Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་ཕྱི་རྒྱལ་གཞོན་སྐྱེས་སྐོར་ཞིག་ལ་བྱམས་བརྩེ་དང་ཤེས་ཡོན་སོགས་ཀྱི་སྐོར་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ཚོུད་ ༩ ཐོག་དྲ་ལམ་ཐད་གཏོང་བརྒྱུད། ཨ་རིའི་ཞི་བདེ་ལྟེ་གནས་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བྱམས་བརྩེ་དང་ཤེས་ཡོན་སློབ་གསོ། དེ་བཞིན་འདྲ་མཉམ་བཅས་ཀྱི་བརྗོད་གཞི་ཐད་ལ་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་སོང་། དེ་རིང་བཀའ་སློབ་ཀྱི་ལས་རིམ་དེའི་ཐོག་ཨ་རིའི་ཞི་བདེ་ལྟེ་གནས་ཁང་གི་ཚོགས་གཙོ་དང་སྤྱི་ཁྱབ་གཙོ་འཛིན་ལྕམ་སྐུ་ Lise Grande ལགས་ཀྱི་གཙོས་པའི་དེང་སྐབས་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་སོགས་ཆེས་ཛ་དྲག་གི་དཀའ་ངལ་འཕྲད་ཡུལ་ Tunisia དང་།  དེ་བཞིན་ཨེ་རན་དང་ཨེ་རག་སོགས་དཀྱིལ་ཤར་ཡུལ་གྲུ་ཁག་ཅིག   གཞན་ཡང་ Sudan Somalia སོགས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ཅིག་ཏུ་དངོས་སུ་ཞི་བདེའི་ལས་འཆར་འགན་ཁུར་གནང་མཁན་ཁ་ཆེ་གཙོས་པའི་ཆོས་ལུགས་འདྲ་མིན་གྱི་གཞོན་སྐྱེས་སོགས་ཀྱིས་ལྷན་ཞུགས་གནང་འདུག༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ད་ལྟའི་དུས་རབས་ ༢༡ པ་དེ་འཚེ་བ་མེད་པའི་དུས་རབས་ཤིག་དང་སྒོས་སུ་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་གཞོན་སྐྱེས་ཚོ་ལ་གོ་སྐབས་དང་འགན་འཁྲི་དམིགས་བསལ་བ་ཞིག་ཡོད་པར་བཀའ་ནན་སྩལ་བ་མ་ཟད། ཞི་བདེ་ཞེས་པ་དེ་སྨོན་ལམ་གཅིག་པོའི་ཐོག་ནས་ཡོང་ཐབས་མེད་པ་དང་དེ་གཙོ་བོ་ནང་སེམས་ཀྱི་ཞི་བདེ་བརྒྱུད་ནས་བསྐྲུན་དགོས་གལ་ཡིན་པར་བཀའ་སྩལ་གནང་སོང་།དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་འགྲོ་བ་མིའི་རང་བཞིན་ངོ་མ་དེ་བྱམས་སྙིང་རྗེ་ཡིན་པ་ཡོངས་གྲགས་སུ་གྱུར་ཡོད་པ་བཀའ་སྩལ་དང་སྦྲགས། ང་ཚོས་དེང་གི་ཤེས་ཡོན་སློབ་གསོའི་ཁྲོད་མཐོང་ཆོས་སུ་ཡོད་པའི་ཕྱིའི་དངོས་པོའི་གནད་དོན་ཙམ་ལས་འགྲོ་བ་མིའི་རང་བཞིན་ངོ་མ་བྱམས་སྙིང་རྗེ་དང་དེ་འབྲེལ་བཟང་སྤྱོད་ཐོག་ལ་སློབ་ཁྲིད་གནང་གལ་ཡིན་པར་ལམ་སྟོན་སྩལ་བ་མ་ཟད། འཛམ་གླིང་རྒྱལ་ཁབ་ཚང་མས་མང་གཙོ་འདོད་པ་གཅིག་མཚུངས་ཡིན་ཡང་དེ་དག་ཁག་ཅིག་ནང་སྲིད་དབང་སྒེར་འཛིན་ལམ་ལུགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་དེ་དངོས་ཡོད་ཡིན་པ་བཀའ་སྩལ་ཏེ། རྒྱལ་ཁབ་གང་ཞིག་མང་གཙོ་ཚད་ལྡན་ཞིག་ཏུ་འགྱུར་བར་བྱམས་བརྩེ་དེ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པར་བཀའ་སློབ་བཀྲིན་ཆེ་བ་སྩལ་སོང་།དེ་རིང་གི་བཀའ་སློབ་གྲུབ་མཚམས་སུ་མགོན་པོ་༸གང་ཉིད་མཆོག་གིས་གཞོན་སྐྱེས་ཚོགས་བཅར་བ་ཁག་གིས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ཅིག་ལ་བཀའ་ལན་སྩལ་ཡོད་པ་དང་། སྐབས་དེར་བྷང་ལ་ལྡེ་ཤི་ནས་ཡིན་པའི་བོུ་Mithila ཡིས། བྱིས་པ་གཉིས་ཀྱི་ཨ་མ་ཞིག་ལ་དེང་གི་སྤྱི་ཚོགས་ནང་ངལ་བ་ཆེན་པོ་འཕྲད་བཞིན་པར་གདོང་ལེན་གནང་ཕྱོགས་སྐོར་དང་འབྲེལ་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་རྒྱལ་ཁབ་གཅིག་ནང་མང་གཙོ་ཡང་དག་པ་ཡོང་བར་ཕོ་མོ་གཉིས་དབྱེར་མེད་ཐོག་འགྲོ་བ་མི་ཚང་མར་ཤེས་ཡོན་གྱི་གོ་སྐབས་གཅིག་མཚུངས་ཐོབ་པ་ཡིན་ན། དེའི་ནང་འདྲ་མཉམ་གྱི་ཁོར་ཡུག་ཞིག་བསྐྲུན་ཐུབ་པ་དང་ལྷག་དོན་ནང་ཆོས་ནང་མཚོན་ན་སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་གྲྭ་བཙུན་གཉིས་ཀར་འདྲ་མཉམ་གྱི་ཆེ་མཐོང་ཞུས་ཡོད་སྟབས། ༸གང་ཉིད་ངོས་ནས་བཙུན་མ་ཚོར་གཞུང་ཆེན་ཐོག་སློབ་སྦྱོང་གཏིང་ཟབ་གནང་དགོས་པའི་ལམ་སྟོན་མཛད་ཡོད་སྐོར་གསུངས་ཏེ་འཛམ་གླིང་འདིའི་ནང་ཕོ་མོ་དབྱེར་མེད་ཐོག་ནས་བེུད་ལ་གུས་བརྩི་ཞུ་དགོས་ཞེས་བཀའ་ནན་སྩལ་སོང་།དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ད་ལྟའི་ཆར་ Afghanistan ནང་དྲག་སྤྱོད་རིང་ལུགས་པའི་གཉའ་གནོན་འོག་དཀའ་ངལ་མྱོང་བཞིན་པའི་ཁུལ་དེའི་བུད་མེད་དག་གི་གནས་སྟངས་སྐོར་དང་འབྲེལ། ང་ཚོའི་ཕུགས་ཀྱི་དམིགས་ཡུལ་འགྲུབ་རྒྱུར་ཇི་ཙམ་ངལ་བ་ཆེན་པོ་ཡོད་ཀྱང་སེམས་ཤུགས་མ་ཆགས་པར་དེའི་ཐོག་མདུན་སྐྱོད་གནང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་ཡིན་པ་དང་སྒོས་སུ་དེ་འབྲེལ་དམིགས་ཡུལ་དེ་དངོས་ཡོད་གནས་ལུགས་དང་བཟང་སྤྱོད་ལྡན་པ་ཞིག་དགོས་རྒྱུ་དེ་བས་གལ་ཆེན་ཡིན་པར་བཀའ་ནན་གནང་སྟེ། ད་ཆ་  Afghanistan ནང་ལ་མཚོན་ན་ཡུལ་དེའི་མང་ཚོགས་སྤྱི་དང་སྒོས་སུ་བུད་མེད་ཚོར་ངལ་བ་ཆེས་ཆེར་འཕྲད་བཞིན་ཡོད་པར་ཐུགས་ཕམ་ཡོད་ཀྱང་ངལ་བ་དེ་རིམ་པའི་སེལ་རྒྱུའི་ཐུགས་རེ་ཡོད་ཅེས་དང་དེ་བཞིན་རྒྱ་གར་ལ་མཚོན་ན་Afgan གྱི་ངལ་བ་དེ་སེལ་རྒྱུར་གོ་སྐབས་ཤིག་ཡོང་པར་ངོས་འཛིན་གྱིས་དེའི་ཐོག་དམིགས་བསལ་ཐུགས་ཁུར་བཞེས་དགོས་པའི་དགོངས་འཆར་སྩལ་སོང་།  

