི་སྐོར་ལ་བཀའ་འདྲི་གནང་བར་མགོན་པོ་གང་གིས། འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ལ་ཐོག་མཐའ་གཉིས་ཡོད་པའི་ཆོས་ཉིད་འབྲེལ་བརྗོད་གནང་བ་དང་འབྲེལ་ནས། འགྲོ་བ་མི་ཞིག་ལ་མཚོན་ནའང་སྐྱེ་འཆི་གཉིས་བརྒྱུད་དགོས་བར་བཀའ་གནང་སྟེ། སྤྱིར་འགྲོ་བ་མིའི་རིགས་ལ་མཚོན་ན་དཀའ་ངལ་ནི་ང་ཚོའི་འཚོ་བའི་ཆ་ཤས་ཤིག་ཡིན་སྟབས་གཞི་རྒྱ་ཆེ་ས་ནས་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་ཡིན་པ་དང་།  གང་ཉིད་མཆོག་ཀྱང་སྤྱི་ལོ་ ༡༩༥༩ ལོ་ཟླ་༣ པའི་ཚེས་བཅུ་ ༡༧ གྱི་མཚན་མོར་ནོར་བུ་གླིང་ཀའི་དབྱར་གནས་ལས་བྲོས་བྱོལ་དུ་ཡོང་བའི་སྐབས་ཐོག་དེར་གང་ཉིད་ཀྱི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་འཕྲད་ཡོད་པར་བརྟེན་གནས་སྟངས་ཛ་དྲག་ཆགས་ཡོད་ནའང་། བློ་སེམས་བརྟན་པའི་ཐོག་ནས་དགོངས་པ་ཆེ་བཞེས་གནང་སྟེ་བྲོས་བྱོལ་དུ་ཕེབས་པའི་སྐོར་དྲན་གསོ་གནང་བ་དང་འབྲེལ།   མི་སུ་ཞིག་ཡིན་རུང་འདོད་རྔམ་ཆེན་པོ་དང་མིག་རྒྱང་ཐུང་ཐུང་། དེ་བཞིན་བསམ་བློ་གུ་དོག་པོ་བྱེད་རྒྱུ་མེད་པར། བྱ་བཞག་གང་ལ་ཐུག་ཀྱང་ཆོད་སེམས་བརྟན་པོ་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་བཀའ་བསྩལ་སོང་།རྩ་བའི་དེ་རིང་གི་བཀའ་སློབ་ཀྱི་ལས་རིམས་འདི་ནི་རྒྱལ་སྤྱིའི་རྒྱ་གར་གྱི་སྨན་པ་ལྷན་ཚོགས་ཀྱིས་རིམས་ནད་ཀྱི་དུས་སྐབས་འདིར་སྨན་པ་རྣམས་ཀྱིས་ཆུ་ཚོད་མང་པོ་བཏང་ནས་ནད་པར་སྨན་བཅོས་བྱེད་ཀྱི་ཡོད་སྟབས།  ཁོང་རྣམས་ལ་སེམས་ཤུགས་འཕར་མ་ཞིག་སྩོལ་ཕྱིར་གོ་སྒྲིག་གནང་བ་ཞིག་རེད་འདུག

རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་པའི་ཉིན་མོར་རེ་སྐུལ་དོན་ཚན་དྲུག་ཅན་ཆེད་སྤེལ་གྱིས་ངོ་རྒོལ་གནང་བ།

དེ་རིང་ཕྱི་ཟླ་ ༧ ཚེས་ ༢༣ ཉིན་མོ་འདི་ནི་དེ་སྔ་ཕྱི་ལོ་ ༡༩༢༡ ཟླ་ ༧ ཚེས་ ༢༣ ཉིན་རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱས་པའི་ཉིན་མོ་ཆགས་ཀྱི་ཡོད་པ་ལྟར། དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་གཙུག་ལག་ཁང་གི་ཉེ་འགྲམ་གྱི་ཁང་བརྩེགས་མཐོན་པོའི་སྒང་དུ་བོད་ལ་རང་བཙན་སྤྲོད་དགོས། བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་རེད་བཅས་འཁོད་པའི་འཕྲེད་དར་འཕྱར་བ་དང་། དེ་བཞིན་རྒྱ་གར་གཙོས་རྒྱལ་སྤྱིའི་གཞུང་ལ་རེ་སྐུལ་དོན་ཚན་དྲུག་ཅན་ཞིག་འབུལ་ལམ་ཞུས་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་།   