Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དབུ་འབྱེད་མཛད་པ།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་ཉིན་མོར་༸གོང་ས་མཆོག་གིས་བཞུགས་སྒར་དྷ་སའི་ལྷ་རྒྱལ་རིའི་ཉེ་འཁྲིས་སུ་ཆགས་པའི་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དབུ་འབྱེད་མཛད་སོང་། དེ་རིང་སྔ་དྲོ་ཕྱག་ཚོད་ ༨ ཡོལ་ཙམ་ལ་༸གོང་ས་མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དབུ་འབྱེད་མཛད་པ་དང་འབྲེལ་ཏེ་དཔེ་མཛོད་དང་ཡིག་ཚགས་ཁང་། གཟེངས་རྟགས་སྒྲིག་གཤོམ་ཁང་བཅས་སུ་གཟིགས་ཞིབ་ཀྱིས་བྱིན་འབེབས་རབ་གནས་སྩལ་གྲུབ་མཚམས་དབུ་འབྱེད་མཛད་སྒོར་དབུ་བཞུགས་མཛད་སོང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཁྱེད་རང་ཚོ་༸རྒྱལ་བ་རིན་པོ་ཆེའི་སྐྱེས་སྐར་ལ་འཛུམ་མུལ་མུལ་དང་དགའ་སེམས་འཁོལ་བོའི་ངང་འདུ་འཛོམས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ་དང་། གཉན་འཕྲང་གི་དུས་ཚིགས་འདིར་ངོས་ནས་ཏཱ་ལའི་བླ་མ་མིང་འཁུར་ཏེ་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་བྱས་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག ད་བར་ངོས་ནས་བསམ་པ་རྣམ་དག་གིས་ལས་དོན་གཉེར་ཁག་གི་ལག་རྗེས་སུ་འཛམ་གླིང་གང་སར་ནས་མང་ཚོགས་དུ་མས་བོད་ཀྱི་གནད་དོན་དེ་ཆབ་སྲིད་ཀྱི་གནད་དོན་ཁོ་ན་མ་ཡིན་པར་དྲང་བདེན་གྱི་གནད་དོན་ཞིག་ཡིན་པར་དོ་སྣང་གནང་གི་ཡོད་སྐོར་བཀའ་སྩལ་སོང་།དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་ནི་སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུ་ཞིག་ཡིན་པ་དང་། དེ་ནི་ཆོས་དད་ཡོད་མེད་ལ་མ་ལྟོས་པར་ཀུན་ལ་མཁོ་བ་ཞིག་ཡིན་སྟབས། བོད་ཀྱི་སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་རིག་གཞུང་དེ་འཛམ་བུ་གླིང་འདིའི་སྒང་ལ་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད་སྐོར་བཀའ་སྩལ་སོང་།མགོན་པོ་༸གང་ཉིད་མཆོག་གིས་བོད་མི་རྣམས་ནི་བཙན་བྱོལ་བ་འདྲ་འདྲི་ནང་ནས་མི་འདྲ་ཞིག་ཆགས་ཡོད་པ་དང་ལྷག་པར་མགོན་པོ་༸གང་ཉིད་མཆོག་གི་གྲོགས་པོ་ཞིག་གིས་དེ་སྔ་མ་སུ་རི་ནས་བཞུགས་སྒར་དུ་ཆིབས་བསྒྱུར་མཛད་སྐབས་༸རྒྱལ་བ་རིན་པོ་ཆེའི་བཞུགས་སྒར་དྷརྨ་སཱ་ལཱ་བཞུགས་ནས་ཐུགས་རྗེའི་འོད་ཟེར་འཛམ་བུ་གླིང་ཡོངས་ལ་ཁྱབ་ཐུབ་པ་ཡོང་གི་རེད་ཅེས་གསུངས་པ་དང་སྦྲགས། གཞིས་བྱེས་གཉིས་སུ་བཞུགས་པའི་བོད་མི་ཡོངས་ནས་བོད་སྤྱིའི་དོན་དུ་སེམས་ཤུགས་སྤུངས་ཏེ་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་སོང་བར་མ་ཟད་ངོས་ད་དུང་ལོ་ངོ་བཅུ་ཕྲག་གཅིག་གཉིས་འཚོ་ཐུབ་ཀྱི་རེད་ཅེས་བཀའ་སྩལ་སོང་།མཛད་སྒོར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་ཚོགས་གཙོ་ལས་ཚབ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་ངོ་སྤྲོད་གསུང་བཤད་གནང་སྐབས་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་ནས་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་ད་བར་༸སྐུ་སྒེར་ཡིག་ཚང་གི་ཡིག་ཚགས་མ་ཉམས་པ་ཡོད་པ་ཡོངས་དང་ཕྲན་བུ་ཉམ་ཆག་ཕྱིན་པ་རྣམས་ཉམས་གསོའི་ཐོག་ནས་བདག་ཉར་བྱ་རྒྱུ་དང་། དེ་བཞིན་ཤེས་ཡོན་གྱི་ཉམས་ཞིབ་པ་ཚོར་༸རྒྱལ་དབང་རིམ་བྱོན་གྱི་གསུང་འབུམ་སོགས་དཔེ་མཛོད་གཅིག་གི་ནང་བདེ་བླག་ཏུ་འཚོལ་རྙེད་ཀྱིས་གསན་བསམ་ཉམས་ཞིབ་གནང་ཐུབ་པའི་དཔེ་མཛོད་ཕུན་སུམ་ཚོགས་པ་ཞིག་བསྐྲུན་རྒྱུ་ནི་༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་ཀྱི་དགོས་དམིགས་ཡིན་སྐོར་གསུངས་སོང་།གཞི་རྩའི་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་ནང་དཔེ་མཛོད་དང་ཡིག་ཚགས་ཁང་། གཟེངས་རྟགས་སྒྲིག་གཤོམ་ཁང་། དེ་བཞིན་སྒྲ་བརྙན་སྡེ་ཚན། གསུང་འབུམ་ཕྱོགས་སྒྲིག་སྡེ་ཚན་གྱི་ལས་ཁུངས་སོགས་ཡོད། དེ་རིང་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དབུ་འབྱེད་ཀྱི་མཛད་སྒོ་ཐོག་དགའ་ལྡན་ཁྲི་ཐོག་ ༡༠༤ པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་དབུས་པའི་བླ་སྤྲུལ་རྣམ་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་སོགས་ནས་ལྷན་ཞུགས་གནང་སོང་།

བཞུགས་སྒར་དུ་༸གོང་ས་མཆོག་དགུང་གྲངས་ ༨༧ བདག་གིར་བཞད་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