སྐུ་ཞབས་ཧེ་ཝལ་དམ་པའི་འཛམ་གླིང་བདེ་ཐབས་ལ་སྨན་པའི་དགོངས་གཞི་དེ་དེང་གི་དུས་སྐབས་སུའང་ཉེར་མཁོ་ཡོད་པར་བཀའ་སྩལ་བ། 

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་དུ་ཚོགས་པའི་ Forum 2000 ཞེས་ ༢༠༠༠ གླེང་སྟེགས་ཚོགས་ཐེངས་ ༢༥ པར་དགའ་བསུའི་འཚམས་འདྲི་སྩལ་བ་དང་སྦྲགས་ཏེ། སྐུ་ཞབས་ཧེ་ཝལ་དམ་པའི་འཛམ་གླིང་སྤྱིའི་བདེ་ཐབས་ལ་སྨན་པའི་དགོངས་གཞི་དེ་ད་ལྟའི་གོ་ལར་ཉེར་མཁོ་ཆགས་ཡོད་སྐོར་བཀའ་སྩལ་འདུགསྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐར་མ་གསུམ་ཙམ་ཡོད་པའི་བརྙན་པར་བརྒྱུད་དེ་ ༢༠༠༠ གླེང་སྟེགས་ཚོགས་ཐེངས་ ༢༥ ཐོག་སྩལ་བའི་གསུང་འཕྲིན་ནང་། མགོན་པོ་༸གང་ཉིད་མཆོག་གི་ཐུགས་ལ་དུས་ད་ལྟའང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་ Vaclav Havel དམ་པ་དེ་ཉིད་ཀྱི་ཞལ་རས་གསལ་ལྷང་ངེར་མཇལ་སྐོར་བཀའ་སྩལ་བ་དང་འབྲེལ་ཏེ་སྐུ་ཞབས་དམ་པ་ཁོང་ནི་མི་བཟང་པོ་ཞིག་ཡིན་པ་དང་། ༸སྐུའི་ཐུགས་ཉེ་བའི་མཛའ་གྲོགས་སྲིད་འཛིན་སྐུ་ཞབས་ཧེ་ཝལ་དམ་པ་དེ་ཉིད་དང་ནམ་མཇལ་འཕྲད་བྱུང་སྐབས་ཕན་ཚུན་དབར་རང་བཞིན་གྱིས་དམིགས་བསལ་ཐུགས་ཚོར་ཞིག་བྱུང་ཡོང་གི་ཡོད་སྐོར་བཀའ་སྩལ་བ་དང་། སྐུ་ཞབས་ཁོང་ད་ལྟ་སྐུ་འཚོ་བཞུགས་མེད་ཀྱང་ང་ཚོ་དང་ལྷན་དུ་ཁོང་གི་དགོངས་པ་དང་ཐུགས་རེ་གང་ཡིན་པ་དེ་དག་གསོན་པོ་གནས་ཡོད་པ་བཀའ་སྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་སྐུ་ཞབས་ Havel དམ་པ་དེ་ཉིད་ལ་གུས་བརྩི་དང་མཛའ་བརྩེ་ཡོད་མཁན་ཚོས་འཛམ་གླིང་ལ་ཉེ་བར་མཁོ་བའི་ཁོང་གི་དགོངས་པ་དང་གཞན་གཅེས་པའི་བྱམས་བརྩེའི་ཐུགས་དགོངས་དེ་དག་གོང་འཕེལ་གནང་དགོས་པ་དང་། འདས་པའི་དུས་རབས་ནང་རླབས་ཆེན་གྱི་དགེ་རྒན་མང་དག་ཅིག་སྐུ་གཤེགས་ཟིན་ནའང་ཁོང་རྣམ་པའི་རྨད་བྱུང་གི་སློབ་སྟོན་རྣམས་དུས་ད་ལྟའང་གནས་ཡོད་པ་དེ་མཚུངས་སུ་སྐུ་ཞབས་ཧེ་ཝལ་དམ་པའི་འཛམ་གླིང་སྤྱིའི་བདེ་ཐབས་ལ་སྨན་པའི་དགོངས་གཞི་དེ་ད་ལྟའི་གོ་ལར་ཉེར་མཁོ་ཆགས་ཡོད་སྐོར་བཀའ་སྩལ་འདུག་ལ། ཁྱད་པར་དུ་༸གོང་ས་མཆོག་ནི་སྐུ་ཞབས་ཧེ་ཝལ་མཆོག་ལ་ཐུགས་སྨོན་མཛད་མཁན་ཞིག་དང་དྭངས་གཙང་ལྷན་མེད་ཀྱི་མཛའ་གྲོགས་ཤིག་ཡིན་པར་བཀའ་སྩལ་བ་དང་། ཆབས་ཅིག་ཏུ་ཁོང་ལ་ཡིད་སྨོན་ཞུ་མཁན་ཚོར་ཁོང་གི་དགོངས་པ་དང་ཐུགས་རེ། འཇིག་རྟེན་ཡོངས་ལ་འཁྲི་བའི་ལས་འགན། དེ་བཞིན་བྱམས་བརྩེའི་ཐུགས་དགོངས་ཡོད་པ་དེ་དག་མུ་མཐུད་ནས་གོང་འཕེལ་གནང་རྒྱུའི་འོས་འགན་ཡོད་པར་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད།རྩ་བའི་གླེང་སྟེངས་འདིའི་ཐོག་ལོ་ལྟར་འཛམ་གླིང་ཁྱོན་ཡོངས་ནས་ཆབ་སྲིད་དང་ཤེས་ཡོན། ཚོང་ལས་བཅས་ཀྱི་ལས་རིགས་འདྲ་མིན་གི་དབུ་ཁྲིད་གྲགས་ཅན་འདུ་འཛོམས་གནང་སྟེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། ལྷག་དོན་མང་གཙོ་གོང་འཕེལ་ཆེད་ཤེས་ཡོན་གྱི་གལ་གནད་བཅས་ཀྱི་སྐོར་ལ་བཀའ་བསྡུར་ལྷུག་པོ་གནང་རྒྱུ་དང་། ༸གོང་ས་མཆོག་གིས་ཀྱང་དེ་སྔོན་གླེང་སྟེགས་དེའི་ཐོག་དངོས་སུ་དབུ་བཞུགས་ཀྱིས་བཀའ་སློབ་ལམ་སྟོན་བཀྲིན་ཆེ་བ་སྩལ་གནང་མཛད་མྱོང་ཡོད་པ་རེད།ཐེངས་འདིའི་ཉིས་སྟོང་ཐམ་པའི་གླེང་སྟེགས་ཐོག་སྐུ་མགྲོན་ཆེད་འདོན་གནང་བའི་ཁོངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་ལགས་ཀྱང་ལྷན་ཞུགས་གནང་འདུགགཞི་རྩའི་ཐེངས་འདིའི་ The 25th Forum 2000 Conference ཞེས་འདི་ལོའི་ཉིས་སྟོང་ཐམ་པའི་གླེང་སྟེགས་ཀྱི་བརྗོད་གཞི་ནི་  What Now? Building Back Democratically ཞེས་པ་དེ་ཡིན་པ་དང་། ཟླ་བ་འདིའི་ཕྱི་ཚེས་ ༡༠ ནས་ ༡༢ བར་ཁྱོན་ཉིན་གྲངས་གསུམ་གྱི་རིང་ཚོགས་ཡོད་པ་མ་ཟད། གླེང་སྟེགས་དེའི་ཐོག་གཏམ་བཤད། བགྲོ་གླེང་། འགྲེམས་སྟོན། སྒྱུར་རྩལ་བའི་འཁྲབ་སྟོན། གློག་བརྙན་གཟིགས་འབུལ་ལ་སོགས་པའི་བྱེད་སྒོ་ཁག་ཅིག་གོ་སྒྲིག་གནང་འདུག