སྐབས་དེར་ངོ་རྒོལ་དང་འབྲེལ་བའི་འཕྲེད་དར་འཕྱར་གྲུབ་མཚམས་སུ་གསར་འགོད་བསྒྲགས་གཏམ་ཡོངས་གྲགས་གནང་སོང་བ་དང་། བསྒྲགས་གཏམ་དེའི་ནང་རྒྱ་ནག་དམར་ཤོག་གཞུང་གིས་བོད་འདི་བཙན་བཟུང་བྱས་པ་ནས་བཟུང་ད་བར་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་མི་སྤྱོད་ལས་འདས་པ་གཏོང་བཞིན་པ་མ་ཟད། བོད་དང་རྒྱ་གར་དབར་གྱི་ས་མཚམས་ས་ཁུལ་ཁག་ཏུ་གཞི་མེད་རྙོག་གླེང་གིས་ལྷིང་འཇགས་མེད་པར་བཟོས་པ། ད་ལྟ་རྒྱ་ནག་ནས་ཁྱབ་གདལ་སོང་བའི་ཏོག་དབྱིབས་གཉན་རིམས་དང་། ལ་དྭགས་གྷལ་ཝན་ཡུལ་ཀླུང་དུ་དྲག་པོའི་བཙན་འཛུལ་བྱས་ཏེ་རྒྱ་གར་གཙོས་རྒྱལ་སྤྱིའི་བདེ་འཇགས་ལ་དོ་ཕོག་བཏང་བ་སོགས་རྒྱ་ནག་དམར་ཤོགས་གཞུང་གི་བྱེད་བབས་ཁག་ལུང་འདྲེན་དང་འབྲེལ་ཏེ་རྒྱལ་སྤྱིའི་གཞུང་དང་མང་ཚོགས་ཡོངས་ནས་ཛ་དྲག་རང་བཞིན་ཐོག་ནས་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་རྒྱ་ནག་དམར་པོའི་གཞུང་ལ་ཁ་གཏད་ནན་པོ་གནང་དགོས་པ་གསུངས་འདུགརྒྱ་གར་གཙོས་རྒྱལ་སྤྱིའི་གཞུང་ནས་བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་བཞེས་གནང་ཐོག་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་ལེན་མེད་པ་ཡོངས་གྲངས་སུ་གནང་དགོས་པ་དང་། རྒྱ་གར་གྱི་ངོས་ནས་སློབ་གྲྭ་ཁག་གི་སྤྱི་ཚོགས་ཚན་རིག་དང་རྒྱལ་རབས་སློབ་ཚན་ཁོངས་སུ་བོད་དང་རྒྱ་གར་གྱི་ས་མཚམས། ལྷག་དོན་བོད་རང་བཙན་ཡིན་པའི་ལོ་ལོ་རྒྱུས་སྐོར་སློབ་ཁྲིད་གནང་དགོས་པ། རྒྱ་གར་གཞུང་འབྲེལ་ཐོག་ནས་བཙན་བྱོལ་བོད་གཞུང་ཞེས་ངོས་ལེན་གནང་དགོས་པ། དེ་བཞིན་རྒྱ་ནག་གི་ཅ་དངོས་བེད་སྤྱོད་གནང་མཚམས་འཇོག་དགོས་པའི་ལས་འགུལ་ཤུགས་ཆེ་སྤེལ་དགོས་པ་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་རྒྱ་ནག་ཐོག་ཀྱི་ལྷན་ཚོགས་སྐབས་རྒྱ་ནག་ལ་འདྲི་རྩད་ནན་པོ་གནང་དགོས་པ་མ་ཟད། ཕྱི་ཟླ་ ༡༠ ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་འོས་འདེམས་སྐབས་ རྒྱལ་སྤྱིའི་ངོས་ནས་རྒྱ་ནག་ལ་དགག་པ་གནང་དགོས་པ་བཅས་རེ་སྐུལ་དོན་ཚན་དྲུག་ཆེད་སྤེལ་གནང་འདུག གསར་འགོད་པས་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངེས་སྟོན་པ་རིག་འཛིན་ཆོས་སྒྲོན་ལགས་སུ་བཅར་འདྲི་ཞུས་པར་དེ་རིང་གི་ཉིན་མོ་འདི་རྒྱ་ནག་ལ་མཚོན་ན་དགའ་དགའ་སྤྲོ་སྤྲོ་བྱེད་རྒྱུའི་དུས་ཚིགས་ཤིག་ཆགས་ཀྱི་ཡོད་ཀྱང་། ང་ཚོ་བོད་དང་ཤིན་ཅང་། དེ་བཞིན་ཧོང་ཀོང་སོགས་རྒྱ་ནག་དམར་ཤོག་གཞུང་གི་འོག་དཀའ་སྡུག་མྱོང་བཞིན་པ་ཚོ་ལ་མཚོན་ན་མྱ་ངན་གྱི་ཉིན་མོ་ཞིག་ཡིན་པ་མ་ཟད་རྒྱ་ནག་དམར་ཤོག་གཞུང་གསར་འཛུགས་ཀྱི་དམིགས་ཡུལ་གཙོ་བོ་དེ་མི་གསོད་ཁྲག་སྦྱོར་ཆེད་རེད་ཅེས་སོགས་གསུངས་སོང་།  