Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ཤེས་ཡོན་སྤྲད་པའི་དགོས་དམིགས་གཙོ་བོ་དེ་རྙོག་གྲ་བཟོ་ཕྱིར་མ་རེད།  

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་ཐོག་ལ་ཕྱག་ལས་གནང་མཁན་ཁག་ཅིག་ལ་སློབ་གྲྭའི་ནང་དུ་སྙིང་རྗེ་དང་ཆེ་མཐོང་གོང་འཕེལ་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་སྩལ་བ་དང་སྦྲགས་ཏེ་ཤེས་ཡོན་སྤྲད་པའི་དགོས་དམིགས་གཙོ་བོ་དེ་རྙོག་གྲ་བཟོ་རྒྱུཕྱིར་མ་རེད་ཅེས་ལམ་སྟོན་མཛད་སོང་།ཨ་རིའི་ Colorado གཙུག་ལག་སློབ་གཉེར་ཁང་གི་འཕྲོད་བསྟེན་བདེ་ཐབས་ལྟེ་གནས་ཁང་དང་སེན་ཌི་འེ་གོའི་ཁ་ལི་ཕོ་ཉའི་གཙུག་ལག་སློབ་གཉེར་ཁང་གི་བྱམས་བརྩེ་ལྟེ་གནས་ཁང་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དེ་རིང་སྔ་དྲོ་ཆུ་ཚོད་དགུ་པ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་སློབ་གྲྭ་ནང་ལ་སྙིང་རྗེ་དང་ཆེ་མཐོང་གོང་འཕེལ་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་སྩལ་བ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དྲ་ཐོག་བརྒྱུད་མཉམ་ཞུགས་གནང་བའི་དགེ་ལས་ཡོངས་ལ་འཚམས་འདྲིའི་བཀའ་སྩལ་དང་འབྲེལ། བྱམས་སྙིང་རྗེ་ནི་འགྲོ་བ་མི་ཙམ་མིན་པར་འཛམ་གླིང་འདིའི་ཐོག་ཡོད་པའི་སྐྱེ་འགྲོ་སྤྱིར་དགོས་མཁོ་ཡོད་པ་ཞིག་དང་། ང་ཚོ་འཇིག་རྟེན་འདིར་མ་ལས་བཙས་མ་ཐག་ཏུ་ཨ་མའི་བྱམས་བརྩེས་སྐྱོང་མ་ཐུབ་པའི་གནས་སྟངས་བྱུང་ཚེ་འཚོ་གནས་ཐུབ་རྒྱུ་ངལ་གནད་ཡིན་སྟབས་བྱམས་སྙིང་རྗེ་ནི་ང་ཚོ་འཚོ་གནས་ཐུབ་མིན་གྱི་གཞི་མ་དེ་ཆགས་ཡོད་པར་བཀའ་སྩལ་ཡོད།  མགོན་པོ་༸གང་ཉིད་མཆོག་ནས་འདས་པའི་དུས་ཚོད་ནང་ལ་དམག་འཁྲུག་དང་འཚེ་བའི་དོན་རྐྱེན་མང་དག་ཅིག་བྱུང་ཡོད་པ་དེ་དག་ཕལ་ཆེ་བ་འཁོན་འཛིན་དང་ཁོང་ཁྲོའི་དབང་གིས་བྱུང་བ་ཞིག་ཡིན་པར་བཀའ་སྩལ་བ་དང་ལྷན་ཅིག་ཏུ་ད་ཆ་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་འགྲོ་བ་མི་རྣམས་ཀྱིས་ཞི་བདེ་ཞེས་བརྗོད་བཞིན་ཡོད་པ་དང་། ཞི་བདེ་ལྡན་པའི་འཛམ་གླིང་ཞིག་ཡོང་བར་དང་ཐོག་དེར་དོ་བདག་སོ་སོའི་སེམས་རྒྱུད་ལ་བྱམས་བརྩེའི་རང་བཞིན་ལྡན་པའི་ནང་སེམས་ཀྱི་ཞི་བདེ་ཞིག་བསྐྲུན་ཐུབ་དགོས་གལ་ཡིན་པ་དང་། དེ་ལྟར་འབྱུང་ཚེ་སོ་སོའི་མདུན་ངོས་སུ་མཚོན་ཆའི་རིགས་ཡོད་ཀྱང་བེད་སྤྱོད་མེད་པ་དང་ཕྱིའི་ཟང་ཟིང་གི་བར་ཆད་རིགས་འཕྲད་ཀྱང་བྱམས་བརྩེའི་ཉམས་ལེན་ཐོག་ནས་སེམས་ཀྱི་ཞི་བདེ་ལ་དོ་ཕོག་གཏང་ཐུབ་ཀྱི་མ་རེད་ཅེས་བཀའ་སྩལ་ཡོད།    དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་སྙིང་རྗེ་ཞེས་པ་དེ་ནི་ཆོས་ཕྱོགས་ཁོ་ན་དང་འབྲེལ་བ་ཡོད་པ་ཞིག་མིན་པར་ཆོས་དད་ཡོད་མེད་ལ་ལྟོས་མེད་འགྲོ་བ་སྤྱིའི་བདེ་ཐབས་དང་ལྷག་པར་དུ་དོ་བདག་སོ་སོའི་འཚོ་གནས་དང་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུའི་རྩ་བ་ལྟ་བུ་ཞིག་ཆགས་ཡོད་པར་ལམ་སྟོན་མཛད་ཡོད།  ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེ་གོང་འཕེལ་གཏོང་ཕྱོགས་དང་འབྲེལ། ང་ཚོ་ཆུང་དུས་འཚར་ལོངས་བྱུང་སྐབས་སུ་རང་ཉིད་ཀྱི་སེམས་རྒྱུད་ལ་བྱམས་བརྩེའི་ས་བོན་ཞིག་ཡོད་ཀྱང་། རིམ་པས་ཤེས་ཡོན་གྱི་ལྟེ་གནས་ཁག་ཏུ་སྒྲིམ་སྐབས་སུ་བྱམས་བརྩེ་དང་སེམས་པ་བཟང་པོ་བྱ་རྒྱུ་སོགས་འགྲོ་བ་མིའི་རང་བཞིན་དུ་ཡོད་པའི་བཟང་པོའི་ཆ་དེ་དག་གོང་འཕེལ་གཏོང་ཐབས་ཐོག་དེ་ཙམ་དོ་སྣང་བྱེད་ཀྱི་མེད་པ་ནི་ནོར་འཁྲུལ་ཞིག་ཡིན་པར་བཀའ་འགྲེལ་དང་སྦྲགས། ང་ཚོ་ཤེས་ཡོན་སྤྲད་པའི་དགོས་དམིགས་གཙོ་བོ་དེ་རྙོག་གྲ་བཟོ་རྒྱུའི་ཆེད་དུ་མིན་པར་མི་བཟང་པོ་དང་ཞི་བདེ་ལྡན་པ། ལྷག་པར་དུ་དཀའ་ངལ་རིགས་འཕྲད་ཚེ་ཞི་བའི་ཐོག་ནས་སེལ་ཐུབ་མཁན་ཞིག་བཟོ་རྒྱུ་སོགས་ལ་དམིགས་པ་ཡིན་སྟབས། ཤེས་ཡོན་གྱི་སློབ་གསོའི་བརྒྱུད་རིམ་ནང་ལ་བྱམས་སྙིང་རྗེ་དང་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་བཟང་སྤྱོད་ཀྱི་ཆ་ཤས་ཁག་སློབ་ཁྲིད་གནང་གལ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་མཛད་སོང་། ༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་སྩལ་གྲུབ་མཚམས་སུ་དྲ་ཐོག་ཏུ་ལྷན་ཞུགས་གནང་བའི་དགེ་ལས་ཁག་ཅིག་ནས་མགོན་པོ་མཆོག་ལ་སེམས་གུ་དོག་པོ་ཆགས་སྐབས་བྱམས་བརྩེ་ཉམས་ལེན་གནང་གལ་དང་། དགེ་རྒན་དང་སློབ་མའི་དབར་བྱམས་བརྩེ་གལ་འགངས་ཆེ་ཚུལ་སོགས་ཀྱི་བཀའ་འདྲི་ཁག་ཅིག་ཞུས་སོང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་སེམས་གུ་དོག་པོ་དང་དཀའ་ངལ་རིགས་འཕྲད་ཚེ་བྱམས་སྙིང་རྗེ་ཉམས་ལེན་བྱ་རྒྱུ་ནི་ནད་པར་སྨན་ཐོབ་པ་ལྟ་བུའི་ཕན་ནུས་ཡོད་པ་དང་། དགེ་རྒན་གྱི་ལས་གནས་ཙམ་མིན་པར་སྤྱི་ཚོགས་ཀྱི་ལས་དོན་གང་ཞིག་གི་ཁྲོད་དུ་ཡོད་ཀྱང་བྱམས་བརྩེ་དང་སེམས་པ་བཟང་པོ་བྱ་རྒྱུ་དེ་ནི་གལ་ཆེན་པོ་ཡིན་པར་མ་ཟད་ལྷག་པར་དུ་དགེ་རྒན་ཞིག་ཡིན་པའི་ཆ་ནས་སོ་སོའི་སློབ་ཕྲུག་དེ་དག་བྱམས་བརྩེའི་ཐོག་ནས་སྐྱོང་ཐུབ་ཚེ་རང་ཉིད་ཀྱི་སེམས་སྐྱིད་པ་དང་སློབ་ཕྲུག་དེ་དག་ཀྱང་དགེ་རྒན་དང་ལྷན་དུ་དུས་ཚོད་བཏང་ནས་བསྡད་རྒྱུར་ཆེས་སྤྲོ་སྣང་ཡོང་ངེས་ཡིན་པ་སོགས་བཀའ་ལན་སྩལ་གནང་མཛད་ཡོད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རི་རིའི་ Colorado གཙུག་ལག་སློབ་གཉེར་ཁང་དང་སེན་ཌི་འེ་གོའི་ཁ་ལི་ཕོ་ཉའི་གཙུག་ལག་སློབ་གཉེར་ཁང་བཅས་ཀྱི་དབར་བྱམས་བརྩེ་དང་བཟང་སྤྱོད་གོང་འཕེལ་སོགས་ཀྱི་ལས་གཞི་དང་འབྲེལ་དམིགས་བསལ་གྱི་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད། དེ་རིང་ལས་རིམ་གྱི་ཐོག་མར་ Colorado གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་ཆེན་པོ་ Dr. Philip DiStefano མཆོག་གིས་གཙུག་ལག་སློབ་གཉེར་ཁང་ནང་ལ་ད་ཆ་འགྲོ་བ་མིའི་བདེ་དོན་དང་འབྲེལ་བའི་ལས་གཞི་གནང་རྒྱུ་ཡོད་པ་དེའི་ས་བོན་དང་རྨང་གཞི་གཙོ་བོ་དེ་དེ་སྔ་ ༢༠༡༦ ལོར་༸གོང་ས་མཆོག་གཙུག་ལག་སློབ་གཉེར་ཁང་དུ་དངོས་སུ་ཆིབས་བསྐྱུར་བཀའ་དྲིན་མཛད་སྐབས་བྱུང་བ་ཞིག་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་རེས་སླར་ཡང་༸གོང་ས་མཆོག་དྲ་ཐོག་བརྒྱུད་གཙུག་ལག་སློབ་གཉེར་ཁང་གི་ལས་གཞིའི་ཐོག་དབུ་ཞུགས་མཛད་པར་ཐུགས་རྗེ་ཆེ་ཞེས་ཞུས་ཡོད།

