Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

བདམས་ཐོན་སྲིད་སྐྱོང་གིས་རྒྱ་ནག་ལ་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་ལ་འགྱུར་བ་མེད་པར་ནན་བཤད།

ཉེ་ལམ་ཟླ་ ༥ པའི་ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་བ་དང་སྦྲགས།  རྒྱ་ནག་གི་དཔྱད་ཞིབ་པས་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་གསལ་བསྒྲགས་བྱས་ཡོད་ཀྱང་གཞུང་འཛིན་གསར་བས་བོད་རང་བཙན་རྩོད་རྒྱུའི་བཞེངས་ཕྱོགས་དེར་འགྱུར་བ་གཏང་གི་མ་རེད་ཅེས་བཤད་འདུགདེ་ཡང་ཁ་ཉིན་རྒྱ་ནག་གཞུང་འབྲེལ་གྱི་Global Times གསར་ཁང་ནས་འདོན་སྤེལ་བྱས་པའི་གནས་ཚུལ་ནང་།  ཚོགས་ཟུར་སྤེན་པ་ཚེ་རིང་ལགས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་བདམས་ཐོན་བྱུང་ཡོད་ཀྱང་གཞུང་འཛིན་གསར་པའི་བོད་རང་བཙན་རྩོད་རྒྱུའི་བཞེངས་ཕྱོགས་ལ་འགྱུར་བ་གཏང་གི་མ་རེད་ཅེས་དང་།   ལྷག་པར་འདི་ལོའི་འོས་བསྡུའི་བརྒྱུད་རིམ་ཁྲོད་བཙན་བྱོལ་བོད་མིའི་ནང་ཁུལ་གྱི་རྙོག་གྲ་ཡོངས་མངོན་གསལ་བྱུང་བ་མ་ཟད།  ནང་ཁུལ་གྱི་རྩོད་རྙོག་དེ་བཞིན་ཇེ་སྡུག་ཏུ་བཏང་ཡོད་པར་བཤད་འདུག རྒྱ་ནག་གི་བོད་གནས་ཉམས་ཞིབ་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་ Xiao Jie ཡིས་གསར་ལམ་དེའི་ཐོག་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་དང་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྣམ་གཉིས་ཀྱིས་རྒྱབ་ལྗོངས་མཚུངས་བསྡུར་དང་སྦྲགས།  བཙན་བྱོལ་སྒྲིག་འཛུགས་དེ་བཞིན་སུས་འགོ་ཁྲིད་ཀྱང་ཏཱ་ལའི་རུ་ཚོགས་ནས་བོད་རང་བཙན་ཆེད་དུ་འཐབ་རྩོད་བྱེད་རྒྱུའི་རང་བཞིན་ལ་འགྱུར་བ་ཐེབས་ཐབས་མེད་པ་བཤད་འདུགདེ་བཞིན་བཙན་བྱོལ་སྤྱི་ཚོགས་ནང་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་དབང་ཚད་ཐ་དད་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་དེ་བཞིན་ཕྱི་རྒྱལ་ནས་རྒྱབ་སྐྱོར་འཚོལ་རྒྱུའི་ཚོགས་པ་ཞིག་དང་།  སྲིད་སྐྱོང་ནི་ཚོགས་པ་དེའི་འགོ་ཁྲིད་ལྟ་བུ་ཞིག་ཡིན་པ་བཤད་འདུག་པ་མ་ཟད།   ཁོས་རྒྱ་ནག་གཞུང་ནས་ད་ལྟ་བོད་མིའི་སྒྲིག་འཛུགས་ལ་འབྲེལ་བ་བྱེད་ཀྱི་མ་རེད་ལ།   རྒྱ་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་མུ་མཐུད་སྤེལ་གྱི་རེད་ཅེས་བཤད་འདུག མ་ཟད་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་ Zhu Weiqun ཡིས་གསར་ཁང་དེར་དབུ་མའི་ལམ་གྱི་སྲིད་བྱུས་ཟེར་བ་དེ་ནི་བོད་ལ་ཚད་མཐོའི་རང་སྐྱོང་དང་དེའང་རིམ་བཞིན་རང་བཙན་རྩོད་རྒྱུའི་སྲིད་བྱུས་ཤིག་ཡིན་པས།  འདི་ནི་ཡོང་མི་སྲིད་པ་ཞིག་ཡིན་པ་བཤད་འདུག  མ་ཟད།  ཁོས།  འདས་པའི་དུས་ཡུན་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ལས་དོན་གཅིག་རྗེས་གཉིས་མཐུད་ལམ་ལྷོང་བྱུང་མེད་པ་དང་དེ་འབྲེལ་གྱི་གནས་སྟངས་གཅིག་མཚུངས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འཕྲད་ངེས་ཡིན་པ་དང་ཆབས་ཅིག  སྤེན་པ་ཚེ་རིང་ལགས་ནས་གདོང་ལེན་བྱེད་དགོས་པའི་གནས་ཚུལ་གལ་ཆེ་གཅིག་ནི་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཆགས་ཀྱི་ཡོད་པ་བཤད་འདུག ད་དུང་ཁོས་༸གོང་ས་མཆོག་ནི་ཏཱ་ལའི་རུ་ཚོགས་ཀྱི་གཙོ་བོ་ཞིག་ཡིན་སྟབས། ཏཱ་ལའི་རུ་ཚོགས་ཀྱི་འབྱུང་འགྱུར་ནི་བཤད་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད་འདུག   འདི་ག་རླུང་འཕྲིན་ཁང་ནས་དེ་རིང་རྒྱ་ནག་གི་ Global Times གསར་ཤོག་སྤེལ་བའི་གནས་ཚུལ་དེའི་སྐོར་ལ་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་སྐབས།  ཁོང་གིས།  Zhu Weiqun ཡིས་གནས་ཚུལ་དེའི་ནང་གང་བཤད་པ་དེ་གསར་པ་གང་ཡང་མིན་པ་དང་།  ལྷག་པར་དུ་བོད་གནས་ཉམས་ཞིབ་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་ Xiao Jie ཟེར་བས་བཤད་པ་དེ་རང་ངོས་ནས་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་ལ་ང་ཚོས་སྙོབས་རྒྱུ་ཐབས་ཤེས་བྱེད་རྒྱུ་་ཡིན་ཞེས་བརྗོད་པ་དེར་ལན་ལྟ་བུ་ཞིག་གོ་བ་ལེན་གྱི་ཡོད་པ་དང་།  ཁོ་རང་ཚོས་བཤད་པ་དེ་སྤྱིར་བཏང་གི་ལངས་ཕྱོགས་ཙམ་ཞིག་མ་གཏོགས་དོན་ངོ་མའི་ཐོག་རྒྱ་གཞུང་གི་བསམ་ཚུལ་ཅིག་ཡིན་པ་ངོས་འཛིན་ཞུ་ཐུབ་ཐབས་མེད་གསུངས་པ་དང་ཆབ་ཅིག བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་གང་ཡིན་པ་དེ་དེ་སྔ་ནས་གང་བཤད་པ་དེར་འགྱུར་བ་རྩ་བ་ནས་མེད་པ་སྐོར་གསུངས་བྱུང་། རྩ་བའི་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ།   བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གཞུང་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཐད་ཐེ་ཇུས་བྱེད་རྒྱུའི་འགན་དབང་མེད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་རྣམས་ཀྱིས་ཆོས་་ཁས་ལེན་བྱེད་ཀྱི་མེད་པར་འགྲེལ་བརྗོད་ཀྱིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ནི་ཆོས་ཕྱོགས་དང་འབྲེལ་བ་ཆགས་ཀྱི་ཡོད་སྐོར་གསུངས་ཡོད་པ་རེད།

ཨ་རིའི་གཞུང་གིས་གྲོས་མོལ་ནི་བོད་ཀྱི་གནད་དོན་སེལ་རྒྱུར་ཐབས་ལམ་བཟང་ཤོས་ཤིག་ཏུ་ངོས་འཛིན།