གཞན་ཡང་ཚོགས་པ་དེའི་ལས་འགུལ་ངེས་སྟོན་པ་རྒྱལ་མཚན་ལགས་ནས་རྒྱ་ནག་དམར་ཤོག་གཞུང་གིས་བོད་ཧམ་ཟོས་བྱས་པ་མ་ཟད་ད་ཆ་ཧམ་འཛུལ་ཅན་གྱི་སེམས་དེ་ཧི་མཱ་ལ་ཡའི་ས་ཁུལ་ཁག་ཏུ་ལག་བསྟར་བྱེད་བཞིན་པར་འགྲེལ་བརྗོད་དང་སྦྲགས། རྒྱ་གར་གྱི་ངོས་ནས་ཧི་མཱ་ལ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་སྣེ་ཁྲིད་ཐོག་རྒྱ་ནག་གི་སྡུག་རྩུབ་ཅན་གྱི་བྱ་སྤྱོད་ལ་གདོང་ལེན་གནང་དགོས་པ་གསུངས་འདུགདེ་རིང་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་ཞུས་པའི་ལས་འགུལ་ཐོག་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གཙོས་པའི་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་དབུས་རྒྱུན་ལས་བྱེད་དང་། ས་གནས་མི་མང་ཁག་ཅིག་ནས་མཉམ་ཞུགས་གནང་འདུག

རྒྱ་ནག་གིས་འཕྲུལ་ལས་བརྒྱུད་ཆོས་དད་རང་དབང་ལ་དམ་དྲག་བྱེད་བཞིན་པ་མངོན་གསལ།

ཁ་སང་ཕྱི་ཚེས་ ༢༢ ཉིན་ཨ་རིའི་རྒྱལ་སྤྱི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་ནག་གཞུང་གིས་འཕྲུལ་ལས་སོ་མྱུལ་དང་གནས་ཚུལ་དབྱེ་ཞིབ་ཀྱི་འཕྲུལ་ཆས་སྤྱད་པའི་སྒོ་ནས་ཆོས་དད་ཀྱི་སྡེ་ཚན་་ཁག་ལ་གཉའ་གནོན་བྱེད་བཞིན་པའི་སྐོར་དང་། དེར་ཨ་རི་གཞུང་གིས་ཡ་ལན་ཇི་ལྟར་གནང་དགོས་ཞེས་པའི་བརྗོད་གཞིའི་ཐོག་དྲྭ་ལམ་ཐད་གཏོང་བརྒྱུད་དེ་ཉན་ཞིབ་ལས་རིམ་ཞིག་ཚོགས་སོང་བ་དང་། སྐབས་དེར་ Tibet Action Institute ཞེས་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ངེས་སྟོན་པ་བློ་བཟང་རྒྱ་མཚོ་ལགས་ཀྱིས་བོད་ནང་གི་ཆོས་དད་རང་དབང་དང་འབྲེལ་ནས་རྒྱ་ནག་དམར་ཤོག་ཚོགས་པས་གཉའ་གནོན་བྱེད་ཕྱོགས་དང་ལྷག་པར་འཕྲུལ་ལས་བཀོལ་སྤྱོད་བྱས་པ་བརྒྱུད་བོད་མིའི་ཆོས་དད་རང་དབང་ལ་དྲག་གནོན་ཇི་ལྟར་བྱེད་ཀྱི་ཡོད་མེད་ཀྱི་ཐད་ལ་གཏམ་བཤད་གནང་སོང་། དེ་ཡང་ཉན་ཞིབ་ལས་རིམ་དེའི་ཐོག་བློ་བཟང་ལགས་ཀྱིས་ཉེ་ལམ་གཞིས་བཞུགས་བོད་མི་མཁའ་འགྲོ་ཚེ་བརྟན་ཞུ་བ་ཞིག་གིས་༸གོང་ས་མཆོག་ལ་བསྟོད་གླུ་ཞིག་བྲིས་ཏེ། གཞས་བ་ཚེ་རྒོ་ལགས་ཀྱིས་གཞས་དེ་བླངས་ནས་སྤྱི་ཚོགས་དྲྭ་རྒྱའི་སྟེང་དུ་བཞག་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་གཉིས་ལ་རྒྱལ་ཁབ་མགོ་རྟིང་སློག་ཐབས་དང་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བསྒྲགས་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་གོམས་སྲོལ་རྙིང་པ་བསྒྱུར་བཅོས་ཞེས་པའི་ལས་འགུལ་འོག་རི་སྒང་དུ་མ་ཎི་རྡོ་བརྐོས་དང་དར་ལྕོག་སོགས་གཙང་བཟོ་བྱེད་དགོས་པའི་བཙན་བཀའ་བཏང་ཡོད་པ་ལུང་འདྲེན་གནང་བ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་གི་ཐད་ལ་ཕྱོགས་གང་ས་ནས་གཉའ་གནོན་བྱེད་བཞིན་ཡོད་པ་མ་ཟད། དྲ་ཐོག་ནས་༸གོང་ས་མཆོག་གི་མཚན་བཀོལ་སྤྱོད་བྱ་རྒྱུ་ལའང་སོ་མྱུལ་བྱས་དེ་ནག་ཉེས་ཅན་ལ་རྩིས་ནས་ཁྲིམས་ཐག་གཅོད་ཀྱི་ཡོད་པ་དང་ལྷག་པར་དུ་མགོན་པོ་མཆོག་གི་སྐུ་པར་བདག་གཉེར་བྱས་པ་དང་སྤྱི་ཚོགས་དྲྭལམ་ WeChat