ཉོན་མོངས་ལས་གྲོལ་བར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དགོས་བར་བཀའ་སྩལ་བ།

ཁ་སང་ཕྱི་ཚེས་༡༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་ལམ་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་སྩལ་ཏེ། དད་ལྡན་ཆོས་ཞུ་བ་རྣམས་ཀྱི་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་བཀའ་དྲིན་ཆེ་བ་སྩལ་ཏེ་ཉིན་གཉིས་ཀྱི་གསུང་ཆོས་མཇུག་སྒྲིལ་གནང་སོང་།ཁ་སང་གི་གསུང་ཆོས་ཀྱི་ཉིན་མཐའ་མར། མགོན་པོ་གང་ཉིད་མཆོག་གིས་ཆོས་ཞུ་བ་རྣམས་ཀྱིས་རང་རྒྱུད་ཀྱི་ཉོན་མོངས་དུག་གསུམ་གྱི་སྐོར་ལ་སློབ་སྦྱོང་བྱས་ཏེ་ངོ་འཕྲོད་པ་བྱེད་དགོས་བའི་སྐོར་ནས་བཀའ་སྩལ་ཏེ། ཉོན་མོངས་ཀྱི་རིགས་སེལ་བར་ཤེས་རབ་ཀྱི་སྣང་བས་སེལ་དགོས་བ་མ་གཏོགས་སྨོན་ལམ་བཏབ་ནས་སེལ་ཐབས་བྲལ་བ་ཞིག་ཡིན་པའི་ལན་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་།དེ་བཞིན་མགོན་པོ་གང་གིས་འཇིག་རྟེན་ཆོས་ཐམས་ཀྱི་རང་བཞིན་ཤེས་ཐབས་སུ་རང་གི་རྣམ་དཔྱོད་བེད་སྤྱོད་གནང་ནས་བརྟག་དཔྱད་གནང་དགོས་བ་གལ་ཆེན་པོ་ཡིན་པར་བཀའ་སྩལ་ཏེ། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ཁོང་གི་གསུང་ཡིན་པ་གཞིར་བཞག་གིས་ཁས་འཆེ་བ་མ་ཡིན་པར། ཆོས་ཐམས་ཅད་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་ཐོག་ནས་ཐག་གཅོད་གནང་དགོས་བར་ལུང་དུ་བསྟན་ཡོད་ལུགས་བཀའ་གནང་སྟེ། འགྲོ་བ་མིའི་རིགས་ལ་སེམས་ཅན་གཞན་དང་མི་འདྲ་བའི་ཆ་ཞིག་ཡོད་པ་ནི་ཤེས་རབ་བཀྲ་བ་དེ་ཡིན་པར་བཀའ་སྩལ་སོང་།གསུང་ཆོས་གྲུབ་མཚམས་སུ། དད་ལྡན་ཆོས་ཞུ་བ་ཞིག་གིས་དྲ་ཐོག་ནས་གསུང་ཆོས་ཞུ་བ་དེས་སྲོལ་རྒྱུན་གྱི་བླ་སློབ་ཀྱི་འབྲེལ་བའམ། བླ་མ་བསྟུན་ཚུལ་ལ་བར་ཆད་དུ་འགྲོ་མིན་གྱི་ཐད་ནས་བཀའ་འདྲི་དགོངས་སྐོར་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བདག་ཅག་གི་སྟོན་པ་རིན་པོ་ཆེ་ཞལ་བཞུགས་པའི་སྐབས་སུ་རང་ཅག་སུ་ཡང་ཁོང་ལ་དངོས་སུ་མཇལ་མེད་པ་ལྟར། རྒྱན་དྲུག་མཆོག་གཉིས་སོགས་ཀྱང་དེ་བཞིན་ཡིན་ནའང་། གཙོ་བོ་ཁོང་ཅག་གི་དགོངས་པ་དེ་དཔེ་ཆར་གསལ་བ་ཡིན་ཙང་དེར་བསླབ་པ་སློབ་གཉེར་གནང་གི་ཡོད་པའི་ལམ་སྟོན་དང་འབྲེལ་ནས། དྲ་ལམ་ནས་གསུང་ཆོས་ཞུ་བ་དེ་བླ་མ་བསྟེན་ཚུལ་ལ་དམིགས་བསལ་སྐྱོན་ཏུ་མི་འགྲོ་བར་བཀའ་ལམ་སྩལ་སོང་།གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་མི་སྐྱ་ཕོ་མོ་ཚོས་ཕན་ཚུན་ལ་བརྩེ་ཞེན་བྱེད་བཞིན་པ་དེ་ནི་ཉིན་རྒྱུན་གྱི་འཚོ་བའི་ཆ་ཤས་ཤིག་ཡིན་སྟབས།  འདུ་འཛོམས་ཀྱི་བདེ་སྐྱིད་དེར་རོལ་བ་ལས་དེ་འགྱུར་བའི་སྡུག་བསྔལ་ཡིན་མིན་སོགས་ལ་རྩད་གཅོད་དམིགས་བསལ་གནང་དགོས་དོན་མེད་པར་བཀའ་སྩལ་ཏེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་མཁན་ཞིག་ཡིན་ན་ཆོས་གཞུང་གི་སྡུག་བསྔལ་གྱི་རྣམ་གཞག་དེར་སློབ་སྦྱོང་བྱེད་དགོས་བ་ཞིག་ཡིན་པ་ལས། མི་སྐྱ་ཕོ་མོས་རང་གི་འཚོ་བ་དང་འབྲེལ་བའི་ཐོག་ནས་ལྷན་འཛོམས་ཀྱི་བདེ་སྐྱིད་དེ་འགྱུར་བའི་སྡུག་བསྔལ་ཡིན་མིན་ལ་འཚོལ་ཞིབ་བྱེད་དགོས་བ་ཞིག་མིན་པའི་བཀལ་ལན་བཀའ་དྲིན་ཆེ་བ་སྩལ་སོང་།ཆོས་ཞུ་བ་གཞན་ཞིག་གིས་བླ་མ་བསྟེན་ཕྱོགས་དང་འབྲེལ་ནས་བཀའ་འདྲི་ཞུས་པར་མགོན་པོ་གང་གིས་བླ་མ་ཚད་ལྡན་ཞིག་ཡིན་ན་ནང་པའི་གཞུང་ཆེན་ཁག་གཞིར་བཞག་གིས་བཀའ་གནང་གི་ཡོད་པར་བཀའ་སྩལ་ཏེ། བླ་མ་སུ་ཞིག་གིས་བཀའ་གནང་བ་དེ་ཆོས་གཞུང་དང་འགལ་བ་ཞིག་ཡིན་ན་བླ་མའི་བཀའ་ཡིན་པར་མཁྲེགས་འཛིན་བྱེད་རྒྱུ་མེད་པར། བླ་མའི་བཀའ་ཡིན་ཡང་དོར་ཏེ་ཆོས་གཞུང་ལ་ཁུངས་གཏུགས་བྱེད་དགོས་བ་གལ་ཆེན་པོ་ཡིན་པར་བརྟེན། ཆོས་ཞུ་བ་རང་ངོས་ནས་གནད་དོན་དེར་དབྱེ་ཞིབ་བྱེད་རྒྱུ་གལ་ཆེན་པར་བཀའ་གནང་སྟེ་དེ་རིང་གི་གསུངས་ཆོས་མཇག་སྒྲིལ་སོང་།

ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བར་ཉིན་གཉིས་ཀྱི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་དབུ་འཛུགས།

