Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Richard Blum ལགས་དགོངས་པ་རྫོགས་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་ཡིད་སྨོན་ཤུགས་ཆེ་ཞུ་མཁན་མགོན་པོ་༸གང་ཉིད་མཆོག་གི་མཛའ་གྲོགས་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་སྐུ་ཞབས་ Richard Blum ལགས་ཡུན་རིང་འབྲས་ནད་ཀྱིས་མནར་ནས་དྲག་སྐྱེད་མ་བྱུང་སྟབས་ཁ་ཉིན་རེས་གཟའ་ཉི་མའི་དགོང་དྲོར་ཨ་རིའི་ San Francisco གྲོང་ཁྱེར་དུ་ཡོད་པའི་ཁོང་གི་གཟིམ་ཤག་ཏུ་དགུང་ལོ་ ༨༦ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག སྐུ་ཞབས་ Richard Blum ལགས་དམ་པ་ཁོང་ནི། ཨ་རིའི་མ་འཛུགས་ཚོང་ལས་ Blum Capital གཙོས་པའི་ཚོང་ལས་ཆེ་གྲས་གཞན་ཁག་གི་ཚོང་བདག་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སོགས་ཀྱི་ཐུགས་འགན་བཞེས་ཀྱི་ཡོད་པ་མ་ཟད་བོད་མིས་གཙོས་པའི་ཧི་མཱ་ལ་ཡའི་མངའ་ཁུལ་གྱི་མི་སེར་རྣམས་ཀྱི་བདེ་དོན་ལ་དམིགས་པའི་ American Himalayan Foundation ཞེས་པའི་ཐེབས་རྩ་ཁང་གསར་འཛུགས་གནང་སྟེ་སྤྱི་ཚོགས་ཞབས་ཞུའི་ལས་དོན་རྒྱ་ཆེ་གནང་མཁན་ཞིག་ཀྱང་ཡིན་པ་རེད།ལྷག་པར་དུ་ཁོང་དེ་སྔ་ཕྱི་ལོ་ ༡༩༧༢ ལོར་བཞུགས་སྒར་དུ་ཆེད་བཅར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཐེངས་དང་པོ་དེ་ཞུས་ཡོད་པ་དང་ཕྱིས་སུ་ཕྱི་ལོ་ ༡༩༧༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་བསྒྱུར་ཐོག་མ་མཛད་སྐབས་དམ་པ་ཁོང་དང་ཁོང་གི་སྐུ་ཟླ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Dianne Feinstein མཆོག་རྣམ་གཉིས་ནས་ཕྱག་རོགས་དང་རྒྱབ་སྐྱོར་ཤུགས་ཆེར་གནང་ཡོད། དུས་དེ་ནས་བཟུང་སྟེ་ད་བར་ལོ་ངོ་ ༥༠ ཙམ་གྱི་རིང་ལ་སྐུ་ཞབས་དམ་པ་ཁོང་དང་ཁོང་གི་སྐུ་ཟླ་གཉིས་ཀྱིས་༸གོང་ས་མཆོག་དང་མཇལ་མོལ་རིམ་པ་ཞུས་ཏེ་མགོན་པོ་༸གང་ཉིད་མཆོག་གི་དགོངས་བཞེས་དང་མཐུན་པའི་ཐོག་ནས་ཕྱི་ལོ་ ༢༠༠༦ ལོར་ཁེལ་ཕོ་ནི་ཡ་གཙུག་ལག་སློབ་གཉེར་ཁང་དུ་ཉམ་ཐག་གི་འཚོ་བ་དང་དཔལ་འབྱོར་གོང་འཕེལ་ལ་དམིགས་པའི་ Richard Blum དཔལ་འབྱོར་གོང་འཕེལ་གྱི་ལྟེ་གནས་ཞེས་པ་ཞིག་གསར་འཛུགས་གནང་ཡོད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དམ་པ་ཁོང་ནི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཙམ་མིན་པར་བྱམས་བརྩེ་དང་གཞན་ཕན་གྱི་ཀུན་སློང་གཞི་རྩར་བཟུང་ནས་ཕྱག་ལས་གནང་མཁན་ཞིག་ཡིན་པར་བཀའ་སྩལ་བ་དང་ཆབས་ཅིག ཁོང་ལ་ཡི་རངས་ཀྱི་བསྔགས་བརྗོད་མཛད་ཡོད། སྐུ་ཞབས་རི་ཆརྜ་བལོམ་ལགས་དགོངས་པ་རྫོགས་པ་དང་འབྲེལ་ཏེ། དམ་པ་ཁོང་གི་སྐུ་ཟླ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Dianne Feinstein ལགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བར་དམ་ཁོང་གིས་ད་བར་ཕྱག་ལས་མང་དག་ཅིག་གནང་བའི་ནང་ནས་ཧི་མཱ་ལ་ཡའི་མངའ་ཁུལ་གྱི་མི་སེར་རྣམ་པའི་བདེ་དོན་ལ་དམིགས་པའི་ཞབས་ཞུའི་ལས་དོན་དེ་དམ་པ་ཁོང་གི་ཐུགས་ཉེ་ཤོས་སུ་ངོས་འཛིན་གནང་གི་ཡོད་པ་དང་ལས་གཞི་དེ་ནི་དམ་པ་ཁོང་༸གོང་ས་མཆོག་གི་ཐུགས་ཉེ་བའི་མཛའ་གྲོགས་སུ་གྱུར་རྗེས་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་དང་མཐུན་པའི་ཐོག་ནས་ལམ་སྟོན་བཀའ་སློབ་ཁག་གཞི་རྩར་བཟུང་སྟེ་གནང་བ་ཞིག་ཡིན་པར་དྲན་གསོ་གནང་ཡོད། དེ་བཞིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བློ་ཕམ་ཆེན་པོའི་ཐོག་ནས་སྐུ་ཞབས་ Richard Blum ལགས་དམ་པ་ཁོང་གི་སྐུ་ཟླ་ལྕམ་སྐུ་ Dianne Feinstein མཆོག་གིས་གཙོས་པའི་སྐུ་འཁོར་ཡོངས་ལ་ཐུགས་གསོ་ཞུས་པ་དང་སྦྲགས། ཁོང་སྐུ་ཟླ་གཉིས་ཀྱིས་ད་བར་བོད་ཀྱི་གནད་དོན་ཞི་འཇགས་ལ་སྨན་པའི་ཕྱག་ལས་རླབས་ཆེན་གནང་བ་ཁག་དང་། ལྷག་པར་དུ་ཁོང་རྣམ་གཉིས་ཆེད་མངགས་རྒྱ་ནག་ལ་ཕེབས་ཏེ་༸གོང་ས་མཆོག་དང་སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་དབར་གྱི་སྐུ་སྒེར་གྱི་འབྲེལ་མཐུད་པའི་ཐུགས་འགན་བཞེས་མྱོང་ཡོད་པ་སོགས་ཀྱང་དྲན་གསོ་གནང་ཡོད། ཤེས་རྟོགས་བྱུང་བར་སྐུ་ཞབས་ Richard Blum ལགས་དགོངས་པ་མ་རྫོགས་པའི་སྔོན་ཏེ། ཕྱི་ཚེས་ ༢༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ཐོག་བརྒྱུད་དམིགས་བསལ་མཇལ་ཁ་དང་ལམ་སྟོན་བཀའ་སློབ་སྩལ་འདུག སྐུ་ཞབས་ཁོང་དགོངས་པ་རྫོགས་པའི་རྗེས་སུ་མགོན་པོ་༸གང་ཉིད་མཆོག་གིས་ལྕམ་སྐུ་ Dianne Feinstein མཆོག་གིས་དབུས་པའི་སྐུ་འཁོར་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་ཀྱང་བཀྲིན་བ་སྩལ་འདུག

གྲོས་མོལ་བརྒྱུད་ཡུ་ཀེ་རེན་ནང་དུ་ཞི་བདེ་སླར་གསོ་གནང་དགོས་པར་བཀའ་སྩལ་མཛད་པ།