ལ་སོགས་ཀྱི་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཁག་ཏུ་བརྒྱུད་སྤེལ་བྱས་པ་ཤེས་རྟོག་བྱུང་ཚེ་བཀག་སྐྱིལ་བྱེད་ཀྱི་ཡོད་པ་བརྗོད་འདུག ད་དུང་རྒྱ་ནག་གཞུང་གྱི་འཕྲུལ་ལས་ལ་སོ་མྱུལ་བྱས་པའི་གནད་དོན་དང་འབྲེལ་ནས་བློ་བཟང་ལགས་ཀྱིས་ཕྱི་ལོ་ ༢༠༡༧ ལོའི་དུས་འཁོར་དབང་ཆེན་སྐབས་གཞིས་བཞུགས་བོད་མི་མང་དག་ཅིག་རྒྱ་ནག་གཞུང་གིས་བཙན་བཀའི་འོག་ནས་ཕྱིར་ལོག་དགོས་བྱུང་བ་དང་། དེ་བཞིན་བོད་མི་མང་དག་ཅིག་ས་གནས་ནས་བཀག་སྡོམ་བྱས་ཡོད་པ་མ་ཟད། Toronto གཙུག་ལག་སློབ་གྲྭའི་ Citizen Lab ཡིས་ཞིབ་འཇུག་སྙན་ཐོའི་ནང་རྒྱ་ནག་གི་བཟོས་པའི་Wechat ཡི་ནང་དུའང་དུས་འཁོར་དབང་ཆེན་ཞེས་པའི་ཐ་སྙད་ལ་སོ་མྱུལ་བྱས་ཡོད་པ་མ་ཟད། ཐ་ན་རྡོ་རྗེ་གདན་ཞེས་པའི་ཐ་སྙད་ལའང་སོ་མྱུལ་བྱས་ཀྱི་ཡོད་པ་ར་སྤྲོད་ཀྱི་སྙན་ཐོ་ཞིག་ཀྱང་འདོན་སྤེལ་གནང་ཡོད་སྐོར་དང་། དེ་བཞིན་བོད་དོན་ལས་འགུལ་ལྟེ་གནས་ཁང་གིས་གིས་རྒྱ་ནག་གི་མཉེན་ཆས་ Youku ཞེས་པ་དེར་དཔྱད་ཞིབ་བྱེད་སྐབས་ ༸གོང་ས་མཆོག་གི་མཚན་འཁོད་པའི་བརྙན་ཐུང་དང་། དེ་བཞིན་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་བརྙན་ཐུང་ཆ་ཚང་ལ་སོ་མྱུལ་བྱེད་ཀྱི་ཡོད་པ་ཤེས་རྟོག་བྱུང་ཞེས་བརྗོད་འདུག གཞན་ཡང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་དྲྭ་རྒྱའི་བདེ་འཇགས་ཟེར་བའི་ཁྲིམས་གཞི་གཏན་འབེབས་བྱས་པའི་རྗེས་སུ་དྲྭ་ལམ་སོ་མྱུལ་བྱ་རྒྱུ་ཤུགས་ཇེ་ཆེར་སོང་ཡོད་པ་དང་། ལས་འགུལ་ཁང་གིས་ GreatFire ཞེས་རྒྱ་ནག་གི་དྲྭ་རྒྱ་བཀག་སྡོམ་གི་གནད་དོན་ཐོག་ཞིབ་འཇུག་བྱེད་མཁན་ཚོགས་པ་དང་མཉམ་འབྲེལ་གྱི་སྒོ་ནས་ཞིབ་འཇུག་བྱེད་སྐབས་ཀུ་ཤུ་རྟགས་ཅན་གྱི་ཚོང་ལས་ཁང་གིས་རྒྱ་ནག་ནང་གི་མཉེན་ཆས་ཁྲོད་༸གོང་ས་མཆོག་དང་།ནང་ཆོས་ལ་སོགས་པའི་ཐ་སྙད་ཡོད་མཁན་གྱི་བོད་པའི་མཉེན་ཆས་ ༢༩ ཙམ་བཀག་སྡོམ་བྱས་ཡོད་པ་ཤེས་རྟོག་བྱུང་ཡོད་པ་མ་ཟད། ཀུ་ཤུ་རྟགས་ཅན་གྱི་ཚོང་ལས་ཁང་གིས་ནམ་རྒྱུན་ནས་ཕྱི་གསལ་ནང་གསལ་བྱེད་ཀྱི་མེད་སྟབས་ད་དུང་བོད་པའི་མཉེན་ཆས་ཇི་ཙམ་བཀག་སྡོམ་བྱས་ཡོད་མིན་ཤེས་རྟོག་ཐུབ་ཀྱི་མེད་པ་བརྗོད་འདུག གཞན་ཡང་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་རྒྱལ་ཁབ་ནང་དུ་སོ་མྱུལ་བྱས་པ་ཙམ་མིན་པར་རྒྱལ་སྤྱི་ཁྱོན་ཡོངས་སུ་སོ་མྱུལ་བྱེད་ཀྱི་ཡོད་པ་ཤེས་རྟོག་བྱུང་རྗེས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་རང་རྒྱལ་གྱི་བདེ་འཇགས་སླད་རྒྱ་ནག་གི་མཉེན་ཆས་བཀག་སྡོམ་བྱེད་བཞིན་པའི་ཁྲོད་ཉེ་ལམ་རྒྱ་གར་གཞུང་གིས་tiktokམཉེན་ཆས་བཀག་སྡོམ་བྱས་ཡོད་པ་ལྟར། ཀུ་ཤུ་རྟགས་ཅན་སོགས་ཀྱིས་རྒྱ་ནག་དང་ལྷན་དུ་ཚོང་ལས་གཉེར་མཁན་ཚོས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཀྱི་གནད་དོན་དང་འབྲེལ་བའི་ཐོག་ལ་འགན་བཞེས་དགོས་པར་བརྗོད་འདུག