དེ་རིང་བཞུགས་སྒར་དྷརྨ་སཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ནང་གི་མང་ཚོགས་སྟོང་ཕྲག་མང་པོ་འདུ་འཛོམས་ཐོག་གཞུང་འབྲེལ་གྱི་མཛད་སྒོ་ཚོགས་པ་བརྒྱུད་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༧ དང་བོད་ལུགས་ལྟར་དགུང་གྲངས་ ༨༨ བདག་གིར་བཞད་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཏེ་བཀའ་སྤྱི་གཉིས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བསྟན་སྲིད་མི་རིགས་ཀྱི་སླད་དུ་སྐུ་ངལ་མཛད་མེད་ཀྱིས་མཛད་པ་ཇི་སྙེད་ཅིག་བསྐྱངས་པ་དང་སྒོས་སུ་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་དང་བྱམས་བརྩེ་གོང་འཕེལ་སླད་མཛད་པ་རླབས་ཆེན་སྐྱོང་བའི་འོག་དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་འཛམ་གླིང་ཁྲོད་ཀྱི་སྐྱབས་བཅོལ་བའི་སྒྲིག་འཛུགས་གཟེངས་སུ་ཐོན་པ་ཞིག་བསྐྲུན་གནང་མཛད་པའི་བླ་ན་མེད་པའི་མཛད་འཕྲིན་ཁག་དྲན་གསོ་ཞུས་པ་དང་འབྲེལ། ༸གོང་ས་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་གཙོས་བཀའ་དགོངས་བཞིན་རྣམ་དཀར་དགེ་བའི་ལས་ལ་གཞོལ་ཞིང་། སྤྱི་དོན་ཐོག་ནུས་པ་མཉམ་སྤུངས་གནང་བའི་འབོད་སྐུལ་བསྐྱར་ནན་གནང་སོང་།དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་གཞུང་འབྲེལ་གྱི་༸སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་གནང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ད་བར་སྐུ་ངལ་མཛད་མེད་ཀྱིས་སྐུ་ལས་བསྐྱོན་པའི་ཁྲོད་དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གནང་སྟེ། འཛམ་གླིང་ཁྲོད་ཀྱི་སྐྱབས་བཅོལ་བའི་སྤྱི་ཚོགས་ཚགས་ཚུད་ཤོས་སུ་གྱུར་གནང་མཛད་ཡོད་པ་སོགས་༸སྐུའི་མཛད་རྗེས་ཁག་དྲན་གསོ་དང་འབྲེལ། རང་ཅག་ལས་ཀྱི་སྣེ་མོ་བ་རྣམས་དང་མང་ཚོགས་བཅས་ཐུན་མོང་གི་ངོས་ནས་སྤྱི་མཐུན་བསོད་ནམས་གསོག་པ་དང་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་༸གོང་ས་མཆོག་ཐུགས་འཚབ་དང་ཐུགས་སུན་འབྱུང་གཞིའི་གཏམ་བརྗོད་མཐའ་དག་རྒྱང་དུ་དོར་ཏེ། ཐུགས་བསྐྱེད་དམ་བཅའ་བཞི་གཙོ་གྱུར་ཐོག་བཀའ་དགོངས་བཞིན་རྣམ་དཀར་དགེ་བའི་ལས་ལ་གཞོལ་ཞིང་། སྤྱི་དོན་ཐོག་ནུས་པ་མཉམ་སྤུངས་ཡོང་བའི་འབོད་སྐུལ་དང་། སྐབས་ ༡༦ པའི་བཀའ་ཤག་གི་ངོས་ནས་ལས་དོན་བྱེད་སྒོ་མཐའ་དག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་འབད་བརྩོད་ཞུ་མུས་ཡིན་ཞིང་། མ་འོངས་པར་ཡང་༸མགོན་པོ་མཆོག་གི་དགོངས་གཞི་བསྒྲུབ་རྒྱུའི་དམ་བཅའ་བརྟན་པོ་ཡིན་ཞེས་སོགས་གསུངས་སོང་།དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ཁག་ལ་ཆེ་བསྟོད་དང་འབྲེལ་དེ་རིང་གི་གོ་སྐབས་ཆེས་བཞེས་ཀྱིས་དུས་རབས་ཉེར་གཅིག་པའི་གནས་བབ་བཅས་ལ་བསམ་ཞིབ་ཀྱིས་རྒྱ་ནག་གི་དཔོན་རིགས་ཚོས་བོད་ཐོག་འཛིན་པའི་མཁྲེགས་བཟུང་ཅན་གྱི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ངེས་པར་དུ་གཏོང་དགོས་པའི་དུས་ལ་བབ་ཡོད་པའི་སྐུལ་མ་གནང་སོང་།སྤྱིར་དེ་རིང་བསྐལ་བཟང་ཉིན་མོ་དེར་སྐུ་མགྲོན་གཙོ་བོར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Jai Ram Thakur མཆོག་ཆེད་ཕེབས་གནང་གཏན་ཁེལ་ཡོད་ཀྱང་དྲག་ཆར་ཁྲོད་ཐད་ཕུར་གནམ་གྲུ་ཕུར་མ་ཐུབ་པའི་རྐྱེན་གྱིས་མཛད་སྒོའི་ཐོག་ཕེབས་ཐུབ་མེད་སྟབས། ཁོང་གིས་དྲ་རྒྱ་བརྒྱུད་ནས་གསུང་འཕྲིན་ཞིག་སྩལ་ཏེ་མང་ཚོགས་ལ་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་ཉིན་མོར་འཚམས་འདྲི་དང་རིང་མིན་དྷརྨ་སཱ་ལཱར་ཕེབས་ནས་༸གོང་ས་མཆོག་དང་ལྷན་མཇལ་འཕྲད་ཞུ་ཐབས་གནང་རྒྱུ་ཡིན་སྐོར་གསུངས་པ་དང་འབྲེལ། ང་ཚོ་ཚང་མས་༸གོང་ས་མཆོག་གི་བཀའ་སློབ་ཁག་གང་ཐུབ་ལག་བསྟར་ཞུས་ནས་མགོན་པོ་༸གང་ཉིད་མཆོག་གིས་འདོན་གནང་མཛད་པའི་ལམ་ཐོག་ཤར་སྐྱོད་གནང་དགོས་པའི་སྐུལ་མ་གནང་བར་མ་ཟད། དེ་རིང་ཁོང་གིས་ཞལ་པར་བརྒྱུད་ནས་༸གོང་ས་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་སྐབས་མགོན་པོ་༸གང་ཉིད་གིས་ད་དུང་དགུང་ལོ་ ༢༥ ནས་ ༣༠ བར་བཞུགས་རྒྱུའི་ཞལ་བཞེས་མཛད་པ་བཞིན་བློན་ཆེན་མཆོག་གིས་ཀྱང་༸གོང་ས་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཐུགས་སྨོན་ཞུ་བཞིན་ཡོད་སྐོར་གསུངས་སོང་།དེ་རིང་མཛད་སྒོའི་ཐོག་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ཕེབས་ཐུབ་མེད་སྟབས་ཁོང་གི་ཚབ་ཏུ་མངའ་སྡེའི་ཤིང་ནགས་བློན་ཆེན་སྐུ་ཞབས་ Rakesh Pathania མཆོག་གིས་གསུང་བཤད་གནང་བར་༸གོང་ས་མཆོག་ཧི་མཱ་ཅལ་ནང་དུ་༸སྐུ་བཞུགས་མཛད་པ་དེ་ང་ཚོ་ཧི་མཱ་ཅལ་མང་ཚོགས་ཀྱི་བསོད་ནམས་ཡིན་པ་དང་དེ་རིང་སྲིད་སྐྱོང་མཆོག་གིས་བོད་མིའི་འཐབ་རྩོད་དང་༸གོང་ས་མཆོག་གི་མཛད་རྗེས་སྐོར་ངོ་སྤྲོད་གནང་བ་ལྟར་ཧི་མཱ་ཅལ་མངའ་སྡེའི་སློབ་གྲྭ་ཁག་གི་བསླབ་གཞིའི་ནང་དུ་གཏན་འཇོག་གནང་སྟེ་མང་ཚོགས་ལ་༸གོང་ས་མཆོག་གི་རླབས་ཆེན་གྱི་བློས་བཏང་དང་མཛད་འཕྲིན་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་པ་དང་། རྒྱ་གར་གཞུང་མང་ཡོངས་ནས་བོད་མིའི་རང་བཙན་འཐབ་རྩོད་ལ་དུས་རྟག་ཏུ་རྒྱབ་སྐྱོར་ཡོད་ཅེས་གསུངས་སོང་།དེ་བཞིན་དེ་རིང་གི་དམིགས་བསལ་སྐུ་མགོན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རྒྱལ་སྤྱིའི་གློག་བརྙན་འཁྲབ་བསྟོན་པ་གྲགས་ཅན་ Richard Gere ལགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྟ་བུའི་སྐྱེས་ཆེན་དམ་པ་ཞིག་བོད་མིའི་ལྷན་དུ་ཡོད་པ་འདི་ནི་ཧ་ཅང་གི་བསྐལ་བཟང་ཡིན་པ་དང་། ༸གོང་ས་མཆོག་དགུང་གྲངས་ ༡༡༣ འམ་ ༡༥༠ བར་དུ་བཞུགས་སྲིད་ཀྱང་༸གོང་ས་མཆོག་མེད་པའི་དུས་སྐབས་ལ་བོད་མི་རྣམས་ཕན་ཚུན་མཉམ་རུབ་ཐོག་ནས་བོད་ཀྱི་རང་དབང་དང་བདེན་པའི་འཐབ་རྩོད་ཀྱི་འགན་ཁུར་དགོས་ཞེས་གསུངས་སོང་།དེ་བཞིན་དེ་རིང་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་དང་བསྟུན་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་དབུ་ཁྲིད་རྒན་གྲས་ Indresh Kumar ལགས་ཀྱིས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་དྲན་རྟེན་ཆེད་ཕྱག་རྟགས་ཤིག་སྐུར་ཡོད་པ་དེ་མཛད་སྒོའི་ཐོག་ཆེད་ཕེབས་གནང་བའི་རྒྱ་གར་ BJP ཆབ་སྲིད་ཚོགས་པའི་དབུ་ཁྲིད་སྐུ་ཚབ་ Vijay Jolly མཆོག་གིས་སྲིད་སྐྱོང་མཆོག་ལ་ཕུལ་སོང་།དེ་རིང་བཞུགས་སྒར་དྷརྨ་སཱ་ལཱ་གཙོས་བོད་མི་གནས་སྡོད་ས་གནས་གང་སར་དགའ་སྤྲོའི་རྣམ་པའི་ཐོག་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པའི་ཁྲོད་དྷ་སར་གཞུང་འབྲེལ་མཛད་སྒོའི་ཐོག་མང་ཚོགས་ལ་རྟེན་འབྲེལ་ཚུལ་དུ་མངར་ཟས་ཞལ་གྲངས་ ༡༡༣ འགོད་འགྲེམས་གནང་བ་དང་། ཉིན་དགུང་ཞལ་ལག་གོ་སྒྲིག་སོགས་བརྒྱུད་ནས་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པར་མ་ཟད། ཕྱི་དྲོ་ཕྱག་ཚོད་ ༥ བར་བོད་ཀྱི་ཐུན་མོང་མ་ཡིན་པའི་རྐང་བྲོ་གླུང་གཞས་སོགས་གོ་སྒྲིག་གནང་འདུག

