Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

༸གོང་ས་མཆོག་༸སྐུ་འཚོ་བཞུགས་སྐབས་འདིར་རྒྱ་ནག་ལ་ཅིའི་ཕྱིར་གདན་འདྲེན་ཞུ་ཡི་མེད་དམ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨུ་རུ་སུའི་ Sputnik གསར་ཁང་གི་བཅར་འདྲིའི་སྐབས་རྒྱ་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་པ་དེ་ནི་ཆབ་སྲིད་ཀྱི་དགོས་མཁོར་དམིགས་པ་ཞིག་ཡིན་པ་དང་། གལ་ཏེ་རྒྱ་གཞུང་གིས་༸གོང་ས་མཆོག་ལ་གུས་བརྩི་དང་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་དོ་སྣང་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་ཚེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་ཞིང་གཞེས་པའི་སྐབས་འདིར་རྒྱ་ནག་ལ་ཅིའི་ཕྱིར་གདན་འདྲེན་ཞུ་ཡི་མེད་པ་རེད་དམ་ཞེས་གསུངས་པ་མ་གཏོགས། ༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་གྲོས་བསྡུར་ཆེད་༸གོང་ས་མཆོག་རྒྱ་ནག་ལ་ངེས་པར་དུ་གདན་ཞུ་གནང་དགོས་ཀྱི་རེད་ཅེས་གསུངས་མེད་པར་གསལ་བཤད་གནང་སོང་།འདི་ག་རླུང་འཕྲིན་ཁང་གིས་ཁ་སང་ཨུ་རུ་སུའི་ Sputnik གསར་ཁང་གི་གསར་འགོད་པ་ Dhairya Maheshwari ལགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དམིགས་བསལ་བཅར་འདྲི་ཞུས་པའི་ལེ་ཚན་ཞིག་རྒྱང་བསྲིངས་ཞུས་པའི་ཁྲོད་༸སྐུའི་ཡང་སྲིད་དང་འབྲེལ་བའི་དྲི་བར་བཀའ་ལན་གནང་སྐབས་སྲིད་སྐྱོག་མཆོག་གིས་གསར་ཁང་དེར་ལོ་རྒྱུས་ཐོག་རྒྱ་ནག་གཞུང་ལ་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་འགན་དབང་མེད་པ་གསལ་པོ་ཡིན་པ་དང་། ལྷག་པར་དུ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་ཆོས་ཕྱོགས་དང་འབྲེལ་བའི་གནང་སྒོ་ཞིག་ཡིན་སྟབས། ༸སྐུའི་ཡང་སྲིད་བསྐོ་གཞག་གནང་མཁན་དེ་ཡང་དང་ཐོག་ཆོས་ལ་ཡིད་ཆེས་དང་སྐྱེ་བ་སྔ་ཕྱི་ཁས་ལེན་བྱེད་མཁན་ཞིག་དགོས་ཀྱི་རེད་ཅེས་གསུངས་པ་དང་ཆབས་ཅིག སྲིད་སྐྱོང་མཆོག་སྐུ་སྒེར་གྱི་ངོས་ནས་རྒྱ་ནག་གཞུང་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་གྲོས་བསྡུར་གནང་ཆེད་༸གོང་ས་མཆོག་རྒྱ་ནག་ལ་ངེས་པར་དུ་གདན་ཞུ་གནང་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་གསལ་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་འདི་ག་རླུང་འཕྲིན་ཁང་ལ་གནད་དོན་དེའི་ཐོག་གསལ་བཤད་དང་འབྲེལ་ཏེ། Sputnik