ཟླ་བ་འདིའི་ཕྱི་ཚེས་ ༢༤ ཉིན་ཨུ་རུ་སུའི་སྲིད་འཛིན་ Vladimir Putin གྱིས་ཁྱིམ་མཚེས་རྒྱལ་ཁབ་ Ukraine ལ་དྲག་པོའི་དམག་དཔུང་བཏང་སྟེ་བཙན་འཛུལ་གྱིས་ད་ཆ་ཡུ་ཀེ་རེན་ནང་དམག་འཁྲུག་གི་གོད་ཆག་ཆེན་པོ་འཕྲད་བཞིན་པ་དང་བསྟུན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡུ་ཀེ་རན་གྱི་གནས་སཏྔས་ལ་ཐུགས་ཕམ་དང་སྦྲགས་ཏེ། གྲོས་མོལ་བརྒྱུད་ཡུ་ཀེ་རེན་ནང་ཞི་བདེ་སླར་གསོ་གནང་དགོས་པའི་གསུང་འཕྲིན་ཤིག་སྩལ་འདུག༸གོང་ས་མཆོག་གི་གསུང་འཕྲིན་ནང་། ད་ལྟ་ཡུ་ཀེ་རེན་ནང་དུ་ངལ་བ་འཕྲད་བཞིན་པའི་དམག་འཁྲུག་གི་ དོན་རྐྱེན་དེར་མགོན་པོ་༸གང་ཉིད་མཆོག་ཐུག་ཕམ་ཆེན་པོ་བྱུང་ཞེས་བཀའ་སྩལ་བ་དང་སྦྲགས། ང་ཚོ་འཛམ་གླིང་འདིའི་ཐོག་གཅིག་ལ་གཅིག་བརྟེན་གྱི་ཐོག་ནས་གནས་དགོས་སྟབས། རྒྱལ་ཁབ་ཕྱོགས་གཉིས་ཀྱི་དམག་འཁྲུག་དོན་རྐྱེན་དེས་འཛམ་གླིང་སྤྱིར་ལྡོག་ཏུ་མེད་པའི་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་ལྷག་པར་དུ་དམག་འཁྲུག་ཞེས་པ་ནི་དུས་ཚོད་ཡོལ་ཟིན་པའི་ཐབས་ལམ་ཞིག་ཡིན་སྟབས། འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནའི་ཐོག་ནས་འགྲོ་བ་མི་གཅིག་འགྱུར་གི་བསམ་བློ་གོང་འཕེལ་དང་འཛམ་གླིང་འདི་བཞིན་ཞི་བདེ་ལྡན་པ་ཞིག་ཡོང་ཐུབ་ངེས་རེད་ཅེས་བཀའ་སྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་ཕྱོགས་ཕན་ཚུན་དབར་གྱི་བདེ་དོན་གཞི་རྩར་བཞག་ནས་ཆེ་མཐོང་དང་བསམ་ཤེས་ལྡན་པའི་ཐོག་གྲོས་མོལ་གནང་ཐུབ་ཚེ་དོན་དམ་པའི་ཞི་བདེ་ཡོང་ངེས་ཡིན་སྟབས། རྒྱལ་ཁབ་ཕན་ཚུན་དབར་མ་མཐུན་པའི་ཆ་དང་དཀའ་ངལ་རིགས་གང་ཡོད་ཀྱང་ཀྱང་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་རྒྱུ་ནི་ཐབས་ལམ་བཟང་ཤོས་དེ་ཡིན་པ་དང་། འདས་ཟིན་པའི་དུས་རབས་ ༢༠ ནི་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་གྱིས་དུས་རབས་ཤིག་ཆགས་ཡོད་ཀྱང་། ང་ཚོའི་རེ་བ་ནམ་ཡང་མ་དོར་བར་ད་ལྟའི་དུས་རབས་ ༢༡ འདི་བཞིན་གྲོས་མོལ་གྱི་དུས་རབས་ཤིག་ལ་ངེས་པར་དུ་ངོས་འཛིན་གནང་དགོས་པའི་ལམ་སྟོན་སྩལ་བ་དང་ཆབས་ཅིག ཡུ་ཀེ་རེན་ལ་མགྱོགས་མྱུར་ཞི་བདེ་སླར་གསོ་ཐུབ་པའི་ཐུགས་སྨོན་མཛད་འདུགདེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་མཆོག་གིས་ཕྱི་ཚེས་ ༢༥ ཉིན་འཕྲུལ་སྒྲ་ཐོག་ཨུ་རུ་སུས་ཡུ་ཀེ་རེན་ནང་དུ་བཙན་འཛུལ་བྱེད་བཞིན་པའི་གནས་སྟངས་འདིས་དེ་སྔ་ ༡༩༥༠ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུན་བྱས་པའི་གནས་སྟངས་དེ་བསྐྱར་དུ་དྲན་གསོ་བྱས་ཡོད་པར་འགྲེལ་བརྗོད་དང་འབྲེལ་ཏེ། འཚེ་བའི་ལམ་ལ་བསྐྱོད་རྒྱུ་དེ་ནི་འགྲོ་བ་མི་ཞིག་གི་གནང་སྟངས་མིན་པར་མ་ཟད་དེ་ནི་ད་ལྟའི་དུས་ཚོད་དང་མི་མཐུན་པའི་བྱེད་སྟངས་ཤིག་ཀྱང་རེད་ཅེས་གསུངས་པ་དང་ལྷན་ཅིག་ཏུ་ཡུ་ཀེ་རེན་ལ་གང་མགྱོགས་ཞི་བདེ་སླར་གསོ་གནང་དགོས་པར་གསུངས་འདུགགཞི་རྩའི་ད་ཆ་ཨུ་རུ་སུས་ཡུ་ཀེ་རེན་ནང་དུ་དྲག་པོའི་བཙན་འཛུལ་བྱས་ནས་ཉི་མ་ལྔ་ཙམ་འགྲོ་བ་བཞིན་པའི་ཁྲོད་འདིར་ཨུ་རུ་སུའི་ཕྱོགས་ནས་ཡུ་ཀེ་རེན་གྱི་གྲོང་ཁྱེར་ཁག་ཅིག་ཏུ་དངོས་སུ་འབར་རྫས་དང་གོ་མཚོན་གྱི་ལམ་ནས་གཏོར་རྒོལ་ཚབས་ཆེན་བཏང་བར་བརྟེན་ཡུ་ཀེ་རེན་གྱི་མི་སེར་འབུམ་བཞི་ལྷག་ Poland དང་ Slovakia དེ་བཞིན་ Hungary སོགས་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་ལ་ཕྱིན་ཡོད་ཀྱང་། ཡུ་ཀེ་རེན་གྱི་སྲིད་འཛིན་སྐུ་ཞབས་ Volodymyr Zelenskyy ལགས་ཀྱིས་གཙོས་པའི་ཡུལ་དེའི་དམག་མི་དང་དང་བླངས་མི་སེར་མང་དག་ཅིག་ཨུ་རུ་སུའི་དམག་དཔུང་ལ་འགོག་རྒོལ་གྱི་རྒྱལ་ཁབ་སྲུང་སྐྱོབ་གནང་དང་གནང་མུས་ཡིན་པ་དང་། བརྒྱུད་རིམ་དེའི་ཁྲོད་འདས་གྲོངས་སུ་གྱུར་བའི་གྲངས་ཐོ་ཁ་གསལ་མེད་ཀྱང་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་ད་བར་དོན་རྐྱེན་དེའི་ཁྲོད་ཡུ་ཀེ་རེན་གྱི་སེར་ ༦༠༠ ལྷག་དང་ཨུ་རུ་སུའི་དམག་མི་དང་ལས་མི་ ༣༥༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་པར་གསུང་བཞིན་འདུགཨུ་རུ་སུས་ཡུ་ཀེ་རེན་ལ་དྲག་པོའི་བཙན་འཛུལ་བྱེད་བཞིན་པའི་གནད་དོན་དང་འབྲེལ་ཏེ་ཨ་རི་དང་ཁེ་ན་ཌ་གཙོས་ཡུ་རོབ་མཐུན་ཚོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་ཚོང་དང་ཆབ་སྲིད་ཀྱི་འབྲེལ་ལམ་སོགས་ཀྱི་ཐོག་ཉེས་ཆད་སྣ་ཚོགས་བཏང་དང་གཏོང་མུས་་ཡིན་པ་མ་ཟད། རྒྱལ་སྤྱིའི་མང་ཚོགས་ཁྲོད་ལ་ཨུ་རུ་སུའི་དྲག་པོའི་བྱ་སྤྱོད་ལ་ངོ་རྒོལ་དང་ཡུ་ཀེ་རེན་གྱི་མི་སེར་ཚོར་གདུང་སེམས་མཉམ་བསྐྱེད་ཡོད་པ་སོགས་ཀྱི་ལས་འགུལ་སྤེལ་མཁན་མང་དག་ཅིག་འདུག་ལ། ཨོ་སི་ཀྲོ་ལི་ཡའི་ཁེན་བྷིར་རཱ་དང་ཝི་ཊོ་རི་ཡ་ སོགས་སུ་སྤེལ་བའི་ལས་འགུལ་ཁག་ཅིག་ལ་ས་གནས་བོད་མི་ཁག་ཅིག་མཉམ་ཞུགས་དང་སྦྲགས། ང་ཚོ་བོད་མི་ཚོས་རང་གི་རྒྱལ་ཁབ་ཕྱིའི་རྒྱལ་ཁབ་ཅིག་གིས་བཙན་དབང་གིས་བཙན་བཟུང་བྱས་པའི་གནས་སྟངས་དེ་ཤེས་ཀྱི་ཡོད། དེར་བརྟེན་ད་རེས་ཡུ་ཀེ་རེན་ལ་བྱུང་བའི་དོན་རྐྱེན་ལ་གདུང་སེམས་མཉམ་བསྐྱེད་དང་ངལ་བ་དེ་ཞི་བར་སྨོན་ལམ་རྒྱག་བཞིན་ཡོད་ཅེས་སོགས་ཀྱི་མཆན་བཀོད་འདུག་མ་ཟད། ཁག་ཅིག་གིས་ངོ་དེབ་དང་སྤྱི་ཚོགས་དྲ་རྒྱའི་ཐོག་ཡུ་ཀེ་རེན་མི་མང་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ད་རེས་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་ཡི་མིན་ཞེས་ཡིག་པར་བཀོད་མཁན་བྱུང་ཡོད།