ཨ་རིའི་སྲིད་འཛིན་སྐུ་ཞབས་ཇཱོ་བྷ་ཊན་མཆོག་གི་སྣེ་ཁྲིད་པའི་ཨ་རིའི་སྲིད་གཞུང་གི་ངོས་ནས་བོད་རྒྱ་གྲོས་མོལ་གནང་རྒྱུ་དེ་ནི་ཕྱོགས་གཉིས་ཀྱི་དཀའ་རྙོག་སེལ་རྒྱུ་དང་། ལྷག་པར་དུ་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོག་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་རང་དབང་སྒོ་ནས་ཉམས་ལེན་དང་འཛིན་སྐྱོང་ཐུབ་རྒྱུ་སོགས་ཕུགས་རྒྱང་རིང་པོ་ལ་དགེ་མཚན་ཆེ་བའི་ཐབས་ལམ་དང་རེ་བ་བཟང་ཤོས་ཤིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་གསུངས་འདུགཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ ༢༠༠༢ ཀྱི་དགོངས་དོན་འོག་ལོ་ལྟར་ཨ་རིའི་སྲིད་འཛིན་མཆོག་དང་ཕྱི་སྲིད་ལས་ཁུངས་གཉིས་ནས་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་ཐོག་ལས་དོན་ག་རེ་གནང་ཡོད་མེད་ཀྱི་སྙན་ཐོ་ཞིག་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་འབུལ་དགོས་ཀྱི་ཡོད་ལྟར། ཟླ་བ་འདིའི་ཕྱི་ཚེས་ ༡ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་འདས་ལོའི་ཕྱི་ཟླ་ལྔ་པ་ནས་འདི་ལོའི་ཕྱ་ཟླ་བཞི་པའི་བར་གྱི་ལོ་འཁོར་སྙན་ཐོ་དེ་གྲོས་ཚོགས་ཀྱི་ཚོགས་ཆུང་སོ་སོར་ཕུལ་ཡོད་པ་དང་། དེ་ནི་བྷ་ཊན་སྲིད་གཞུང་གིས་བོད་རྒྱ་གྲོས་མོལ་ཐད་ཀྱི་སྙན་ཐོ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། སྙན་ཐོ་དེའི་སྔོན་གླེང་གི་ནང་དུ་ཕྱི་ལོ་ ༢༠༡༠ ལོ་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་༧གོང་ས་མཆོག་གམ་མགོན་པོ་གང་ཉིད་མཆོག་གི་སྐུ་ཚབ་དབར་གཞུང་འབྲེལ་གྱི་འབྲེལ་མོལ་བྱུང་མེད་པ་དང་། ཨ་རིའི་སྲིད་གཞུང་གི་ངོས་ནས་དུས་རྟགས་ཏུ་བོད་རྒྱའི་བར་ཆ་རྐྱེན་གང་ཡང་མེད་པའི་ཐོག་དོན་སྙིང་ལྡན་པའི་གྲོས་མོལ་ཡོང་རྒྱུར་སྐུལ་འདུད་བྱེད་བཞིན་ཡོད་པ་མ་ཟད། ལྷག་པར་དུ་ད་ལྟའི་ཆ་ལ་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་ཙམ་ཡང་མེད་པའི་ཁར། རྒྱ་ནག་གཞུང་ནས་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་རྩིད་མེད་རྡོག་རོལ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་རྩ་མེད་གཏོང་ཐབས་བྱེད་བཞིན་པར་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པ་གསུངས་བ་དང་ཆབས་ཅིག རྒྱ་ནག་གཞུང་ནས་བློ་འཚབ་ཅན་གྱི་གནད་དོན་དེ་དག་ཁ་གསལ་བཟོས་ཏེ། བོད་རྒྱ་གཉིས་ཀྱི་གནད་དོན་ཞི་འགྲིག་ཡོང་རྒྱུར་འབད་བརྩོན་གནང་དགོས་པ་མ་ཟད། དེ་ནི་བོད་རྒྱ་གཉིས་དབར་ཕུགས་ནས་ཞི་བདེ་ལྷིང་འཇགས་ཡོང་རྒྱུའི་དགེ་མཚན་ཡང་ཡོད་པ་གསུངས་འདུག མ་ཟད་ཨ་རིའི་སྲིད་གཞུང་གི་རྩ་བའི་སྲིད་བྱུས་ཀྱི་ཆ་ནས་བོད་འདི་རྒྱ་ནག་གྱི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། ད་ལྟའི་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སུ་གྲོས་མོལ་གནང་རྒྱུ་དང་། ལྷག་པར་དུ་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོག་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཉམས་ལེན་དང་འཛིན་སྐྱོང་ཐུབ་པ་གནང་རྒྱུ་སོགས་ནི་ཕུགས་རྒྱང་རིང་བོ་ལ་དགེ་མཚན་ཆེ་བའི་ཐབས་ལམ་དང་རེ་བ་བཟང་ཤོས་ཤིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་གསུངས་འདུག དེ་བཞིན་ཐེངས་འདིའི་སྙན་ཐོའི་ནང་ལ། རྒྱ་ནག་གཞུང་གིས་བོད་ཀྱི་ས་གནས་ཁག་ཏུ་འཛིན་པའི་སྲིད་བྱུས་ཁག་ལ་བསྐྱར་བཅོས་གནང་སྟེ། བོད་མི་ཚོར་རང་ཉིད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མངོན་འདོད་རྣམས་རང་དབང་ཐོག་ནས་གསུང་རྒྱུའི་ཐོབ་ཐང་སྤྲོད་དགོས་པ་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་སྐུ་ཚབ་དང་གསར་འགོད་པ། དེ་བཞིན་ཡུལ་སྐོར་བ་རྣམས་བོད་ཀྱི་ས་གནས་ཁག་ཏུ་རང་དབང་ཐོག་སྐྱོད་རྒྱུར་དམ་དྲག་བྱེད་བཞིན་པ་རྣམས་ཕྱིར་འཐེན་བྱེད་དགོས་པ། དེ་བཞིན་རྒྱ་ནག་གཞུང་ནས་བླ་སྤྲུལ་ངོས་འཛིན་གྱི་གནད་དོན་གཙོས་པའི་བོད་མིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་ཐེ་བྱུས་བྱེད་བཞིན་པ་རྣམས་མཚམས་འཇོག་བྱེད་དགོས་པ་སོགས་ཀྱི་དགོས་འདུན་ཁག་ཅིག་བཏོན་འདུག་པ་མ་ཟད། སྔར་ལོའི་ཕྱི་ཟླ་བདུན་པའི་ནང་རྒྱ་ནག་གཞུང་ནས་ཁྲིན་ཏོའུ་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་སྒོ་བརྒྱབ་པ་དེ་ཡིས། ཨ་རི་གཞུང་ནས་བོད་ནང་གི་གནས་སྟངས་རྒྱུས་ལོན་བྱེད་རྒྱུར་འགོག་རྐྱེན་འཕར་མ་ཞིག་བཟོས་ཡོད་པ་གསུངས་འདུགགཞན་ཡང་སྙ་ཐོ་དེའི་ནང་འདས་ལོའི་ཕྱི་ཟླ་དགུ་པའི་ནང་སྐབས་དེའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo ལགས་ནས་རྒྱ་ནག་གཞུང་གིས་ཆ་རྐྱེན་མེད་པར་༧གོང་ས་མཆོག་གམ་མགོན་པོ་གང་ཉིད་མཆོག་གི་སྐུ་ཚབ་ལྷན་དུ་གྲོས་མོལ་གནང་དགོས་པ་བསྐྱར་ནན་གནང་པ་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་ Robert A. Destro  ལགས་ནས་དྲ་ཐོག་བརྒྱུད་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་དང་གསར་འགོད་པ་སོགས་དང་མཇལ་འཕྲད་གནང་སྟེ་བོད་དོན་གླེང་སློང་གནང་བ་ཁག་གསལ་སྟོན་གནང་འདུག ཐེངས་འདིའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་དེ་དང་འབྲེལ། ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས། སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གི་སྣེ་ཁྲིད་པའི་ཨ་རིའི་སྲིད་གཞུང་ནས་ཨ་རི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་གཞིའི་དགོངས་དོན་འོག་བོད་རྒྱ་གྲོས་མོལ་ཡོང་ཐབས་སུ་རྒྱལ་སྤྱིའི་རྒྱལ་ཁབ་གཞན་དང་ཟུང་འབྲེལ་ཐོག་ནུས་པ་སྔར་ལྷག་འདོན་དགོས་བ་དང་། སྔར་ལོ་ལྟར་མ་ཡིན་པར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དེ་བཞིན་གང་མགྱོགས་བསྐོ་བཞག་གནང་དགོས་པའི་རེ་སྐུལ་གནང་འདུག གཞི་རྩའི་ཨ་རིའི་གཞུང་ནས་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་དང་འབྲེལ་བའི་སྙན་ཐོ་ཐེངས་དང་པོ་དེ་སྤྱི་ལོ་ ༢༠༠༣ ལོར་སྲིད་འཛིན་སྐུ་ཞབས་ George W. Bush མཆོག་གི་ཡུལ་དེའི་གྲོས་ཚོགས་སུ་སྙན་སྒྲོན་གནང་ཡོད་པ་དང་། ད་ལྟའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ཇཱོ་བྷ་ཊན ་མཆོག་གིས་འོས་བསྡུའི་བརྒྱུད་རིམ་ཁྲོད་མ་འོངས་སྲིད་འཛིན་དུ་འཁོད་པ་ཡིན་ན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་མཇལ་འཕྲད་ཞུ་རྒྱུ་མ་ཟད། བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་སླད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་དང་། བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་གནང་གི་ཡིན་ཞེས་གསུངས་ཡོད་པ་རེད།