ཡང་སྐབས་དེར་ཨ་རིའི་རྒྱལ་སྤྱི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་ Gayle Manchin མཆོག་གིས་རྒྱ་ནག་དམར་ཤོག་ཚོགས་པས་ཆེས་གདུག་རྩུབ་ཀྱི་སྲིད་བྱུས་འོག་བོད་དང་ཡུ་གུར་བའི་མང་ཚོགས་ལ་དཀའ་ངལ་ཆེན་པོ་སྤྲོད་བཞིན་ཡོད་སྐོར་ངོ་སྤྲོད་གནང་བ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་སྟོང་ཕྲག་མང་པོ་གཏོར་བཤིག་བཏང་བ་སོགས་ཀྱི་མཚོན་པའི་གཞིས་བཞུགས་བོད་རིགས་སུ་འདྲ་ཞིག་གི་༸གོང་ས་མཆོག་གི་སྐུ་པར་ཉར་བ་སོགས་ཤེས་རྟོག་བྱུང་ཚེ་བཙོན་འཇུག་ཁྲིམས་ཐག་གཅོད་བཞིན་ཡོད་པ་མ་ཟད། ཞི་བའི་ངོ་རྒོལ་གནང་མཁན་རྣམས་ཀྱང་བཙོན་འཇུག་ཁྲིམས་ཐག་བཅད་དེ་བ་གསོ་ཁང་དུ་བཀག་སྐྱིལ་བྱེད་པ། དེ་བཞིན་བཟང་བཙོན་ལ་འཇོག་གི་ཡོད་པ་འགྲེལ་བརྗོད་གནང་སོང་། རྩ་བའི་ཉན་ཞིབ་ལས་རིམ་དེའི་ཐོག་ཨ་རིའི་རྒྱལ་སྤྱི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་ Gayle Manchin མཆོག་གི་གཙོས་ཚོགས་གཞོན་རྣམ་པ་གཉིས་དང་། བོད་དོན་ལས་འགུལ་ལྟེ་་གནས་ཁང་གི་ངེས་སྟོན་པ་བློ་བཟང་རྒྱ་མཚོ་ལགས། ཨ་རི་ཚོང་ལས་སྡེ་ཚན་གྱི་དྲུང་ཚབ་སྐུ་ཞབས་ Cordell Hull ལགས། Human Rights Initiative འམ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྣེ་ཁྲིད་ཚོགས་པའི་ངེས་སྟོན་པ་ལྕམ་ Amy Lehr ལགས། Artificial Intelligence and Emerging Technology Initiative འམ་མིས་བཟོས་པའི་འཕྲུལ་ལས་དང་གསང་བའི་ལས་དོན་སྣེ་ཁྲིད་ཚོགས་པའི་ངེས་སྟོན་པའི་མགྲིན་ཚབ་པ་ Chris Meserole ལགས། དེ་བཞིན་ Texas གཙུགས་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་སྐུ་ཞབས་ Sheena Greitens ལགས་བཅས་ཀྱིས་མཉམ་ཞུགས་གནང་ཡོད་པ་རེད།

ཡོ་རོབ་མཐུན་ཚོགས་ཀྱིས་གཉན་རིམས་ངལ་སེལ་གྱི་རོགས་དངུལ་གཏན་འབེབས་གནང་བར་དགའ་བསུ་མཛད་པ།

འདས་པའི་ཉིན་གྲངས་ལྔ་ཙམ་གྱི་གོང་ནས་ཡོ་རོབ་ Belgium གྱི་རྒྱལ་ས་ Brussels ནང་རྟེན་གཞི་བྱས་པའི་ཡོ་རོབ་མཐུན་ཚོགས་སུ་ཚོགས་མི་རྒྱལ་ཁབ་ ༢༧ གྱི་དབུ་ཁྲིད་དང་འབྲེལ་ཡོད་སྐུ་ཚབ་མི་སྣ་བཅས་ལྷན་ཞུགས་ཐོག་བར་སྐབས་རྒྱ་ནག་ནས་ཁྱབ་གདལ་སོང་བའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་ཡོ་རོབ་མཐུན་ཚོགས་ཀྱི་ཁྱབ་ཁོངས་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་བབས་ལ་གྱོང་གུད་དང་མི་མང་གི་འཚོ་བར་དོ་ཕོག་ཐེབས་ཁག་སླར་གསོ་གནང་རྒྱུར་དམིགས་ཏེ་གཉན་རིམས་ངལ་སེལ་གྱི་རོགས་དངུལ་གྲོས་མཐུན་གཏན་འབེབས་གནང་བཞིན་ཡོད་པ་ལྟར་ཁ་སང་རེས་གཟའ་མིག་དམར་ཉིན་ཡོ་རོབ་མཐུན་ཚོགས་ཀྱི་དབུ་ཁྲིད་ཚོས་གཉན་རིམས་ངལ་སེལ་གྱི་རོགས་དངུལ་ཡོ་སྒོར་ཐེར་འབུམ་ ༧༥༠ དངོས་སུ་གཏན་འབེབས་གནང་ཡོད་པ་རེད།ཡོ་རོབ་མཐུན་ཚོགས་ཀྱིས་གཉན་རིམས་ངལ་སེལ་གྱི་རོགས་དངུལ་གྲོས་མཐུན་དང་འབྲེལ་ཏེ་དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཞིག་བསྩལ་འདུག་པ་དང་། དེའང་ནང་ད་ལྟའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ཡོ་རོབ་མཐུན་ཚོགས་ཀྱིས་གཉན་རིམས་རྐྱེན་གྱིས་གྱོང་གུད་ཕོག་པའི་ཚོགས་མི་རྒྱལ་ཁབ་ཁག་གི་དཔལ་འབྱོར་སླར་གསོ་གནང་རྒྱུར་ད་བར་མཐུན་ཚོགས་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་མ་དངུལ་རོགས་སྐྱོར་གྱི་གྲོས་མཐུན་ཞིག་གཏན་འབེབས་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བསྔགས་བརྗོད་མཛད་འདུགམགོན་པོ་༸གང་ཉིད་མཆོག་གིས་སླར་ད་རེས་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་གྲོས་མོལ་དང་བློས་བཏང་ཆེན་པོས་ཐུན་མོང་གི་དགོས་འདུན་ལེགས་གྲུབ་ཡོང་བར་ཆེད་དམིགས་ཀྱིས་ཕྱག་ལས་གནང་བ་དེ་ནི་ཚོགས་མི་རྒྱལ་ཁབ་རྣམ་པའི་རྣམ་དཔྱོད་དང་གཟི་བརྗིད་མཚོན་ཐུབ་པ་ཞིག་ཀྱང་རེད་ཅེས་བསྔགས་བརྗོད་མཛད་འདུག ༸གོང་ས་མཆོག་གིས་རྒྱུན་དུ་ཡོ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞི་འདི་ནི་རྒྱལ་ཁབ་གཞན་ཚོའི་ངོས་ནས་མིག་དཔེ་འོས་པའི་མཐུན་ཚོགས་ཤིག་ཡིན་པར་ཐུགས་སྨོན་མཛད་དོན་བཞིན་ད་རེས་ངལ་སེལ་གྱི་གྲོས་མཐུན་གཏན་འབེབས་བྱུང་བར་དགའ་བསུའི་འཚམས་འདྲི་དང་། སླད་མར་གོ་ལའི་གནམ་གཤེས་འགྱུར་ལྡོག་སོགས་དང་འབྲེལ་བའི་ལས་དོན་ཁག་ཀྱང་ཚགས་ཚུད་ཡོང་བའི་ཐུགས་སྨོན་ཡོད་ཅེས་བཀའ་བསྩལ་འདུགགཉན་རིམས་ངལ་སེལ་གྱི་རོགས་དངུལ་གྲོས་མཐུན་གཏན་འབེབས་གནང་སྐབས་གྲོས་འཐུས་ཕན་ཚུན་དབར་མ་དངུལ་གྱི་བསྡུ་ཆ་སོགས་ཀྱི་ཐད་བཀའ་བསྡུར་ལྷུག་པོ་བྱུང་ཡོད་ཀྱང་། མཐར་དངོས་སུ་གཏན་འབེབས་གནང་སྐབས་ཡོ་རོབ་མཐུན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་  Charles Michel ལགས་ཀྱིས་རོགས་དངུལ་གྲོས་མཐུན་གཏན་འབེབ་བྱུང་བ་དེ་ནི་དུས་ཀྱི་དགོས་མཁོ་ཙམ་མ་ཟད་ཡོ་རོབ་མཐུན་ཚོགས་ཀྱི་དེ་བྱུང་ཁྲོད་གནས་ངེས་ཀྱི་གྲོས་མཐུན་གནད་ཆེ་ཞིག་ཀྱང་རེད་ཅེས་གསུངས་འདུགརྩ་བའི་ཡོ་རོབ་མཐུན་ཚོགས་ཀྱིས་གཉན་རིམས་ངལ་སེལ་གྱི་རོགས་དངུལ་ཡོ་སྒོར་ཐེར་འབུམ་ ༧༥༠ གཏན་འབེབས་གནང་བ་ལས་ཐེར་འབུམ་ ༣༩༠ ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཁྲོད་གྱོང་གུད་ཕོག་ཁག་ལ་གཞིགས་ཏེ་ཚོགས་མི་རྒྱལ་ཁབ་ཚོར་རོགས་སྐྱོར་གྱི་ངོ་བོའི་ཐོག་ནས་གནང་རྒྱུ་དང་ཐེར་འབུམ་ ༣༦༠ སྐྱེད་ཆུང་བུན་གཡར་ཐོག་ཚོགས་མི་རྒྱལ་ཁབ་ཁག་ལ་རོགས་སྐྱོར་གནང་རྒྱུ་ཡིན་པ་རེད། དེ་དང་འབྲེལ་ནས་དཔྱད་ཞིབ་པ་རྣམས་ཀྱིས་ཐེངས་འདིའི་རོགས་སྐྱོར་འདིས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སུ་གྱུར་བ་སི་པན་དང་ཨི་ཊ་ལི་ལྟ་བུར་ཕན་ཐོགས་ཆེན་པོ་བྱུང་ངེས་ཡིན་པ་གསུང་བཞིན་འདུག