གསར་ཁང་གིས་གནད་དོན་དེའི་སྐོར་གནས་ཚུལ་དེ་ལྟར་སྤེལ་བ་དེ་བདེན་པ་རྩ་བ་ནས་མིན་སྐོར་གསུངས་པ་དང་འབྲེལ་ནས་རྒྱ་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་པ་དེ་ནི་ཆབ་སྲིད་ཀྱི་དགོས་མཁོར་དམིགས་པ་ཞིག་ཡིན་པ་དང་། གལ་ཏེ་རྒྱ་གཞུང་གིས་༸གོང་ས་མཆོག་ལ་གུས་བརྩི་དང་སྐུའི་ཡང་སྲིད་ཀྱི་གནད་དོན་ལ་དོ་སྣང་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་ཚེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་ཞིང་གཞེས་པའི་སྐབས་འདིར་རྒྱ་ནག་ལ་ཅིའི་ཕྱིར་གདན་འདྲེན་ཞུ་ཡི་ མེད་པ་རེད་དམ་ཞེས་གསུངས་ཡིན་སྐོར་གསལ་བཤད་གནང་ཡོད།གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཟླ་ ༥ ཚེས་ ༢༧ ཉིན་སྲིད་སྐྱོང་མཆོག་གི་ལས་ཁུར་དམ་འབུལ་ཞུས་ཏེ་ལས་ཉིན་དང་པོའི་ཐོག་གཞུང་འབྲེལ་བརྙན་འཕྲིན་བརྒྱུད་དེ་བོད་མི་མང་ཚོགས་ལ་གསུང་བཤད་གནང་སྐབས་འབྱུང་འགྱུར་བོད་དོན་བདེན་མཐའ་སེལ་ཐབས་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་ལ་བརྟེན་ནས་རྒྱ་ནག་གཞུང་དང་མཉམ་དུ་བོད་རྒྱ་གཉིས་སྨན་དང་། འབྲེལ་གཏུག་གྲོས་མོལ། འཚེ་མེད་ཞི་བ་བཅས་ཀྱི་རྩ་དོན་གཞི་རྩར་བཞག་སྟེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་རྒྱུ་དང་། གཞིས་ལུས་བོད་མིའི་མགྲིན་ཚབ་པ་བྱས་ཏེ། རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་རྒྱ་ཆེར་སྤེལ་རྒྱུ། དེ་བཞིན་གཞིས་བྱེས་དབར་འབྲེལ་གཏུག་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ཏུ་ཆིབས་བསྒྱུར་གྱི་ཐུགས་རེ་འགྲུབ་ཐབས་ལ་རམ་འདེགས་ཞུ་སླད་རྒྱ་གཞུང་ལ་འབྲེལ་མཐུད་ཞུ་སྒོ་གང་ཡོང་བྱ་རྒྱུ་སོགས་དེ་འབྲེལ་དོན་ཚན་ལྔ་གསུངས་ཡོད་པ་རེད།སྲིད་སྐྱོང་གི་ལས་ཁུར་བཞེས་ཏེ་བདུན་ཕྲག་གཉིས་ཙམ་འགྲོ་བཞིན་པའི་ཁྲོད་དེར་དྲྭ་ལམ་བརྒྱུད་༸གོང་ས་མཆོག་དང་མཇལ་མོལ་ཐེངས་གསུམ་ཞུས་ཡོད་པ་དང་། ཉེ་ཆར་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་ལས་རིམ་ཞིག་གི་ཐོག་ཏུ་༸གོང་ས་མཆོག་གིས་སྲིད་སྐྱོང་གསར་མཇལ་སྐབས་མགོན་པོ་༸གང་ཉིད་མཆོག་ནས་རྒྱ་ནག་ལ་ཐུགས་རེ་ཆེན་པོ་གནང་བཞིན་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་རྒྱ་ནག་རི་བོ་རྩེ་ལྔ་དང་༸སྐུའི་འཁྲུངས་གཞིས་མདོ་སྨད་སྟག་ཚེར། དེ་བཞིན་རྒྱལ་ས་ལྷ་ས་བཅས་ལ་ཆིབས་བསྒྱུར་མཛད་རྒྱུའི་ཐུགས་རེ་ཆེན་པོ་མཛད་བཞིན་པར་བཀའ་སྩལ་ཡོད་པ་གསུངས་ཡོད། སྲིད་སྐྱོང་མཆོག་གིས་ད་ལན་ཨུ་རུ་སུའི་ Sputnik གསར་ཁང་གི་བཅར་འདྲིའི་སྐབས་བོད་དང་རྒྱ་ནག་གཉིས་འདས་པའི་ལོ་རྒྱུས་ཐོག་གི་མི་མཐུན་པའི་ཆ་ཁོ་ནར་འཁོན་ནས་བཞུགས་ན་ཕྱོགས་གཉིས་ཀྱི་དཀའ་ངལ་དེ་སེལ་ཐབས་མེད་པ་དང་ང་ཚོའི་ངོས་ནས་རྒྱ་ནག་དང་ལྷན་དུ་མི་མཐུན་པའི་ཆ་རྣམས་ཕྱོགས་གཉིས་ཀར་ཕན་ཞིང་འཚེ་བ་མེད་པའི་ཐབས་ལམ་ཐོག་ནས་སེལ་འདོད་ཡོད་ཅེས་གསུངས་པ་མ་ཟད། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སྤྱི་དང་ལྷག་པར་ཁོར་ཡུག་གི་གནད་དོན་ཐོག་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པ་དང་ཆབས་ཅིག