ཆར་ཞོད་ཀྱི་གོད་ཆག་ཕོག་པའི་ཨུཏྟརཱཁནྜ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་ཐུགས་གསོ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཕྱོགས་ Uttarakhand མངའ་སྡེར་ཆར་ཞོད་ཀྱི་གོད་ཆག་ཕོག་པར་ཐུགས་གསོ་དང་ཐུགས་སྨོན་མཛད་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་གསོལ་སྩལ་མཛད་རྒྱུ་ཡིན་ཞེས་བཀའ་བསྩལ་འདུགཁ་སང་དང་ཁ་ཉིན་སོགས་འདས་པའི་ཉིན་ཤས་ནང་ལ་རྒྱ་གར་གྱི་ཨུཏྟརཱཁནྜ་མངའ་སྡེ་ནང་ལ་ཆར་ཤུགས་དྲག་པོ་བརྒྱབ་ནས་ཆུ་ལོག་དང་ས་རུད་སོགས་ཀྱི་གོད་ཆག་འོག་མང་ཚོགས་ཀྱི་འཚོ་བར་གནོད་འཚེ་ཚབས་ཆེན་ཕོག་པ་མ་ཟད་གང་ཟག་གི་ཚེ་སྲོག་ཤོར་བ་སོགས་ཀྱི་དོན་རྐྱེན་ངན་འཕྲད་པ་དང་བསྟུན། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Pushkar Singh Dhami མཆོག་གི་མཚན་ཐོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་ཐེངས་འདིའི་ཆར་ཞོད་ཀྱི་གོད་ཆག་ཁྲོད་འདས་གྲོངས་སུ་གྱུར་བ་རྣམས་ཀྱིས་གཙོས་པའི་ཤུལ་ལུས་ནང་མི་སྤུན་མཆེད་དང་བཅས་པར་ཐུགས་གསོ་སྩལ་བ་དང་སྦྲགས། ཨུཏྟརཱཁནྜ་མངའ་སྡེ་གཞུང་དང་འབྲེལ་ཡོད་དབུ་ཁྲིད་རྣམ་པས་ཆུའི་འཇིག་པའི་གོད་ཆག་དབང་གིས་གནོད་འཚེ་ཕོག་པ་དག་ལ་ངལ་སེལ་སླད་གང་ཐུབ་ཅི་ཐུབ་ཀྱིས་རོགས་རམ་གནང་བཞིན་པར་ཡི་རངས་བསྔགས་བརྗོད་མཛད་འདུག༸གོང་ས་མཆོག་གིས་ད་དུང་ཆར་ཞོད་ཀྱི་གོད་ཆགས་ཁྲོད་གར་སོང་ཆ་མེད་དུ་གྱུར་བ་རྣམས་ཀྱི་བདེ་དོན་ཐོག་ཐུགས་སྨོན་མཛད་བཞིན་ཡོད་པར་བཀའ་སྩལ་དང་སྦྲགས་ཏེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དབུས་པའི་མང་ཚོགས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་གསོལ་སྩལ་མཛད་རྒྱུ་ཡིན་ཞེས་བཀའ་སྩལ་འདུགགཞི་རྩའི་ཉིས་ཤས་གོང་ལ་རྒྱ་གར་རྒྱལ་ཡོངས་སུ་གནམ་གཤིས་འགྱུར་ལྡོག་ཤུགས་ཆེར་སོང་ནས་ས་ཁུལ་ཁག་ཅིག་ཏུ་ཆར་ཤུགས་དྲག་པོ་བརྒྱབ་པའི་གནས་སྟངས་བྱུང་ཡོད་པ་དང་ད་རེས་ Uttarakhand མངའ་སྡེ་ནང་གི་ཆར་ཞོད་ཀྱི་གོད་ཆག་ཁྲོད་མི་སེར་ ༤༦ ལྷག་གི་ཚེ་སྲོག་ཤོར་བ་མ་ཟད་མི་སེར་མི་ཉུང་བ་ཞིག་རྙེད་སོན་མེད་པའི་གནས་སྟངས་ཆགས་པ། མངའ་སྡེའི་རྒྱ་ལམ་དང་འཛུགས་སྐྲུན་གྱི་ལས་གཞི་སོགས་ལ་དོ་ཕོག་ཆེན་པོ་ཐེབས་ཡོད་པ་ལྟར་སྲིད་བློན་སྐུ་ཞབས་ Narendra Modi མཆོག་གིས་ཀྱང་མངའ་སྡེའི་མང་ཚོགས་ལ་ཐུགས་གསོ་གནང་འདུག མངའ་སྡེ་གཞུང་གི་ངོས་ནས་གོད་ཆག་ཁྲོད་ཚེ་སྲོག་ཤོར་བའི་ནང་མི་རྣམས་ལ་ངལ་སེལ་སླད་ཧིན་སྒོར་འབུམ་བཞི་རེ་དང་། སྡོད་ཁང་ལ་གནོད་སྐྱོན་ཕོག་པ་ཚོར་ཧིན་སྒོར་འབུམ་གཉིས་རེ་བཅས་རོགས་རམ་གནང་རྒྱུ་རེད་འདུག

ལྷན་ཚོགས་ཀྱི་འཐུས་མི་རྣམ་པས་འཛམ་གླིང་ཞི་བདེ་ལྡན་པ་ཞིག་བསྐྲུན་ཐབས་སུ་ལས་དོན་མང་ཙམ་སྤེལ་དགོས།