༸གོང་ས་མཆོག་དང་ཆོས་དཔོན་ཊུ་ཊུ་གཉིས་ཀྱི་མཛའ་འབྲེལ་གྱི་གློག་བརྙན་གསར་ཐོན།

Academy Award ཞེས་པའི་རྒྱལ་སྤྱིའི་ཁྲོད་གློག་བརྙན་དང་འབྲེལ་བའི་གཟེངས་རྟགས་ཆེ་ཤོས་བཞེས་མྱོང་མཁན་གློག་བརྙན་བཟོ་སྐྲུན་པ་གྲགས་ཅན་ Louie Psihoyos ལགས་ཀྱིས་དཀའ་སྡུག་གི་དུས་སུ་བདེ་སྐྱིད་འཚོལ་བ་ཞེས་པའི་༸གོང་ས་མཆོག་དང་ཡི་ཤུའི་ཆོས་དཔོན་ཊུ་ཊུ་གཉིས་དབར་གྱི་མཛའ་བརྩེའི་འབྲེལ་ལམ་དང་མཇལ་མོལ་སྐོར་གྱི་གློག་བརྙན་ཞིག་བཟོ་སྐྲུན་གནང་འདུག་པ་དང་། གློག་བརྙན་འདི་ནི་འདི་ལོའི་ Tribeca གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་ཞུ་རྒྱུ་རེད་འདུག དེ་ཡང་ཉེ་ཆར་ Tribeca གློག་བརྙན་བཟོ་སྐྲུན་ཁང་དང་དུས་སྟོན་གོ་སྒྲིག་པའི་དྲ་གནས་ཐོག་རིང་མིན་ཕྱི་ཟླ་ ༦ པའི་ནང་དྲ་ཐོག་བརྒྱུད་འཚོགས་འཆར་ཡོད་པའི་ལོ་འདིའི་ Tribeca གློག་བརྙན་དུས་སྟོན་ཐོག་སྐུ་ཞབས་ Louie Psihoyos ལགས་དང་། Peggy Callahan གཉིས་ཀྱི་ཟུང་འབྲེལ་ཐོག་བཟོ་བསྐྲུན་གནང་བའི་གློག་བརྙན་དེ་གཟིགས་འབུལ་གནང་རྒྱུ་ཡིན་པ་དང་། གློག་བརྙན་དེའི་ནང་དུ་དཀའ་ངལ་མང་དག་ཅིག་ལ་གདོང་ལེན་གནང་སྟེ་འཛམ་གླིང་འདིའི་ཉེ་བའི་ལོ་རྒྱུས་ཀྱི་ནང་དུ་མཛད་རྗེས་རླབས་ཆེན་འཇོག་མཁན་འཛམ་གླིང་ཞི་བདེའི་དེད་དཔོན་རྣམས་གཉིས་དབར་མཇལ་འཕྲད་བྱུང་བའི་བརྙན་པར་ཁག་ཅིག་དང་འགུལ་རིས་བརྙན་པར་གསལ་སྟོན་གནང་བ་མ་ཟད། དེ་བརྒྱུད་དབུ་ཁྲིད་གཉིས་དབར་གྱི་ཁྱད་དུ་འཕགས་པའི་མཛའ་བརྩེའི་འབྲེལ་བ་དང་ཆབས་ཅིག དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་གཞུང་ལ་གདོང་ལེན་དང་འབྲེལ་བའི་སྐུ་སྒེར་གྱི་ངལ་བ་ཁག་དང་དྲང་བདེན་གྱི་ཆེད་དུ་འཐབ་རྩོད་ཀྱི་འགན་བཞེས་པའི་ཐོག་ནས་འཛམ་གླིང་འགོ་ཁྲིད་ཀྱི་འགན་ཁུར་བཞེས་པའི་དབུ་ཁྲིད་རྣམས་ཀྱི་ལོ་རྒྱུས་བཅས་གསལ་འདོན་གནང་ཡོད་པ་རེད་འདུག Mission Joy ཞེས་པའི་གློག་བརྙན་འདིའི་ནང་དུ། དེ་སྔ་མཛའ་གྲོགས་གཉིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བདུན་ཕྲག་གཅིག་རིང་ལྷན་འཛོམས་ཀྱིས་ཕྱག་ཚོད་བཏང་བའི་བརྙན་པར་ཁག་ཅིག་གཟིགས་འབུལ་བརྒྱུད། དབུ་ཁྲིད་གཉིས་ཀྱིས་གནས་སྟངས་འདྲ་མིན་ལ་མ་ལྟོས་པར། ཐུགས་སྤྲོ་སྣང་ལྡན་པའི་སྒོ་ནས་ཕན་ཚུན་ལ་བློ་བསྐྱེད་གནང་བ་ཁག་མངོན་གསལ་གནང་ཡོད་པ་རེད་འདུག རྩ་བའི་ Tribeca གློག་བརྙན་དུས་སྟོན་དེ་བཞིན་ལོ་ལྟར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནང་དུ་འཚོགས་ཀྱི་ཡོད་ཀྱང་། སྔར་ལོ་གཉན་རིམས་རྐྱེན་པས་འཚོགས་མ་ཐུབ་པར། འདི་ལོའི་ཕྱི་ཟླ་ ༦ པའི་ནང་ནང་དུ་དྲ་རྒྱའི་ཐོག་ནས་འཚོགས་གཏན་ཁེལ་ཡོད་པ་རེད་འདུག Mission Joy: Finding Hapiness in Troubled Times ཞེས་པའི་གློག་བརྙན་འདི་དྲ་ཐོག་དུས་སྟོན་འདིའི་ཁྲོད་ཕྱི་ཟླ་ ༦ པའི་ཚེས་ ༡༢ ཉིན་རྒྱབ་ཕྱག་ཚོད་གཉིས་པའི་ཐོག་གཟིགས་འབུལ་གནང་རྒྱུ་རེད་འདུག