སྲིད་བློན་མོ་དི་མཆོག་གིས་༸གོང་ས་མཆོག་ལ་ཞལ་པར་བརྒྱུད་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ།

རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་གིས་དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞལ་པར་ཕུལ་ཏེ་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་༸སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་༸སྐུ་ཁམས་གསལ་ཐང་ཡོང་བའི་སྨོན་འདུན་ཞུས་འདུགསྲིད་བློན་མཆོག་གིས་དེ་རིང་སྐུ་ཉིད་ཀྱི་ Twitter དྲ་གནས་ཐོག་བཀོད་པའི་འཚམས་འདྲི་དེ་ཉིད་རྒྱ་གར་གྱི་བརྒྱུད་ལམ་འདྲ་མིན་ཐོག་རྒྱ་ཁྱབ་ཆེན་པོ་སྤེལ་བར་མ་ཟད། དེ་ཞིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་དང་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Prem Singh Tamang མཆོག ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག དེ་བཞིན་ཨོ་ཌི་ཤ་མངའ་སྡེའི་བློན་ཆེན་ Naveen Patnaik མཆོག ལྡི་ལི་སྤྱི་ཁྱབ་བློན་ཆེན་ Kejriwal མཆོག  Anurag Thakur ལགས་དང་། G Kishan Reddy ལགས། Nitin Gadkari ལགས་ལ་སོགས་པའི་རྒྱ་གར་དབུས་གཞུང་གི་བློན་ཆེན་མང་དག་ཅིག་གིས་བརྙན་དང་ཡིག་ལམ་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་རིང་བཞུགས་ཏེ་མུ་མཐུད་༸སྐུ་ཁམས་གསལ་ཐང་ཐོག་འཛམ་གླིང་གི་སྐྱེ་འགྲོ་ཡོངས་ལ་བརྩེ་བ་དང་བྱམས་པ། ཞི་བདེ་བཅས་བྱིན་གྱིས་རླབས་ཐུབ་པའི་སྨོན་འདུན་ཞུས་དང་ཞུ་མུས་རེད་འདུག གཞི་རྩའི་རྒྱ་གར་གྱི་སྲིད་བློན་མཆོག་གིས་དེ་སྔའི་བཞེངས་ཕྱོགས་དང་མི་འདྲ་བར་སྔ་ལོའི་༸སྐུའི་འཁྲུངས་སྐར་ཉིན་༸གོང་ས་མཆོག་ལ་ཆེད་དུ་ཞལ་པར་ཕུལ་ནས་འཚམས་འདྲི་ཞུས་པ་ཙམ་མ་ཟད་དེའི་སྐོར་རང་ཉིད་ཀྱི་ Twitter ཐོག་ཡོངས་གྲགས་བཀོད་ཡོད་པ་དང་། རྒྱ་གར་གྱི་དཔྱད་ཞིབ་པ་ཁག་གཅིག་གིས་སྲིད་བློན་མཆོག་ལ་བསྔགས་བརྗོད་དང་འབྲེལ་ཏེ་སྲིད་བློན་མཆོག་གི་གནང་སྟངས་དེ་རིམ་པས་སྲོལ་ལྟ་བུར་གྱུར་ཡོད་པ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ལ་ངོས་འཛིན་གནང་བཞིན་འདུག སྤྱིར་༸གོང་ས་མཆོག་གིས་ཀྱང་སྔ་ལོར་སྲིད་བློན་མོ་དི་མཆོག་གི་འཁྲུངས་སྐར་ཉིན་སྲིད་བློན་མཆོག་ལ་འཚམས་འདྲི་མཛད་པ་དང་འབྲེལ། རྒྱ་གར་གྱི་རྒྱལ་ཁབ་ཆེན་མོ་འདིའི་ཡང་དག་པའི་མང་གཙོ་དང་མང་གཙོའི་ལམ་ལུགས་དང་འབྲེལ་བ་གཏིང་ཟབ་ཡོད་པའི་ཆོས་ལུགས་སྣ་མང་གཅིག་བསྡུས་ཀྱི་ཞི་བདེ་དང་བརྟན་ལྷིང་ལ་བསྔགས་བརྗོད་མཛད་པར་མ་ཟད། བོད་མི་མང་པོ་ཞིག་རྒྱ་གར་དུ་གནས་ཡོད་པ་དང་འབྲེལ་ནས་རྒྱ་གར་ནི་བོད་མི་རྣམས་ཀྱི་ཆོས་ལུགས་ཀྱི་སྐྱབས་བཅོལ་ས་ཁོ་ན་ཙམ་མིན་པར་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་རྒྱ་གར་རྒྱལ་ཁབ་ནི་བོད་མི་མང་པོ་ཞིག་གི་ཁྱིམ་གཞིས་ཆགས་ཡོད་པར་ལུང་འདྲེན་མཛད་དེ་རྒྱ་གར་གཞུང་མང་གཉིས་ནས་བོད་མི་རྣམས་ལ་ད་བར་མཐུན་འགྱུར་རོགས་རམ་གནང་བར་བསྐྱར་དུ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་མཛད་ཡོད་པ་རེད།