བོད་མིའི་བླ་ན་མེད་པ་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཆོས་ལུགས་ཁག་གི་གྲོས་ཚོགས་ཞེས་པའི་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཐེངས་བརྒྱད་པའི་ཐོག་ཆོས་ལུགས་ཚང་མར་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུའི་ཐད་ནུས་པ་ཡོད་སྟབས་ལྷན་ཚོགས་ཀྱི་འཐུས་མི་རྣམ་པས་འཛམ་གླིང་ཞི་བདེ་ལྡན་པ་ཞིག་བསྐྲུན་ཐབས་སུ་ལས་དོན་མང་ཙམ་སྤེལ་དགོས་པའི་བཀའ་སྩལ་འདུགཟླ་བ་འདིའི་ཕྱི་ཚེས་ ༡༦ ནས ༡༨ དབར་ཚོགས་པའི་འཛམ་གླིང་ཆོས་ལུགས་ལྷན་ཚོགས་ཐེངས་ ༨ ཐོག་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་པར་བརྒྱུད་འཛམ་གླིང་ཆོས་ལུགས་ལྷན་ཚོགས་ཀྱི་ཚོགས་མིར་འཚམས་འདྲི་མཛད་པ་དང་སྦྲགས། སྤྱིར་འཛམ་གླིང་ནང་དེ་སྔ་ཙམ་མ་ཟད་དུས་ད་ལྟའང་དྲག་པོ་དང་འཚེ་བའི་ངལ་བ་སོགས་འཕྲད་བཞིན་ཡོད་པས་ང་ཚོས་མེ་མདའ་དང་གོ་མཚོན་ཇི་ཙམ་གྱིས་བཟོ་སྐྲུན་མང་བ་གནང་བ་དེ་ཙམ་གྱིས་འཚེ་བའི་ངལ་བ་མང་དུ་འགྲོ་ངེས་ཡིན་པ་དང་སྒོས་ཆོས་ལུགས་ཚང་མའི་བསླབ་བྱ་བྱམས་བརྩེ་གོང་མཐོར་གཏོང་རྒྱུ་དེ་གཅིག་མཚུངས་ཡིན་པ་ལྟར་ཞི་བདེའི་ས་བོན་ནི་བྱམས་བརྩེ་ཡིན་ཞེས་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད། དེ་བཞིན་༸གོང་ས་མཆོག་གིས་ཆོས་ལུགས་མི་འདྲ་ཡོད་པ་ཚོར་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཐད་འོས་འགན་ཆེན་པོ་ཡོད་པ་དང་། འདས་པའི་དུས་ཡུན་ནང་ཆོས་ལུགས་ཀྱི་བཞེད་པ་མི་མཐུན་པའི་དབང་གིས་དཀའ་རྙོག་འཕྲད་པ་བྱུང་ཡོད་ཀྱང་། དེ་དག་མི་ཁག་ཅིག་གིས་ཆབ་སྲིད་ཀྱི་རྐྱེན་གྱིས་ཆོས་ལུགས་སྤྱོད་པ་ཞིག་ཡིན་སྟབས་ཆོས་ལུགས་ངོ་མ་དེ་སེམས་པ་བཟང་པོ་དང་བཟོད་བསྲན་གནང་རྒྱུ་དེ་ཡིན་པས་ཆོས་ལུགས་ཚང་མར་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུའི་ཐད་ནུས་པ་ཡོད་པར་བཀའ་སྩལ་མཛད་ཡོད།   མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་ཆོས་ལུགས་ཁག་གི་གྲོས་ཚོགས་དེ་དེང་རབས་དགོས་མཁོ་ཞིག་ཡིན་པར་བཀའ་སྩལ་དང་དང་ཆབས་ཅིག ལྷན་ཚོགས་ཀྱི་འཐུས་མི་རྣམས་པས་ཁ་ཡོད་ལག་ཡོད་ཀྱིས་འཛམ་གླིང་ཞི་བདེ་ལྡན་པ་དང་མཐུན་སྒྲིལ་ཡོང་བར་ལས་དོན་གང་མང་སྤེལ་དགོས་པ་དང་། ༸གོང་ས་མཆོག་ནང་པའི་ཆོས་ཉམས་བཞེས་མཛད་མཁན་ཞིག་ཡིན་པའི་ཆ་ནས་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་ཡོང་བར་ཐུགས་བརྩོན་མཛད་མུས་ཡིན་པར་བརྟེན་ལྷན་ཚོགས་ཀྱི་འཐུས་མི་རྣམ་པས་འཛམ་གླིང་ཞི་བདེ་ལྡན་པ་ཞིག་བསྐྲུན་ཐབས་སུ་ལས་དོན་མང་ཙམ་སྤེལ་དགོས་པའི་འོས་འགན་ཆེན་པོ་ཡོད་པར་བཀའ་སྩལ་སོང་། གཞི་རྩའི་ད་ལན་འཛམ་གླིང་ཆོས་ལུགས་ལྷན་ཚོགས་ཐེངས་ ༨ པ་དེ་དྲ་ཐོག་བརྒྱུད་ཚོགས་ཡོད། ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཐོག་མ་དེ་ཕྱི་ལོ་ ༡༨༩༣ ལོར་ཨ་རིའི་གྲོང་ཁྱེར་ཅི་ཀ་གྷོ་ནང་ཚོགས་ཡོད་ཅིང་། སྐབས་དེར་རྒྱ་གར་གྱི་རྣལ་འབྱོར་པ་སྰབཱམཱི། བིབེཀཱནཾད། (Swami Vivekananda) མཆོག་གིས་དབུས་པའི་འཛམ་གླིང་གི་ཆོས་ལུགས་ཀྱི་དབུ་ཁྲིད་མང་དག་ཅིག་ལྷན་ཞུགས་མཛད་ཡོད་པ་རེད།  འདས་པའི་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་དྲུག་པོ་རྣམས་ཨ་རིས་གཙོས་པའི་ལྷོ་ཨ་ཕི་རི་ཀ་དང་སི་པན། ཁེ་ན་ཌ། ཨོ་སི་ཊོ་ལི་ཡ་བཅས་སུ་ཚོགས་པ་དང་། ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་གྲོང་ཁྱེར་ Salt Lake City ནང་སྐོང་ཚོགས་གནང་བའི་ལྷན་ཚོགས་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད་པ་རེད།

༸གོང་ས་མཆོག་གིས་ཀེ་ར་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་ཐུགས་གསོ་སྩལ་བ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་ས་གནས་མང་པོའི་ནང་ལ་ཆར་ཞོད་དང་ས་རུད་སོགས་བྱུང་ནས་མང་ཚོགས་ཀྱི་འཚོ་བར་གནོན་འཚེ་ཚབས་ཆེན་ཕོག་པ་དང་། གང་ཟག་གི་ཚེ་སྲོག་ཀྱང་ཤོར་བར་མ་ཟད། དུས་ད་ལྟའང་དཀའ་ཚེགས་ཆེན་པོ་འཕྲད་བཞིན་ཡོད་སྟབས་ཤུལ་ལུས་ནང་མི་ཉེ་སྤུན་མཆེད་དང་མངའ་སྡེའི་མི་མང་ཡོངས་ལ་ཐུགས་གསོ་དང་ཐུགས་སྨོན་མཛད་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་གསོལ་བསྩལ་མཛད་རྒྱུ་ཡིན་ཞེས་བཀའ་བསྩལ་འདུགཀེ་ར་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་  Pinarayi Vijayan མཆོག་གི་མཚན་ཐོག་ཏུ་སྩལ་བའི་གསུང་འཕྲིན་དེའི་ནང་མགོན་པོ་༸གང་ཉིད་མཆོག་གིས་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་པའི་མངའ་སྡེ་དེའི་མང་ཚོགས་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་ཤུལ་ལུས་ནང་མི་ཉེ་སྤུན་མཆེད་དང་བཅས་པར་ཐུགས་གསོ་དང་འབྲེལ། ཀེ་ར་ལ་མངའ་སྡེ་གཞུང་དང་འབྲེལ་ཡོད་དབུ་ཁྲིད་རྣམ་པས་ཆུའི་འཇིག་པའི་གོད་ཆག་དབང་གིས་གནོད་འཚེ་ཕོག་པ་དག་ལ་ངལ་སེལ་སླད་གང་ཐུབ་ཅི་ཐུབ་ཀྱི་འབད་བརྩོན་ཆེན་པོས་རོགས་རམ་གནང་མུས་ཡིན་པ་མཁྱེན་རྟོགས་བྱུང་ཞེས་བཀའ་སྩལ་བར་མ་ཟད། ༸གོང་ས་མཆོག་གིས་མངའ་སྡེའི་གཞུང་མང་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་གསོལ་བསྩལ་མཛད་རྒྱུ་ཡིན་ཞེས་བཀའ་བསྩལ་དང་འབྲེལ་ནས་ཐུགས་སྨོན་སྐྱབས་འཇུག་མཛད་འདུགགཞི་རྩའི་ཐེངས་འདིའི་ཀེ་ར་ལ་མངའ་སྡེར་ནང་གི་ལྷོ་ཕྱོགས་དང་དབུས་ཀྱི་ས་གནས་དུ་མར་ཆར་ཞོད་ཆེ་བའི་རྐྱེན་གྱིས་ཆུ་རུད་རྒྱུག་པ་དང་ས་རུད་བྱུང་བ་བཅས་ལ་གཞིགས་ཏེ་མངའ་སྡེའི་ནང་མང་ཚོགས་ ༢༥ ལྷག་གི་ཚེ་སྲོག་ཤོར་ཡོད་པ་རེད་འདུགརྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi མཆོག་གིས་ཀྱང་སྒེར་གྱི་འཕྲུལ་སྒྲ་སྟེང་ཆར་ཞོད་ཆེ་བའི་དབང་གིས་ཆུ་རུད་དང་ས་རུད་རྐྱེན་པས་ཀེ་ར་ལ་མངའ་སྡེའི་མང་ཚོགས་དུ་མའི་ཚེ་སྲོག་ཤོར་བར་ཆེས་ཐུགས་ཕམ་གནང་བ་དང་སྦྲགས་ཏེ་གོད་ཆག་ཕོག་པའི་ཤུལ་ལུས་ནང་མི་སྤུན་མཆེད་བཅས་པར་ཐུགས་གསོ་གནང་འདུག་ཅིང་། ད་ལྟའི་ཀེ་ར་ལ་ནང་གི་གནས་སྟངས་དང་འབྲེལ་བའི་མང་ཚོགས་ཀྱི་བདེ་ཐབས་ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་  Pinarayi Vijayan མཆོག་དང་བཀའ་བསྡུར་གནང་རྒྱུ་ཡིན་སྐོར་གསུངས་འདུག

འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་དང་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་ཐད་དགོངས་པ་བཞེས་དགོས།

དེ་རིང་སྔ་དྲོ་ཚོུད་ ༩ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོངས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཞི་བདེ་ལྟེ་གནས་ཁང་གི་ཞི་བདེ་འགན་ཁུར་བ་གཞོན་སྐྱེས་རྣམས་ལ་སེམས་བཅོས་ཐབས་ཀྱི་ཤེས་ཡོན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཏེ་ཉིན་གཉིས་ཀྱི་མཛད་རིམ་མཇུག་སྒྲིལ་གནང་སོང་།དེ་རིང་བཀའ་སློབ་ཀྱི་ཐོག་མར་མགོན་པོ་༸གང་ཉིད་མཆོག་གིས་ང་ཚོ་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་པ་ཡིན་ནའང་། དུས་རབས་སྔ་མོའི་ནང་དུ་འགྲོ་བ་མིའི་རིགས་ཀྱི་རང་ཞེན་གྱི་བསམ་བློའི་དབང་གིས་འཛམ་གླིང་གི་དམག་ཆེན་སྔ་རྗེས་གཉིས་ཀྱི་མཚོན་པའི་འཐུས་ཤོར་ཆེན་པོ་ཕྱིན་ཡོད་པ་དང་སྐབས་དེར་འགྲོ་བ་མིའི་རིགས་ཀྱི་རྣམ་དཔྱོད་ཀྱི་རྩལ་དེ་རྡུལ་མཚོན་དང་གོ་མཚོན་བཟོ་བ་སོགས་མིའི་རིགས་ལ་གཏོར་རྒོལ་གཏོང་ཐབས་སུ་བེད་སྤྱོད་བཏང་ཡོད་པར་དྲན་གསོ་མཛད་དེ་ད་ཆ་འགྲོ་བ་མི་ཡོངས་ཀྱིས་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་འཛམ་གླིང་གི་ཞི་བདེ་ལ་དམིགས་པའི་བསམ་བློ་དེ་རིམ་བཞིན་གོང་འཕེལ་གཏོང་བཞིན་པའི་ཁྲོད་འདིར། འཛམ་གླིང་ཐོག་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་གྱིས་དུས་རབས་ཉེར་གཅིག་པའི་དོན་དངོས་ཀྱི་གནས་སྟངས་ངོས་འཛིན་གྱིས་ཁས་ལེན་གནང་བ་དང་ལྷན་འགྲོ་བ་མི་ཚང་མ་གཅིག་གྱུར་གྱི་འདུ་ཤེས་གཞིར་བཞག་ཐོག་གོ་ལ་སྤྱིའི་འགན་ཁུར་ལེན་དགོས་གལ་ཡིན་པར་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་སོང་།དེ་བཞིན་༸གོང་ས་མཆོག་གིས་ད་ལྟ་འཚར་ལོངས་བྱུང་བཞིན་པའི་ན་གཞོན་སློབ་མ་གཙོས་གཞོན་སྐྱེས་ཚོས་འདས་ཟིན་པའི་རྙོག་གླེང་ཅན་གྱི་དུས་རབས་ཁག་ལ་བསྐྱར་ཟློས་མི་གནང་བར་མ་འོངས་འཛམ་གླིང་སྤྱིའི་བདེ་དོན་དང་གོ་ལའི་འགྱུར་ལྡོག་ལ་གཞིགས་པའི་བསམ་བློ་གསར་པ་གཏོང་གལ་རེད་ཅེས་ལམ་སྟོན་མཛད་སྐབས། དེང་གི་ཤེས་ཡོན་སློབ་གསོའི་ཁྲོད་མ་འོངས་གཞོན་སྐྱེས་ཚོར་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་བཟང་སྤྱོད་སོགས་ཀྱི་སློབ་གསོ་གང་མང་སྤྲོད་གལ་ཆེ་བ་དང་ལྷག་པར་དུ་མིའི་ལྷན་སྐྱེས་སུ་ཡོད་པའི་གཞན་ཕན་དང་བྱམས་སྙིང་རྗེ་བསམ་པ་གོང་མཐོར་གཏོང་རྒྱུ་བཅས་ལ་ཐུགས་ཁུར་ཆེ་བཞེས་གནང་དགོས་པ་མ་ཟད། དངོས་ཡོད་གནས་ཚུལ་དང་མཐུན་པའི་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་དང་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་ཐད་དགོངས་པ་བཞེས་རྒྱུ་ནི་ཚང་མའི་འགན་ཡིན་པར་བཀའ་སྩལ་གནང་སོང་། ༸གོང་ས་མཆོག་ནས་བཀའ་སློབ་སྩལ་གྲུབ་མཚམས་སུ་གཞོན་སྐྱེས་ཚོགས་བཅར་བ་ཁག་ཅིག་གིས་མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུས་པའི་ཁྲོད། ན་གཞོན་ཞིག་གིས་ཁོང་དེ་སྔ་ཆུང་དུས་སྐབས་རང་ཉིད་ཀྱི་དགེ་རྒན་ཞིག་གི་ནོར་འཁྲུལ་ཐེར་འདོན་བྱས་པའི་རྐྱེན་གྱིས་དགེ་རྒན་དེ་ཉིད་ཀྱིས་ཁོང་ལ་གཤེ་གཤེ་བཏང་སྟབས་ཁོང་སེམས་ཤུགས་ཆགས་ཏེ་མཐར་ལོ་གསུམ་རིང་འཛིན་གྲྭའི་ནང་སྐད་ཆ་གང་ཡང་བཤད་མ་ཐུབ་པའི་གནས་སུ་གྱུར་ཡོད་པ་ངོ་སྤྲོད་དང་འབྲེལ་ནས་དེ་འབྲེལ་དགེ་རྒན་གྱི་བྱེད་ལས་ཐད་ནས་བཀའ་འདྲི་ཞུས་པར། མགོན་༸གང་ཉིད་མཆོག་གིས་སྤྱིར་འགྲོ་བ་མིའི་འབྲེལ་ལམ་གང་ཞིག་ཡིན་པ་ཐམས་ཅད་བྱམས་བརྩེའི་རང་བཞིན་ལྡན་པ་ཞིག་དགོས་རྒྱུ་གལ་ཆེན་ཡིན་པ་དང་དགེ་རྒན་ཞིག་ལ་མཚོན་ན་སེམས་ལ་ཚོར་བ་ཡོད་པ་ཞིག་དང་བྱམས་བརྩེ་ཟེར་བ་ཚིག་ཙམ་གྱི་སྐད་ཆ་གཅིག་པུ་མིན་པར་མི་ལ་བྱམས་བརྩེ་ངོ་སྤྲོད་དང་བསླབ་བྱ་བྱེད་པའི་སྐབས་སུ་དགེ་རྒན་རང་ཉིད་ཀྱི་ཉིན་རེའི་འཚོ་བ་དང་ལྷག་པར་འཛིན་གྲྭ་འཚོགས་སྐབས་སློབ་ཕྲུག་ཚོར་འགྲེལ་བཤད་རྒྱག་པའི་སྐབས་སུ་བྱམས་བརྩེ་ལྡན་པ་ཞིག་གི་ཐོག་ནས་སློབ་ཕྲུག་གི་མི་ཚེའི་མདུན་ལམ་ལ་སེམས་ཁུར་ལེན་དགོས་པ་ལས་ཁྲལ་ལྟར་བསླབ་བ་དེ་སློབ་ཕྲུག་གིས་སེམས་གཏིང་ལ་འཛིན་མི་ཐུབ་པ་དངོས་ཡོད་གནས་ཚུལ་ཡིན་སྟབས་ངེས་པར་བྱམས་བརྩེ་དང་ཡིད་ཆེས་ལྡན་པའི་ཐོག་ནས་སློབ་ཁྲིད་བྱེད་མཁན་དེར་སློབ་སློབ་ཕྲུག་གི་བསམ་བློའི་ནང་དུ་གུས་བརྩི་དང་བརྩེ་བ་བསླེབས་ན་དགེ་རྒན་གྱིས་བསླབས་པ་དེའང་སློབ་པྲུག་གི་སེམས་ལ་འཇུག་སླ་བ་ཡོད་ཅེས་བཀའ་ལན་བསྩལ་སོང་།དེ་ནས་ཨ་རིའི་ཞི་བདེ་ལྟེ་གནས་ཁང་གི་ཚོགས་གཙོ་དང་སྤྱི་ཁྱབ་གཙོ་འཛིན་ལྕམ་སྐུ་ Lise Grande ལགས་ཀྱིས་ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་ནས་གཅིག་གྱུར་གྱི་འདུ་ཤེས་བཟུང་བའི་ཐོག་ནས་འགྲོ་བ་མིའི་སྤྱི་ཚོགས་འདི་འདྲ་མཉམ་དང་བྱམས་བརྩེ་ཅན་དེ་བཞིན་ཤེས་རབ་དང་ལྡན་པའི་གཅེས་འཛིན་ཞིག་ཏུ་སྐྲུན་རྒྱུར་ཞབས་འདེགས་སྒྲུབ་ཐུབ་མིན་ཐད་བཀའ་འདྲི་ཞུས་སྐབས། མགོན་པོ་༸གང་ཉིད་མཆོག་གིས་སྤྱི་ཡོངས་ནས་འཛམ་གླིང་ཐོག་ཡོད་པའི་ཆོས་ལུགས་སོ་སོར་ལྟ་གྲུབ་དང་ཉམས་ལེན་གནང་སྟངས་སོགས་མི་འདྲ་བ་ཡོད་ཀྱང་། གཞི་རྩའི་བསླབ་བྱ་གཙོ་བོ་ནི་བྱམས་བརྩེ་གསུང་མཁན་གཅིག་ཡིན་སྐོར་བཀའ་སྩལ་ཏེ། ཚང་མས་འགྲོ་བ་མིའི་གཅིག་འགྱུར་གྱི་བསམ་པ་དང་ཆོས་ལུགས་ཕན་ཚུན་དབར་ལ་མཐུན་འབྲེལ། དེ་བཞིན་གྲོགས་ཕོ་མོའི་འདུ་ཤེས་གོང་མཐོར་གཏོང་སླད་ཆོས་ལུགས་སོ་སོ་དང་མཐུན་པའི་ལྟ་གྲུབ་དང་རིག་ལམ་སོགས་སྤྱོད་དགོས་གལ་ཡིན་པའི་ལམ་སྟོན་མཛད་སོང་།དྲི་བ་དྲིས་ལན་གྱི་ལས་རིམ་གྲུབ་མཚམས་སུ་༸གོང་ས་མཆོག་གིས་མ་འོངས་གཞོན་སྐྱེས་ཚོར་གཞེན་སྐུལ་དང་སྦྲགས། རང་ཉིད་ཀྱི་མི་ཚེ་ནང་གནས་སྟངས་འདྲ་མིན་འོག་ངལ་བ་ཅི་འདྲ་ཞིག་འཕྲད་སྐབས་སེམས་ཤུགས་ཆགས་ནས་མི་ཚེ་སྟོང་ཟད་དུ་བསྒྱུར་བ་ལས་དུས་དང་རྣམ་པ་ཀུན་ཏུ་རེ་བ་བཟང་ས་ནས་བརྒྱབ་རྒྱུ་དང་བསམ་བློ་གུ་ཡངས། དེ་བཞིན་བློས་དཔྱད་པའི་ཐོག་ནས་དཀའ་ངལ་ལ་གདོང་ལེན་བྱེད་དགོས་པར་ལམ་སྟོན་རྒྱ་ཆེར་མཛད་པ་མ་ཟད། མགོན་པོ་གང་ཉིད་མཆོག་གི་༸སྐུ་ཚེ་ཧྲིལ་པོའི་ནང་ལའང་དཀའ་ངལ་མང་དག་ཅིག་འཕྲད་ཀྱང་ཞུམ་མེད་ཀྱི་སྙིང་སྟོབས་ཀྱིས་མུ་མཐུད་ནས་བློས་དཔྱད་པའི་ཐོག་ནས་དཀའ་ངལ་ལ་གདོང་ལེན་བྱེད་བཞིན་ཡོད་ཅེས་གསུངས་ཏེ་བཀའ་སློབ་མཛད་རིམ་མཇུག་སྒྲིལ་གནང་སོང་།