དེ་རིང་སྔ་དྲོ་ཕྱག་ཚོད་དགུ་བའི་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་ལམ་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་ཉིན་གཉིས་ཀྱི་གསུང་ཆོས་དབུ་འཛུགས་གནང་སྟེ། དད་ལྡད་ཆོས་ཞུ་བ་རྣམས་ཀྱི་བཀའ་འདྲི་ཁག་ཅིག་ལ་བཀའ་ལན་བཀའ་དྲིན་ཆེ་བ་སྩལ་སོང་།དེ་རིང་གི་གསུང་ཆོས་ཀྱི་ཐོག་མར། མགོན་པོ་གང་ཉིད་མཆོག་གིས་ཆོས་ཞུ་བ་རྣམས་ལ་འཚམས་འདྲི་མཛད་པ་དང་འབྲེལ་ནས་ཆོས་གྲོགས་རྙིང་གྲས་ཁག་ཅིག་ལ་དྲ་ལམ་ནས་མཇལ་བར་ཐུགས་མཉེས་བོ་བྱུང་བར་བཀའ་སྩལ་ཏེ་རྟེན་འབྲེལ་བསྟོད་པ་ནི་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་མཆོག་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན་ལ་རྒྱ་གར་དུ་ཆོས་སྟོན་པར་ཕེབས་ཏེ་ལེགས་ཉེས་བླང་དོར་གྱི་ཆོས་ཀྱི་བསླབ་བྱ་གནང་བའི་གཙོ་བོ་དེ་རང་ཉིད་རང་གི་མགོན་ཡིན་པར་གསུངས་བ་བཞིན། བདེན་བཞིའི་རྣམ་བཞག་གི་ངོས་ནས་ཆོས་ཀྱི་དེ་ཉིད་བསྟན་ཡོད་པར་བཀའ་སྩལ་གནང་སོང་།དེ་བཞིན་སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་བདེན་གཞིའི་རྣམ་གཞག་ལ་རྒྱས་བསྡུས་རན་པའི་དགོངས་འབྲེལ་མཛད་པའི་ཁྲོད་དུ། འགྲོ་བ་མི་ཡོངས་རྫོགས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་པར་བཀའ་གནང་སྟེ། སྡུག་བསྔལ་ལས་གྲོལ་ཐབས་སུ་འགོག་བདེན་བསྟེན་དགོས་བ་ལས་སྨོན་ལམ་སྐྱོན་པ་ཙམ་གྱིས་ཕན་རླབས་འབྱུང་ཐབས་མེད་སྟབས། འགོག་བདེན་ནི་སྡུག་བསྔལ་འགོག་པར་བྱེད་པའི་ནང་པའི་ཆོས་ཀྱི་ཟབ་གནད་ཅིག་ཡིན་པར་ལམ་སྟོན་མཛད་སོང་། དེ་བཞིན་མགོན་པོ་གང་གིས་འཇིག་རྟེན་གྱི་ཆོས་ཐམས་ཅད་རྟེན་ནས་བཏགས་པའི་ཨ་འཐས་ཀྱི་འཛིན་པ་ལྟ་བུ་ཡིན་པར་ནང་པའི་གཞུང་དུ་འགྲེལ་བརྗོད་གནང་ཡོད་པ་དེ་ནི་དེང་རབས་ཚན་རིག་གི་ཁྲོད་ཀྱི་རྡུལ་ཕྲན་གྱི་རྣམ་གཞག་དང་ཆ་འདྲ་བ་ཞིག་ཡིན་པར་བཀའ་གནང་སྟེ། མགོན་པ་གང་གིས་དུས་རྒྱུན་ནས་ཞོགས་ལྟར་བྱང་ཆུབ་ཀྱི་སེམས་སྒོམ་རྗེས་རྟེན་འབྲེལ་བསྟོད་པ་ལྗགས་ཀློག་མཛད་བཞིན་ཡོད་པར་བཀའ་གནང་སོང་། དེ་རིང་གི་བཀའ་ཆོས་གྲུབ་མཚམས་སུ་དད་ལྡན་ཆོས་ཞུ་ཁག་ཅིག་གིས་མགོན་པོ་གང་ལ་བཀའ་འདྲི་དགོངས་སྐོར་ཞུས་པའི་ནང་དུ། རྗེ་རིན་པོ་ཆེས་སྟོང་པ་ཉིད་རྟོགས་རྗེས་སྟོང་ཉིད་ལ་བསྟོད་པ་མ་མཛད་པར་རྟེན་འབྲེལ་ལ་བསྟོད་པ་མཛད་དགོས་དོན་དང་གང་ཡིན་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་མཆོག་གིས། སྟོང་པ་ཉིད་བདག་མེད་པ་ཟེར་བ་ནི་ནང་པའི་གྲུབ་མཐའ་སྨྲ་བ་ཡོངས་ཀྱིས་ཁས་འཆེ་བ་ཞིག་ཡིན་པར་ངོ་སྤྲོད་ཀྱིས། སྟོང་པ་ཉིད་ནི་རྟེན་འབྲེལ་གྱི་དོན་དག་ཕྲ་མོའི་ཐོག་ཡོང་གི་ཡོད་པར་བཀའ་སྟེ། སྟོང་པ་ཉིད་ཅེས་པ་ནི་སྤྱི་བཤད་ལྟ་བུ་ཞིག་ཡིན་སྟབས་དེ་ཉིད་མངོན་པར་རྟོགས་ཐབས་སུ་འཇིག་རྟེན་གྱི་ཆོས་ཐམས་ཅད་རྟེན་འབྲེལ་གྱི་རང་བཞིན་ཡིན་པར་ངོ་སྤྲོད་གནང་བ་ཞིག་ཡིན་པར་གསུངས་སོང་།གཞན་ཡང་དྲི་བ་ཞིག་གི་བཀའ་ལན་དུ་མགོན་པ་གང་ཉིད་མཆོག་གིས་བླ་སློབ་ཀྱི་འདུ་ཤེས་ཀྱི་ཐོག་ནས་སློབ་མ་རྣམས་ཀྱིས་དུས་རྒྱུན་ནས་བདག་གཞན་མཉམ་བརྗེ་ཡི་བྱང་ཆུབ་ཀྱི་སེམས་སྒོམ་པ། དེ་བཞིན་སྟོང་ཉིད་སྒོམ་པ་སོགས་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་བཀའ་གནང་སྟེ། སློབ་མ་རྣམས་ཀྱིས་དེ་དོན་ཉིན་རེའི་འཚོ་བའི་ནང་ལག་བསྟར་གནང་བ་ཡིན་ན་རྒྱལ་བ་རིན་པོ་ཆེ་ཡི་སློབ་མ་མིང་དོན་མཚུགས་བ་ཞིག་ཆགས་ཡོད་སྐོར་བཀའ་གནང་སྟེ་དེ་རིང་གི་གསུངས་ཆོས་མཇུག་སྒྲིལ་སོང་།

༸གོང་ས་མཆོག་གིས་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལ་འཚམས་འཕྲིན་སྩལ་བ།