གོམ་བགྲོད་དང་རྐང་འཁོར་སྐོར་སྐྱོད་བརྒྱུད་༸སྐུའི་འཁྲུངས་སྐར་སྲུང་བརྩི།

སང་ཕྱི་ཟླ་ ༧ ཚེས་ ༦ སྟེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༧ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན་རྒྱ་གར་ཤར་ཕྱོགས་སུ་ཆགས་པའི་ཀ་ལིམ་སྤོང་ནང་དུ་གོམ་བགྲོད་དང་རྐང་འཁོར་སྐོར་སྐྱོད་བརྒྱུད་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག ཁ་སྔོན་ཕྱི་ཚེས་ ༣ རེས་གཟའ་ཉི་མའི་ཉིན་ཟླ་བ་ཤར་པ་ལགས་དང་བློ་ཆོས་ལགས། ལྷུན་གྲུབ་ལགས། བསྟན་འཛིན་ནོར་འཛིན་ལགས། ཕུན་ཚོགས་ལགས་བཅས་ཀྱིས་༸གོང་ས་མཆོག་༸སྐུ་ཚེ་ཡུན་དུ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། རྒྱ་གར་ཡུལ་མི་དང་བོད་མི་དབར་འཆམ་མཐུན་ཡོང་བ་བཅས་དམིགས་ཡུལ་གཙོ་བཟུང་འོག་འབྲས་ལྗོངས་དང་ཀ་སྦུག  རྡོ་རྗེ་གླིང་།  སི་ལི་གུ་རི་བཅས་ནས་བོད་མི་གཙོས་ཡུལ་མི་ཁྱོན་མི་གྲངས་ ༡༥༠ ལྷག་མཉམ་ཞུགས་གནང་ནས་ཀ་སྦུག་ནས་ལ་ཝ་དགོན་པ་བར་སྤྱི་ལེ་ ༨༧ ལམ་ཐག་ཡོད་སར་གོམ་བགྲོད་དང་རྐང་འཁོར་སྐོར་སྐྱོད་གནང་བ་དང་དེ་བཞིན་ལ་ཝར་༸གོང་ས་མཆོག་གི་དགུང་གྲངས་དང་མཐུན་པའི་ལྗོན་ཤིང་ ༨༧ འདེབས་འཛུགས་ཀྱིས་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུགལྷག་པར་གོ་སྒྲིག་ཞུ་མཁན་རྣམས་ནས་མི་མང་མཉམ་ཞུགས་གནང་མཁན་ཚོར་ཕྱག་འཁྱེར་གནང་བར་ཁུལ་དེའི་དབུས་གཙང་ཚོགས་གཙོར་ཞུས་དོན་བཞིན་ཀ་སྦུག་དབུས་གཙང་ཆོལ་ཁས་རྒྱབ་སྐྱོར་གནང་སྟེ་མཉམ་ཞུགས་གནང་མཁན་ཚོར་ཕྱག་འཁྱེར་གནང་ཡོད།   གཞི་རྩའི་འཛམ་གླིང་གི་ས་གནས་གང་སར་ཡོད་པའི་བོད་མི་རྣམས་ཀྱིས་ལས་གཞིའི་རྣམ་པ་འདྲ་མིན་སྤེལ་བའི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྲུང་བརྩི་ཞུས་དང་ཞུ་བཞིན་ཡོད་པ་རེད།  ཁ་སང་ལ་དྭགས་ཀྱི་ཁྲིགས་སེ་དང་བདེ་སྐྱིད་དགོན་པའི་དབུ་བླ་དང་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་གནང་མྱོང་མཁན་ཁྲིགས་སེ་རིན་པོ་ཆེ་མཆོག་གིས་ལ་དྭགས་དབུས་གཞུང་མངའ་སྡེའི་འཛིན་སྐྱོང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཆ་ཤས་ཙམ་ཞིག་འཇལ་སླད་ཕྱི་ཟླ་ ༧ ཚེས་ ༦ ཉིན་ལ་དྭགས་དབུས་གཞུང་མངའ་སྡེ་ཁྱོན་ཡོངས་ནས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དང་དེ་ཉིན་གཞུང་སྒེར་ལས་ཁུངས་ཁག་ལས་མཚམས་འཇོག་ཆོག་པའི་གཞུང་འབྲེལ་གུང་སེང་གསལ་བསྒྲགས་གནང་སྐྱོང་ཡོང་བའི་ཞུ་སྙན་ཕུལ་འདུག