རྒྱ་གཞུང་གིས་ཆོས་དད་རང་དབང་ལ་མུ་མཐུད་དམ་དྲག་བྱེད་བཞིན་པ་མངོན་གསལ།

རྒྱ་ནག་གཞུང་ནས་རྒྱ་ནག་སྤྱི་དང་། ལྷག་པར་དུ་བོད་དང་ཤིན་ཅང་། ཧོང་ཀོང་དང་མེ་ཀའོ་སོགས་ཀྱི་ནང་ལ་གསལ་ཁ་མེད་པའི་ཐ་སྙད་དང་ཁྲིམས་སྒྲིག་གཏན་འབེབས་བྱས་ཏེ་ས་གནས་མང་ཚོགས་ཀྱི་གཞི་རྩའི་ཆོས་དད་རང་དབང་ལ་མུ་མཐུད་དམ་དྲག་དང་ཚོད་འཛིན་བྱས་པ་མ་ཟད། ཆོས་ཕྱོགས་ཀྱི་ལས་དོན་ནང་ཞུགས་མཁན་ཁག་ཅིག་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ལ་ཁ་གཡར་ཏེ་འཛིན་བཟུང་བཙན་ཁྲིད་དང་བཙོན་འཇུག་སོགས་ཀྱང་བྱེད་བཞིན་པ་མངོན་གསོལ་གནང་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༡༢ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་འདས་ལོའི་ཕྱི་ཟླ་དང་པོ་ནས་ཕྱི་ཟླ་བཅུ་གཉིས་བར་རྒྱལ་སྤྱིའི་རྒྱལ་ཁབ་༢༠༠ ཙམ་གྱི་ཆོས་དད་རང་དབང་གི་གནས་བབ་ཐོག་དཔྱད་ཞིབ་གནང་སྟེ་་ཕྱི་ལོ་༢༠༢༠ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་བཏོན་གནང་འདུག་པ་དང་། སྙན་ཐོ་དེའི་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་ས་གནས་ཀྱི་མང་ཚོགས་རྣམས་ལ་ཆོས་དད་རང་དབང་གི་ཐོབ་ཐང་ཡོད་པ་ཁ་གསལ་འཁོད་ཡོད་པ་ལྟར། རྒྱ་ནག་གི་འགོ་ཁྲིད་ཚོས་ཀྱང་ས་གནས་ཀྱི་མང་ཚོགས་རྣམས་ནས་ཆོས་དད་རང་དབང་ལོངས་སུ་སྤྱོད་བཞིན་ཡོད་སྐོར་འགྲེལ་བརྗོད་བྱེད་བཞིན་ཡོད་ཀྱང་། དོན་དངོས་ལག་བསྟར་ཐོག་རྒྱ་ནག་གཞུང་ནས་ཡུལ་དེའི་ཁྲིམས་སྒྲིག་དང་བཀའ་ཁྱབ་ཁག་གི་ནང་ལ་རྒྱུན་ལྡན་གྱི་ཆོས་ཕྱོགས་ལས་དོན་ཞེས། རྒྱུན་ལྡན་ཞེས་པའི་ཐ་སྙད་དེའི་ནང་ལ་བྱེད་སྒོ་གང་ཚུད་ཀྱི་ཡོད་མེད་དང་། དེའི་འགྲེལ་བརྗོད་གང་ཡིན་གསལ་ཁ་མེད་པར་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་ཚོད་འཛིན་དམ་དྲག་བྱེད་བཞིན་པ་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་ཞེས་པའི་ཐ་སྙད་དེའི་འོག་རྒྱ་ནག་སྤྱི་དང་། བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་རྒྱ་ནག་གཞུང་གི་བཀའ་ཁྲོལ་དང་རྒྱབ་གཉེར་མེད་པར་ཆོས་ཕྱོགས་ཀྱི་ལས་དོན་གང་ཡང་སྤེལ་མི་ཆོག་པ་སོགས་ཀྱི་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་མངོན་གསལ་གནང་འདུགལྷག་པར་དུ་སྙན་ཐོ་དེའི་ནང་གསལ་བའི་བོད་ནང་གི་ཆོས་དད་རང་དབང་གི་ཚན་པའི་ཁོངས་སུ། རྒྱ་ནག་གཞུང་ནས་བོད་ནང་ལ་བོད་ཀྱི་ནང་ཆོས་སློབ་གཉེར་དང་ དེ་འབྲེལ་འདུ་འཛོམས་ཀྱི་བྱ་བཞག དེ་བཞིན་ཆོས་ཕྱོགས་མི་སྣ་ཁག་ལ་དམིགས་བསལ་གྱི་དམ་དྲག་དང་དོགས་ཟོན་བྱས་པ།  ༧གོང་ས་མཆོག་དབུས་པའི་ཕྱི་ཕོགས་སུ་བཞུགས་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་། ཚོགས་པ་ཁག་གི་སློབ་གསོ་དང་ཤུགས་རྐྱེན་འོག་མ་ཚུད་པར། དེ་དག་ལ་གདོང་ལེན་བྱེད་དགོས་པ་སོགས་བཤད་པ་མ་ཟད། ཆོས་ཕྱོགས་ཀྱི་ལས་དོན་ཁག་ཏུ་ཞུགས་མཁན་རྣམས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པས་འགྲེལ་བརྗོད་བྱས་པའི་ཆོས་ཕྱོགས་ཀྱི་རྩ་འཛིན་ཁག་ལ་བརྩི་བཀུར་དང་། རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་རྒྱལ་ཁབ་གཉིས་རྒྱལ་ཞེན་གྱི་བསམ་བློ་བཅངས་དགོས་པའི་བཀའ་རྒྱ་གཏོང་བཞིན་པ་གསལ་འདུགམ་ཟད་འདས་ལོ་དེའི་ནང་རྒྱ་ནག་གཞུང་ནས་ཆོས་ཕྱོགས་དང་འབྲེལ་བའི་སྡེ་ཚན་ཁག་གི་འཛིན་སྐྱོང་ལས་དོན་དང་འབྲེལ་བའི་སྒྲིག་གཞི་ཁག་ལ་བསྐྱར་ཞིབ་བྱས་ཏེ། རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་གཙོས་པའི་བོད་ཀྱི་ས་གནས་ཁག་ཏུ་ཆོས་ཕྱོགས་ཀྱི་ལས་དོན་ནང་ཞུགས་པའི་རྐྱེན་གྱིས་ཉེས་མེད་འཛིན་བཟུང་དང་། མནར་གཅོད་བཏང་བ། དེ་བཞིན་གར་སོང་ཆ་མེད་དུ་བསྒྱུར་་བ་དང་བཀག་ཉར་བྱས་ཡོད་པ་སོགས་ཀྱི་གྲངས་འབོར་ཇེ་མང་དུ་ཕྱིན་ཡོད་པ་མ་ཟད། ས་གནས་མི་མང་ཁག་ཅིག་མནར་གཅོད་དེ་དག་ཁྲོད་ཚེ་སྲོག་ཤོར་བ་དང་། ཁག་ཅིག་གློད་བཀྲོལ་བཏང་ཡོད་ཀྱང་བཀག་ཉར་བྱེད་པའི་སྐབས་སུ་མནར་གཅོད་འདྲ་མིན་བཏང་སྟབས་སྐུ་ཚེ་མ་ཟིན་པའི་གནས་སྟངས་སོགས་བྱུང་ཡོད་པ་དང་། ལྷག་པར་དུ་འདས་ལོ་དེའི་ནང་རྒྱ་ནག་གཞུང་ནས་ལས་རིགས་སྦྱོང་བརྡར་སོགས་ཀྱི་མིང་བྱང་འོག་ས་གནས་མི་མང་རྣམས་དམག་གི་རང་བཞིན་ལྡན་པའི་ངལ་རྩོལ་གྱི་སྦྱོང་བརྡར་དང་རྒྱ་ནག་གི་ལྟ་གྲུབ་དང་མཐུན་པའི་སློབ་གསོའི་རིགས་འདྲ་མིན་སྤེལ་ཏེ་སོ་སོའི་ཕ་མེས་ནས་མཆེད་པའི་ཆོས་ཕྱོགས་ཀྱི་དད་མོས་དང་བྱེད་སྒོ་ཁག་དང་རྒྱང་ཐག་རིང་དུ་གཏོང་བཞིན་པ་ཡང་གསལ་སྟོན་གནང་འདུག  གཞན་ཡང་སྙན་ཐོ་དེའི་ནང་ལ་རྒྱ་ནག་གཞུང་ནས་བོད་ནང་གི་རྩོམ་པ་པོ་དང་། གཞས་བ་དང་སྒྱུ་་རྩལ་བ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གསོ་བ། དེ་བཞིན་༧གོང་ས་མཆོག་དབུས་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཁག་གི་བཀའ་ཆོས་དང་བཀའ་སློབ་ཁག་ལ་བརྩི་བཀུར་ཞུ་མཁན་རྣམས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་མུ་མཐུད་འཛིན་བཟུང་བྱེད་བཞིན་པ་མ་ཟད། བོད་ཀྱོ་དགོན་སྡེ་ཁག་གི་གྲྭ་བཙུན་གྱི་གྲངས་འབོར་ལ་ཚད་བཀག་བཟོས་ཏེ་ད་བར་བོད་ནང་གི་ཆོས་སྡེ་ཆེ་ཁག་བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་ནས་གྲ་བཙུན་༡༧༠༠༠ ཙམ་ཕྱིར་ཕུད་བཏང་ཟིན་པ་མ་ཟད། དགོན་སྡེ་ཁག་ཅིག་ཏུ་༧གོང་ས་མཆོག་གི་སྐུ་པར་ཚབ་ཏུ་རྒྱ་ནག་གི་འགོ་ཁྲིད་མའོ་དང་ཞི་ཅིན་ཕིང་གི་པར་འགྲེམ་སྤེལ་བྱེད་དུ་བཅུག་པ་དང་། ལྷག་པར་དུ་ད་ལྟའི་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ཁ་ལ་ཁ ལ་ཁྱེར་ཏེ་དེ་སྔ་ནས་ཆོས་སྡེ་ཁག་ལ་གསང་བའི་ལྟ་སྲུང་གི་ཡོ་ཆས་བཙུགས་ཏེ་གྲྭ་བཙུན་རྣམས་ཀྱི་ཉིན་རེའི་བྱ་བཞག་ལ་ཚོད་འཛིན་བྱེད་མུས་ཐོག ས་གནས་གཅིག་ནས་གཞན་དུ་བསྐྱོད་སྐབས་རྒྱ་གཞུང་གི་ལས་བྱེད་ཀྱིས་བཀའ་འཁྲོལ་དགོས་པ་སོགས་བཟོས་ཏེ་དམ་དྲག་རིགས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་ཐེར་འདོན་གནང་འདུགདེ་བཞིན་རྒྱ་ནག་གཞུང་ནས་འདས་ལོ་དེའི་ནང་བོད་ནང་གི་བོད་ཕྲུག་ལོ་ངོ་༡༨ མན་རྣམས་ཆོས་ཕྱོགས་ཀྱི་ལས་དོན་ལ་ཞུགས་མི་ཆོག་པ་བཟོས་པ་དང་། སློབ་གྲྭ་ཁག་ཏུ་རྒྱ་ཡིག་གཙོ་བཟུང་ཐོག་སློབ་ཁྲིད་དགོས་པ། དགོན་སྡེ་ཁག་གི་གྲ་བཙུན་རྣམས་ངེས་པར་དུ་ཆབ་སྲིད་སློབ་གསོའི་ནང་ཞུགས་དགོས་པ། ཆོས་སྡེ་ཁག་གི་འཛིན་སྐྱོང་ལས་དོན་ཁྲོད་རྒྱ་ནག་གཞུང་གི་མི་སྣ་བསྐོ་བཞག་ངེས་པར་དུ་བྱེད་དགོས་པ། རྒྱ་ནག་གི་ངོས་འཛིན་བྱས་པའི་༧པཎ་ཆེན་རིན་པོ་ཆེ་ལ་བརྩི་བཀུར་བྱེད་དགོས་པ་སོགས་ཆོས་དད་རང་དབང་གཙོས་པའི་གཞི་རྩའི་ཐོབ་ཐང་སྤྱི་ཡོངས་ཐོག་ལ་དམ་དྲག་བྱེད་བཞིན་པ་ཁག་མངོན་གསལ་དང་སྦྲགས། རྒྱ་ནག་གཞུང་ནས་མུ་མཐུད་བོད་ནང་གི་གནས་སྟངས་དེ་དག་ཐོག་ཉམས་ཞིབ་གནང་མཁན་ཕྱིའི་སྲིད་གཞུང་ཁག་གི་སྐུ་ཚབ་དང་། གསར་འགོད་པ་རྣམས་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་ཀྱང་། ཨ་རི་གཞུང་ནས་རྒྱ་ནག་ལ་ཡོད་པའི་ཨ་རི་གཞུང་ཚབ་དང་། ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་སོགས་བརྒྱུད་བོད་ནང་གི་གནས་སྟངས་རྒྱུས་ལོན་བྱེད་བཞིན་པ་མ་ཟད། ཨ་རིའི་ཁྲིམས་སུ་བཅད་པ་ Reciprocal Access to Tibet Act ཞེས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་འོག་ཆོས་དད་རང་དབང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རིག་གཏོང་མཁན་གྱི་རྒྱ་ནག་འགོ་ཁྲིད་རྣམས་ལ་ཉེས་ཆད་འགེལ་་རྒྱུ་དང་། ལྷག་པར་དུ་ཉེ་ཆར་གཏན་འབེབས་གནང་བའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་གཞིའི་དགོངས་དོན་འོག་བོད་ཀྱི་ཆོས་རིག་སྲུང་སྐྱོབ་དང་། ལྷག་པར་དུ་༸གོང་ས་མཆོ་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་བོད་མིའི་ཆོས་ཕྱོགས་དང་འབྲེལ་བའི་གནད་དོན་ཞིག་ཡིན་སྟབས་དེར་རྒྱ་ནག་གཞུང་ནས་ཐེ་བྱུས་བྱེད་རྒྱུའི་ཐོབ་ཐང་མེད་པ་ཁ་གསལ་འཁོད་པ་སོགས་གསལ་སྟོན་གནང་འདུགགཞི་རྩའི་ཨ་རི་ཕྱི་སྲིད་ལས་ཁུངས་ནས་ལོ་ལྟར་རྒྱལ་སྤྱིའི་ཐོག་ཆོས་དད་རང་དབང་གི་གནས་བབ་གོང་མཐོར་ཡོང་སླད་རྒྱལ་ཁབ་སོ་སོའི་ནང་གི་ཆོས་དད་རང་དབང་གི་གནས་བབ་ཐོག་སྙན་ཐོ་འདོན་སྤེལ་གནང་སྟེ། ཡུལ་དེའི་གྲོས་ཚོགས་སུ་ཕུལ་གྱི་ཡོད་པ་དང་། ད་རེས་ཡོངས་གྲགས་གནང་བའི་སྙན་ཐོའི་ནང་རྒྱ་ནག་གཞུང་ནས་བོད་ནང་ཙམ་མ་ཟད། རྒྱ་ནག་ཁྱོན་ཡོངས་སུ་ཡོད་པའི་ཡི་ཤུའི་ཆོས་དད་པ་དང་། ཁ་ཆེའི་ཆོས་དད་པ། དེ་བཞིན་རྩ་རླུང་ཆོས་འཁོར་རྒྱུད་འཛིན་མཁན་བཅས་ལ་ཡང་དེ་མཚུངས་ཀྱིས་དམ་དྲག་དང་མནར་གཅོད་གཏོང་བཞིན་པ་སོགས་གསལ་སྟོན་གནང་འདུག   མ་ཟད། སྙན་ཐོ་འདོན་སྤེལ་དང་འབྲེལ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken ལགས་ནས། ཆོས་དད་རང་དབང་ནི་འགྲོ་བ་མིའི་ཐོབ་ཐང་གི་ཆ་ཤས་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས། ཨ་རིའི་ངོས་ནས་དེའི་ཐོག་མུ་མཐུད་ལས་དོན་སྤེལ་རྒྱུ་སོགས་འགྲེལ་བརྗོད་གནང་འདུག