གྲོས་འཐུས་སུམ་ཅུས་རྒྱ་གཞུང་རྒྱལ་སྤྱིའི་ཁྲིམས་རར་ཁྲིམས་གཏུག་གི་སྐུལ་སློང་གནང་བ།

ཁ་སང་ཕྱི་ཚེས་ ༢༡ ཉིན་ ཕ་རན་སིར་རྟེན་གཞི་བྱས་པའི་ euronnews གསར་ཁང་གིས་ཕ་རན་སིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཕ་རན་སིའི་སྲིད་འཛིན་མཆོག་ལ་ཡུ་གུར་བའི་གནད་དོན་དང་འབྲེལ་ནས་རྒྱ་ནག་གི་གཞུང་དེ་རྒྱལ་སྤྱིའི་ཁྲིམས་རར་གཏུག་དགོས་པའི་ཕྱག་ཡིག་ཕུལ་འདུག ཕ་རན་སིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Aurélien Taché ལགས་ཀྱིས་སྣེ་ཁྲིད་འོག་ཕ་རན་སི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ ༣༠ ཡིས་ཕ་རན་སིའི་སྲིད་འཛིན་ Macron མཆོག་ལ་རྒྱ་གཞུང་གིས་ཡུ་གུར་མི་རིགས་ལ་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པའི་སྐོར་ལ་ཞུ་གཏུག་གནང་བ་དང་འབྲེལ། རྒྱ་ནག་གཞུང་གིས་གོ་རིམ་ལྡན་པའི་བཀོད་བྱུས་འོག་ཤིན་ཅང་ནང་གི་མི་རིགས་རྩ་གཏོར་གཏང་རྒྱུའི་བྱུས་ངན་དེ་དག་ལ་ཕ་རན་སིའི་གཞུང་གི་བཞེངས་ཕྱོགས་བརྟན་པོའི་ཐོག་ནས་རྒྱ་ནག་གཞུང་དེ་རྒྱལ་སྤྱིའི་ཁྲིམས་ལ་གཏུག་དགོས་པའི་ཕྱག་ཡིག་ཕུལ་འདུག་པ་མ་ཟད། ཁ་སང་གྲོས་ཚོགས་འོག་མའི་ནང་ཡུ་གུར་མང་ཚོགས་ཀྱི་གནད་དོན་དང་འབྲེལ་ནས་གྲོས་ཚོགས་འཐུས་མི་སྐུ་ཞབས་ Aurélien Taché ལགས་ཀྱིས་དྲི་བར་ཕུལ་བ་བཞིན་ཕ་རན་སི་ཕྱི་སྲིད་བློན་ཆེན་མཆོག་གིས་ཀྱང་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་འདུགརྩ་བའི་ཤིན་ཅང་གི་གནད་དོན་དང་འབྲེལ་ནས་གྲོས་ཚོགས་འཐུས་མི་དང་དེ་སྔ་གྲོང་སྡེའི་སྤྱི་ཁྱབ་གནང་མྱོང་ཡོད་མཁན་སྐུ་ཞབས་ Hubert J-Laferriere ལགས་ཀྱིས་ཀྱང་ཁ་སང་གྲོས་ཚོགས་སུ་རྒྱ་ནག་ནང་ད་ལྟ་འགྲོ་བཞིན་པའི་གནས་སྟངས་དེ་དག་དང་འབྲེལ་བའི་དགོངས་འཆར་གནང་པ་མ་ཟད། ཅི་སྟེ་ང་ཚོའི་ངོས་ནས་ཡུ་གུར་མི་རིགས་རྣམས་ཀྱིས་མྱོང་བཞིན་པའི་མནར་གཅོད་ལ་རྒོལ་ལན་དང་རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྒོལ་ལེན་གནང་དགོས་ཞེས་བརྗོད་འདུག་པ་དང་། དེ་བཞིན་ཕ་རན་སའི་བློན་ཆེན་སྐུ་ཞབས་ Bruno Le Maire ལགས་ཀྱིས་ཀྱང་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་དྲག་གནོན་བྱས་པ་དེ་དག་བསམ་ཡུལ་འདས་པ་ཞིག་དང་། ཁོང་རང་ཉིད་ནས་ཀྱང་རྒྱ་ནག་གཞུང་འབྲེལ་མི་སྣ་དང་ལྷན་དུ་ཚོགས་འདུའི་རིགས་ནམ་བྱུང་ལ་ཡུ་གུར་བའི་གནད་དོན་ཐོག་གླེང་སློང་གནང་གིི་ཡོད་གསུངས་འདུག

རྒྱ་ནག་ལྟ་བུས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་བཟོད་བསྲན་གནང་ཐབས་མེད་པར་གསུངས་འདུག