༸སྐུའི་འཁྲུངས་སྐར་དང་བསྟུན་ནང་པའི་སློབ་གཉེར་ཁང་གསར་འཛུགས་གནང་རྒྱུ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ལྟར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངོས་ནས་ཕྱི་ལོ་ ༢༠༡༨ ནས་བཟུང་རྒྱ་གར་གྱི་ཆེས་མཐོའི་མི་སྣ་དང་ལྷན་དུ་བགྲོ་གླེང་ཚོགས་འདུ་རིམ་པ་གནང་མཐར་འདི་ལོའི་༸རྒྱལ་བའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན་ནང་པའི་སློབ་གཉེར་ཁང་ཞིག་དབུ་བརྙེས་པའི་ལོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་བསྐྱངས་སོང་།འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༸སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་མཆོག རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཁྱབ་ཁོངས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་པ། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་དང་ཤེས་ཡོན་སློབ་སྟོན་པ་བཅས་ཁོང་རྣམས་ཀྱིས་དེ་རིང་ཟླ་ ༧  ཚེས་ ༤  ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་ནང་པའི་སློབ་གཉེར་ཁང་གི་བཅའ་ཁྲིམས་མཚན་རྟགས་འབྱར་བའི་རྩ་འཛིན་ཡིག་ཆ་དེ་ཉིད་མགོན་པོ་༸གང་ཉིད་མཆོག་ལ་སྤྱན་འབུལ་ཞུས་པ་དང་སྦྲགས། སྔ་དྲོ་ཚོུད་ ༡༡༌༠༠ སྟེང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་གི་ཞི་བདེ་ཚོགས་ཁང་གི་ནང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སོང་།གསར་འགོད་ལྷན་ཚོགས་སྐབས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་སྒོ་མང་མཁན་ཟུར་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་ཀྱིས་སློབ་གཉེར་ཁང་གསར་འཛུགས་གནང་བའི་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ནཱ་ལེནྡཱའི་གཙུག་ལག་སློབ་གཉེར་ཁང་གི་ནང་བསྟན་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་བོད་གངས་ཅན་ལྗོངས་ལ་དར་ཁྱབ་ཀྱིས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་བདག་ཉར་བྱས་ཡོད་པ་དང་། རྒྱ་གར་གི་གནའ་བོའི་ཤེས་ཡོན་དེའི་ཁྲོད་ནང་སེམས་ཀྱི་གདུང་བ་སེལ་བ་དང་ཞི་བདེ་སྒྲུབ་པར་ཕན་ནུས་དམིགས་བསལ་ཡོད་སྟབས། དེས་མི་སྒེར་དང་། སྤྱི་ཚོགས། འཛམ་གླིང་བཅས་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་རྒྱུ་དང་། ད་ཡོད་དགོན་སྡེ་ཁག་གི་སློབ་གཉེར་ལམ་སྲོལ་རྣམས་ཉམས་མེད་རྒྱུན་སྐྱོང་ཐོག་དེ་སྔ་དགོན་པའི་ཤེས་ཡོན་གྱི་ཁོངས་སུ་མེད་པའི་ཆོས་ལུགས་ཕན་ཚུན་མཚུངས་བསྡུར་གྱི་སློབ་ཚན། ཚན་རིག ནུབ་ཕྱོགས་ཀྱི་ལྟ་གྲུབ། འཛམ་གླིང་གི་རྒྱལ་རབས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། ཨང་རྩིས་སོགས་སློབ་སྦྱོང་གི་གོ་སྐབས་སྐྱ་སེར་ཀུན་ལ་ཆ་མཉམ་ཕུལ་ཏེ་ཤེས་ཡོན་རྒྱ་བསྐྱེད་བྱ་རྒྱུ། དེ་བཞིན་སློབ་གཉེར་ཁང་འདི་ནས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཁྱབ་ཁོངས་དགོན་སྡེ་དང་བཙུན་དགོན་ཚང་མར་སྤྱི་མཚུངས་ལག་འཁྱེར་གནང་རྒྱུ་དང་ཕྱིའི་སྐྱ་སེར་ཕོ་མོ་ཀུན་ལ་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་སྦྱོང་བརྡར་ཁྱད་འཕགས་སློབ་སྦྱོང་གི་གོ་སྐབས་གནང་རྒྱུ་བཅས་ཀྱི་དམིགས་ཡུལ་ཡོད་པར་མ་ཟད། རིམ་བཞིན་སློབ་གཉེར་ཁང་འདི་ཉིད་ UGC འམ་གཙུག་ལག་སློབ་གཉེར་ཁང་སྟངས་འཛིན་ལྷན་ཚོགས་ཀྱི་བཅའ་ཁྲིམས་དོན་ཚན་ ༡༩༥༦ གི་ཁོངས་ནས་ཆེས་མཐོའི་གཙུག་ལག་སློབ་ཁང་དུ་ཚད་འཛིན་ཐོབ་ཐབས་གནང་གི་ཡོད་སྐོར་གསུངས་ཡོད།ནང་པའི་སློབ་གཉེར་ཁང་དེ་ནི་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་རྒྱ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དབུ་བཞུགས་བསྟན་བདག་རྣམ་པ་དང་། རྒྱ་གར་གྱི་ཆེས་མཐོའི་མི་སྣ། དེ་བཞིན་གདན་ས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་བཅས་ནས་བགྲོ་གླེང་དང་ཚོགས་འདུ་སྔ་རྗེས་སུ་རིམ་པ་གནང་བ་དང་སྦྲགས། འབྲེལ་ཡོད་སློབ་སྟོན་པ་ཕྱིའི་མཁས་དབང་ཁག་གདན་ཞུས་ཀྱིས་ད་ཡོད་དགོན་སྡེ་ཁག་གི་ཤེས་ཡོན་ལམ་ལུགས་ཐད་ཉམས་ཞིབ་གནང་སྟེ་ནང་པའི་སློབ་གཉེར་ཁང་གི་རྩ་འཛིན་ཁྲིམས་ཡིག་གཏན་འབེབས་དང་འབྲེལ། ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༦ ༸རྒྱལ་བའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ནང་པའི་སློབ་གཉེར་ཁང་དབུ་བརྙེས་པའི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པ་རེད།དེ་རི་སྔ་དྲོ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ་དང་ནང་པའི་སློབ་གཉེར་ཁང་གི་བཅའ་ཁྲིམས་མཚན་རྟགས་འབྱར་བའི་རྩ་འཛིན་ཡིག་ཆ་དེ་ཉིད་མགོན་པོ་༸གང་ཉིད་མཆོག་ལ་སྤྱན་འབུལ་ཞུས་པ་དང་འབྲེལ། བཀའ་སློབ་ལམ་སྟོན་བཀའ་དྲིན་སྨིན་སྩལ་མཛད་པ་ལྟར་མཇལ་བཅར་སྐབས་མགོན་པ་༸གང་ཉིད་མཆོག་ནས་བཀའ་སློབ་གང་སྩལ་ཡོད་མེད་སྐོར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་མཁན་ཟུར་དགེ་བཤེས་བློ་བཟང་རྒྱལ་མཚན་མཆོག་ལ་བཅར་འདྲི་ཞུས་པར་ཁོང་གིས་རིང་མིན་ཟླ་འདིའི་ཕྱི་ཚེས་ ༧ ཉིན་བཞུགས་སྒར་དྷརྨསཱལཱར་རྟེན་གཞི་བྱས་པའི་རྣམ་རྒྱལ་གྲྭ་ཚང་གི་སློབ་གྲྭའི་ཚོགས་ཁང་དུ་བོད་ལུགས་ཐོག་ནས་ནང་པའི་སློབ་གཉེར་ཁང་དབུ་བརྙེས་པའི་མཛད་སྒོ་ཞིག་འཚོགས་རྒྱུ་ཡིན་པ་གསུངས་སོང་།