༸གོང་ས་མཆོག་གིས་རང་དབང་ནི་ཡར་རྒྱས་གོང་འཕེལ་གྱི་གཞི་རྩ་ཡིན་པར་བཀའ་སྩལ་བ།

ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སིལ་སྤོལ་རྩེད་མཁན་གྲགས་ཅན་སྐུ་ཞབས་ Enes Kanter Freedom ལགས་ལ་དམིགས་བསལ་མཇལ་ཁ་སྩལ་སྐབས་མགོན་པོ་༸གང་ཉིད་མཆོག་གིས་རང་དབང་ནི་ཡར་རྒྱས་གོང་འཕེལ་གྱི་གཞི་རྩ་རེད་ཅེས་ལམ་སྟོན་མཛད་འདུགཕྱི་ཟླ་ ༢ ཚེས་ ༢༣ ཉིན་༸གོང་ས་མཆོག་གིས་སྐུ་ཞབས་ Enes Kanter ལགས་སུ་དྲ་ལམ་བརྒྱུད་མཇལ་ཁ་སྩལ་བའི་སྐོར་སྐུ་ཞབས་ཁོང་ནས་སྒེར་གྱི་ངོ་དེབ་ཐོག་ཡོངས་གྲགས་གནང་ཡོད་པ་དང་ཁ་སྔོན་ཕྱི་ཚེས་ ༢༦ ཉིན་དམིགས་བསལ་མཇལ་ཁ་སྐབས་བཀའ་སློབ་གང་གནང་ཡོད་པའི་བརྙན་པར་ཕྱིར་བསྒྲགས་གནང་འདུག  ༸གོང་ས་མཆོག་གིས་སྐུ་ཞབས་ Enes Kanter ལགས་ཀྱི་སྟོད་ཐུང་ཐོག་ Freedom འམ་རང་དབང་ཞེས་བྲིས་པ་དེ་ལྗགས་ཀློག་མཛད་སྐབས་ཁོང་གིས་མགོན་པོ་མཆོག་ལ་འདི་ངའི་མིང་མཐའ་མ་རེད། འཛམ་གླིང་གི་འགྲོ་བ་མི་ཚང་མས་རང་དབང་དོན་དུ་རྩོད་ཀྱི་ཡོད་ཅེས་ཞུས་མ་ཐག་ཏུ་༸གོང་ས་མཆོག་གིས་རང་དབང་ནི་ཡར་རྒྱས་གོང་འཕེལ་གྱི་གཞི་རྩ་ཡིན་ཞིང་། རང་དབང་མེད་ན་གཞན་གྱི་བཀའ་སྒུག་ལས་ཡར་རྒྱས་གོང་འཕེལ་གྱི་རྣམ་པ་ཡོང་གི་མེད། འགྲོ་བ་མིར་ལེགས་ཉེས་བླང་དོར་འབྱེད་པའི་རྣམ་དཔྱོད་ལྡན་ཡོད་པ་མ་ཟད་རྣམ་དཔྱོད་དེ་སྤྱོད་པར་རང་དབང་ནི་ཆེས་གནད་ཆེ་ཡིན་ཅེས་བཀའ་སྩལ་ཡོད།དེ་བཞིན་ Enes Kanter ལགས་ཀྱིས་ཁོང་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྟར་བཙན་བྱོལ་བ་ཞིག་ཡིན་པ་དང་རང་ཉིད་ཀྱི་པཱ་ལགས་ཆབ་སྲིད་བཙོན་ཟུར་ཞིག་དང་ཁོང་གི་ངོས་ནས་ཊར་ཀི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་ཆབ་སྲིད་བཙོན་པ་རྣམས་ཀྱི་སྐོར་གོ་རྟོགས་སྤེལ་ཐབས་གནང་བཞིན་ཡོད་སྐོར་སྙན་སེང་ཞུས་ཡོད།  ལྷག་པར་ད་རེས་༸གོང་ས་མཆོག་དང་མཇལ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཞེས་ཞུས་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་གཞོན་སྐྱེས་ནི་འཛམ་གླིང་གི་མ་འོངས་པ་ཆགས་ཀྱི་ཡོད་པ་དང་སྒོས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་རང་ཉིད་ཀྱི་རྒྱལ་ཁབ་སོགས་ལ་ཆེད་དམིགས་ཀྱི་བསམ་བློ་གུ་དོག་པོའི་དབང་སུ་མ་སོང་བར་འཛམ་གླིང་སྤྱིའི་ཐོག་དགོངས་པ་བཞེས་དགོས་གལ་ཡིན་པར་བཀའ་སྩལ་སོང་། མཇལ་མོལ་སྐབས་སྐུ་ཞབས་ Enes Kanter ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁོང་གི་ཆེད་ལས་ངོ་སྤྲོད་ཞུས་ཏེ་མགོན་པོ་༸གང་ཉིད་མཆོག་གི་སྐུ་རྩེད་མཉེས་ཤོས་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ཁུ་ཚུར་རྩལ་འགྲན་ལ་ཐུགས་མཉེས་པོ་ཡོད་སྐོར་བཀའ་སྩལ་འདུག  མཐའ་དོན་ Enes Kanter ལགས་ཀྱིས་རང་ཉིད་ཁ་ཆེ་བ་ཞིག་ཡིན་པ་དང་ཁ་ཆེ་ཚོར་བརྡ་ལན་གང་ཡོད་དང་དེ་བཞིན་ཊར་ཀིའི་གནས་སྟངས་སྐོར་འགྲེལ་བརྗོད་དང་སྦྲགས་༸གོང་ས་མཆོག་ནས་ཁོང་གི་ནང་མི་དང་ཊར་ཀི་མང་ཚོགས་ཆེད་ཐུགས་སྨོན་མཛད་རོགས་ཞེས་གསོལ་འདེབས་ཞུས་དོན་བཞིན་མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་གི་ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བའི་བརྡ་ལན་གཅིག་མཚུངས་གནང་གི་ཡོད་པ་དང་སྒོས་སུ་རྒྱ་གར་ལྟ་བུའི་ནང་འཛམ་གླིང་གི་ཆོས་ལུགས་མང་དག་ཅིག་འཆམ་མཐུན་ངང་གནས་བཞིན་ཡོད་སྟབས་རྒྱལ་ཁབ་གཞན་ནས་རྒྱ་གར་གྱི་གནང་ཕྱོགས་ལས་སློབ་གསོ་བཞེས་དགོས་ཞེས་བཀའ་ལན་བཀྲིན་བ་མཛད་ཡོད་པ་མ་ཟད། ༸གོང་ས་ཆོག་གིས་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར།  ཆོས་ལུགས་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་མི་མཐུན་པ་ཡོང་བཞིན་པ་དེ་ལྟར་ནའང་ད་ཆ་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་།  རྩ་བའི་ང་ཚོའི་དམིགས་ཡུལ་དངོས་ནི་འཛམ་གླིང་འདི་བདེ་ཞིང་སྐྱིད་ལྡན་པ་ཞིག་བསྐྲུན་པར་མཉམ་ལས་གནང་དགོས་ཞེས་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད། སྐུ་ཞབས་ཨེ་ནེས་ཀེན་ཊར་ལགས་ནི་ཨ་རིའི་ NBA རྩེད་འགྲན་པ་ཆགས་ཀྱི་ཡོད་པ་དང་།  