༸གོང་ས་མཆོག་གིས་ཕྱི་རྒྱལ་གཞོན་སྐྱེས་སྐོར་ཞིག་ལ་བྱམས་བརྩེ་དང་ཤེས་ཡོན་སོགས་ཀྱི་སྐོར་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ཚོུད་ ༩ ཐོག་དྲ་ལམ་ཐད་གཏོང་བརྒྱུད། ཨ་རིའི་ཞི་བདེ་ལྟེ་གནས་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བྱམས་བརྩེ་དང་ཤེས་ཡོན་སློབ་གསོ། དེ་བཞིན་འདྲ་མཉམ་བཅས་ཀྱི་བརྗོད་གཞི་ཐད་ལ་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་སོང་། དེ་རིང་བཀའ་སློབ་ཀྱི་ལས་རིམ་དེའི་ཐོག་ཨ་རིའི་ཞི་བདེ་ལྟེ་གནས་ཁང་གི་ཚོགས་གཙོ་དང་སྤྱི་ཁྱབ་གཙོ་འཛིན་ལྕམ་སྐུ་ Lise Grande ལགས་ཀྱི་གཙོས་པའི་དེང་སྐབས་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་སོགས་ཆེས་ཛ་དྲག་གི་དཀའ་ངལ་འཕྲད་ཡུལ་ Tunisia དང་།  དེ་བཞིན་ཨེ་རན་དང་ཨེ་རག་སོགས་དཀྱིལ་ཤར་ཡུལ་གྲུ་ཁག་ཅིག   གཞན་ཡང་ Sudan Somalia སོགས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ཅིག་ཏུ་དངོས་སུ་ཞི་བདེའི་ལས་འཆར་འགན་ཁུར་གནང་མཁན་ཁ་ཆེ་གཙོས་པའི་ཆོས་ལུགས་འདྲ་མིན་གྱི་གཞོན་སྐྱེས་སོགས་ཀྱིས་ལྷན་ཞུགས་གནང་འདུག༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ད་ལྟའི་དུས་རབས་ ༢༡ པ་དེ་འཚེ་བ་མེད་པའི་དུས་རབས་ཤིག་དང་སྒོས་སུ་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་གཞོན་སྐྱེས་ཚོ་ལ་གོ་སྐབས་དང་འགན་འཁྲི་དམིགས་བསལ་བ་ཞིག་ཡོད་པར་བཀའ་ནན་སྩལ་བ་མ་ཟད། ཞི་བདེ་ཞེས་པ་དེ་སྨོན་ལམ་གཅིག་པོའི་ཐོག་ནས་ཡོང་ཐབས་མེད་པ་དང་དེ་གཙོ་བོ་ནང་སེམས་ཀྱི་ཞི་བདེ་བརྒྱུད་ནས་བསྐྲུན་དགོས་གལ་ཡིན་པར་བཀའ་སྩལ་གནང་སོང་།དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་འགྲོ་བ་མིའི་རང་བཞིན་ངོ་མ་དེ་བྱམས་སྙིང་རྗེ་ཡིན་པ་ཡོངས་གྲགས་སུ་གྱུར་ཡོད་པ་བཀའ་སྩལ་དང་སྦྲགས། ང་ཚོས་དེང་གི་ཤེས་ཡོན་སློབ་གསོའི་ཁྲོད་མཐོང་ཆོས་སུ་ཡོད་པའི་ཕྱིའི་དངོས་པོའི་གནད་དོན་ཙམ་ལས་འགྲོ་བ་མིའི་རང་བཞིན་ངོ་མ་བྱམས་སྙིང་རྗེ་དང་དེ་འབྲེལ་བཟང་སྤྱོད་ཐོག་ལ་སློབ་ཁྲིད་གནང་གལ་ཡིན་པར་ལམ་སྟོན་སྩལ་བ་མ་ཟད། འཛམ་གླིང་རྒྱལ་ཁབ་ཚང་མས་མང་གཙོ་འདོད་པ་གཅིག་མཚུངས་ཡིན་ཡང་དེ་དག་ཁག་ཅིག་ནང་སྲིད་དབང་སྒེར་འཛིན་ལམ་ལུགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་དེ་དངོས་ཡོད་ཡིན་པ་བཀའ་སྩལ་ཏེ། རྒྱལ་ཁབ་གང་ཞིག་མང་གཙོ་ཚད་ལྡན་ཞིག་ཏུ་འགྱུར་བར་བྱམས་བརྩེ་དེ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པར་བཀའ་སློབ་བཀྲིན་ཆེ་བ་སྩལ་སོང་།དེ་རིང་གི་བཀའ་སློབ་གྲུབ་མཚམས་སུ་མགོན་པོ་༸གང་ཉིད་མཆོག་གིས་གཞོན་སྐྱེས་ཚོགས་བཅར་བ་ཁག་གིས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ཅིག་ལ་བཀའ་ལན་སྩལ་ཡོད་པ་དང་། སྐབས་དེར་བྷང་ལ་ལྡེ་ཤི་ནས་ཡིན་པའི་བོུ་Mithila ཡིས། བྱིས་པ་གཉིས་ཀྱི་ཨ་མ་ཞིག་ལ་དེང་གི་སྤྱི་ཚོགས་ནང་ངལ་བ་ཆེན་པོ་འཕྲད་བཞིན་པར་གདོང་ལེན་གནང་ཕྱོགས་སྐོར་དང་འབྲེལ་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་རྒྱལ་ཁབ་གཅིག་ནང་མང་གཙོ་ཡང་དག་པ་ཡོང་བར་ཕོ་མོ་གཉིས་དབྱེར་མེད་ཐོག་འགྲོ་བ་མི་ཚང་མར་ཤེས་ཡོན་གྱི་གོ་སྐབས་གཅིག་མཚུངས་ཐོབ་པ་ཡིན་ན། དེའི་ནང་འདྲ་མཉམ་གྱི་ཁོར་ཡུག་ཞིག་བསྐྲུན་ཐུབ་པ་དང་ལྷག་དོན་ནང་ཆོས་ནང་མཚོན་ན་སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་གྲྭ་བཙུན་གཉིས་ཀར་འདྲ་མཉམ་གྱི་ཆེ་མཐོང་ཞུས་ཡོད་སྟབས། ༸གང་ཉིད་ངོས་ནས་བཙུན་མ་ཚོར་གཞུང་ཆེན་ཐོག་སློབ་སྦྱོང་གཏིང་ཟབ་གནང་དགོས་པའི་ལམ་སྟོན་མཛད་ཡོད་སྐོར་གསུངས་ཏེ་འཛམ་གླིང་འདིའི་ནང་ཕོ་མོ་དབྱེར་མེད་ཐོག་ནས་བེུད་ལ་གུས་བརྩི་ཞུ་དགོས་ཞེས་བཀའ་ནན་སྩལ་སོང་།དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ད་ལྟའི་ཆར་ Afghanistan ནང་དྲག་སྤྱོད་རིང་ལུགས་པའི་གཉའ་གནོན་འོག་དཀའ་ངལ་མྱོང་བཞིན་པའི་ཁུལ་དེའི་བུད་མེད་དག་གི་གནས་སྟངས་སྐོར་དང་འབྲེལ། ང་ཚོའི་ཕུགས་ཀྱི་དམིགས་ཡུལ་འགྲུབ་རྒྱུར་ཇི་ཙམ་ངལ་བ་ཆེན་པོ་ཡོད་ཀྱང་སེམས་ཤུགས་མ་ཆགས་པར་དེའི་ཐོག་མདུན་སྐྱོད་གནང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་ཡིན་པ་དང་སྒོས་སུ་དེ་འབྲེལ་དམིགས་ཡུལ་དེ་དངོས་ཡོད་གནས་ལུགས་དང་བཟང་སྤྱོད་ལྡན་པ་ཞིག་དགོས་རྒྱུ་དེ་བས་གལ་ཆེན་ཡིན་པར་བཀའ་ནན་གནང་སྟེ། ད་ཆ་  Afghanistan ནང་ལ་མཚོན་ན་ཡུལ་དེའི་མང་ཚོགས་སྤྱི་དང་སྒོས་སུ་བུད་མེད་ཚོར་ངལ་བ་ཆེས་ཆེར་འཕྲད་བཞིན་ཡོད་པར་ཐུགས་ཕམ་ཡོད་ཀྱང་ངལ་བ་དེ་རིམ་པའི་སེལ་རྒྱུའི་ཐུགས་རེ་ཡོད་ཅེས་དང་དེ་བཞིན་རྒྱ་གར་ལ་མཚོན་ན་Afgan གྱི་ངལ་བ་དེ་སེལ་རྒྱུར་གོ་སྐབས་ཤིག་ཡོང་པར་ངོས་འཛིན་གྱིས་དེའི་ཐོག་དམིགས་བསལ་ཐུགས་ཁུར་བཞེས་དགོས་པའི་དགོངས་འཆར་སྩལ་སོང་།  