བྱམས་བརྩེས་ཀུན་ནས་བསླངས་བའི་ཐོག་ནས་སྨན་བཅོས་བྱེད་དགོས་གལ་བཀའ་སྩལ་བ།

ཁ་སང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ཐོག་བརྒྱུད་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་ཨ་རིའི་ཧར་ཝཌ་གཙུག་ལག་སློབ་གཉེར་ཁང་གི་སྨན་བཅོས་དང་གཙུག་ལག་སྡེ་ཚན་གྱི་ཚོགས་མི་རྣམས་ལ་བཀའ་སློབ་སྩོལ་སྐབས། ནད་པ་རྣམས་སྨན་ཁང་དུ་གུང་སེང་ལ་མ་ཡིན་པར་འ་ཆད་འུ་ཐུག་འོག་སླེབ་ཀྱི་ཡོད་སྟབས། སྨན་པ་དང་འཕྲོད་བསྟེན་ཞབས་ཞུ་བ་རྣམས་ཀྱིས་བརྩེ་བ་དང་སྙིང་རྗེའི་རང་བཞིན་ཐོག་ནས་སྨན་བཅོས་བརྒྱུད་ནད་པའི་རྒྱུད་ལ་གདེང་ཚོད་དང་རེ་བ་ཞིག་བསྐྲུན་དགོས་པའི་ལམ་སྟོན་བཀྲིན་མཛད་འདུགདེའང་དེ་རིང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གོང་ས་མཆོག་གིས་ཧར་ཝཌ་གཙུག་ལག་སློབ་ཆེན་གྱི་སྨན་བཅོས་སྡེ་ཚན་ལ་ཚུལ་མཐུན་སྨན་བཅོས་འཕྲོད་བསྟེན་གོང་སྤེལ་གཏོང་བའི་ཐབས་ཚུལ་ཞེས་པའི་བརྗོད་གཞིའི་སྐོར་བཀའ་སློབ་བསྩལ་བའི་དམིགས་བསལ་ལས་རིམ་དེའི་དུམ་བུ་ཞིག་ཡོངས་ཁྱབ་འདོན་སྤེལ་གནང་ཡོད་པ་དང་། དེའི་ནང་༸གོང་ས་མཆོག་གིས་གཙུག་ལག་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་དགའ་བསུའི་འཚམས་འདྲི་མཛད་པ་དང་སྦྲགས་མགོན་པོ་༸གང་ཉིད་མཆོག་གིས་དུས་རྟག་ཏུ་གཙུག་ལག་སློབ་ཆེན་འདིར་ཆེས་བསྔགས་བརྗོད་མཛད་ཀྱི་ཡོད་པ་དང་ལྷག་དོན་སློབ་གཉེར་ཁང་འདིར་བཀའ་སློབ་སྩོལ་རྒྱུའི་གོ་སྐབས་བྱུང་བར་སྤོབས་པ་ཡོད་ཅེས་བཀའ་བསྩལ་མཛད་དེ་རྒྱལ་སྤྱིའི་ཐོག་མཚན་སྙན་ཡོད་པའི་ཧར་ཝཌ་གཙུག་ལག་སློབ་གཉེར་ཁང་གི་ངོས་ནས་ད་ཆ་ཆེད་ལས་ཀྱི་སློབ་སྦྱོང་དང་ལྷན་དུ་བྱམས་བརྩེའི་སློབ་གསོའི་ཐོག་ལའང་འགན་ཁུར་ཆེ་ཙམ་བཞེས་ཏེ། སློབ་གཉེར་ཁང་དེའི་སྨན་གྱི་སློབ་གྲྭར་སློབ་ཞུགས་བྱེད་མཁན་གང་ཟག་ཁོང་ཁྲོ་ཅན་ཞིག་སློབ་མཐར་སོན་སྐབས་ཞི་བདེ་བག་ཡོད་ཅན་ཞིག་ཏུ་བསྐྲུན་ཐུབ་པའི་ཐུགས་རེ་མཛད་བཞིན་ཡོད་པ་བཀའ་སྩལ་འདུག ༧གོང་ས་མཆོག་གིས་ད་དུང་ད་ཆ་རིམས་ནད་ཀྱི་ཛ་དྲགས་གནས་སྟངས་ཁྲོད་ཉིན་མཚན་བསྟུད་མར་ནད་པའི་ཆེད་ཞབས་ཞུ་སྒྲུབ་མཁན་སྨན་པ་དང་སྨན་ཞབས་པ་སོགས་མདུན་ཐོན་ཞབས་ཞུ་བ་ཡོངས་ལ་ཡི་རངས་བསྔགས་བརྗོད་མཛད་པ་མ་ཟད།  ནད་པ་རྣམས་སྨན་ཁང་དུ་འུ་ཐུག་ཐབས་ཟས་འོག་སླེབས་པ་མ་གཏོགས་གུང་སེང་ལ་སླེབས་ཀྱི་མེད་སྟབས། སྨན་པ་དང་སྨན་ཞབས་པ་རྣམས་ཀྱིས་བྱམས་རྩེའི་ཀུན་ནས་བསླངས་བའི་སྒོ་ནས་སྨན་བཅོས་ཀྱིས་ཁོ་ཚོའི་རྒྱུད་ལ་གདེང་ཚོད་དང་རེ་བ་ཞིག་བསྐྲུན་རྒྱུ་གལ་ཆེ་ཡིན་པའི་བཀའ་སློབ་མཛད་པ་དང་ཆབས་ཅིག སྤྱི་ཚོགས་སྤྱི་ལ་ཞབས་འདེགས་རླབས་ཆེན་ཞིག་ཡིན་པའི་ཕྱག་ལས་འདི་དག་མུ་མཐུད་གནང་དགོས་པའི་གཞེན་སྐུལ་མཛད་འདུག

སུད་སི་རྒྱལ་ཡོངས་སུ་བོད་དོན་རྐང་འཁོར་སྐོར་སྐྱོད་ལས་འགུལ།

བོད་དོན་ལས་འགུལ་བ་ཚེ་རིང་དབང་འདུས་ལགས་ཀྱིས་ བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་འཁོད་པའི་སྟོད་གོས་དང། རྐང་འཁོར་མདུན་ངོས་སུ་བོད་དང་སུད་སི་གཉིས་ཀྱི་རྒྱལ་དར་སྒྲེང་འཛུགས་དང།  དེ་བཞིན་རྐང་འཁོར་རྒྱབ་ངོས་སུ་འགྲུལ་བཞུད་ཀྱི་ལམ་བར་དུ་འཁོ་བའི་ཡོ་ཆས་དང། དེའི་སྟེང་རྒྱ་ནག་ནང་དུ་འཚོགས་རྒྱུའི་༢༠༢༢ལོའི་དགུན་དུས་པེ་ཅིང་ཨོ་རྩལ་འགྲན་རྩོད་ཕྱིར་འཐེན་དགོས་པ་དང་། རྒྱ་གཞུང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་མཚམས་འཇོགས་དགོས་པ་སོགས་ཀྱི་དགོས་འདུན་འཁོད་པའི་པར་རིས་ཀྱི་ཤོག་བུ་དཔྱངས་ཏེ་སུད་སིར་གནས་བཞུགས་བོད་དོན་ལས་འགུལ་ཚེ་རིང་དབང་འདུས་ལགས་ཀྱིས་སུད་སི་གྲོང་ཁྱེར་ཆེ་ཁག་ནང་དུ་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་འགོ་བཙུགས་སོང་།ད་ཆ་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཀྱི་དུས་སྐབས་འདིར། བོད་དོན་ལས་འགུལ་བ་ཚེ་རིང་དབང་འདུས་ལགས་ཀྱིས་མ་སྐུལ་དང་བླངས་ཀྱིས།  ཟླ་བ་འདིའི་ཕྱི་ཚེས་༨ཉིན་གྱི་ཞོགས་པ། ཁོང་གི་སྡོད་གནས་སུད་སི་གྲོང་ཁྱེརWinterthurནས་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱིས་ལས་འགུལ་དེ་འགོ་བཙུགས་གནང་ཡོད་ཅིང་།  དེ་ཡང་ལས་འགུལ་དེ་བརྒྱུད་གཙོ་བོ་༸གོང་ས་མཆོག་བོད་དུ་གང་མགྱོགས་གདན་འདྲེན་ཞུ་དགོས་པ་དང་། རྒྱ་གཞུང་ནས་བཙན་འཁྲིད་བྱས་པའི་༸པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་མགྱོགས་གློད་གྲོལ་དགོས་པ། རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་མཚམས་འཇོགས་དགོས་པ། ༢༠༢༢ལོའི་དགུན་དུས་པེ་ཅིང་ཨོ་རྩལ་མགྲན་རྩོད་ཕྱིར་འཐེན་དགོས་སོགས་དགོས་འདུན་དོན་ཚན་ལྔའི་འོག་ཐེངས་འདིའི་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་སྤེལ་བ་ཞིག་ཡིན་ཞེས་འདི་ག་རླུང་འཕྲིན་ཁང་འགྲེལ་བརྗོད་གནང་ཡོད་པ་རེད། རྩ་བའི་བོད་དོན་ལས་འགུལ་བ་ཚེ་རིང་དབང་འདུས་ལགས་ཀྱིས། སྔ་ལོ་འཛམ་གླིང་སྤྱི་དང་ཡང་སྒོས་ཡོ་རོབ་རྒྱལ་ཁབ་ནང་དུ་རྒྱ་ནག་ནས་ལྦུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡེམས་ཀྱི་ཛ་དྲགས་དུས་སྐབས་སུ་ཉེན་ཁར་མི་འཛེམས་པར་སུད་སི་གྲོང་ཁྱེརWinterthurནས་ཇི་ནི་ལྦའི་མཉམ་འབྲེལ་རྒྱལ་ཚོགས་བར་སྤྱི་ལེ་༣༠༠ལྷག་གི་རིང་ལ་བོད་དོན་ཆེད་ཞི་བའི་གོམ་བགྲོད་དང་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུགས་བཅས་ལས་འགུལ་ཡང་སྤེལ་ཡོད་པ་རེད། ད་རེས་བོད་དོན་རྐང་འཁོར་ལས་འགུལ་འདི་ནི་ཁོང་ཁེར་རྐྱང་གི་བོད་དོན་ལས་འགུལ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད། ད་ལན་ཚེ་རིང་དབང་འདུས་ལགས་ཀྱིས། ཐོག་མར་ཁོང་རང་ཉིད་ནས་ཐེངས་འདིའི་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན་ཡོ་རོབ་རྒྱལ་ཁབ་ཁག་ཏུ་གནང་རྒྱུའི་འཆར་གཞི་བསྒྲིགས་ཀྱང། ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་གནས་སྟངས་རྐྱེན་པས་ཡོང་ཐབས་མེད་པ་བརྟེན་མཐར་སུད་སི་གྲོང་ཁྱེར་ཆེ་ཁག་ཏུ་རྐང་འཁོར་སྐོར་སྐྱོད་གནང་རྒྱུའི་ཐག་གཅོད་གནང་བ་ཞིག་ཆགས་ཀྱི་འདུག སྤྱིར་སུད་སི་ནང་གནས་བཞུགས་བོད་དོན་ལས་འགུལ་བ་ཚེ་རིང་དབང་འདུས་ལགས་ལ་ཆ་མཚོན་ན་ཐེངས་འདིའི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ཙམ་མ་ཟད། དེ་སྔ་སུད་སི་གྲོང་ཁྱེར་ཛུ་རིག་ནས་འཇར་མི་ནི་གྲོང་ཁྱེར་ Frankfurt བར་བོད་རང་དབང་རྐང་འཁོར་སྐོར་སྐྱོད་ཀྱི་ལ་འགུལ་དང་།   སུད་སི་རྒྱལ་ས་ bern ནས་ཇི་ནི་ཝ་བར་གྱི་བོད་དོན་གོམ་བགྲོད་ལས་འགུལ་བཅས་ཀྱི་ནང་དུའང་མཉམ་ཞུགས་གནང་མྱོང་ཡོད་པ་ཞིག་ཆགས་ཀྱི་ཡོད་པ་རེད།