ཨི་ཊ་ལི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Matteo Lungi Bianchi ལགས་ཀྱིས་ཨི་ཊ་ལི་གཞུང་ནས་རྒྱ་ནག་ཐོག་བཞེངས་ཕྱོགས་ལ་འདྲི་རྩད་དང་སྦྲགས་ཏེ་ཨི་ཊ་ལི་ནས་ཚོང་འབྲེལ་རྒྱལ་ཁབ་རྒྱ་ནག་ལྟ་བུས་དབང་སྒྱུར་འོག་ཡོད་པའི་མི་རིགས་དག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ནམ་ཡང་བཟོད་བསྲན་གནང་ཐབས་མེད་ཅེས་གསུངས་འདུགཁ་སྔོན་ཚེས་ ༢༠ ཉིན་སྐུ་ཞབས་ Bianchi ལགས་ཀྱིས་གྲོས་ཚོགས་སུ་རྒྱ་གཞུང་གིས་བོད་ནང་དགོན་སྡེ་སོགས་གཏོར་བཅོམ་བཏང་བར་ཐུགས་འཚབ་དང་འབྲེལ་ཉེ་ལམ་རྒྱ་ནག་གཞུང་གིས་གོམས་སྲོལ་རྙིང་པ་བསྒྱུར་བཅོས་ཞེས་པའི་ལས་འགུལ་འོག་རི་སྒང་དུ་མ་ཎི་རྡོ་བརྐོས་དང་དར་ལྕོག་སོགས་གཙང་བཟོ་བྱེད་དགོས་པར་བཙན་བཀའ་བཏང་ཡོད་པ་ལུང་འདྲེན་གྱིས་ཨི་ཊ་ལིས་གནད་དོན་དེའི་ཐོག་ནམ་གླེང་རྒྱུ་དང་རྒྱ་ནག་ལ་འགན་ཁུར་བཟོ་ཐབས་ཤིག་ནམ་གནང་རྒྱུ་ཡིན་ནམ་ཞེས་འདྲི་རྩད་གནང་ཡོད་པ་རེད། དེ་བཞིན་ཁོང་གིས་རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་གླེང་སློང་གནང་བ་དང་སྦྲགས། ཨི་ཊ་ལི་གཞུང་ནས་ཉེ་ལམ་རྒྱ་གཞུང་གིས་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་གསར་པ་གཏན་འབེབས་བྱས་པའི་ཐོག་བཞེངས་ཕྱོགས་ཁ་གསལ་དགོས་པ་དང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་ཨི་ཊ་ལིས་གང་ཡང་མ་གསུང་པར་ཁུ་སིམ་མེར་བཞུགས་རྒྱུ་དེ་དགོས་ངེས་ལ་གཟིགས་སམ་སམ་ཞེས་སོགས་འདྲི་རྩད་དང་ཆབས་ཅིག་ཏུ་རྒྱ་ནག་གི་བྱ་སྤྱོད་དེ་དག་ལ་ནམ་ཡང་བཟོད་བསྲན་གནང་ཐུབ་ཐབས་མེད་ཅེས་གསུངས་འདུག སྐུ་ཞབས་ཁོང་གིས་ད་དུང་ཨི་ཊ་ལི་རྒྱལ་ཁབ་དེ་བཞིན་ G7 སྟོབས་ཆེན་རྒྱལ་ཁབ་ཀྱི་ཚོགས་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་མཁན་རྒྱ་ནག་ལྟ་བུར་སྐྱོན་བརྗོད་གནང་བ་ཁོ་ནས་མ་འགྲིག་པར་རྒྱ་ནག་ཐོག་བཞེངས་ཕྱོགས་གསལ་པོ་བཟོས་དགོས་པ་དང་ལྷག་པར་དུ་རྒྱ་ནག་ནི་ད་ཆ་འཛམ་གླིང་ཐོག་ཉེན་ཁ་ཅན་ཞིག་ཆགས་ཡོད་སྟབས། ང་ཚོས་ད་ལྟ་ནས་དེར་ཁ་གཏད་མ་གནང་ཚེ་སླད་མར་གནད་དོན་ཚབས་ཆེན་ཆགས་ངེས་ཡིན་པའི་ཉེན་བརྡ་བཏང་འདུག རྩ་བའི་སྐུ་ཞབས་ Bianchi ལགས་ཀྱིས་ད་ལྟ་ཙམ་མ་ཟད་ཟླ་མགོར་གྲོས་ཚོགས་སུ་རྒྱ་གཞུང་ནས་ཁས་ལེན་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་རྡོག་རོལ་བཏང་བར་སྐྱོན་བརྗོད་གནང་བ་དང་འབྲེལ། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་བཞིན་པའི་གནད་དོན་དག་ལ་མགོ་སྒུར་ནས་ཁུ་སིམ་མེར་བཞུགས་རྒྱུ་མེད་པ་མ་ཟད་རྒྱ་གཞུང་ནས་དེ་འབྲེལ་བོད་མིའི་ཐོག་སྤེལ་བའི་དྲག་གནོན་གྱི་སྲིད་བྱུས་དག་མཚམས་འཇོག་དགོས་པ་གསུངས་ཡོད།

Latest news