ཁ་སང་ནོར་ཝེ་ཁུལ་གྱི་ནོ་སྦེལ་ལྷན་ཚོགས་ཀྱིས་འདི་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་གྱི་མཚན་གཞུང་གསལ་བསྒྲགས་གནང་བའི་ནང་དུ་། ཧྥི་ལི་པེན་གྱི་གསར་འགོད་པ་ Maria Ressa དང་ཨུ་རུ་སུའི་གསར་འགོད་པ་ Dmitry Murato ལགས་གཉིས་སུ་ནོ་སྦེལ་ཞི་བདེའི་གཟེགས་རྟགས་འབུལ་རྒྱུ་གསལ་བསྒྲགས་གནང་ཡོད་པ་དང་བསྟུན་ནས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བདེ་གཟེགས་རྟགས་བཞེས་མཁན་རྣམ་གཉིས་ལ་དགའ་བསུའི་འཚམས་འཕྲིན་ཞིག་སྩལ་འདུགམཚམས་འཕྲིན་དེའི་ནང་། མགོན་པོ་གང་གིས་ནོ་སྦེལ་ལྷན་ཚོགས་ཀྱིས་ཐེངས་འདིར་ཧྥི་ལི་པེན་དང་ཨུ་རུ་སུའི་ཁུལ་གྱི་གསར་འགོད་པ་གཉིས་ཀྱིས་རྒྱལ་ཁོངས་སོ་སོའི་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་ལ་དཀའ་སྤྱད་གནང་བར་བརྟེན་ནས་འདི་ལོའི་ནོ་སྦེལ་ཞི་བདེ་གཟེགས་རྟགས་དེ་ཕུལ་བར་ཐུགས་མཉེས་བོ་བྱུང་ཡོད་པར་བཀའ་སྩལ་བ་དང་འབྲེལ་ནས། ལྷན་ཚོགས་ཀྱིས་ཐེངས་འདིར་གསར་འགོད་པ་གཉིས་ལ་ཞི་བདེ་གཟེགས་རྟགས་ཕུལ་བ་དེ་ནི་ས་ཕྱོགས་གང་སར་གནས་བའི་གསར་འགོད་པ་རྣམས་ཀྱིས་ཉེན་ཁའི་ཁྲོད་དུ་དཀའ་ངལ་འདྲ་མིན་ལ་གདོང་ལེན་གནང་བཞིན་པའི་ཚབ་མཚོན་ལྟ་བུ་ཞིག་ཆགས་ཡོད་སྐོར་བཀའ་སྩལ་འདུགགཞན་ཡང་མགོན་པོ་གང་གིས་གསར་འགོད་པ་རྣམས་ཀྱིས་འགྲོ་བ་མིའི་རིན་ཐང་གི་གཙོ་བྱས་པའི་སྤྱི་ཚོགས་དང་ཆོས་ལུགས་མཐུན་ལམ་ཐོག་ལ་འགན་འཁུར་ཆེན་པོ་ཡོད་པར་བཀའ་འབྲེལ་གྱིས། གསར་འགོད་པ་རྣམས་ཀྱིས་མང་ཚོགས་ཁྲོད་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་ཡོངས་ཐབས་དང་སྤྱི་མཐུན་གྱི་བདེ་རྩའི་འགན་འཁྲིའི་ཐད་སློབ་སྦྱོང་སྤྲོད་རྒྱུར་ཞབས་འདེགས་ཞུ་ཐུབ་པ་དང་། སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འཆམ་མཐུན་དང་མཛའ་བརྩེ་གོང་མཐོར་གཏོང་རྒྱུར་གལ་གནད་ཆེན་པོ་ཆགས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་ཁྲོད་གོ་མཚོན་ཉུང་འཕྲི་དང་འཛམ་གླིང་ཞི་བདེར་སྐྲུན་རྒྱུར་ཕན་རླབས་ཡོད་པ་ཞིག་ཡིན་པའི་བཀའ་སློབ་ལམ་སྟོན་མཛད་འདུག དེ་བཞིན་མགོན་པ་གང་ཉིད་ཉིད་མཆོག་གིས་ཧྥི་ལི་པེན་གྱི་གསར་འགོད་པ་ Maria Ressa དང་ཨུ་རུ་སུའི་གསར་འགོད་པ་Dmitry Murato ལགས་གཉིས་ཀྱི་གསར་འགོད་ལས་རིགས་ཁྲོད་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་མཛད་པ་དང་འབྲེལ་ནས། ཐེངས་འདིའི་ཞི་བདེ་གཟེགས་རྟགས་དེ་ཡིས་གསར་འགོད་ལས་རིགས་ཁྲོད་ཕྱག་ལས་གནང་མཁན་ཡོངས་ཀྱིས་འཛམ་གླིང་འདིར་ཞི་བདེ་ཡོང་རྒྱུའི་གཞི་རྟེན་དུ་གྱུར་བའི་དྲང་བདེན་དང་མང་གཙོ་ལ་སྲུང་སྐྱོབ་གནང་རྒྱུར་ཤུགས་སྣོན་གང་ལེགས་ཐེབས་རྒྱུར་སྐུལ་མ་མཛད་འདུག

༸གོང་ས་མཆོག་གིས་ཌེ་སི་མོན་ཊུ་ཊུ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པ།  

ཁ་སང་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་བརྙན་ཐུང་བརྒྱུད་ 11th Annual Desmond Tutu International Peace Lecture ཞེས་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་བླ་ཆེན་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་མཆོག་གི་ལོ་འཁོར་རྒྱལ་སྤྱིའི་ཞི་བདེ་གཏམ་བཤད་ཐེངས་བཅུ་གཅིག་པའི་མཛད་སྒོར་ཡི་ཤུའི་བླ་ཆེན་ Archbishop Desmond Tutu མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་དང་ཐུགས་སྨོན་སྐྱབས་འཇུག་བཀའ་དྲིན་ཆེ་བར་སྩལ་གནང་མཛད་པ་དང་སྦྲགས་ཏེ། མགོན་པོ་༸གང་ཉིད་མཆོག་ནི་ཊུ་ཊུ་མཆོག་ལ་ཧ་ཅང་བརྩི་བཀུར་དང་ཡིད་སྨོན་མཛད་ཀྱི་ཡོད་ཅེས་བཀའ་སྩལ་བ་དང་འབྲེལ། ཊུ་ཊུ་མཆོག་སྐུ་ཚེ་ཡུན་རིང་བཞུགས་རོགས་ཞེས་བཀའ་སྩལ་མཛད་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་འཚམས་འདྲིའི་བརྙན་ཐུང་ནང་ Archbishop Desmond Tutu མཆོག་དང་ལྷན་དུ་སྐུ་རྩེད་མཛད་པ་ཁག་ཐུགས་དྲན་གསོ་མཛད་དེ་མགོན་པོ་མཆོག་དང་ཡི་ཤུའི་བླ་ཆེན་ཊུ་ཊུ་མཆོག་རྣམ་གཉིས་ཀྱིས་ལྷག་བསམ་རྣམ་དག་གིས་སེམས་ཀྱི་ཞི་བདེ་འཚོལ་ཐབས་མཛད་ཀྱི་ཡོད་པར་མ་ཟད། ནང་སེམས་ཀྱི་ཞི་བདེ་བརྒྱུད་འཛམ་གླིང་ཞི་བདེ་ཡོང་བར་ཐུགས་འབད་མཛད་ཀྱི་ཡོད་ཅེས་བཀའ་སྩལ་བ་དང་འབྲེལ་ཏེ་ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་པས་ངེས་པར་དུ་བྷི་ཤོབ་ཊུ་ཊུ་མཆོག་ལྟ་བུའི་དབུ་ཁྲིད་ཀྱི་རྗེས་སུ་འབྲང་དགོས་གལ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་ཚང་མ་ཨ་མའི་མངལ་དུ་ཡོད་པ་ནས་བཟུང་ང་ཚོའི་མི་ཚེ་དེ་ཨ་མའི་བྱམས་བརྩེར་བརྟེན་ནས་འགོ་འཛུགས་ཀྱི་ཡོད་སྟབས། ང་ཚོའི་མི་ཚེ་ལྷག་མ་དེའང་སེམས་པ་བཟང་པོ་དང་བྱམས་བརྩེ་ལྡན་པ་ཞིག་བྱེད་དགོས་པར་མ་ཟད། དེང་སང་ཚན་རིག་པ་ཁག་ཅིག་གིས་ཇི་ཙམ་ང་ཚོའི་ནང་སེམས་ལ་ཞི་བདེ་ཡོད་པ་དེའི་ཚོད་ཀྱིས་ང་ཚོའི་གཟུགས་པོའི་འཕྲོད་བསྟེན་བདེ་ཐང་ཡོང་གི་ཡོད་པར་ཞུས་ཡོད་སྐོར་བཀའ་སྩལ་ཡོད།དེ་བཞིན་ Desmond Tutu མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་འཁྲུངས་སྐར་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་ Twitter དྲ་ལམ་བརྒྱུད་འཚམས་འདྲི་གནང་འདུག སྲིད་སྐྱོང་མཆོག་གི་འཚམས་འདྲི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ Desmond Tutu དབར་མཛའ་གྲོགས་ཀྱི་འབྲེལ་གཏིང་ཟབ་ལ་ང་ཚོ་ཆེས་སྤྲོ་སྣང་གིས་ཁེངས་ཡོད་ལ། མཛའ་འབྲེལ་དེས་འགྲོ་བ་མི་བཟང་པོ་ཞིག་བྱེད་པར་བློ་སྐྱེད་སྟེར་ངེས་ཡིན་ཞེས་གསུངས་པ་དང་ཆབས་ཅིག སྐུ་ཉིད་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་འཛམ་གླིང་མི་མང་ཚོས་སྐུ་ཉིད་ཀྱི་རྣམ་དཔྱོད་རྟོགས་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཀོད་འདུག