ཁོང་གིས་ཉེ་དུས་ནས་བཟུང་རྒྱ་གཞུང་དང་ཞི་ཅིན་ཕིང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་སྟབས་ཁོང་གི་རྩེད་འགྲན་རྒྱ་ནག་ནང་རྒྱང་སྲིང་མི་ཆོག་པ་སོགས་ཀྱི་གནད་དོན་བྱུང་ཡོད། ལྷག་པར་དུ་ཁོང་ནས་རྩེད་འགྲན་པ་ཚོས་དངུལ་ཁོ་ནར་མ་བསམ་པར་སྐབས་རེ་སོ་སོ་ནས་ལངས་ཕྱོགས་བརྟན་པོ་གནང་གལ་རེད་ཅེས་གསུངས་ཡོད་པ་དང་།  ཁོང་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མི་ཁོངས་སུ་མཚན་འདོན་གནང་ཡོད་ལ་དེ་བཞིན་ Geneva Summit for Human Rights and Democracy ཞེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ ༢༥ ལས་གྲུབ་པའི་ལྷན་ཚོགས་ཀྱིས་ཁོང་ཕྱི་ལོ་ ༢༠༢༢ ལོའི་སྙིང་སྟོབས་ (Courage Award) གཟེངས་ཤིག་ཀྱང་གནང་གཏན་ཁེལ་ཡོད་པ་རེད། ཁོང་གིས་ཐེངས་འདིའི་མཇལ་མོལ་ཁྲོད་སླད་མར་མགོན་པོ་༸གང་ཉིད་མཆོག་ཁོང་ཉིད་ཀྱི་རྩེད་འགྲན་སྐབས་གདན་ཞུ་ཕུལ་རྒྱུ་ཡིན་སྐོར་ཞུས་ཡོད།

༸གོང་ས་མཆོག་གིས་དྲ་ལམ་ཐོག་ནས་ Enes Kanter ལགས་ལ་མཇལ་ཁ་སྩལ་བ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་རྒྱ་བརྒྱུད་ནས་བོད་དོན་རྒྱབ་སྐྱོར་བ་ཨ་རིའི་སིལ་སྤོལ་རྩེད་མཁན་གྲགས་ཅན་སྐུ་ཞབས་ Enes Kanter Freedom ལགས་ལ་མཇལ་ཁ་སྩལ་འདུག ཁ་སང་ཟླ་ ༢ ཚེས་ ༢༣ རེས་གཟའ་ལྷག་པའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་ཐོག་ནས་སྐུ་ཞབས་ Enes Kanter ལགས་སུ་དམིགས་བསལ་མཇལ་ཁ་སྩལ་བའི་སྐུ་པར་དྲ་ལམ་ཁག་ཏུ་ཐོན་པ་ལས་ད་ལྟའི་ཆར་ཞིབ་ཕྲའི་གནས་ཚུལ་ཐོན་མི་འདུག་ཀྱང་། ཁོང་གི་ངོ་དེབ་ཐོག་མཇལ་མོལ་སྐབས་ཀྱི་སྐུ་པར་བཞག་ནས་༸རྒྱལ་བ་རིན་པོ་ཆེའི་གྲོགས་འདྲིས་དང་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག འཛམ་གླིང་འདི་འགྲོ་བ་མི་ཀུན་ལ་བདག་པ་ལས་དབུ་ཁྲིད་ཚོར་བདག་གི་མེད་པ་ཅེས་བཀོད་འདུག གཞི་རྩའི་ Enes Kanter ལགས་བོད་དང་ཡུ་གུར་གྱི་གནད་དོན་དང་འབྲེལ་རྒྱ་ནག་གཞུང་ལ་འཛེམ་ཟོན་མེད་པར་སྐྱོན་བརྗོད་གནང་མཁན་ཞིག་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་ཁོང་གིས་བོད་དོན་དང་འབྲེལ་དེ་སྔ་སྤྱི་ཚོགས་དྲ་ལམ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཡོད་པའི་སྟོད་ཐུང་གྱོན་ཏེ་བོད་ནང་རྒྱ་གཞུང་གིས་བོད་ཕྲུག་ཚོ་སློབ་གྲྭར་བོད་ཡིག་སློབ་གཉེར་གནང་རྒྱུར་བཀག་སྡོམ་དང་བོད་མི་རྣམས་རང་དབང་སྒོ་ནས་འགྲུལ་བཞུད་མི་ཆོག་པ། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཉར་ཚགས་གནང་བ་ཙམ་གྱིས་འཛིན་བཟུང་བྱེད་བཞིན་ཡོད་སྟབས་རྒྱ་ནག་གིས་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་བྱས་པ་དེ་ནི་ངོ་ཚ་ཁྲེལ་མེད་ཀྱི་བྱ་སྤྱོད་ཅིག་ཡིན་པར་སྐྱོན་བརྗོད་དང་བོད་ལ་རང་དབང་དགོས།  བོད་དེ་བོད་མིར་བདག་གི་ཡོད། ཞི་ཅིན་ཕིང་ལ་བརྡ་ལན་ནན་པོ་གནང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་ཁོང་ནས་བོད་དང་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གམང་བར་ཐུགས་རྗེ་ཆེ་ཞུའི་ཕྱག་བྲིས་ཕུལ་ཡོད།   ཁོང་གིས་ Nike ཚོང་ལས་ཁང་ནས་རྒྱ་ནག་དང་ལག་སྦྲེལ་བྱས་པར་སྐྱོན་བརྗོད་ཤུགས་ཆེར་གནང་བ་མ་ཟད། རྩེད་འགྲན་པ་ཚོས་སྐབས་རེ་དངུལ་ཁོ་ནར་མ་དགོངས་པར་རང་ཉིད་ནས་ལངས་ཕྱོགས་ངེས་ཅན་ཞིག་བཟུང་གལ་ཡིན་སྐོར་གསུངས་ཡོད།  Enes Kanter ལགས་ཀྱིས་དྲག་གནོན་དང་མནར་གཅོད་འོག་དཀའ་སྡུག་མྱོང་བཞིན་པའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་གླེང་སློང་གནང་རྐྱེན་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་གནང་མཁན་ཚོས་ཁོང་ལ་དགའ་མོས་ཞེ་དྲག་གནང་གི་ཡོད་པ་རེད། ཉེ་ལམ་ནོར་ཝེ་གྲོས་ཚོགས་འཐུས་མི་ཞིག་གིས་སྐུ་ཞབས་  Kanter ལགས་ཕྱི་ལོ་ ༢༠༢༢ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་དམིགས་ཁོངས་སུ་མཚན་འདོན་གནང་ཡོད་ལ། ཁ་སྔོན་ Geneva Summit for Human Rights and Democracy ཞེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ ༢༥ ལས་གྲུབ་པའི་ལྷན་ཚོགས་ཀྱིས་ཨ་རིའི་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་ Enes Kanter Freedom ལགས་སུ་ཕྱི་ལོ་ ༢༠༢༢ ལོའི་སྙིང་སྟོབས་ (Courage Award) གཟེངས་ཤིག་གནང་གཏན་ཁེལ་བ་བྱུང་ཡོད། རྩ་བའི་ཉེ་སྔོན་དྷརྨ་སཱ་ལཱར་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེས་ཆེར་སོང་རྐྱེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དྲ་ལམ་བརྒྱུད་བསྐྱང་རྒྱུའི་མཛད་འཆར་ཁག་རེ་ཞིག་འཕར་འགྱངས་གནང་ཡོད་པ་དང་། ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དྲ་རྒྱ་བརྒྱུད་ Enes Kanter ལགས་དང་མཇལ་མོལ་མཛད་པ་དེ་སྤྱི་ཚོགས་དྲ་ལམ་བརྒྱུད་ཡོངས་གྲགས་གནང་བ་ཐོག་མའི་གྲས་ཤིག་ཆགས་ཀྱི་ཡོད་པ་རེད།  