ཚེ་རབས་ནས་ཚེ་རབས་བར་དུ་གཞན་དོན་མཛད་རྒྱུའི་དགོངས་པ་ཡོད་པ་བཀའ་སྩལ་བ།

དེ་རིང་ཐེ་ཝན་ནང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྔ་སྣུར་གྱིས་སྲུང་བརྩིའི་རོལ་དབྱངས་མཛད་སྒོ་ཞིག་ཚོགས་པའི་ཐོག་༸གོང་ས་མཆོག་གིས་དྲ་ལམ་ཐད་གཏོང་བརྒྱུད་བཀའ་སློབ་བཀའ་དྲིན་སྩལ་བར་མགོན་༸གང་ཉིད་མཆོག་ཚེ་རབས་ནས་ཚེ་རབས་བར་དུ་གཞན་དོན་མཛད་རྒྱུའི་དགོངས་པ་ཡོད་ཅེས་བཀའ་སྩལ་འདུག ཐེ་ཝན་ནང་དུ་རྟེན་གཞི་བྱས་པའི་དགའ་ལྡན་ཤར་ཚེ་ཆོས་ཚོགས་ཀྱི་གོ་སྒྲིག་འོག་དེ་རིང་སྔ་དྲོ་ཕྱག་ཚོད་ ༨་༣༠ ནས་དབུ་འཛུགས་གནང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩིའི་རོལ་དབྱངས་མཛད་སྒོ་ཞིག་ཚོགས་ཡོད་པ་དང་སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དྲ་ལམ་ཐད་གཏོང་བརྒྱུད་ནས་ཕྱག་ཚོད་ཕྱེད་ཀ་ཙམ་གྱི་རིང་དབུ་བཞུགས་མཛད་དེ་ངོས་རང་ད་དུང་ལོ་ཉི་ཤུ་སུམ་ཅུ་རིང་བསྡད་ཀྱི་ཡིན་ཞེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་པ་དང་སྦྲགས། མགོན་༸གང་ཉིད་མཆོག་ཚེ་རབས་ནས་ཚེ་རབས་བར་དུ་གཞན་དོན་མཛད་རྒྱུའི་དགོངས་པ་ཡོད་ཅེས་བཀའ་སྩལ་འདུག དེ་བཞིན་མགོན་པོ་མཆོག་གིས་དུས་རྟག་ཏུ་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་བཞེས་མཛད་བཞིན་པ་ལྟར་ཐེ་ཝན་གྱི་ཆོས་གྲོགས་རྣམས་ནས་ཀྱང་གང་ཐུབ་ཐུབ་ཀྱིས་དེ་ལྟར་གནང་གལ་ཡིན་པ་དང་སེམས་པ་བཟང་པོ་གྱིས་ཤིག་ཅེས་བཀའ་སྩལ་ཡོད། སྤྱིར་ཐེ་ཝན་དད་ལྡན་པ་རྣམས་ནས་ལོ་ལྟར་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དང་བསྟུན་ནས་ཐེ་ཝན་གྱི་ས་ཁུལ་གང་སར་མགོན་པོ་༸གང་ཉིད་མཆོག་གི་མཚན་ཐོག་ལ་Ambulance འམ་ནད་པ་འདྲེན་འཁོར་རེ་ཞལ་འདེབས་ཕུལ་སྲོལ་ཡོད་པ་ལྟར་འདི་ལོ་ཡང་ཁོང་རྣམས་ནས་ཐེ་ཝན་གྱི་ཡུན་ལིང་རྫོང་ཁོངས་ལ་༸གོང་ས་མཆོག་གི་མཚན་གནས་རྗེས་དྲན་དང་འབྲེལ་ཏེ་་ནད་པ་འདྲེན་འཁོར་ཕུལ་ཡོད་པར་མ་ཟད་དེའང་༸གོང་ས་མཆོག་གིས་དྲ་ཐོག་ནས་དབུ་བྱེད་མཛད་སོང་། དེ་རིང་ཐེ་ཝན་ནང་དུ་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་ཐེ་པེ་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་ལྕམ་ Huang Shan-shan ལགས་མཉམ་བཞུགས་གནང་སྟེ་༸གོང་ས་མཆོག་ལ་༸སྐུའི་འཁྲུངས་སྐར་གྱི་འཚམས་འདྲི་ཞུས་ཡོད་པ་རེད། དེའི་བར་ན་དེ་རིང་ Wion གསར་ཁང་གིས་དྲ་གནས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་སྤེལ་བའི་ནང་སྲིད་སྐྱོང་མཆོག་གིས་ཟླ་བ་འདིའི་ཚེས་ ༦ ཉིན་བཞུགས་སྒར་དུ་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Takur མཆོག་ཕེབས་གཏན་ཁེལ་ཡོད་པ་གསུངས་འདུག

༸གོང་ས་མཆོག་གིས་ Philippines སྲིད་འཛིན་གསར་པར་འཚམས་འདྲི་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Ferdinand Marcos Jr ལགས་ Philippines ཡི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཐོབ་ནས་ཡུལ་དེའི་སྲིད་འཛིན་སྐབས་ ༡༧ པར་བསྐོ་གཞག་བྱུང་བར་དགའ་བསུའི་འཚམས་འདྲི་སྩལ་བ་དང་སྦྲགས། མ་འོངས་ལས་དོན་དང་མི་མང་གི་མངོན་འདོད་ཁག་གང་ལེགས་གྲུབ་ཐུབ་པའི་ཐུགས་སྨོན་མཛད་འདུགསྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་དགའ་བསུའི་འཚམས་འདྲི་ཞིག་སྩལ་བའི་ནང་དུ་མགོན་པོ་༸གང་ཉིད་མཆོག་གིས་སྲིད་འཛིན་མཆོག་གི་ལས་ཡུན་ནང་གདོང་ལེན་གནང་དགོས་པའི་ལས་དོན་རྣམས་ལམ་ལྷོངས་ལྡན་པ་དང་། དཔལ་འབྱོར་ཞན་པའི་ཧྥི་ལི་པི་ནོའི་མང་ཚོགས་ཚོའི་མངོན་འདོད་དང་རེ་འདོད་ཁག་གང་ལེགས་གྲུབ་ཐུབ་པར་ཐུགས་སྨོན་མཛད་འདུགམགོན་པོ་༸གང་ཉིད་མཆོག་གིས་སྐུ་ཉིད་ཀྱི་མཁྱེན་གསལ་ལྟར། ངོས་དང་ཧྥི་ལི་པི་ནོའི་མང་ཚོགས་དབར་མཛའ་འབྲེལ་དམ་ཟབ་ཡོད་ཅེས་བཀའ་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་མ་ཐག་ཧྥི་ལི་པི་ནོའི་མང་ཚོགས་ཀྱིས་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་མཚོན་ཕྱིར་ Ramon Magsaysay Award ཞེས་པའི་གཟེངས་རྟགས་ཕུལ་བ་དེས་༸གོང་ས་མཆོག་ལ་ཐུགས་འགུལ་ཆེན་པོ་ཐེབས་བྱུང་ཞེས་བཀའ་སྩལ་བ་དང་ཆབས་ཅིག ལྷག་དོན་སྙན་གྲགས་ཆེ་བའི་དབུ་ཁྲིད་ཀྱི་མཚན་གནས་ཡོད་པའི་གཟེངས་རྟགས་འབུལ་བཞེས་ཀྱི་དགོས་དམིགས་ལྟར་མགོན་པོ་༸གང་ཉིད་མཆོག་གིས་མུ་མཐུད་ནས་ཆིག་སྒྲིལ་དང་གཞན་དོན་བསྒྲུབ་རྒྱུའི་སྙིང་སྟོབས་དང་དམ་བཅའ་བརྟན་པོ་བཟུང་ཡོད་ཅེས་སོགས་བཀའ་སྩལ་འདུགགསུང་འཕྲིན་གྱི་མཇུག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནས་ང་ཚོའི་མི་ཚེ་དང་རིག་གཞུང་གི་དོན་སྙིང་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་བསླབ་བྱ་རྣམས་ཉམས་བཞེས་གནང་དགོས་པའི་སྐུལ་ལྕག་མཛད་ཀྱི་ཡོད་སྐོར་བཀའ་སྩལ་བ་དང་ལྷན་གཅིག་ཏུ་བསླབ་བྱ་དེ་དག་སྐྱེ་འགྲོའི་བདེ་སྡུག་ལ་སྨན་ཕྱིར་ཞབས་འདེབས་ཞུ་འདོད་ཡོད་རིགས་ཀུན་ནས་ཉམས་བཞེས་གནང་ཐུབ་པར་ཡིད་ཆེས་ཡོད་ཅེས་ལམ་སྟོན་མཛད་འདུག། གཞི་རྩའི་སྐུ་ཞབས་ Ferdinand Marcos Jr ལགས་ནི་ཕྱི་ལོ་ ༡༩༥༧ ལོར་ Philippines རྒྱལ་ས་ Manila ནང་དུ་སྐུ་འཁྲུངས་ཤིང་། ཁོང་གི་ཡབ་དམ་པ་ Ferdinand Marcos Sr Philippines ཡིས་སྲིད་འཛིན་སྐབས་ ༡༠ པའི་ཐུགས་འགན་བཞེས་མྱོང་ཡོད་པ་རེད། དེ་བཞིན་ ༡༩༨༠ ལོར་ llocos Norte ཡི་གཞུང་འཛིན་པ་སྐུ་གཞོན་གྱི་ཐུགས་འགན་བཞེས་པ་དང་དེ་རྗེས་ ༡༩༨༦ ལོར་ Hawaii ལ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་ཡོད་ཀྱང་སླར་རང་ཡུལ་དུ་ཕྱིར་ལོག་གནང་ཡོད་པ་རེད། འབྲེལ་ཡོད་པར་གྱི་བདག་དབང་། nbcnews དང་།The star དེ་བཞིན་ Bangkok Post