༸གོང་ས་མཆོག་གིས་སྐུ་ཞབས་ Alfredo མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ El Salvador རྒྱལ་ཁབ་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་དང་བོད་ཀྱི་གྲོགས་པོ་རྙིང་ཤོས་གྲས་སྐུ་ཞབས་ Dr Alfredo Martinez Moreno མཆོག་དགོངས་པ་རྫོགས་པ་དང་འབྲེལ་ཏེ། དམ་པ་དེ་ཉིད་ཀྱི་སྐུ་ཟླ་ལྕམ་སྐུ་ Alicia Martinez ལགས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུགཉེ་ཆར་ཟླ་བ་འདིའི་ཚེས་ ༢ ཉིན་ El Salvador རྒྱལ་ཁབ་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་དང་བོད་ཀྱི་གྲོགས་པོ་རྙིང་གྲས་སྐུ་ཞབས་ Alfredo Martinez Moreno ལགས་དགུང་གྲངས་ ༩༨ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པ་དང་འབྲེལ། ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་དེ་ཉིད་ཀྱི་སྐུ་ཟླར་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་ཏེ་བོད་ཀྱི་གྲོགས་པོ་དམ་པ་ཁོང་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཤེས་རྟོགས་བྱུང་བས་ཆེས་ཐུགས་ཕམ་བྱུང་ཞེས་བཀའ་སྩལ་འདུགསྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་དེ་ཉིད་ཀྱི་སྐུ་ཟླར་སྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་ལྕམ་སྐུ་ Alicia ལགས་ནས་མཁྱེན་རྟོགས་ཡོད་པ་ལྟར་དེ་སྔ་ཕྱི་ལོ་ ༡༩༥༠ ཐམ་པའི་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་མཁན་རྒྱལ་ཁབ་ཆེས་ཐོག་མ་དེ་ El Salvador ཡིན་པ་དང་སྐབས་དེར་རྒྱལ་ཚོགས་སུ་ El Salvador ཡི་སྐུ་ཚབ་རུ་ཁག་ཁོངས་སུ་སྐུ་ཞབས་ Alfredo Martinex Moreno དམ་པ་ཁོང་ཡོད་པར་བཀའ་སྩལ་བ་དང་འབྲེལ། འདས་པའི་དུས་ཡུན་ནང་དུ་མགོན་པོ་༸གང་ཉིད་མཆོག་དང་སྐུ་ཞབས་ Alfredo ལགས་རྣམ་གཉིས་དབར་མཇལ་འཕྲད་ཀྱི་གོ་སྐབས་ཐེངས་ཁ་ཤས་བྱུང་སྐབས་སུའང་ཁོང་གིས་བོད་མིའི་རང་དབང་དང་བོད་མི་རིགས་ཀྱི་ཆེ་མཐོང་ལ་རྒྱབ་སྐྱོར་དང་ཐུགས་སྣང་གནང་ཕྱོགས་ལ་ཡི་རངས་བསྔགས་བརྗོད་མཛད་བཞིན་ཡོད་པར་བཀའ་སྩལ་འདུགམགོན་པོ་མཆོག་གིས་སྐུ་ཞབས་ Alfredo ལགས་ད་ཆ་སྐུ་འཚོ་བཞུགས་མེད་ཀྱང་འདས་པའི་དུས་ཡུན་ནང་ཁོང་གིས་མི་ཚེ་ཧྲིལ་པོ་གཞན་ལ་ཞབས་འདེགས་ཞུས་ཏེ་དོན་དམ་པའི་མི་ཚེ་དོན་སྙིང་ལྡན་པ་ཞིག་བསྐྱལ་ཡོད་པར་ང་ཚོའི་ངོས་ནས་དགའ་སྤྲོ་ཞུ་དགོས་པར་ལམ་སྟོན་མཛད་འདུག གཞི་རྩའི་སྐུ་ཞབས་ Alfredo Moreno ལགས་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་མ་ཐག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འདས་པོ་ཁོང་གི་ནང་མི་ལྷན་རྒྱས་ལ་ཐུགས་གསོ་དང་དེ་སྔ་ ༡༩༥༠ ལོར་དམ་པ་ཁོང་གིས་སྣེ་ཁྲིད་དེ་ El Salvador ཡི་སྐུ་ཚབ་རུ་ཁག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་བོད་དུ་ཕྱི་རྒྱལ་གྱི་དམག་ཤུགས་བཙན་འཛུལ་བྱུང་བར་སྐྱོན་བརྗོད་ཀྱིས་བོད་ལ་རྒྱབ་སྐྱོར་གནང་བ་དེ་བོད་མི་ཚོས་དྲན་གསོ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་གི་ཡོད་བཅས་གསུངས་པ་དང་འབྲེལ། ང་ཚོས་དུས་རྟག་ཏུ་སྐུ་ཞབས་ཨེལ་ཧྥི་རེ་ཌོ་མོ་རེ་ནོ་མཆོག་ནི་བོད་མིའི་འཐབ་རྩོད་ཀྱི་སྣེ་ཁྲིད་མཁན་ཡིན་པ་ལྟར་རྗེས་དྲན་ཞུ་རྒྱུ་ཡིན། སྐུ་ཞབས་ཨེལ་ཧྥི་རེ་ཌོ་མོ་རེ་ནོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་དོན་སླད་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། ཁོང་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧ་ཅང་ཉེ་པོ་གནང་སའི་གྲོགས་པོ་ཞིག་ཀྱང་ཡིན་པར་འགྲེལ་བརྗོད་གནང་ཡོད།དེ་བཞིན་སྲིད་སྐྱོང་སྐུ་ཉིད་སྒེར་ལ་མཚོན་ནའང་ཕྱི་ལོ་ ༢༠༠༦ ལོར་ Scotland དམ་པ་དེ་ཉིད་དང་དངོས་སུ་མཇལ་འཕྲད་ཞུ་རྒྱུའི་བསྐལ་བ་བཟང་པོ་བྱུང་བ་དང་། རྒྱལ་ཁབ་ཀྱི་གཞུང་འབྲེལ་སྐུ་ཚབ་དང་ཁྲིམས་རྩོད་པ་ཡིན་པའི་ཆ་ནས་དམ་པ་དེ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོ་ཞི་བདེ་དང་འགྲོ་བ་མིའི་ཆེ་མཐོང་ཞུ་གཏུག་གི་དོན་དུ་བསྐྱལ་ཡོད། རང་དབང་དང་ཆེ་མཐོང་ཆེད་དུ་འཐབ་རྩོད་བྱེད་པར་དམ་པ་དེ་ཉིད་ཀྱི་མཛད་རྗེས་ཀྱིས་ང་ཚོར་སེམས་ཤུགས་བསྐྱེད་དུ་འཇུག་ངེས་ཡིན་ཞེས་གསུངས་འདུག སྲིད་སྐྱོང་མཆོག་གིས་སླར་སྐུ་ཉིད་ཀྱིས་དབུས་པའི་ནང་མི་ལྷན་རྒྱས་ལ་སྙིང་ཐག་པ་ནས་ཐུགས་གསོ་དང་སྐུ་ཞབས་ཨེལ་ཧྥི་རེ་ཌོ་མོ་རེ་ནོ་མཆོག་མགྱོགས་མྱུར་མི་ལུས་རིན་པོ་ཆེའི་ལུས་རྟེན་འཐོབ་པའི་སྨོན་ལམ་འདེབས་ཀྱི་ཡོད་ཅེས་གསུངས་ཡོད།