ང་ཚོ་ཚང་མར་འཛམ་གླིང་འདི་གོ་མཚོན་མེད་པ་ཞིག་བཟོ་རྒྱུའི་འགན་ཡོད།

ཟླ་བ་འདིའི་ཕྱི་ཚེས་ ༢ ནས་དྲ་ཐོག་བརྒྱུད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རྒྱལ་སྤྱིའི་ཚན་རིག་མཁས་པའི་དབར་ Science and Wisdom of Emotion ཞེས་ཚན་རིག་དང་སེམས་ཚོར་སྐོར་གྱི་ལྷན་ཚོགས་ཤིག་འཚོགས་བཞིན་ཡོད་པ་དང་། ཁ་སང་ལྷན་ཚོགས་ཀྱི་ཉིན་མཐའ་མར་༸གོང་ས་མཆོག་དང་ཀླད་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ Richard Davidson ལགས། དེ་བཞིན་སེམས་ཁམས་རིག་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ Daniel Goleman ལགས་བཅས་ཀྱི་དབར་ཚན་རིག་པའི་ངོས་ནས་སེམས་ཚོར་གྱི་རྣམ་གཞག་ལ་དཔྱད་པ་གནང་སྟངས་ཀྱི་ཐབས་ལམ་གསར་པ་ཇི་ཡོད་དང་། བློ་སྦྱོང་དང་སྙིང་རྗེ་སོགས་ཀྱི་དགོས་གལ་དང་དགེ་མཚན་སོགས་ཀྱི་ཐོག་གྲོས་བསྡུར་མཛད་ཡོད། གྲོས་བསྡུར་མཛད་རིམ་གྱི་ཐོག་མ་དེ་ལ་སྐུ་ཞབས་ Richard Davidson ལགས་ནས་འདས་པོའི་ལོ་ངོ་ཉི་ཙམ་གྱི་རིང་༸གོང་ས་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་སེམས་དང་སྲོག་གི་ཚོགས་པའི་ཚོགས་མི་དང་རྒྱལ་སྤྱིའི་ཚན་རིག་མཁས་པ་ཚོ་དང་ལྷན་དུ་སེམས་ཁམས་རིག་པ་དང་། བློ་རིག་གི་རྣམ་གཞག དེ་བཞིན་སེམས་ཚོར་སོགས་ཀྱི་ཐད་ལ་གྲོས་བསྡུར་སྦྱང་ཤེས་ལན་མང་གནང་བའི་རྐྱེན་གྱིས་ནུབ་ཕྱོགས་ཚན་རིག་པ་ཚོས་སེམས་ཁམས་དང་བློ་རིག་སོགས་ཀྱི་རྣམ་གཞག་དེ་དག་ལ་ལྟ་སྟངས་དང་། དཔྱད་ཞིབ་གནང་སྟངས་སོགས་ཀྱི་བློ་སྐྱེད་གསར་པ་མང་པོ་ཐོབ་ཡོད་པ་སོགས་ངོ་སྤྲོད་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་གནད་དོན་དེ་དག་ཐོག་ལམ་སྟོན་བཀའ་སློབ་སྩལ་བར་ཆེ་བསྟོད་དང་སྦྲགས་ཐུགས་རྗེ་ཆེ་ཞུས་འདུགཁོང་ནས་ད་ལྟའི་ཆ་ལ་མུ་མཐུད་དེ་ནུབ་ཕྱོགས་པའི་སེམས་ཁམས་རིག་པ་ཚོའི་ནང་ལ་ Genuine Happiness འམ་ཡང་དག་པའི་བདེ་སྐྱེད་ཀྱི་གྲུ་ཆའི་ཐོག་ལྟ་སྟངས་མི་འདྲ་བ་ཁག་ཅིག་ཡོང་གི་ཡོད་པ་འགྲེལ་བརྗོད་གནང་སོང་བ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གཞི་རྩའི་ཆ་ནས་བདེ་སྐྱིད་ཅེས་པ་དེ་ནི་སེམས་ཚོར་གྱི་གནས་བབ་དང་འབྲེལ་བ་ཡོད་པ་དང་། སེམས་ཚོར་གྱི་གནས་བབ་དེ་བཞིན་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་འགྱུར་བ་འགྲོ་བཞིན་ཡོད་པར་བཀའ་འགྲེལ་དང་སྦྲགས། གཙོ་ཆེ་ཤོས་སེམས་ཀྱི་གནས་བབ་དེ་ཞི་བ་དང་ལྷོད་པོའི་ངང་གནས་དགོས་པ་དང་། དེ་ལྟ་འབྱུང་ཚེ་ཕྱི་ནང་གི་རྒྱུ་རྐྱེན་གང་འདྲ་ཞིག་འཕྲད་ཀྱང་སེམས་ཚོར་གྱི་གནས་བབ་ལ་དོ་ཕོག་དེ་ཙམ་གཏང་མི་ཐུབ་པ་མ་ཟད། བདེ་སྐྱིད་དང་འབྲེལ་བའི་སེམས་ཚོར་བཟང་པོའི་ཆ་དེ་དག་གོང་འཕེལ་གཏང་ཐུབ་ངེས་རེད་ཅེས་བཀའ་སྩལ་ཡོད། དེ་བཞིན་སྐུ་ཞབས་ Daniel Goleman ལགས་ནས་ Distructive Emotion ཞེས་གནོད་པའི་རིགས་ཅན་གྱི་ཉོན་མོངས་ཞེས་པ་དེ་གང་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་མེད་བཀའ་འདྲི་ཞུས་སོང་བ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ང་ཚོ་མི་ཙམ་མ་ཟད་འགྲོ་བ་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་མ་ཟད། ཚང་མས་བདེ་བ་བྱུང་ཐབས་ཐོག་འབད་བརྩོན་གནང་གི་ཡོད་པ་དང་། གལ་སྲིད་བདེ་བ་སྒྲུབ་ཐབས་ཐོག་འབད་བརྩོན་གནང་སྐབས་དེར་འགོག་རྐྱེན་བཟོ་མཁན་གྱི་བསམ་བློའི་ཆ་ཞིག་ཡོང་བ་ཡིན་ན། དེ་ལ་གནོད་པའི་རིགས་ཅན་གྱི་ཉོན་མོངས་ཞེས་ངོས་འཛིན་གནང་ཆོག་གི་རེད་ཅེས་བཀའ་སྩལ་བ་དང་ཆབས་ཅིག བྱམས་པ་དང་བརྩེ་བ། སྙིང་རྗེ་སོགས་སེམས་ཚོར་བཟང་པོའི་ཆ་དེ་དག་ང་ཚོ་འགྲོ་བ་སྤྱིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པ་ཞིག་ཡིན་སྟབས། ཆོས་ལུགས་བྱེད་བྲག་པའི་སྐད་ཆ་མེད་པར་བཟང་པོའི་ཆ་དེ་དག་གོང་འཕེལ་གཏོང་ཐབས་དང་། ཤེས་ཡོན་སློབ་གསོའི་ཐོག་ནས་དེ་ལྟར་གནང་ཐུབ་ན་དགེ་མཚན་ཡོད་པ་སོགས་ལམ་སྟོན་མཛད་འདུག༸གོང་ས་མཆོག་ནས་ཁོང་ཁྲོ་ལྟ་བུ་སེམས་ཚོར་དྲག་པོའི་ཆ་དེ་དག་ཇེ་ཉུང་དུ་གཏང་ཐབས་སུ་རྐང་ལུས་ངག་ཡིད་གསུམ་གྱི་བྱ་ལས་དང་འབྲེལ་བ་ཡོད་ཀྱང་། དེ་དག་ཁྲོད་ནས་གཙོ་ཆེ་ཤོས་ཡིད་ཀྱི་ཐོག་ནས་ཀུན་སློང་བཟང་པོ་ཞིག་ཡོད་ན། ངག་དང་ལུས་ཀྱི་ཐོག་ནས་སེམས་ཚོར་དྲག་པོའི་ཆ་དེ་དག་ཡོང་རྒྱུ་ཁག་པོ་ཡིན་པ་དང་། ཡིད་ཀྱི་ཀུན་སློང་བཟང་པོ་ཡོད་པ་དེ་ཡིས་ལུས་ཀྱི་ཀུན་སྤྱོད་དང་། ངག་གྱི་སྨྲ་བརྗོད་རྣམས་རང་གཞན་གཉིས་ལ་ཕན་པ་ཞིག་མ་གཏོགས། གནོད་པ་ཞིག་ཐོན་གྱི་མ་རེད་ཅེས་བཀའ་སྩལ་ཡོད། ང་ཚོ་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བཟང་པོའི་ཆ་རྣམས་ཤེས་རབ་རྩལ་འདོན་གནང་གལ་ཆེན་པོ་ཡིན་པའི་ལམ་སྟོན་མཛད་འདུག དེ་བཞིན་སྐབས་དེའི་གྲོས་བསྡུར་གྱི་ལས་རིམ་ཁྲོད་༸གོང་ས་མཆོག་ནས་སྤྱི་ཚོགས་ནང་དྲང་བདེན་མིན་པའི་གནས་སྟངས་རིགས་བྱུང་སྐབས་ཁོང་ཁྲོ་དང་ཞེ་སྡང་སོགས་ཀྱི་ཀུན་ནས་མ་བླངས་པར་བྱམས་པ་དང་བརྩེ་བའི་རང་བཞིའི་ཐོག་ནས་གདོང་ལེན་གནང་དགོས་པ་དང་། ལྷག་པར་དུ་ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ཐོག་འཚོ་དགོས་པའི་འགྲོ་བ་ཅིག་མཚུངས་ཡིན་སྟབས་དཀའ་ངལ་རིགས་འཕྲད་སྐབས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་དགོས་པ་སོགས་བཀའ་སྩལ་དང་ང་ཚོ་ཚང་མར་འཛམ་གླིང་འདི་གོ་མཚོན་མེད་པ་ཞིག་བཟོ་རྒྱུའི་འགན་ཡོད་ཅེས་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད།གཞི་རྩའི་ཕྱི་ཚེས་ ༢ ནས་ཁ་སང་བར་ཉིན་གྲངས་བཞིའི་རིང་ཚོགས་པའི་ Science and Wisdom of Emotion ཞེས་ཚན་རིག་དང་སེམས་ཚོར་སྐོར་གྱི་ལྷན་ཚོགས་དེ་ནི་ཨ་རིའི་ནང་རྟེན་གཞི་བྱས་པའི་སེམས་དང་སྲོག་ལྟེ་གནས་ཁང་དང་། The Awake Network ཞེས་པའི་ཚོགས་པ་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པ་ཞིག་ཆགས་ཀྱི་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་རྒྱལ་སྤྱིའི་ཚན་རིག་མཁས་པ་དང་སློབ་དཔོན་སོགས་མི་སྣ་ ༣༠ ཙམ་ནས་འདས་པའི་ལོ་ ༢༠ ལྷག་གི་རིང་༸གོང་ས་མཆོག་དང་རྒྱལ་སྤྱིའི་ཚན་རིག་མཁས་པའི་དབར་འགྲོ་བ་མིའི་བཟང་སྤྱོ་དང་སེམས་ཚོར་གྱི་རྣམ་བཞག་སོགས་ཀྱི་ཐོག་གྲོས་བསྡུར་དཔྱད་ཞིབ་མཛད་པའི་གྲུབ་དོན་ཁག་གི་ཐོག་བགྲོ་གླེང་མཛད་ཡོད་པ་དང་། དེའི་ཁོངས་སུ་ཀླད་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ Richard Davidson ལགས་དང་སེམས་ཁམས་རིག་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ Daniel Goleman ལགས། དེ་བཞིན་༸སྐུའི་དབྱིན་སྐད་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་ཡོངས་དགེ་མི་འགྱུར་རིན་པོ་ཆེ་སོགས་ཕྱི་ནང་གི་མཁས་པ་མང་པོ་ཞིག་ནས་མཉམ་གནང་འདུག