༸གོང་ས་མཆོག་གིས་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུར་ཐུགས་བསྐྱེད་ཡོད་ཅེས་བཀའ་བཞེས་སྨིན་སྩལ།

ཡར་འབྲོག་གཞིས་བྱེས་མི་མང་དང་འཇོལ་ཀོང་རྒྱལ་གསུམ། མངའ་རིས་སྤྱི་མཐུན་ཚོགས་པ། སེར་བྱེས་དགེ་བཤེས་གྲོལ་ལྡན་རྒྱ་མཚོ། དེ་བཞིན་བྱང་རིགས་གཞིས་བྱེས་མི་མང་བཅས་ཚོགས་པ་ལྔས་དེ་རིང་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་བ་དང་སྦྲགས། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལས་དབང་བཙན་པོའི་ཐོག་ནས་ངོས་དང་བོད་གངས་ཅན་ལྗོངས་དབར་ཐུན་མིན་གྱི་འབྲེལ་བ་ཡོད་སྟབས་ད་དུང་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུར་ཐུགས་བསྐྱེད་ཡོད་པ་དང་དེ་ལྟར་ཐུབ་ཀྱི་རེད་ཅེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་སོང་།དེ་རིང་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་སྔ་དྲོ་ཚོུད་ ༦ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགེ་འདུན་འདུས་མང་ནས་༸སྐུའི་ཚེ་སྒྲུབ་གནང་གྲུབ་མཚམས་སུ་ཚོུད་ ༧༌༢༠ ཡོལ་ཙམ་ལ་ཚོགས་ཁག་གི་སྐུ་ཚབ་རྣམ་པས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆོན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་སྤོས་སྣེའི་སྤྱན་འདྲེན་གཟབ་རྒྱས་ཞུས་པ་དང་། མགོན་པོ་༸གང་ཉིད་མཆོག་གདོང་ལྔས་གཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་རྡོ་རྗེ་སློབ་དཔོན་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བརྟན་བཞུགས་དངོས་དང་འབྲེལ་བའི་མཎྡྲལ་ལྗགས་བཤད་གནང་བ་དང་འབྲེལ་ཏེ་མཁའ་ཁྱབ་སྐྱེ་འགྲོ་སྤྱི་དང་ལྷག་པར་དུ་ཁ་བ་རི་པ་རྣམས་ཀྱི་འཕྲལ་ཕུགས་ལེགས་ཚོགས་ཀུན་གྱི་གཞི་རྩར་དགོངས་ཡངས་ཆེན་པོས་༸སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བཀའ་བཞེས་བཟང་པོ་སྤྱི་བོའི་མཛེས་རྒྱན་དུ་གྱུར་བ་མཁྱཻན། མཁྱཻན། མཁྱཻན་ཞེས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་། བརྟན་བཞུགས་ཀྱི་མཛད་རིམ་ཡོངས་སུ་གྲུབ་པ་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་འཇོལ་ཀོང་རྒྱལ་གསུམ་གཙོས་ཚོགས་པ་ལྔས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་ཕུལ་བ་རེད། ལས་དང་སྨོན་ལམ་བཙན་པོའི་ཐོག་ནས་ངོས་དང་བོད་གངས་ཅན་ལྗོངས་དབར་ཐུན་མིན་གྱི་འབྲེལ་བ་ཡོད་སྟབས་ད་དུང་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུའི་སེམས་ཤུགས་དང་ཡིད་ཆེས་ཡོད་པ་ལྟར་བཞུགས་ཐུབ་ངེས་ཡིན་སྟབས། ཚང་མ་བློ་བདེ་པོ་བྱས་ནས་སྡོད་ཨ་ཞེས་ཐུགས་བརྩེ་བ་ཆེན་པོས་བཀའ་བཞེས་བཟང་པོ་སྨིན་བསྩལ་མཛད་སོང་། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་བདེན་དོན་གསལ་བར་ཐུགས་རེ་གནང་ཆོག་པ་དང་དེའང་དེང་སྐབས་རྒྱ་ནག་ནང་ལ་འགྱུར་བ་ཤུགས་ཆེན་པོ་འགྲོ་ཡི་འདུག་ལ། བོད་ཀྱི་ནང་ཆོས་དང་༸གོང་ས་མཆོག་གི་མཚན་གནས་སོགས་ལ་དོ་སྣང་ཞེ་དྲག་བྱེད་ཀྱི་འདུག་ཅེས་བཀའ་སྩལ་བ་དང་འབྲེལ། བོད་རྒྱ་ཆེ་མང་ཚོགས་ཚོས་ཀྱང་བོད་ཀྱི་བདེན་དོན་གསལ་བར་སེམས་ཤུགས་བསྐྱེད་དགོས་གལ་ཡིན་པ་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་། ༸གོང་ས་མཆོག་གིས་ད་ཆ་མགོན་པོ་༸གང་ཉིད་མཆོག་བོད་ཀྱི་ཆབ་སྲིད་ཀྱི་༸སྐུ་དབང་ནས་རྒས་ཡོལ་དུ་ཕེབས་ཡོད་པ་དང་ཆབ་སྲིད་ཀྱི་གནད་དོན་ཐོག་ཕྱག་ལས་གནང་མཁན་བཀའ་སྤྱི་གཉིས་ཞེས་ཡག་ཐག་ཆོད་ཡོད་རེད། ཁོང་རྣམ་པས་དྲང་པོ་དྲང་བཞག་གིས་ཚགས་ཚུད་ངང་ཕྱག་ལས་གནང་བཞིན་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་གིས་ཐུགས་ལྷོད་ལྷོད་ཐོག་ནས་དུས་རྟག་ཏུ་བྱང་ཆུབ་ཀྱི་སེམས་ཉམས་བཞེས་མཛད་ཀྱི་ཡོད་སྐོར་བཀའ་སྩལ་ཡོད། ཐེངས་འདིའི་བརྟན་བཞུགས་འདི་ནི་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཕྲན་བུ་བཟང་དུ་ཕྱིན་པའི་རྗེས་སུ་མགོན་པོ་༸གང་ཉིད་མཆོག་ལ་ཚོགས་སྡེ་ཁག་མང་པོས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གསོལ་འདེབས་ཞུས་པའི་ཁོངས་ནས་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་པ་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་། དེ་རིང་གི་བརྟན་བཞུགས་ཐོག་ས་ཕྱོགས་འདྲ་མིན་ནས་བཅར་བའི་ཡར་འབྲོག་གཞིས་བྱེས་མི་མང་གི་མང་ཚོགས། འཇོལ་ཀོང་རྒྱལ་གསུམ་གྱི་མང་ཚོགས། མངའ་རིས་སྤྱི་མཐུན་ཚོགས་པ་ཐུན་མོང་གི་མང་ཚོགས། དེ་བཞིན་བྱང་རིགས་གཞིས་བྱེས་མི་མང་གི་མང་ཚོགས། སེར་བྱེས་དགེ་བཤེས་གྲོལ་ལྡན་རྒྱ་མཚོ་ལགས་བཅས་སོགས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འདུ་འཛོམས་གནང་ཡོད་པ་རེད། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་༸རྒྱལ་བའི་ཕོ་བྲང་ནས་ཆིབས་བསྒྱུར་མཛད་སྐབས་སུ་བོད་ཀྱི་ཟློས་གར་ཚོགས་པས་བཀྲིས་ཞོལ་པ་དང་མཆོད་དབྱངས་སོགས་ཕུལ་བའི་ཐོག་ནས་སྤྱན་འདྲེན་གཟབ་རྒྱས་ཞུས་ཡོད།བརྟན་བཞུགས་བསྟར་འབུལ་སྐབས་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་རྡོ་རྗེ་སློབ་དཔོན་གནང་སྟེ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་༸གོང་ས་མཆོག་ལ་༸སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་ཞུས་སོང་བ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཁག་ཅིག་གིས་གཙོས་པའི་ཚོགས་པ་ཁག་གི་འཐུས་མི། དེ་བཞིན་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་སེར་སྐྱ་མང་ཚོགས་བཅས་ཕེབས་འདུག ༸སྐུ་པར་ཁག་ཅིག་གི་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་།