༸སྐུའི་འཕྲོད་བཞེས་སྔར་བཞིན་གསལ་ཐང་ཡིན་པས་ཐུགས་བློ་བདེ་བོ་གནང་རོགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་སྔར་བཞིན་གསལ་ཐང་ཡིན་པས་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་ཐུགས་ཁྲལ་གནང་མི་དགོས་པར་ཐུགས་བློ་བདེ་བོ་གནང་རོགས་ཞེས་གསུངས་ཀྱི་འདུགདེ་ཡང་ད་ལྟའི་འཛམ་བུ་གླིང་སྤྱི་དང་སྒོས་སུ་གནས་ཡུལ་རྒྱ་གར་གྱི་ནང་དུ་ཏོག་དབྱིབས་གཉན་རིམས་དང་གཉན་རིམས་གྱི་ངོ་བོ་འགྱུར་བ་ཨོ་མི་ཀི་རོན་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པ་མ་ཟད་བཞུགས་སྒར་དྷ་རམ་ས་ལར་འདས་པའི་བདུན་ཕྲག་ཁ་ཤས་ཀྱི་ནང་དུ་ནད་དུག་ཕོག་མཁན་ཕོན་ཆེར་བྱུང་ཡོད་སྟབས། ༸གོང་ས་མཆོག་གི་དྲྭ་ལམ་གྱི་མཛད་འཆར་ཁག་གནས་སྐབས་སུ་ཕྱིར་འགྱངས་གནང་བའི་ཁྲོད་གཞིས་བྱེས་གཉིས་སུ་གནས་བཞུགས་བོད་མི་རྣམས་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ཀྱི་གནས་བབ་དང་འབྲེལ་བའི་ཐོག་ལ་ཐུགས་ཁྲལ་ཆེན་པོ་གནང་བཞིན་ཡོད་སྟབས། དེ་རིང་འདི་ག་རླུང་འཕྲིན་ཁང་གིས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་སུ་ཞལ་པར་བརྒྱུད་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་སྐོར་བཀའ་འདྲི་ཞུ་སྐབས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་སྔར་བཞིན་གསལ་ཐང་ཡིན་པས་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་ཐུགས་ཁྲལ་གནང་མི་དགོས་པར་ཐུགས་བློ་བདེ་བོ་གནང་རོགས་ཞེས་གསུངས་ཀྱི་འདུགདེ་བཞིན་བདུན་ཕྲག་སྔ་མའི་ནང་རྒྱ་གར་གྱི་གསར་འགྱུར་སྡེ་ཁག་ཅིག་གི་ནང་དུ་དགའ་ལྡན་ཕོ་བྲང་གི་སྐོར་སྲུང་བར་ཏོག་ནད་ཕོག་པའི་གནས་ཚུལ་ཐོན་པ་ནི་རྒྱ་གར་བའི་སྐོར་སྲུང་ཡིན་པ་ངོ་སྤྲོད་གནང་བ་དང་སྦྲགས། རྒྱ་གར་གཞུང་ནས་ཉེ་བའི་ཚེས་ ༡༠ ནས་མདུན་ཐོན་ཞབས་ཞུ་བ་དང་ལོ་ན་ ༦༠ ཡན་ལ་སྔོན་ཁབ་གསུམ་པ་སྟེ་ནུས་ཤུགས་སྨན་ཁབ་སྐྱོན་འགོ་ཚུགས་ཡོད་སྟབས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་སྔོན་ཁབ་གསུམ་པ་བཞེས་གནང་མཛད་རྒྱུའི་སླད་འབྲེལ་ཡོད་ཚོར་འབྲེལ་བ་གནང་ནས་གང་མགྱོགས་བཞེས་ཐུབ་རྒྱུའི་རེ་བ་གནང་བཞིན་ཡོད་པ་གསུངས་སོང་། གཤམ་ལ་འདི་ག་རླུང་འཕྲིན་ཁང་ནས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པ་དེར་གསན་རོགས་གནང་།

གནས་བརྟན་ཐིག་ནཏ་ཧཱན་དགོངས་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་བ།

ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་དྲན་པ་ཉེར་ཞག་ཐོག་མར་ངོ་སྤྲོད་གནང་མཁན་ཞིག་ཏུ་ཡོང་གྲགས་ངོས་འཛིན་མཛད་པའི་ཝེ་ཏི་ནམ་གྱི་ནང་པའི་སློབ་དཔོན་ Thich Nhat Hanh མཆོག་དགུང་གྲངས་ ༩༥ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་གོང་ས་མཆོག་གིས་ཐུགས་ཕམ་མཛད་པ་དང་སྦྲགས། དམ་པ་དེ་ཉིད་ལ་བཀའ་དྲིན་རྗེས་དྲན་ལེགས་ཤོས་དེ་ནི་ཁོང་གིས་ད་བར་འཛམ་གླིང་ཞི་བདེའི་སླད་རླབས་ཆེན་གྱི་ཕྱག་ལས་མཛད་པ་དེ་མུ་མཐུད་མཇུག་སྐྱོང་གནང་རྒྱུ་དེ་ཡིན་པར་བཀའ་སྩལ་འདུག དེ་རིང་བརྒྱུད་ལམ་ཁག་ཏུ་སློབ་དཔོན་ཁོང་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་མ་ཐག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་དུ་སློབ་དཔོན་ Thich Nhat Hanh མཆོག་ལ་གང་ཉིད་ཀྱི་མཛའ་གྲོགས་དང་ཆོས་སྤུན་དུ་འགྲེལ་བརྗོད་མཛད་དེ་ཁོང་དགོངས་པ་རྫོགས་པར་ཧ་ཅང་ཐུགས་ཕམ་བྱུང་བར་བཀའ་སྩལ་བ་དང་ཆབས་ཅིག འཛམ་གླིང་ཡོངས་དང་སྒོས་སུ་ཝེ་ཏི་ནམ་ནང་གནས་པའི་དམ་པ་དེ་ཉིད་ཀྱི་རྗེས་འབྲངས་བ་ཡོངས་ལ་ཐུགས་གསོ་མཛད་འདུགགོང་ས་མཆོག་གིས་གསུང་འཕྲིན་ནང་། སློབ་དཔོན་དམ་པ་དེ་ཉིད་ཀྱིས་ཝེ་ཏི་ནམ་གི་དམག་ལ་ཁ་གཏད་དང་། ཨ་རིའི་མི་རིགས་ནག་པོའི་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་པ་སྐུ་ཞབས་ Martin Luther King མཆོག་ལ་རྒྱབ་སྐྱོར། ལྷག་པར་དྲན་པ་ཉེར་བཞག་དང་བྱམས་བརྩེའི་སྒོ་ནས་ནང་སེམས་ཀྱི་ཞི་བདེ་ཙམ་མ་ཟད། འཛམ་གླིང་ཀུན་ལ་དོན་དམ་གྱི་ཞི་བདེ་སྐྲུན་ཐུབ་པའི་ཡོན་ཏན་གཞན་ལ་སྤེལ་བ་བཅས་ཀྱི་རླབས་ཆེན་གྱི་མཛད་རྗེས་དག་ལ་གཞིགས་ཚེ། ཁོང་གིས་དོན་དམ་པའི་མི་ཚེ་ཞིག་སྐྱེལ་ཡོད་པར་བཀའ་གནང་པ་དང་འབྲེལ། དམ་པ་དེ་ཉིད་ལ་བཀའ་དྲིན་རྗེས་དྲན་ལེགས་ཤོས་དེ་ནི་ཁོང་གིས་ད་བར་འཛམ་གླིང་ཞི་བདེའི་སླད་རླབས་ཆེན་གྱི་ཕྱག་ལས་མཛད་པ་དེ་མུ་མཐུད་མཇུག་སྐྱོང་གནང་རྒྱུ་དེ་ཡིན་པར་བཀའ་སྩལ་འདུགགཞི་རྩའི་ཝེ་ཏི་ནམ་གྱི་ནང་པའི་སློབ་དཔོན་ཆེན་པོ་Thich Nhat Hanh མཆོག་ཕྱི་ལོ་ ༡༩༦༠ རེ་གྲངས་ནང་ཝེ་ཏི་ནམ་གྱི་དམག་ལ་ཁ་གཏད་ངོ་རྒོལ་གནང་བའི་རྐྱེན་གྱིས་ལོ་མང་རིང་ཧྥ་རན་སིའི་ནང་བཙན་བྱོལ་དུ་བཞུགས་མྱོང་ཡོད་པ་དང་། མི་རིགས་ནག་པོའི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་སྐུ་ཞབས་ Martin Luther King མཆོག་གིས་ཁོང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་མཚན་འདོན་གནང་མྱོང་ཡོད་པ་རེད།ཁོང་གིས་འཛམ་གླིང་ཡོངས་ལ་དགོན་སྡེ་ཁག་དང་། Plum village tradition ཞེས་པའི་འོག་སྒོམ་སྒྲུབ་ཚོགས་པ་འདྲ་མིན་ཆེད་བཙུགས་གནང་བ་དང་ད་བར་ཕྱག་དེབ་༡༠༠ ལྷག་འདོན་སྤེལ་གནང་མྱོད་པ་རེད། ཝེ་ཊི་ནམ་གཞུང་གིས་བཀའ་ཁྲོལ་འོག་སློབ་དཔོན་ཆེན་མོ་དམ་པ་དེ་ཉིད་ཕྱི་ལོ་༢༠༠༥ ལོར་རང་ཡུལ་དུ་ཆེད་ཕེབས་གནང་ཐུབ་པ་དང། ༢༠༡༨ ལོར་གཏན་དུ་ཕྱིར་ལོག་གིས་Hueཁུལ་དུ་རྟེན་གཞི་བྱས་པའི་Tu Hieu དགོན་པའི་ནང་དེ་རིང་དགོངས་པ་མ་རྫོགས་བར་དུ་སྐུ་བཞུགས་གནང་ཡོད་པ་རེད།