ཚན་རིག་གི་ཐབས་ལམ་ཐོག་ནས་སྒོམ་ཉམས་ལེན་གནང་ཕྱོགས་ཐད་བཀའ་སྩལ་བ།

དེ་རིང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུའི་ཁུལ་གྱི་ Moscow བོད་སྐྱོབ་ཐེབས་རྩ་དང་བོད་ཀྱི་དོན་གཅོད་ལས་ཁུངས་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར།  སྒོམ་ཉམས་ལེན་དང་རྣམ་ཤེས་སྐོར་ལ་བོད་པའི་དགོན་སྡེ་ཁག་ཏུ་ཞིབ་འཇུག་བྱེད་མཁན་ཨུ་རུ་སུའི་ཚན་རིག་པ་ཁག་དང་ལྷན་དུ་ཚན་རིག་གི་ཐབས་ལམ་ཐོག་ནས་སྒོམ་སྒྲུབ་ཉམས་ལེན་ལ་ཉམས་ཞིབ་བྱེད་སྟངས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་བཀའ་འདྲི་དགོངས་སྐོར་ཁག་ལ་བཀའ་ལན་སྩལ་སོང་། དེ་ཡང་དེ་རིང་༸མགོན་པོ་གང་ཉིད་མཆོག་ལ་ཚན་རིག་པ་ཚོས་འགྲོ་བ་མིའི་ཐུགས་ཀྱི་གལ་གནད་དང་དེ་བཞིན་སྒོམ་སྒྲུབ་སོགས་ཀྱི་བརྗོད་གཞི་ཁག་ཅིག་ཐད་བཀའ་འདྲི་ཞུས་སོང་བ་དང་།  དེའི་ཁྲོད་ནང་ཆོས་ཀྱི་ལྟ་གྲུབ་གང་འདྲ་ཞིག་གིས་ནུབ་ཕྱོགས་ཚན་རིག་པ་ཚོའི་ཀླད་པའི་ཉམས་ཞིབ་གནང་བའི་སྐབས་རོགས་འདེགས་ཞུ་ཐུབ་ཀྱི་རེད་ཅེས་བཀའ་འདྲི་ཞུས་སྐབས།  ༸གོང་ས་མཆོག་གིས་ཚན་རིག་གི་བྱུང་རིམ་དབང་དུ་བཤད་ན་ཚན་རིག་དེ་བཞིན་ནུབ་ཕྱོགས་སར་ནས་དར་བ་ཞིག་དང་།  ཚན་རིག་གི་ཉམས་ཞིབ་བྱེད་ས་ནི་གཙོ་བོ་མཐོང་ཆོས་སུ་གྱུར་བའི་གཟུགས་ཅན་གྱི་ཆོས་ཤ་སྟག་ཆགས་ཀྱི་ཡོད་ཀྱང་།  རིམ་པས་ཚན་རིག་པའི་ཁྲོད་ནས་མང་དག་ཅིག་གིས་སེམས་ཀྱི་ཞི་བདེ་ཐད་ཐུགས་སྣང་སླེབས་པ་དང་།  སྤྱིར་སེམས་ཀྱི་ཞི་བདེ་ནི་འཕྲོད་བསྟེན་སྤྱི་ཡོངས་ཀྱི་བདེ་འཇགས་ལ་མེད་དུ་མི་རུང་བ་ཞིག་ཡིན་པ་དང་།  ཡང་སྒོས་འཇིགས་དངངས་དང་།  ཁོང་ཁྲོ་བཅས་ཀྱི་སེམས་ཀྱི་ཞི་བདེ་མེད་པ་བཟོ་བཞིན་ཡོད་པས།  ང་ཚོའི་བློའི་རྣམ་བཞག་དང་སེམས་བྱུང་གི་བྱེད་ལས་སྐོར་ཤེས་ན་ཕན་ཐོགས་ཡོད་སྐོར་བཀའ་བསྩལ་སོང་། དེ་བཞིན་ཚོགས་ཞུགས་པ་ཞིག་གིས་སྐྱེ་བ་སྔ་མ་དྲན་པ་དང་ཤེས་པ་ཙམ་མ་ཡིན་པར་སྐྱེ་བ་སྔ་མ་ཡོད་པའི་གྲུབ་ཆ་གཞན་ག་རེ་བཀོད་རྒྱུ་ཡོད་མེད་བཀའ་འདྲི་ཞུས་བར།   ༸མགོན་པོ་མཆོག་གིས།  སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་བོད་མི་གཙོས་རྒྱ་གར་བའི་སྤྱི་ཚོགས་ནང་བྱིས་པ་ལོ་གསུམ་བཞི་ཙམ་སོན་སྐབས་སྐྱེ་བ་སྔ་མ་དྲན་མཁན་མང་པོ་ཡོད་པ་དང་དེ་འབྲེལ་གྱི་གནད་དོན་ལུང་འདྲེན་མཛད་པ་དང་སྦྲགས།  སྤྱིར་ང་ཚོི་སྐྱེས་པ་ནས་བཟུང་ལོ་ཁ་ཤས་རིང་སྐྱེ་བ་སྔ་མའི་དྲན་པ་གསལ་པོ་ཡོད་ཀྱང་།  དེ་རྗེས་རིམ་པས་འཚར་ལོངས་རྗེས་སྐྱེ་བ་སྔ་མའི་དྲན་པ་ཡལ་བཞིན་ཡོད་པ་བཀའ་སྩལ་སོང་།    ལྷག་པར་སྐྱེ་བ་སྔ་མ་ཡོད་པའི་རྟགས་མཚན་གཞན་ཞིག་ནི།  སློབ་ཕྲུག་ཁག་ཅིག་སློབ་སྦྱོང་གནང་བའི་སྐབས་ལམ་སེང་ཤེས་རྒྱུ་མཐོང་རྒྱུ་ཡོད་པ་དེ་དག་སྐྱེ་བ་སྔ་མའི་བག་ཆགས་ལ་བརྟེན་ནས་ཡོང་བ་ཞིག་ཡིན་སྐོར་བཀའ་ལན་སྩལ་སོང་།ཡང་བགྲོ་གླེང་ནང་ཚོགས་ཞུགས་པ་གཞན་ཞིག་གིས་ཐུགས་དམ་ངོ་མ་ཅི་ཡིན་དབྱེ་བ་ཇི་ལྟར་འབྱེད་དགོས་པའི་བཀའ་འདྲི་གནང་བར༸གང་ཉིད་མཆོག་གིས།  ཐུགས་དམ་ལ་བཞུགས་ཡོད་མེད་ཟེར་བ་དེ་ཞེན་ཆགས་ཆེ་དྲག་ནས་ཐུགས་དམ་ལ་བཞུགས་མཁན་ཡོང་མི་སྲིད་པ་མེད་སྐོར་དང་སྦྲགས་གཞི་རྩའི་ཐུགས་དམ་དེ་དུས་རྒྱུན་རང་སོ་སོའི་སྤྱོད་ལམ་དང་ཉམས་ལེན་གྱི་ཉམས་མྱོང་ཇི་ལྟར་ཡོད་མེད་དང་འབྲེལ་བ་ཆགས་ཀྱི་ཡོད་སྐོར་བཀའ་སྩལ་གནང་སོང་། མ་ཟད།  སྒོམ་དང་འབྲེལ་ཚོགས་ཞུགས་པ་ཞིག་གིས་ད་ཆ་དུས་ཚོད་ལ་འགྱུར་བ་ཕྱིན་ནས་སྒོམ་སྒྲུབ་པ་ཚོས་སྒོམ་བྱའི་ཡུལ་དང་སྒོམ་ལུགས།  དེ་བཞིན་དུས་ཚོད་ལ་བརྟེན་ནས་སྒོམ་ཉམས་ལེན་ལ་འགྱུར་བ་ཇི་ལྟར་འགྲོ་མིན་བཀའ་འདྲི་གནང་བར།  ༸གང་ཉིད་མཆོག་གིས།  རང་ཉིད་ཀྱི་འཚོ་བ་ཡར་རྒྱས་ཕྱིན་པ་དང་།   ལྷག་པར་གང་ཟག་སོ་སོ་སྒོམ་སྒྲུབ་དོན་གཉེར་བ་ཞིག་ཡིན་ན་དེས་སྒོམ་ཉམས་ལེན་ཐད་གནོད་ཡ་གང་ཡང་མེད་པ་དང་།  སྒོམ་ཉམས་ལེན་གནང་ཐུབ་མི་ཐུབ་དེ་བསམ་བློ་གཏོང་སྟངས་ལ་རག་ལུས་ཀྱི་ཡོད་སྐོར་བཀའ་ལན་བསྩལ་སོང་། གཞི་རྩའི་དེ་རིང་གི་མཛད་རིམ་འདི་བཞིན་༸གོང་ས་མཆོག་གིས་བཞུགས་སྒར་༸རྒྱལ་བའི་གཟིམ་ཆུང་ནས་རྒྱ་གར་གྱི་སྔ་དྲོ་ཕྱག་ཚོད་ ༨།༤༥ ཙམ་ཞིག་ལ་དྲ་ལམ་བརྒྱུད་དབུ་འཛུགས་མཛད་པ་དང་།  དུས་རྒྱུན་ལྟར་མཛད་རིམ་དེ་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གནང་སོང་།