རྒྱ་ནག་དང་དཀའ་རྙོག་ཅན་གྱི་འབྲེལ་ལམ་རྐྱེན་པས་ཝེ་ཊི་ཁེན་ནས་༸གོང་ས་མཆོག་གདན་ཞུ་ཕུལ་མེད་པར་གསུངས།

ཡི་ཤུའི་བླ་ཆེན་ Pope Francis མཆོག་གིས་དབུས་པའི་འཛམ་གླིང་གི་ཆོས་ལུགས་དབུ་ཁྲིད་ཁག་ཅིག་མཉམ་རུབ་ཀྱིས་ཆོས་ལུགས་ལ་དད་མོས་ཡོད་མཁན་དང་ཚན་རིག་གཉིས་ཟུང་འབྲེལ་གྱིས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཛ་དྲག་ངལ་བ་རྣམས་སེལས་ཐབས་སུ་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་ཞིག་ངེས་པར་དུ་འཚོལ་དགོས་ཞེས་ཞུ་འབོད་གནང་འདུགརིང་མིན་ཟླ་ ༡༠ ཚེས་ ༣༡ ནས་ཕྱི་ཟླ་ ༡༡ ཚེས  ༡༢ བར་དབྱིན་ཡུལ་གྱི་ཁྱབ་ཁོངས་ Scotland ཡི་གྲོང་ཁྱེར་ Glasgow ནང་ COP26 ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཛ་དྲག་ངལ་བ་སེལ་ཆེད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྷན་ཚོགས་ཐེངས་ ༢༦ པ་འཚོགས་འཆར་ཡོད་པ་དང་བསྟུན་ཁ་སང་ཚེས་ ༤ ཉིན་ཡི་ཤུའི་རྣམ་དག་ཆོས་ལུགས་ཀྱི་གདན་ས་ཝེ་ཌི་ཁེན་དང་དབྱིན་ཡུལ། ཨི་ཊ་ལི་བཅས་གསུམ་གྱིས་གོ་སྒྲིག་གནང་སྟེ་ཡི་ཤུའི་བླ་ཆེན་ Pope Francis མཆོག་གིས་དབུས་པའི་འཛམ་གླིང་གི་ཆོས་ཕྱོགས་དབུ་ཁྲིད་དང་ཚན་རིག་པ་སོགས་ཁྱོན་མི་གྲངས་ ༤༠ ལྷག་མཉམ་རུབ་ཀྱིས་ཚོགས་འདུ་ཞིག་ཚོགས་པ་བརྒྱུད་འཛམ་གླིང་གི་སའི་གོ་ལ་འདིའི་ནང་ཁོར་ཡུག་འབག་བཙོགས་དང་གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་ཚ་དྲོད་རྒྱས་ཏེ་འཛམ་གླིང་སྤྱི་ལ་ཛ་དྲག་གི་ངལ་བ་འཕྲད་བཞིན་པའི་དུས་སྐབས་འདིར་ COP26 ལྷན་ཚོགས་ཐོག་བཅར་མཁན་འཛམ་གླིང་གི་དབུ་འཁྲིད་རྣམས་ཀྱིས་ངལ་བ་དེ་དག་སེལ་ཐབས་སུ་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་ཞིག་འཚོལ་དགོས་པའི་འབོད་སྐུལ་ཞུས་འདུགཚོགས་འདུའི་ཐོག་ཡི་ཤུའི་བླ་ཆེན་ Pope Francis མཆོག་དང་ལྷན་དུ་ཁ་ཆེ་དང་ཇིའུ། ཧིཾདུ། ནང་པ། གཅེར་བུ་པ། སིཀ་ལ་སོགས་པའི་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ ༢༠ ལྷག་ནས་ཆོས་ཕྱོགས་ཀྱི་སྐུ་ཚབ་རྣམ་པ་ལྷན་ཞུགས་གནང་ཡོད་པ་དང་སྐབས་དེར་ཡི་ཤུའི་རྣམ་དག་གི་ཆོས་ལུགས་དབུ་ཁྲིད་རྣམས་ཀྱིས་དེ་འབྲེལ་མཛད་སྒོ་ཞིག་བསྐྱངས་ནས་འབོད་སྐུལ་གྱི་ཞུ་སྙན་ཞིག་ལ་དངོས་སུ་མཚན་རྟགས་བཀོད་དེ་ཨི་ཊ་ལིའི་ཕྱི་སྲིད་བློན་ཆེན་མཆོག་དང་། རིང་མིན་འཚོགས་ལ་ཉེ་བའི་ཁོར་ཡུག་ལྷན་ཚོགས་ཀྱི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Alok sharma ལགས་བཅས་གཉིས་ཀྱི་མཚན་ཐོག་ལ་ཕུལ་ཡོད་པ་དེ་ལྟར་ནའང་། ཁ་སང་གི་ཚོགས་འདུ་ཐོག་མངོན་གསལ་ཆེ་བའི་གནད་དོན་གཅིག་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་ཕུལ་མེད་པ་དེ་རེད། Vatican གྱི་ཕྱི་སྲིད་བློན་ཆེན་ archbishop Paul Gallagher ལགས་ཀྱིས་ཁོ་ཚོའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་གི་ཚོགས་འདུའི་ཐོག་གདན་ཞུ་དབུལ་རྒྱུར་དགོངས་བཞེས་གནང་མེད་པ་དང་། ༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ལ་ཡི་ཤུའི་བླ་ཆེན་གྱིས་བརྩི་བཀུར་ཇི་ཡོད་སྐོར་ལ་ཐུགས་རྒྱུས་ཡོད་ཀྱང་ཡི་ཤུའི་རྣམ་དག་ཆོས་ལུགས་ཀྱི་གདན་ས་དང་རྒྱ་ནག་དབར་གྱི་འབྲེལ་ལམ་དེ་དཀའ་རྙོག་ཅན་གང་འདྲ་ཡིན་པ་དེ་ཡང་མགོན་པོ་མཆོག་ནས་མཁྱེན་གྱི་ཡོད་པ་མ་ཟད། དེར་གུས་བརྩི་གནང་བཞིན་པ་ལྟར་ང་ཚོའི་ངོས་ནས་དེར་ཡི་རངས་ཞུ་བཞིན་པ་དང་ལར་ནས་ང་ཚོས་ནང་པའི་ཆོས་ལུགས་དང་ལྷན་དུ་བགྲོ་གླེང་དུ་མ་ཞུ་བཞིན་ཡོད་ཅེས་གསུངས་འདུག གང་ལྟར་ཁ་སང་ཉིན་འཁྱོངས་རིང་གི་ལྷན་ཚོགས་ཐོག་རྒྱལ་ཁབ་འདྲ་མིན་ཉི་ཤུ་ལྷག་ནས་ཕེབས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་དེ་དག་གིས་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རིང་མིན་ Glasgow ནང་འཚོགས་རྒྱུའི་ COP26 ལྷན་ཚོགས་ཐོག་ཐབས་ཤེས་གང་ཡོང་གིས་སྔར་བྱུང་མྱོང་མེད་པའི་གནམ་གཤིས་འགྱུར་ལྡོག་གི་ཛ་དྲག་ངལ་བ་དག་ལ་གདོང་ལེན་དང་ལྷག་དོན་གོ་ལའི་ཚ་དྲོད་ཀྱི་ཚད་གཞི་འཕར་ཚད་དེ་ Celsius 1.5 ལྷག་མ་བརྒལ་བ་གནང་དགོས་པ་དང་། འབྱོར་ལྡན་རྒྱལ་ཁབ་ཚོས་མཁའ་དབྱིངས་ཀྱི་དུག་རླངས་འཕེལ་རྒྱས་གཅོག་དགོས་པ་མ་ཟད་དཔལ་འབྱོར་ཞན་པའི་རྒྱལ་ཁབ་ཚོར་དེ་ལྟར་གནང་རྒྱུའི་རོགས་སྐྱོར་གནང་དགོས་པ་སོགས་ཀྱི་འབོད་སྐུལ་ཁག་ཅིག་ཞུས་འདུག ཡི་ཤུའི་བླ་ཆེན་ Francis མཆོག་གིས་བརྙན་ཐུང་བརྒྱུད་ཁོར་ཡུག་སྲུང་སྐྱོབ་ཀྱི་ན་གཞོན་ལས་འགུལ་བ་རྣམས་ལ་ཁོང་རྣམས་ཀྱི་མ་འོངས་འཆར་སྣང་དང་འབྲེལ་བའི་ལས་འཆར་བཟང་པོ་ཁག་དང་འགྲོ་བ་མིའི་འབྲེལ་ལམ་དང་ཁོར་ཡུག་སྲུང་སྐྱོབ་ཐད་ལ་དམིགས་བསལ་སེམས་འཁུར་གནང་བཞིན་པར་བསྔགས་བརྗོད་གནང་སྟེ་འདི་ནི་སྐྱེ་འགྲོ་ཀུན་ལ་ཆེས་ཕན་ཐོགས་ཡོད་པ་ཞིག་ཡིན་པར་གསུངས་པ་དང་སྦྲགས། འདི་ལྟ་བུའི་འཆར་སྣང་ལ་ཁོར་ཡུག་ཉམས་ཆག་འགྲོ་བཞིན་པ་ལ་སོགས་པའི་ངལ་བ་ཁག་སེལ་ཐབས་ཀྱི་ནུས་པ་ལྡན་ཡོད་སྟབས། ཆོས་དཔོན་མཆོག་གིས་ན་གཞོན་ཁོར་ཡུག་ལས་འགུལ་བ་རྣམས་ནས་གཞི་རྒྱ་ཆེ་བའི་ཤེས་ཡོན་མཐུན་སྒྲིལ་གྱི་ལམ་ནས་འབྱུང་འགྱུར་མི་རབས་འདི་ཡ་རབས་ལྡན་པ་ཞིག་དང་། དེ་བཞིན་དཀའ་ངལ་ཁག་ལ་གདོང་ལེན་གྱིས་འབྲེལ་ལམ་བསྐྱར་དུ་མཐུད་པར་ནུས་པ་མཉམ་སྤུངས་གནང་སྟེ་འཛམ་གླིང་འདི་སྔར་ལྷག་སྤུན་གྲོགས་ཀྱི་འཇིག་རྟེན་ཞིག་བསྐྲུན་དགོས་པར་གཞེན་སྐུལ་བསྐྱར་ནན་གནང་ཡོད།