ལྕམ་ Roberta Metsola མཆོག་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་བར་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཁ་སང་ལྕམ་ Roberta Metsola མཆོག་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་དང་སྦྲགས། ཁོང་གི་ལས་དོན་མཐའ་དག་གེགས་མེད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་མཛད་འདུག དེ་རིང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ལྕམ་ Metsola མཆོག་གིས་མཚན་ཐོག་ལ་ཕྱག་བྲིས་ཤིག་སྩལ་བའི་ནང་དུ། ལྕམ་སྐུ་ཁོང་ལ་དགའ་བསུའི་འཚམས་འདྲི་མཛད་པ་དང་འབྲེལ། མགོན་པོ་མཆོག་དེ་སྔ་ཡུ་རོབ་གྲོས་ཚོགས་ནང་དུ་ཆིབས་བསྒྱུར་མཛད་པ་ཐུགས་དྲན་གསོ་དང་སྦྲགས། ཡུ་རོབ་གྲོས་ཚོགས་ནས་མགོན་པོ་གང་ཉིད་དང་བོད་མི་རྣམས་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་མཛད་འདུགལྷག་པར་དུ་༸གོང་ས་མཆོག་གིས། རང་ལོ་ ༤༣ ཡིན་པའི་ལྕམ་Roberta Metsola ཁོང་ད་བར་གྱི་ཚོགས་གཙོ་སྐུ་ན་ཆུང་ཤོས་དེ་ཆགས་ཀྱི་ཡོད་པ་དང་ཡུ་རོབ་གྲོས་ཚོགས་ཀྱི་བུད་མེད་ཚོགས་གཙོ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་དང་འབྲེལ། གོང་ས་མཆོག་གང་ཉིད་ཀྱི་ངོས་ནས་སྐྱེས་པ་ཚོ་དང་བསྡུར་ན་བུད་མེད་རྣམས་གཞན་ལ་ཕན་བདེ་བསྒྲུབ་རྒྱུ་དང་སེམས་ཁུར་ལེན་རྒྱུའི་ནུས་པ་ཆེ་བ་ཡོད་པར་བརྟེན་ཞི་བའི་ཐོག་ནས་འཛམ་གླིང་སྣེ་ཁྲིད་ཐུབ་རྒྱུར་བུད་མེད་རྣམས་ལེགས་པོ་ཡོད་པར་ངོས་འཛིན་མཛད་ཀྱི་ཡོད་པ་བཀའ་གནང་འདུག དེ་བཞིན་གོང་ས་མཆོག་གིས་གང་ཉིད་ནི་དུས་རྟགས་ཏུ་ཕན་ཚུན་བསམ་ཤེས་དང་། མཉམ་འབྲེལ། རྒྱལ་ཁབ་ཕན་ཚུན་གུས་བརྩི་ཞུ་དགོས་པར་ཡིད་ཆེད་མཛད་མཁན་ཞིག་ཡིན་པའི་ཆ་ནས། ཡུ་རོབ་མཐུན་ཚོགས་འདི་བཞིན་ཞི་བདེ་མཉམ་གནས་དང་མཉམ་ལས་ཀྱི་དཔེ་མཚོན་བཟང་ཤོས་དེ་ཡིན་སྐོར་ནན་བརྗོད་དང་སྦྲགས། དཀའ་རྙོག་གིས་ཁེངས་བའི་འཛམ་གླིང་འདིའི་ཁྲོད་ཕུགས་རྒྱང་རིང་པོའི་བསམ་བློ་ཡོད་མཁན་གྱི་འགོ་ཁྲིད་ཧ་ཅང་མཁོ་བའི་སྐབས་འདིར། མགོན་པོ་གང་ཉིད་མཆོག་ནས་འགྲོ་བ་མིའི་རིགས་ཀྱི་རྙོག་གླེང་ཡོངས་རྫོགས་དོན་དམ་གྱི་གྲོས་མོལ་དང་འཆམ་མཐུན་གྱི་བསམ་བློའི་ཐོག་ནས་སེལ་ཐུབ་རྒྱུ་ཡིན་པར་ངོས་འཛིན་མུ་མཐུད་མཛད་བཞིན་ཡོད་པ་བཀའ་གནང་སྟེ། གང་ཉིད་ཀྱིས་དེ་སྔ་ཕྱི་ལོ་ ༡༩༨༨ ལོར་ཆོད་སེམས་དེ་ག་རང་གི་ཐོག་ནས་ཡུ་རོབ་གྲོས་ཚོགས་ནང་དུ་རྒྱ་ནག་གི་འགོ་ཁྲིད་དང་ལྷན་ཕན་ཚུན་གཉིས་ཕན་གྱི་ཐོག་ནས་བོད་ཀྱི་གནད་དོན་སེལ་རྒྱུའི་དགོངས་འཆར་ཕུལ་ཡོད་པ་དང་། ༸གོང་ས་མཆོག་གིས་སྐབས་དེར་། ཕྱོགས་ཚང་མར་འདོད་བློ་ཁེངས་བའི་ཁེ་ཕན་ཞིག་ཡོད་ན་མ་གཏོགས་དོན་དམ་གྱི་གྲོས་མཐུན་ཡོང་ཤེས་ཐབས་མེད་པའི་དགོངས་གཞི་གཙོར་བཟུང་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་གླེང་སྟེགས་དེ་ཆེད་མངགས་བདམས་གནང་ཡོད་པར་བཀའ་མཛད་འདུག

བཀའ་ཟུར་དམ་པ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གི་གསུང་རྩོམ་ཕྱག་དེབ་Columbia སློབ་གྲྭ་ཆེན་མོས་འདོན་སྤེལ་གནང་རྒྱུ་རེད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་གསུང་རྩོམ་སྟེ། དབྱིན་སྐད་དུ་ The Dalai Lama's Special Envoy, Memoirs of a Lifetime in Pursuit of a Reunited Tibet ༧ཏཱ་ལའི་བླ་མའི་དམིགས་བསལ་སྐུ་ཚབ། བོད་ས་ཡོངས་རྫོགས་གོང་བུ་གཅིག་ཏུ་བསྒྲིལ་རྒྱུའི་ཐོག་སྐུ་ཚེ་ཧྲིལ་པོ་འབད་བརྩོན་གནང་བའི་སྐུ་ཚེའི་ལོ་རྒྱུས། ཞེས་ཤོག་གྲངས་ ༧༢༠ ཅན་གྱི་ཕྱག་དེབ་དེ་ཕྱི་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༡༠ ནང་ཨ་རིར་རྟེན་གཞི་བྱས་པའི་ columbia university Press ཡིས་འདོན་སྤེལ་གནང་འཆར་ཡོད་པ་རེད་འདུག ཨ་རིར་རྟེན་གཞི་བྱས་པའི་ columbia university