བོད་ཀྱི་ཆབ་སྲིད་བཙོན་པ་ནོར་བཟང་ལགས་རྒྱ་གཞུང་གིས་མནར་གཅོད་འོག་སྐུ་གྲོངས་འདུག

ཉེ་ལམ་བོད་ཀྱི་ཆབ་སྲིད་བཙོན་པ་ཁམས་ཤག་རོང་པོ་ཁུལ་གེ་སོ་སྲ་བྷ་གྲོང་ནས་ཡིན་པའི་ནོར་བཟང་ལགས་རྒྱ་ནག་གཞུང་གིས་མནར་གཅོད་དང་རྡུང་རྡེག་ཚད་མེད་འོག་འདས་གྲོངས་སུ་ཕྱིན་འདུག དེ་ཡང་མིང་དངོས་སུ་བརྗོད་འདོད་མེད་པའི་འབྲེལ་ཡོད་ཅིག་གིས་འདི་ག་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན་ཕྱི་ལོ་༢༠༡༩ཟླ་བ་༩་པའི་ནང་རྒྱ་ནག་དམར་ཤོག་གཞུང་ཚུགས་ཏེ་ལོ་ངོ་༧༠ འཁོར་བའི་རྒྱལ་སྟོན་དུས་ཆེན་ཟེར་བ་ཚོགས་ལ་ཉེ་སྐབས་རྒྱ་གཞུང་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ནག་ཆུ་ཤག་རོང་པོ་གེ་སོ་སྲ་བྷ་གྲོང་ནས་ཡིན་པའི་ནོར་བཟང་ལགས་དང་གེ་སོ་ཚ་ལྷིས་གྲོང་ནས་ཡིན་པའི་མི་འགའ་ཞིག་བཅས་ཁྱོན་མི་སྣ་ ༦ ཙམ་ཞིག་གིས་སྟར་ཆེན་ཤང་དུ་རྒྱ་ནག་ཆབ་སྲིད་བསམ་བློའི་སློབ་གསོ་དང་ལེན་མ་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་ཡོད་པ་དང་། རྗེས་སུ་འཛིན་བཟུང་བྱས་པའི་ནང་ནས་མི་ལྔ་རིམ་བཞིན་གློད་གྲོལ་བཏང་ཡོད་ཀྱང་།  ནོར་བཟང་ལགས་གློད་གྲོལ་མ་གཏང་བ་མ་ཟད་ཁུལ་དེར་སྔར་ལས་ལྷག་དམ་དྲགཤུགས་ཆེར་བྱས་པའི་རྐྱེན་གྱིས་ནོར་བཟང་ལགས་ཀྱི་སྐོར་ལ་ད་བར་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་རེད་འདུག འབྲེལ་ཡོད་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན་ནོར་བཟང་ལགས་ཕྱི་ལོ་༢༠༡༩ ལོར་ཆབ་སྲིད་ཀྱིས་ཉེས་མིང་འོག་བཙན་ཁྲིད་བྱས་ཏེ་སྐབས་སྟར་ཆེན་ཤང་དུ་རྒྱ་དམར་གྱི་སྲིད་གཞུང་མི་སྣས་ཚད་ལས་བརྒལ་བའི་རྡུང་རྡེག་མནར་གཅོད་འོག་ཚེ་སྲོག་ཤོར་ཡོད་པ་རེད་ཅེས་ཁོང་གིས་གསུངས་སོང་། འོན་ཀྱང་སྐབས་དེ་དུས་རྒྱ་ནག་སྲིད་གཞུང་མི་སྣས་འགྲེལ་བརྗོད་བྱས་པ་ལྟར་ན་ནོར་བཟང་ལགས་ནི་བུ་ལོན་མང་པོ་ཡོད་པར་བརྟེན་བུན་ལོན་དེ་དག་དུས་ཐོག་ལ་སྤྲོད་མ་ཐུབ་པས་རྐྱེན་གྱིས་ཁོ་རང་ཤག་ཆུའི་ཟམ་པའི་སྒང་ནས་མཆོངས་ཏེ་འདས་གྲོངས་སུ་སོང་བ་ཡིན་ཚུལ་འགྲེལ་བཤད་བྱས་ཡོད་ཀྱང་དོན་དངོས་ཐོག་ནོར་བཟང་ལགས་ནི་བུ་ལོན་སྤུ་ཙམ་ཡང་མེད་པར་མ་ཟད་རང་གི་འཚོ་བའི་མཐུན་རྐྱེན་སོགས་གང་ཅིའི་ཐོག་དཀའ་ངལ་གང་ཡང་མེད་པར་བརྟེན་བུ་ལོན་ཆེད་དུ་རང་ཤི་རྒྱག་དགོས་དོན་མེད་པས་དེ་ནི་དོན་དངོས་མིན་པར་རྒྱ་དམར་མི་སྣས་དོན་མེད་ཁ་གཡར་པ་རེད་ཞེས་ཁོང་གི་གསུང་སོང་ཡོད། འཛིན་བཟུང་བྱས་པའི་མི་གཞན་རྣམས་གློད་གྲོལ་བཏང་ཡང་ནོར་བཟང་ལགས་གཅིག་པོ་གློད་གྲོལ་མ་བཏང་བའི་རྒྱུ་མཚན་གཙོ་བོར་ནི་ཁོང་ནི་ནམ་ཞག་རྒྱུན་དུ་བོད་མིར་ལར་ཞེན་ཡོད་མཁན་ཞིག་དང་་༧སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཧ་ཅང་གི་དད་པ་དང་ཡིད་ཆེས་ཆེན་པོ་ཞུ་མཁན་ཞིག་ཡིན་པ་མ་ཟད། ད་དུང་རྒྱ་གཞུང་གིས་སློབ་གསོ་ཁག་ལ་དང་ལེན་གཏན་ནས་མི་བྱེད་པར་རང་ཚུགས་བརྟན་པོ་ཡོད་པ་ལ་བརྟེན་ནས་ཡིན་པར་འགྲེལ་བརྗོད་གནང་སོང་། ཕྱི་ལོ་ ༢༠༡༩ ལོར་ནོར་བཟང་ལགས་འཛིན་བཟུང་བྱས་པ་མ་ཟད་རྒྱ་གཞུང་གི་ཉེན་རྟོག་པས་རླངས་འཁོར་ལྔ་དྲུག་ཙམ་ཞིག་ཡོང་ནས་ཉེན་རྟོག་པས་ཁོང་གིས་ཁྱིམ་ཚང་ནང་དུ་གང་བྱུང་སྔོག་བཤེར་བྱས་པ་དང་ཁོང་གི་བཟའ་ཟླ་ལ་ཕྲུ་གུ་སྐྱེ་རྒྱུ་ཡོད་ནའང་ཉེན་རྟོག་པས་ཁོང་གི་བཟའ་ཟླ་ལ་ཡང་ནས་ཡང་སུན་གཙེར་ཚད་ལས་འདས་བཟོས་ཡོད་པ་སོགས་ཀྱི་གནས་བབ་འོག ཁོང་མོ་ད་ཆ་སེམས་སྡུག་དང་དཀའ་ངལ་འོག་སྨྱོན་པ་ཆགས་གྲབས་ཀྱི་གནས་སུ་ལྷུང་ཡོད་པ་རེད་འདུག ད་ལྟའི་ཆར་ཕ་བསོད་ནམས་དབྱངས་དགའ་དང་མ་གངས་ཆུང་གཉིས་ཀྱི་བུ་ནོར་བཟང་གི་ཁྱིམ་ཚང་ནང་ལ་བཟའ་ཟླ་དང་བྱིས་པ་དྲུག་ཡོད་པ་དང་ཁོ་ཚོའི་གནས་སྟངས་ཧ་ཅང་ཡིད་སྐྱོ་ཞིང་ཡ་ང་བའི་གནས་སུ་གྱུར་ཡོད་འདུག

Latest news