རྒྱ་གར་གྱི་སྲིད་འཛིན་ Ram Nath Kovind མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པ།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་གར་གྱི་སྲིད་འཛིན་ Ram Nath Kovind མཆོག་དགུང་གྲངས་ ༧༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་བསུའི་འཚམས་འདྲི་སྩལ་བ་དང་འབྲེལ་ཏེ་སྲིད་འཛིན་མཆོག་གིས་རྒྱ་གར་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་ཉམ་ཐག་དབུལ་ཕོངས་ཚོའི་བདེ་དོན་སླད་དུ་ཕྱག་ལས་གནང་བར་ཡི་རངས་བསྔགས་བརྗོད་མཛད་པ་དང་སྦྲགས།རྒྱ་གར་རྒྱལ་ཁབ་ཆེན་པོ་འདིས་ཞི་བདེའི་ཐོག་ནས་འཛམ་གླིང་སྣེ་ཁྲིད་ཐུབ་པར་ཐུགས་རེ་ཡོད་ཅེས་བཀའ་སྩལ་འདུགའཚམས་འཕྲིན་དེའི་ནང་དུ་རྒྱ་གར་གྱི་རྒྱལ་ཁབ་འདི་ནི་ཆོས་ལུགས་དང་ལེགས་བྱང་སྣ་འཛོམས་ལྡན་ཞིང་ཕན་ཚུན་དབར་གུས་བརྩི་དང་མཐུན་སྒྲིལ་ངང་གནས་པའི་རྒྱལ་ཁབ་ཞིག་ཆགས་ཀྱི་ཡོད་པ་དང་། དེ་བཞིན་འཛམ་གླིང་ནང་གི་མི་འབོར་ཕོན་ཆེ་ཤེས་དང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཀྱང་ཡིན་པར་བཀའ་བསྩལ་བ་དང་འབྲེལ། རྒྱ་གར་གྱི་གནས་བབས་དེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གོང་འཕེལ་འགྲོ་བཞིན་ཡོད་པ་དང་། ང་ཚོའི་འཛམ་གླིང་འདི་ནི་རིམ་པས་ཕན་ཚུན་དབར་གཅིག་ལ་གཅིག་བརྟེན་གྱི་གནས་སྟངས་ཤུགས་ཆེ་ཆགས་བཞིན་ཡོད་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་འདིས་གོ་ལ་ཡོངས་མཐུན་སྒྲིལ་གྱི་ཐོག་ནས་ཞི་བདེ་ལྡན་པ་ཞིག་ཡོང་བར་སྣེ་ཁྲིད་ཀྱིས་ལམ་སྟོན་གནང་བར་ཐུགས་རེ་མཛད་ཀྱི་ཡོད་སྐོར་བཀའ་སྩལ་བ་དང་། ཆབས་ཅིག་ཏུ་རྒྱ་གར་གྱི་གཙིགས་ཆེ་བའི་འཚེ་མེད་ཞི་བ་དང་སྙིང་རྗེ་གཞིར་བཞག་པའི་རྒྱ་གར་གྱི་གནའ་བོའི་ལེགས་བཤད་དག་དེང་གི་དུས་སྐབས་སུའང་ཆེས་ཉེར་མཁོ་བའི་རིག་གནས་ཤིག་ཆགས་ཡོད་སྐོར་ལམ་སྟོན་བཀྲིན་ཆེ་བ་མཛད་འདུགམགོན་པོ་༸གང་ཉིད་མཆོག་གིས་ད་དུང་རྒྱ་གར་རྒྱལ་ཁབ་འདིར་རང་ཉིད་ཀྱི་ཐུན་མིན་གནའ་བོའི་ལེགས་བཤད་དམ་ལེགས་བྱང་དང་དེང་རབས་ཀྱི་ཤེས་ཡོན་གཉིས་ཟུང་འབྲེལ་གནང་རྒྱུ་དང་དེ་བཞིན་འཛམ་གླིང་འདི་སྔར་ལྷག་ཞི་བདེ་ལྡན་པ་ཞིག་བསྐྲུན་རྒྱུའི་ཁྱད་ནུས་དམིགས་བསལ་བ་ཡོད་པར་བཀའ་སྩལ་མཛད་ཡོད་པ་རེད།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་འཛིན་མཆོག་ལ་འཁྲུངས་སྐར་གྱི་གསུང་འཕྲིན་མཇུག་ཏུ་བོད་མི་རྣམས་བཙན་བྱོལ་ལ་འབྱོར་ནས་མི་ལོ་ ༦༢ འཁོར་གྱི་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ་ཏེ་མགོན་པོ་༸གང་ཉིད་མཆོག་གིས་བོད་མི་ཡོངས་ཀྱི་སྐུ་ཚབ་མཛད་དེ་རྒྱ་གར་གཞུང་མང་གཉིས་ལ་བོད་མི་ཚོར་བཀྲིན་གཞལ་བར་དཀའ་བའི་གཏོང་ཕོད་དང་ཐུགས་བརྩེ་ཆེན་པོས་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ་མ་ཟད། རྒྱ་གར་གཞུང་མང་གཉིས་ནི་ང་ཚོ་བོད་མིར་དུས་ནམ་ཡང་བཀྲིན་ཆེན་པོ་ཞེས་བཀའ་སྩལ་མཛད་ཡོད། ལྷག་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་འཛིན་མཆོག་གི་འཁྲུངས་སྐར་ཉིན་མོ་དང་བསྟུན་གཟུགས་གཞི་བདེ་ཐང་ཡོང་བ་སོགས་ཀྱི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

Latest news