ཡི་འདི་གའི་དྲྭ་གནས་ཐོག་རིམ་པོ་དམ་པ་དེ་ཉིད་ཀྱི་གསུང་རྩོམ་ཕྱག་དེབ་དེའི་སྐོར་ངོ་སྤྲོད་གནང་བའི་ནང་། རྒྱ་རི་བློ་གྲོས་རྒྱལ་མཚན་དམ་པ་དེ་ཉིད་ནི་༸གོང་ས་མཆོག་གི་དབུས་བོད་དང་བོད་མིའི་རྩ་དོན་སླད་སྐུ་ཚེ་ཧྲིལ་པོར་སྐུ་ལས་སྐྱོན་མཁན་ཞིག་ཡིན་པར་འགྲེལ་བརྗོད་དང་འབྲེལ། རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་གསུང་རྩོམ་དེའི་ནང་བོད་དང་བོད་མིའི་རྩ་དོན་སླད་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་གི་ལས་དོན་གཉེར་བའི་མྱོང་བ་དང་། ལྷག་པར་དུ་༢༠༠༢ ནས་༢༠༡༢ བར་རྒྱ་ནག་གཞུང་གི་འགོ་ཁྲིད་དང་ཐད་ཀར་གཞུང་འབྲེལ་བཀའ་མོལ་གནང་བ་ཁག་ཐུགས་དྲན་གསོ་གནང་ཡོད་པ་མ་ཟད། བོད་རྒྱ་གྲོས་མོལ་གྱི་ལས་དོན་འགོ་འཛུགས་གནང་བ་ནས་བཟུང་ལས་དོན་བསྐྱངས་པའི་སྐབས་སུ་ཕྱོགས་གཉིས་ཀྱི་འབྲེལ་ལམ་དང་། གྲུབ་འབྲས་སོན་པ་དང་མ་སོན་པ་བཅས་སོ་སོར་བཀོད་ཡོད་འདུག་ལ། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པའི་སྐབས་བླ་སྤྲུལ་རྣམ་པ་གཙོས་བོད་མི་རྣམས་བཙན་བྱོལ་དུ་གྱར་བའི་གནས་སྟངས་སྤྱི་དང་། སྒོས་སུ་རིན་པོ་ཆེ་དམ་དེ་ཉིད་ཀྱི་ཁྱིམ་ཚང་གི་ལོ་རྒྱུས་བཅས་གསལ་ཡོད་སྐོར་གསུངས་འདུག columbia གཙུག་ལག་སློབ་གཉེར་ཁང་གིས་ད་དུང་། རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་ཕྱག་དེབ་དེའི་ནང་དུ་བོད་ཀྱི་གནད་དོན་དེ་ཕྱོགས་གཉིས་ཕན་གྱི་ཐོག་ནས་སེལ་བར་བྱ་རྒྱུའི་སླད་བོད་རྒྱ་གྲོས་མོལ་སླར་གསོ་ཡོང་བར་དོན་དམ་གྱི་ལམ་སྟོན་ཁག་གསལ་བཏོན་གནང་ཡོད་སྐོར་གསུངས་པ་མ་ཟད། བོད་ཀྱི་དེང་དུས་ཀྱི་ལོ་རྒྱུས་སྐོར་ཤེས་འདོད་ཡོད་མཁན་རྣམས་ལ་གསུང་རྩོམ་དེ་བརྒྱུད་དེ་གནད་དོན་ཚང་ཆང་ཤེས་རྟོགས་ཐུབ་རྒྱུ་ཙམ་མ་ཟད། ༸གོང་ས་མཆོག་གི་མ་འོངས་བོད་ཀྱི་འཆར་སྣང་་གི་སྐོར་ལའང་འགྲན་ཟླ་བྲལ་བ་ཞིག་ཤེས་རྟོགས་ཐུབ་རྒྱུ་ཡོད་སྐོར་གསུངས་འདུག གང་ལྟར་གསུང་རྩོམ་ཕྱག་དེབ་དེའི་ནང་བོད་གོང་བུ་གཅིག་ཏུ་སྒྲིལ་བར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ལས་ཅི་ཞིག་སྐྱོན་མིན་དང་ཉེ་རབས་བོད་ཀྱི་ལོ་རྒྱུས་མངོན་པའི་ཕྱག་དེབ་ཅིག་ཡིན་པ་རེད། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་གསུང་རྩོམ་ཕྱག་དེབ་དང་འབྲེལ་ནས་དེ་སྔ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལས་ཁུངས་ཀྱི་དྲུང་ཆེ་དང་རི་པོན་ཆེ་དམ་དེ་ཉིད་ཀྱི་ཕྱག་དེབ་བརྩམས་གནང་བའི་སྐབས་སུ་ཕྱག་རོགས་གནང་མཁན་སྐལ་བཟང་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་ཡོད། རྩ་བའི་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་གསུང་རྩོམ་ཕྱག་དེབ་དེ་ལོ་ཤས་ཀྱི་གོང་དུ་འདོན་སྤེལ་གནང་ཐབས་ཞུས་ཀྱང་འདོན་སྤེལ་གནང་ཐུབ་མེད་སྟབས། ཀློག་པ་པོ་མང་དག་ཅིག་ནས་ཕྱག་དེབ་དེར་ངང་སྒུག་གནང་བཞིན་ཡོད་པ་དང་། གསུང་རྩོམ་ཕྱག་དེབ་དེ་ནི་ཁོང་དགོངས་པ་མ་རྫོགས་གོང་མཇུག་སྒྲིལ་ཟིན་པ་ཞིག་ཆགས་ཀྱི་ཡོད་པ་རེད། རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ནི་ཁམས་ཉག་རོང་དུ་༡༩༤༩་ལོར་འཁྲུངས་བ་དང་། བཙན་བྱོལ་དུ་ཕེབས་པའི་རྗེས་གཞོན་དུས་ནས་སྐབས་དེའི་བོད་མིའི་རང་དབང་གསར་ཤོག་གི་རྩོམ་སྒྲིག་པའི་ཐུགས་འགན་བཞེས་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་དབྱིན་ཡིག་ཐོག་གསར་ཤོག་ཐེངས་དང་པོ་བོད་ཀྱི་འབོད་སྒྲ་ཞེས་པ་དེ་འདོན་སྤེལ་གནང་ཡོད། ༡༩༧༠ ནང་ཁོང་དང་ཕྱག་རོགས་གསུམ་ནས་མཉམ་རུབ་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་ཡོད། དེའི་རྗེས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་འགོ་ཁྲིད་རིམ་པའི་གོ་གནས་སུ་བསྐོ་བཞག་བྱུང་སྟེ། ཐོག་མར་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། དེའི་རྗེས་བཀའ་བློན་གནང་། དེ་ནས་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་ལས་འགན་རྐང་བཞེས་ཡོད་པ་མ་ཟད། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་༡༩༨༢ དང་༡༩༨༤ ལོར་བོད་རྒྱའི་འབྲེལ་མོལ་གནང་བར་བོད་ཀྱི་སྐུ་ཚབ་འཐུས་མིའི་ཁོངས་སུ་རྒྱ་ནག་ཏུ་ཕེབས་ཡོད་ལ། ༢༠༠༢ ནས་རྒྱ་ནག་གཞུང་དང་ཐད་ཀར་བཀའ་མོལ་གནང་མཁན་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་གི་འགོ་ཁྲིད་ཀྱི་ཐུགས་འགན་ཡང་བཞེས་ཡོད་པ་རེད། མཐར་ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༡༠ ནང་སྐུ་ཚེ་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད།

བོད་རང་བཙན་སྐབས་ཀྱི་རྩེ་དྲུང་རྒྱལ་མཚན་ཆོས་ལྡན་ལགས་དགོངས་པ་རྫོགས་འདུག