སྐུ་ཞབས་ཧེ་ཝལ་དམ་པའི་འཛམ་གླིང་བདེ་ཐབས་ལ་སྨན་པའི་དགོངས་གཞི་དེ་དེང་གི་དུས་སྐབས་སུའང་ཉེར་མཁོ་ཡོད་པར་བཀའ་སྩལ་བ། 

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་དུ་ཚོགས་པའི་ Forum 2000 ཞེས་ ༢༠༠༠ གླེང་སྟེགས་ཚོགས་ཐེངས་ ༢༥ པར་དགའ་བསུའི་འཚམས་འདྲི་སྩལ་བ་དང་སྦྲགས་ཏེ། སྐུ་ཞབས་ཧེ་ཝལ་དམ་པའི་འཛམ་གླིང་སྤྱིའི་བདེ་ཐབས་ལ་སྨན་པའི་དགོངས་གཞི་དེ་ད་ལྟའི་གོ་ལར་ཉེར་མཁོ་ཆགས་ཡོད་སྐོར་བཀའ་སྩལ་འདུགསྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐར་མ་གསུམ་ཙམ་ཡོད་པའི་བརྙན་པར་བརྒྱུད་དེ་ ༢༠༠༠ གླེང་སྟེགས་ཚོགས་ཐེངས་ ༢༥ ཐོག་སྩལ་བའི་གསུང་འཕྲིན་ནང་། མགོན་པོ་༸གང་ཉིད་མཆོག་གི་ཐུགས་ལ་དུས་ད་ལྟའང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་ Vaclav Havel དམ་པ་དེ་ཉིད་ཀྱི་ཞལ་རས་གསལ་ལྷང་ངེར་མཇལ་སྐོར་བཀའ་སྩལ་བ་དང་འབྲེལ་ཏེ་སྐུ་ཞབས་དམ་པ་ཁོང་ནི་མི་བཟང་པོ་ཞིག་ཡིན་པ་དང་། ༸སྐུའི་ཐུགས་ཉེ་བའི་མཛའ་གྲོགས་སྲིད་འཛིན་སྐུ་ཞབས་ཧེ་ཝལ་དམ་པ་དེ་ཉིད་དང་ནམ་མཇལ་འཕྲད་བྱུང་སྐབས་ཕན་ཚུན་དབར་རང་བཞིན་གྱིས་དམིགས་བསལ་ཐུགས་ཚོར་ཞིག་བྱུང་ཡོང་གི་ཡོད་སྐོར་བཀའ་སྩལ་བ་དང་། སྐུ་ཞབས་ཁོང་ད་ལྟ་སྐུ་འཚོ་བཞུགས་མེད་ཀྱང་ང་ཚོ་དང་ལྷན་དུ་ཁོང་གི་དགོངས་པ་དང་ཐུགས་རེ་གང་ཡིན་པ་དེ་དག་གསོན་པོ་གནས་ཡོད་པ་བཀའ་སྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་སྐུ་ཞབས་ Havel དམ་པ་དེ་ཉིད་ལ་གུས་བརྩི་དང་མཛའ་བརྩེ་ཡོད་མཁན་ཚོས་འཛམ་གླིང་ལ་ཉེ་བར་མཁོ་བའི་ཁོང་གི་དགོངས་པ་དང་གཞན་གཅེས་པའི་བྱམས་བརྩེའི་ཐུགས་དགོངས་དེ་དག་གོང་འཕེལ་གནང་དགོས་པ་དང་། འདས་པའི་དུས་རབས་ནང་རླབས་ཆེན་གྱི་དགེ་རྒན་མང་དག་ཅིག་སྐུ་གཤེགས་ཟིན་ནའང་ཁོང་རྣམ་པའི་རྨད་བྱུང་གི་སློབ་སྟོན་རྣམས་དུས་ད་ལྟའང་གནས་ཡོད་པ་དེ་མཚུངས་སུ་སྐུ་ཞབས་ཧེ་ཝལ་དམ་པའི་འཛམ་གླིང་སྤྱིའི་བདེ་ཐབས་ལ་སྨན་པའི་དགོངས་གཞི་དེ་ད་ལྟའི་གོ་ལར་ཉེར་མཁོ་ཆགས་ཡོད་སྐོར་བཀའ་སྩལ་འདུག་ལ། ཁྱད་པར་དུ་༸གོང་ས་མཆོག་ནི་སྐུ་ཞབས་ཧེ་ཝལ་མཆོག་ལ་ཐུགས་སྨོན་མཛད་མཁན་ཞིག་དང་དྭངས་གཙང་ལྷན་མེད་ཀྱི་མཛའ་གྲོགས་ཤིག་ཡིན་པར་བཀའ་སྩལ་བ་དང་། ཆབས་ཅིག་ཏུ་ཁོང་ལ་ཡིད་སྨོན་ཞུ་མཁན་ཚོར་ཁོང་གི་དགོངས་པ་དང་ཐུགས་རེ། འཇིག་རྟེན་ཡོངས་ལ་འཁྲི་བའི་ལས་འགན། དེ་བཞིན་བྱམས་བརྩེའི་ཐུགས་དགོངས་ཡོད་པ་དེ་དག་མུ་མཐུད་ནས་གོང་འཕེལ་གནང་རྒྱུའི་འོས་འགན་ཡོད་པར་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད།རྩ་བའི་གླེང་སྟེངས་འདིའི་ཐོག་ལོ་ལྟར་འཛམ་གླིང་ཁྱོན་ཡོངས་ནས་ཆབ་སྲིད་དང་ཤེས་ཡོན། ཚོང་ལས་བཅས་ཀྱི་ལས་རིགས་འདྲ་མིན་གི་དབུ་ཁྲིད་གྲགས་ཅན་འདུ་འཛོམས་གནང་སྟེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། ལྷག་དོན་མང་གཙོ་གོང་འཕེལ་ཆེད་ཤེས་ཡོན་གྱི་གལ་གནད་བཅས་ཀྱི་སྐོར་ལ་བཀའ་བསྡུར་ལྷུག་པོ་གནང་རྒྱུ་དང་། ༸གོང་ས་མཆོག་གིས་ཀྱང་དེ་སྔོན་གླེང་སྟེགས་དེའི་ཐོག་དངོས་སུ་དབུ་བཞུགས་ཀྱིས་བཀའ་སློབ་ལམ་སྟོན་བཀྲིན་ཆེ་བ་སྩལ་གནང་མཛད་མྱོང་ཡོད་པ་རེད།ཐེངས་འདིའི་ཉིས་སྟོང་ཐམ་པའི་གླེང་སྟེགས་ཐོག་སྐུ་མགྲོན་ཆེད་འདོན་གནང་བའི་ཁོངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་ལགས་ཀྱང་ལྷན་ཞུགས་གནང་འདུགགཞི་རྩའི་ཐེངས་འདིའི་ The 25th Forum 2000 Conference ཞེས་འདི་ལོའི་ཉིས་སྟོང་ཐམ་པའི་གླེང་སྟེགས་ཀྱི་བརྗོད་གཞི་ནི་  What Now? Building Back Democratically ཞེས་པ་དེ་ཡིན་པ་དང་། ཟླ་བ་འདིའི་ཕྱི་ཚེས་ ༡༠ ནས་ ༡༢ བར་ཁྱོན་ཉིན་གྲངས་གསུམ་གྱི་རིང་ཚོགས་ཡོད་པ་མ་ཟད། གླེང་སྟེགས་དེའི་ཐོག་གཏམ་བཤད། བགྲོ་གླེང་། འགྲེམས་སྟོན། སྒྱུར་རྩལ་བའི་འཁྲབ་སྟོན། གློག་བརྙན་གཟིགས་འབུལ་ལ་སོགས་པའི་བྱེད་སྒོ་ཁག་ཅིག་གོ་སྒྲིག་གནང་འདུག