ཆར་ཞོད་ཀྱི་གོད་ཆག་ཕོག་པའི་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་ཐུགས་གསོ་མཛད་པ།

དེང་སྐབས་རྒྱ་གར་ཁྱོན་ཡོངས་སུ་དབྱར་དུས་ཀྱི་དུས་ཚོད་དང་བསྟུན་ཨ་སམ་ཁུལ་དུ་ཆར་ཞོད་ཆེ་བའི་རྐྱེན་གྱིས་ཆུ་ལོག་བྱུང་སྟེ་མི་རྒྱུ་གཉིས་ཀར་གོད་ཆག་ཆེན་པོ་ཕོག་པས་ཆེས་ངལ་བ་འཕྲད་བཞིན་ཡོད་སྟབས། དེ་རིང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Dr. Himanta B. Sharma མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་གསུང་འཕྲིན་ནང་ཨ་སམ་གཙོས་རྒྱ་གར་གྱི་ས་གནས་མང་པོར་ལོ་བསྟུད་མར་དབྱར་དུས་ཀྱི་ཆར་ཞོད་ཀྱི་རྐྱེན་གྱིས་གོད་ཆག་བྱུང་གི་ཡོད་པ་དེ་ནི་སྟབས་མ་ལེགས་པ་ཞིག་དང་། ལྷག་པར་ད་རེས་ཨ་སམ་ཁུལ་དུ་ཆར་ཞོད་གོད་ཆག་ཆེ་རྐྱེན་མང་ཚོགས་ཀྱི་ཚེ་སྲོག་ཤོར་ཏེ་མི་རྒྱུ་གཉིས་ཀར་གྱོང་གུད་ཕོག་པར་ཐུགས་ཕམ་བྱུང་སྐོར་བཀའ་སྩལ་དང་སྦྲགས་ཏེ། ཤུལ་ལུས་ནང་མི་ཉེ་སྤུན་མཆེད་དང་མངའ་སྡེའི་མི་མང་ཡོངས་ལ་ཐུགས་གསོ་དང་ཐུགས་སྨོན་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་ས་གནས་ལ་ཛ་དྲག་ཉེན་སྐྱོབ་དང་ངལ་སེལ་གྱི་ལས་གཞི་སྤེལ་མཁན་ཚོར་ཡི་རང་བསྔགས་བརྗོད་མཛད་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་གསོལ་བསྩལ་མཛད་རྒྱུ་ཡིན་ཞེས་བཀའ་བསྩལ་འདུགགཞི་རྩའི་དེང་སྐབས་རྒྱ་གར་ཁྱོན་ཡོངས་སུ་ཆར་དུས་ཀྱི་དུས་ཚོད་དང་བསྟུན། ཉེ་བའི་ཆར་རྒྱ་གར་བྱང་ཤར་ཕྱོགས་སུ་ཡོད་པའི་ཨ་སམ་མངའ་སྡེའི་ནང་ལ་ཆར་ཞོད་ཤུགས་ཆེ་རྐྱེན་ཆུ་ལོག་དང་ས་རུད་སོགས་བྱུང་སྟེ་མང་ཚོགས་ཀྱི་འཚོ་ཐབས་སོགས་ལ་གནོད་སྐྱོན་ཆེན་པོ་ཕོག་ཡོད་པ་རེད། ཨ་སམ་མངའ་སྡེ་ནང་འདི་ལོའི་ཆར་ཞོད་ཀྱི་གོད་ཆག་ནི་སྔར་ལས་ལྷག་པ་བྱུང་ཡོད་པ་དང་ལྷག་དོན་ཨ་སམ་སྨད་ཕྱོགས་ཁུལ་དུ་གནོད་འཚེ་ཚབས་ཆེན་ཕོག་འདུག བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་སམ་ནང་དེ་རིང་བར་མི་ ༨༠ ལས་ལྷག་འདས་གྲོངས་སུ་གྱུར་ཡོད་པ་དང་རྫོང་ ༣༦ ཡོད་པའི་ཁོངས་ནས་རྫོང་ ༣༢ ནང་གི་མི་འབུམ་ ༤༨ ཙམ་ལ་ངལ་བ་འཕྲད་པ་བྱུང་འདུག

Latest news