བོད་རང་བཙན་མ་ཤོར་གོང་བོད་ཀྱི་རྒྱལ་ས་ལྷ་སར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་དབུ་འོག་དཔུང་འདེགས་ཀྱིས་ཞབས་ཞུ་སྒྲུབ་མྱོང་མཁན་དང་། ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས་སླར་ཡང་སྐབས་དེའི་བཙན་བྱོལ་བོད་གཞུང་གི་ནང་སྲིད་དང་ཤེས་རིག་དྲུང་ཆེ་ཙམ་མ་ཟད། ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཆེ་ཁག་མང་ཆེ་བའི་ནང་ས་གནས་འགོ་འཛིན་གྱི་ཐུགས་འགན་བཞེས་མྱོང་མཁན་རྩེ་དྲུང་སྐུ་ངོ་རྒྱལ་མཚན་ཆོས་ལྡན་ལགས་དགུང་གྲངས་ ༡༠༣ ཐོག་ཟླ་བ་འདིའི་ཚེས་ ༡༢ ཉིན་ཨ་རིའི་ཤར་ཕྱོགས་ཀྱི་དགོང་མོའི་ཕྱག་ཚོད་ ༢ ཙམ་ལ་ནིའུ་ཇར་སིའི་གཟིམ་ཤག་ཏུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུགསྐུ་ངོ་རྒྱལ་མཚན་ཆོས་ལྡན་ལགས་ནི་༡༩༢༡ ལོར་མལ་གྲོ་གུང་དཀར་སྲིབ་ན་བྱང་མ་རུ་སྐུ་འཁྲུང་བ་དང་། ༡༩༤༦ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྩེ་དྲུང་དུ་བསྐོ་བཞག་དང། ༥༨ ལོར་སྐུ་སྒེར་མཛོད་སྤུག་གི་ལས་བྱ་དང་སྤྱན་བབས་ཕོ་བྲང་གི་ཁང་གཉེར་གཅིག་ལྕོགས་ཏུ་བསྐོ་བཞག་གནང་བ་མ་ཟད། ༡༩༥༩ ལོའི་བོད་མིའི་རང་དབང་སྒེར་ལངས་དང་འབྲེལ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་ལ་ཆིབས་བསྒྱུར་མཛད་རྗེས། ཁོང་གིས་ནོར་བུ་གླིང་ཁའི་ནང་མུ་མཐུད་སྐུ་བཞུགས་གནང་སྟེ་གཞན་ལ་མགོན་པོ་གང་ཉིད་ཕོ་བྲང་དུ་སྐུ་བཞུགས་ཡོད་ཚུལ་གྱིས་ཁོར་ཡུག་སྐྲུན་ཐབས་ཀྱི་ཐུགས་འགན་བཞེས་པ་དང་། ཚེས་༡༩ ཉིན་ལྷ་སའི་མང་ཚོགས་ལ་༸གོང་ས་མཆོག་ཉེན་གཡོལ་དུ་ཕེབས་པའི་གནས་ཚུལ་ཕྱིར་བསྒྲགས་གནང་མཁན་ཡིན་པ་བཅས། ཁོང་ནི་བོད་ཀྱི་ལོ་རྒྱུས་ཐོག་བརྗེད་དུ་མེད་པའི་བོད་མིའི་རང་དབང་སྒེར་ལངས་ཀྱི་སྔ་རྗེས་བར་གསུམ་གྱི་གནད་དོན་དངོས་སུ་མྱོང་མཁན་ད་ཆ་བོད་མི་ཉུང་ཤས་ལས་ལྷག་མེད་པའི་ཁྲོད་དགུང་ལོ་བགྲས་ཤོས་དེ་ཆགས་ཀྱི་ཡོད་པ་རེད།༡༩༥༩ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༠ ཉིན་རང་ཉིད་ཀྱི་ནང་མི་སྐུ་འཁོར་དང་ལྷན་ལྷ་ས་ནས་བྲོས་བྱོལ་གྱིས་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་རྗེས། རྩེ་དྲུང་རྒྱལ་མཚན་ཆོས་ལྡན་ལགས་ཀྱིས་ཐོག་མར་བོད་མི་སྐྱབས་བཅོལ་བ་རྣམས་ལ་གཟིགས་རྟོགས་དང་། དེའི་རྗེས་རིམ་བཞིན་བོད་གཞུང་གི་ཤེས་རིག་དྲུང་ཆེ་དང་། ལྡི་ལི་དོན་གཅོད་ཀྱི་ནང་སྲིད་སྡེ་ཚན་གྱི་འགན་འཛིན། ནང་སྲིད་དྲུང་ཆེ་བཅས་ཀྱི་ཐུགས་འགན་བཞེས་པ་མ་ཟད། ཀོ་ལེ་གྷལ་དོན་ལྡན་གླིང་དང་། སྦེལ་ཀོབ་ལུགས་བསམ། མོན་གྷོ་འདོད་རྒུ་གླིང་བཅས་ཀྱི་ས་གནས་འགོ་འཛིན་དང་། མོན་གྷོ་གཏན་སློབ་ཀྱི་སློབ་སྤྱི་སོགས་གནང་སྟེ་ཁྱོན་ལོ་ངོ་ ༥༣ ལྷག་ཙམ་ལ་བོད་གཞུང་མང་གི་བདེ་དོན་སླད་ཞབས་ཞུ་ལྷོད་མེད་བསྒྲུབས་རྗེས། ཕྱི་ལོ་ ༡༩༩༢ ལོར་བགྲས་ཡོལ་ལ་ཕེབས་ཡོད་པ་རེད། གཤམ་ལ་དམ་པ་དེ་ཉིད་ཀྱིས་དེ་སྔོན་འདི་ག་རླུང་འཕྲིན་ཁང་གི་བཅར་དྲིའི་ལས་རིམ་ཞིག་གི་བརྒྱུད བོད་མི་མང་ཚོགས་ལ་ཕན་ཚུན་གཅིག་སྒྲིལ་དགོས་པ་དང་། བཙན་བྱོལ་ནང་གི་གནས་བབ་དེ་བཟང་ཕྱོགས་ལ་བེད་སྤྱོད་དགོས་པའི་ཞུ་སྐུལ་གནང་བ་ཞིག་གསན་རོག་གནང་། རྩེ་དྲུང་རྒྱལ་མཚན་ཆོས་ལྡན་ལགས་དགོངས་པ་རྫོགས་པའི་གནས་ཚུལ་དེ་རིང་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཐོན་རྗེས། བཙན་བྱོལ་བོད་མི་རྣམས་དང་དེ་སྔོན་དམ་པ་དེ་ཉིད་དང་ལྷན་དུ་དངོས་སུ་ཕྱག་ལས་གནང་མྱོང་ཡོད་མཁན་གཞུང་ཞབས་ཟུར་པ་ཁག་ཅིག་གིས་སྐུ་ངོ་མཆོག་དགོངས་པ་རྫོགས་པ་དེ་བོད་ཀྱི་ལོ་རྒྱུས་ནང་སྟོང་ཆ་ཞིག་ཆགས་ངེས་ཡིན་པར་འགྲེལ་བརྗོད་དང་འབྲེལ། དམ་པ་དེ་ཉིད་ཀྱི་ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོའི་འཚམས་འདྲི་དང་། དམ་པ་དེ་ཉིད་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ཚེ་རབས་རྗེས་འཛིན་མཛད་རྒྱུར་ཐེ་ཚོམ་མེད་པའི་སྨོན་ལམ་ཤུགས་དྲགས་ཞུ་མཁན་འདུགམ་ཟད་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་བཅས་ལྷན་འཛོམས་ཐོག་དམ་པ་དེ་ཉིད་ལ་མྱ་ངན་གུས་འདུད་མཚོན་ཆེད་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་གནང་སོང་། ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་བལྟས་པ་ཡིན་ན། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་ཡུན་རིང་ཤོས་ཞབས་འདེགས་ཞུ་མཁན་ཞིག་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ཁོང་གི་ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོ་གནང་བ་དང་ཆབས་ཅིག ད་ལྟ་བར་དུ་ཁོང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པ་དང་། བོད་མི་མང་གི་བདེ་སྡུག་ཆེད་སྐུ་ངལ་སྐྱོན་ཏེ་མི་ཚེ་དོན་དང་ལྡན་པ་སྐྱེལ་གནང་ཡོད་སྟབས་ཤུལ་ལུས་ནང་མི་རྣམས་ཀྱིས་སྤོབས་པ་བྱེད་དགོས་པ་མ་ཟད། དམ་པ་དེ་ཉིད་ཀྱི་མཛད་རྗེས་བཞག་པ་ལྟར་བོད་སྤྱི་པའི་དོན་དུ་ཕྱག་ལས་གནང་རྒྱུ་དང་། ཁོང་གི་མི་ཚེ་ལ་བལྟས་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ལ་སེམས་ཤུགས་སྤར་རྒྱུ་དང་། བོད་སྤྱི་པའི་དོན་སྒྲུབ་པར་འབད་འབུངས་སྔར་ལྷག་སྒྲུབ་དགོས་པ་བཅས་ཀྱི་གཞེན་སྐུལ་གནང་འདུག

Latest news