ཉོན་མོངས་ལས་གྲོལ་བར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དགོས་བར་བཀའ་སྩལ་བ།

ཁ་སང་ཕྱི་ཚེས་༡༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་ལམ་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་སྩལ་ཏེ། དད་ལྡན་ཆོས་ཞུ་བ་རྣམས་ཀྱི་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་བཀའ་དྲིན་ཆེ་བ་སྩལ་ཏེ་ཉིན་གཉིས་ཀྱི་གསུང་ཆོས་མཇུག་སྒྲིལ་གནང་སོང་།ཁ་སང་གི་གསུང་ཆོས་ཀྱི་ཉིན་མཐའ་མར། མགོན་པོ་གང་ཉིད་མཆོག་གིས་ཆོས་ཞུ་བ་རྣམས་ཀྱིས་རང་རྒྱུད་ཀྱི་ཉོན་མོངས་དུག་གསུམ་གྱི་སྐོར་ལ་སློབ་སྦྱོང་བྱས་ཏེ་ངོ་འཕྲོད་པ་བྱེད་དགོས་བའི་སྐོར་ནས་བཀའ་སྩལ་ཏེ། ཉོན་མོངས་ཀྱི་རིགས་སེལ་བར་ཤེས་རབ་ཀྱི་སྣང་བས་སེལ་དགོས་བ་མ་གཏོགས་སྨོན་ལམ་བཏབ་ནས་སེལ་ཐབས་བྲལ་བ་ཞིག་ཡིན་པའི་ལན་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་།དེ་བཞིན་མགོན་པོ་གང་གིས་འཇིག་རྟེན་ཆོས་ཐམས་ཀྱི་རང་བཞིན་ཤེས་ཐབས་སུ་རང་གི་རྣམ་དཔྱོད་བེད་སྤྱོད་གནང་ནས་བརྟག་དཔྱད་གནང་དགོས་བ་གལ་ཆེན་པོ་ཡིན་པར་བཀའ་སྩལ་ཏེ། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ཁོང་གི་གསུང་ཡིན་པ་གཞིར་བཞག་གིས་ཁས་འཆེ་བ་མ་ཡིན་པར། ཆོས་ཐམས་ཅད་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་ཐོག་ནས་ཐག་གཅོད་གནང་དགོས་བར་ལུང་དུ་བསྟན་ཡོད་ལུགས་བཀའ་གནང་སྟེ། འགྲོ་བ་མིའི་རིགས་ལ་སེམས་ཅན་གཞན་དང་མི་འདྲ་བའི་ཆ་ཞིག་ཡོད་པ་ནི་ཤེས་རབ་བཀྲ་བ་དེ་ཡིན་པར་བཀའ་སྩལ་སོང་།གསུང་ཆོས་གྲུབ་མཚམས་སུ། དད་ལྡན་ཆོས་ཞུ་བ་ཞིག་གིས་དྲ་ཐོག་ནས་གསུང་ཆོས་ཞུ་བ་དེས་སྲོལ་རྒྱུན་གྱི་བླ་སློབ་ཀྱི་འབྲེལ་བའམ། བླ་མ་བསྟུན་ཚུལ་ལ་བར་ཆད་དུ་འགྲོ་མིན་གྱི་ཐད་ནས་བཀའ་འདྲི་དགོངས་སྐོར་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བདག་ཅག་གི་སྟོན་པ་རིན་པོ་ཆེ་ཞལ་བཞུགས་པའི་སྐབས་སུ་རང་ཅག་སུ་ཡང་ཁོང་ལ་དངོས་སུ་མཇལ་མེད་པ་ལྟར། རྒྱན་དྲུག་མཆོག་གཉིས་སོགས་ཀྱང་དེ་བཞིན་ཡིན་ནའང་། གཙོ་བོ་ཁོང་ཅག་གི་དགོངས་པ་དེ་དཔེ་ཆར་གསལ་བ་ཡིན་ཙང་དེར་བསླབ་པ་སློབ་གཉེར་གནང་གི་ཡོད་པའི་ལམ་སྟོན་དང་འབྲེལ་ནས། དྲ་ལམ་ནས་གསུང་ཆོས་ཞུ་བ་དེ་བླ་མ་བསྟེན་ཚུལ་ལ་དམིགས་བསལ་སྐྱོན་ཏུ་མི་འགྲོ་བར་བཀའ་ལམ་སྩལ་སོང་།གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་མི་སྐྱ་ཕོ་མོ་ཚོས་ཕན་ཚུན་ལ་བརྩེ་ཞེན་བྱེད་བཞིན་པ་དེ་ནི་ཉིན་རྒྱུན་གྱི་འཚོ་བའི་ཆ་ཤས་ཤིག་ཡིན་སྟབས།  འདུ་འཛོམས་ཀྱི་བདེ་སྐྱིད་དེར་རོལ་བ་ལས་དེ་འགྱུར་བའི་སྡུག་བསྔལ་ཡིན་མིན་སོགས་ལ་རྩད་གཅོད་དམིགས་བསལ་གནང་དགོས་དོན་མེད་པར་བཀའ་སྩལ་ཏེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་མཁན་ཞིག་ཡིན་ན་ཆོས་གཞུང་གི་སྡུག་བསྔལ་གྱི་རྣམ་གཞག་དེར་སློབ་སྦྱོང་བྱེད་དགོས་བ་ཞིག་ཡིན་པ་ལས། མི་སྐྱ་ཕོ་མོས་རང་གི་འཚོ་བ་དང་འབྲེལ་བའི་ཐོག་ནས་ལྷན་འཛོམས་ཀྱི་བདེ་སྐྱིད་དེ་འགྱུར་བའི་སྡུག་བསྔལ་ཡིན་མིན་ལ་འཚོལ་ཞིབ་བྱེད་དགོས་བ་ཞིག་མིན་པའི་བཀལ་ལན་བཀའ་དྲིན་ཆེ་བ་སྩལ་སོང་།ཆོས་ཞུ་བ་གཞན་ཞིག་གིས་བླ་མ་བསྟེན་ཕྱོགས་དང་འབྲེལ་ནས་བཀའ་འདྲི་ཞུས་པར་མགོན་པོ་གང་གིས་བླ་མ་ཚད་ལྡན་ཞིག་ཡིན་ན་ནང་པའི་གཞུང་ཆེན་ཁག་གཞིར་བཞག་གིས་བཀའ་གནང་གི་ཡོད་པར་བཀའ་སྩལ་ཏེ། བླ་མ་སུ་ཞིག་གིས་བཀའ་གནང་བ་དེ་ཆོས་གཞུང་དང་འགལ་བ་ཞིག་ཡིན་ན་བླ་མའི་བཀའ་ཡིན་པར་མཁྲེགས་འཛིན་བྱེད་རྒྱུ་མེད་པར། བླ་མའི་བཀའ་ཡིན་ཡང་དོར་ཏེ་ཆོས་གཞུང་ལ་ཁུངས་གཏུགས་བྱེད་དགོས་བ་གལ་ཆེན་པོ་ཡིན་པར་བརྟེན། ཆོས་ཞུ་བ་རང་ངོས་ནས་གནད་དོན་དེར་དབྱེ་ཞིབ་བྱེད་རྒྱུ་གལ་ཆེན་པར་བཀའ་གནང་སྟེ་དེ་རིང་གི་གསུངས་ཆོས་མཇག་སྒྲིལ་སོང་།

ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བར་ཉིན་གཉིས་ཀྱི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་དབུ་འཛུགས།

དེ་རིང་སྔ་དྲོ་ཕྱག་ཚོད་དགུ་བའི་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་ལམ་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་ཉིན་གཉིས་ཀྱི་གསུང་ཆོས་དབུ་འཛུགས་གནང་སྟེ། དད་ལྡད་ཆོས་ཞུ་བ་རྣམས་ཀྱི་བཀའ་འདྲི་ཁག་ཅིག་ལ་བཀའ་ལན་བཀའ་དྲིན་ཆེ་བ་སྩལ་སོང་།དེ་རིང་གི་གསུང་ཆོས་ཀྱི་ཐོག་མར། མགོན་པོ་གང་ཉིད་མཆོག་གིས་ཆོས་ཞུ་བ་རྣམས་ལ་འཚམས་འདྲི་མཛད་པ་དང་འབྲེལ་ནས་ཆོས་གྲོགས་རྙིང་གྲས་ཁག་ཅིག་ལ་དྲ་ལམ་ནས་མཇལ་བར་ཐུགས་མཉེས་བོ་བྱུང་བར་བཀའ་སྩལ་ཏེ་རྟེན་འབྲེལ་བསྟོད་པ་ནི་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་མཆོག་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན་ལ་རྒྱ་གར་དུ་ཆོས་སྟོན་པར་ཕེབས་ཏེ་ལེགས་ཉེས་བླང་དོར་གྱི་ཆོས་ཀྱི་བསླབ་བྱ་གནང་བའི་གཙོ་བོ་དེ་རང་ཉིད་རང་གི་མགོན་ཡིན་པར་གསུངས་བ་བཞིན། བདེན་བཞིའི་རྣམ་བཞག་གི་ངོས་ནས་ཆོས་ཀྱི་དེ་ཉིད་བསྟན་ཡོད་པར་བཀའ་སྩལ་གནང་སོང་།དེ་བཞིན་སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་བདེན་གཞིའི་རྣམ་གཞག་ལ་རྒྱས་བསྡུས་རན་པའི་དགོངས་འབྲེལ་མཛད་པའི་ཁྲོད་དུ། འགྲོ་བ་མི་ཡོངས་རྫོགས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་པར་བཀའ་གནང་སྟེ། སྡུག་བསྔལ་ལས་གྲོལ་ཐབས་སུ་འགོག་བདེན་བསྟེན་དགོས་བ་ལས་སྨོན་ལམ་སྐྱོན་པ་ཙམ་གྱིས་ཕན་རླབས་འབྱུང་ཐབས་མེད་སྟབས། འགོག་བདེན་ནི་སྡུག་བསྔལ་འགོག་པར་བྱེད་པའི་ནང་པའི་ཆོས་ཀྱི་ཟབ་གནད་ཅིག་ཡིན་པར་ལམ་སྟོན་མཛད་སོང་། དེ་བཞིན་མགོན་པོ་གང་གིས་འཇིག་རྟེན་གྱི་ཆོས་ཐམས་ཅད་རྟེན་ནས་བཏགས་པའི་ཨ་འཐས་ཀྱི་འཛིན་པ་ལྟ་བུ་ཡིན་པར་ནང་པའི་གཞུང་དུ་འགྲེལ་བརྗོད་གནང་ཡོད་པ་དེ་ནི་དེང་རབས་ཚན་རིག་གི་ཁྲོད་ཀྱི་རྡུལ་ཕྲན་གྱི་རྣམ་གཞག་དང་ཆ་འདྲ་བ་ཞིག་ཡིན་པར་བཀའ་གནང་སྟེ། མགོན་པ་གང་གིས་དུས་རྒྱུན་ནས་ཞོགས་ལྟར་བྱང་ཆུབ་ཀྱི་སེམས་སྒོམ་རྗེས་རྟེན་འབྲེལ་བསྟོད་པ་ལྗགས་ཀློག་མཛད་བཞིན་ཡོད་པར་བཀའ་གནང་སོང་། དེ་རིང་གི་བཀའ་ཆོས་གྲུབ་མཚམས་སུ་དད་ལྡན་ཆོས་ཞུ་ཁག་ཅིག་གིས་མགོན་པོ་གང་ལ་བཀའ་འདྲི་དགོངས་སྐོར་ཞུས་པའི་ནང་དུ། རྗེ་རིན་པོ་ཆེས་སྟོང་པ་ཉིད་རྟོགས་རྗེས་སྟོང་ཉིད་ལ་བསྟོད་པ་མ་མཛད་པར་རྟེན་འབྲེལ་ལ་བསྟོད་པ་མཛད་དགོས་དོན་དང་གང་ཡིན་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་མཆོག་གིས། སྟོང་པ་ཉིད་བདག་མེད་པ་ཟེར་བ་ནི་ནང་པའི་གྲུབ་མཐའ་སྨྲ་བ་ཡོངས་ཀྱིས་ཁས་འཆེ་བ་ཞིག་ཡིན་པར་ངོ་སྤྲོད་ཀྱིས། སྟོང་པ་ཉིད་ནི་རྟེན་འབྲེལ་གྱི་དོན་དག་ཕྲ་མོའི་ཐོག་ཡོང་གི་ཡོད་པར་བཀའ་སྟེ། སྟོང་པ་ཉིད་ཅེས་པ་ནི་སྤྱི་བཤད་ལྟ་བུ་ཞིག་ཡིན་སྟབས་དེ་ཉིད་མངོན་པར་རྟོགས་ཐབས་སུ་འཇིག་རྟེན་གྱི་ཆོས་ཐམས་ཅད་རྟེན་འབྲེལ་གྱི་རང་བཞིན་ཡིན་པར་ངོ་སྤྲོད་གནང་བ་ཞིག་ཡིན་པར་གསུངས་སོང་།གཞན་ཡང་དྲི་བ་ཞིག་གི་བཀའ་ལན་དུ་མགོན་པ་གང་ཉིད་མཆོག་གིས་བླ་སློབ་ཀྱི་འདུ་ཤེས་ཀྱི་ཐོག་ནས་སློབ་མ་རྣམས་ཀྱིས་དུས་རྒྱུན་ནས་བདག་གཞན་མཉམ་བརྗེ་ཡི་བྱང་ཆུབ་ཀྱི་སེམས་སྒོམ་པ། དེ་བཞིན་སྟོང་ཉིད་སྒོམ་པ་སོགས་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་བཀའ་གནང་སྟེ། སློབ་མ་རྣམས་ཀྱིས་དེ་དོན་ཉིན་རེའི་འཚོ་བའི་ནང་ལག་བསྟར་གནང་བ་ཡིན་ན་རྒྱལ་བ་རིན་པོ་ཆེ་ཡི་སློབ་མ་མིང་དོན་མཚུགས་བ་ཞིག་ཆགས་ཡོད་སྐོར་བཀའ་གནང་སྟེ་དེ་རིང་གི་གསུངས་ཆོས་མཇུག་སྒྲིལ་སོང་།

Latest news