རྒྱལ་སྤྱིའི་གསར་འགོད་པ་རྣམས་ནས་རྒྱ་ནག་གིས་རྒྱབ་ཤ་དཀར་པོའི་ནང་བཀོད་པའི་འཁྱོག་བཤད་དང་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་སླད་བོད་ནང་རང་དབང་ཐོག་སྐྱོད་ཐབས་ཡོང་བའི་འབོད་སྐུལ་བསྐྱར་ནན་གནང་འདུག

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་ཁོར་ཡུག་ལ་བདག་གཅེས་དགོས་བའི་གླེང་མོལ།

ཁ་ཉིན་ཟླ་ ༦ པའི་ཚེས་ ༥ ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཡིན་པ་དང་བསྟུན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་ཚོགས་པ། Centre for Himalayan Asian Studies and Engagement གཉིས་ཟུང་འབྲེལ་གྱིས་རྒྱ་ནག་གཞུང་ནས་བོད་ནང་གི་རང་བྱུང་ཁོར་ཡུག་གཏོར་སྐྱོན་ཚབས་ཆེན་གཏོང་བའི་རྐྱེན་དེས་ཨེ་ཤེ་ཡའི་རྒྱལ་ཁབ་ནང་དཀའ་ངལ་གང་འཕྲད་མིན་དང་འབྲེལ་བའི་དྲ་ཐོག་བགྲོ་གླེང་ཞིག་ཚོགས་འདུག བགྲོ་གླེང་དེའི་ཐོག་ཨོ་གླིངགི་ཁོར་ཡུག་ལས་འགུལ་བ་སྐུ་ཞབས་ Gabriel Lafitte དང་བོད་རིག་པའི་མཁས་པ་དང་རྩོམ་པ་པོ་སྐུ་ཞབས་ Claude Arpi ལགས།  JNU གཙུག་ལག་སློབ་ཁང་གི་སྐུ་ཞབས་ Milap Chand Sharma ལགས།  དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས།  དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས།  Centre for Himalayan Asian Studies and Engagement ཚོགས་པའི་ཚོགས་གཙོ་དང་རྩོམ་པ་པོ་དང་གསར་འགོད་པ་སྐུ་ཞབས་Vijay Kranti ལགས།  Aayushi Ketkar ལགས་བཅས་ནས་མཉམ་ཞུགས་གནང་འདུག སྐབས་དེར་སྐུ་ཞབས་ Vijay Kranti ལགས་ཀྱིས་ཁོང་གི་ཕྱག་རོགས་ Anjali Mishra དང་ལྷན་བགྲོ་གླེང་གི་བརྗོད་གཞི་དང་འབྲེལ།   རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་བའི་གནད་དོན་ཐད་འཛམ་གླིང་གི་རྒྱལ་ཁབ་གཞན་ཚོས་འཕྱི་མ་དྲག་པའི་སྔ་རོལ་དུ་ཐུགས་སྣང་གནང་དགོས་ཅེས་པའི་སྙན་ཐོ་ཞིག་ཕུལ་འདུག་པ་དང་།  དེའི་ནང་རྒྱ་ནག་གིས་བོད་ཀྱི་རང་བྱུང་གཏེར་ཁ་གང་བྱུང་སྔོག་འདོན་གྱིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་ཚབས་ཆེན་གཏོང་བཞིན་པ་དང་།  ཁོར་ཡུག་གཏོར་བཅོམ་དེས་ད་ཆ་བོད་ཙམ་མིན་པར་བོད་ཀྱི་ཆུ་གཙང་ཆུ་ཁག་ལ་བརྟེན་པའི་ཨེ་ཤེ་ཡ་གཙོས་ཡང་སྒོས་འཛམ་གླིང་སྤྱིར་ཉེན་ཁར་བསྒྱུར་ཡོད་པ་གསུངས་འདུག  ལྷག་པར་དྲ་ཐོག་གི་བགྲོ་གླེང་དེའི་ཐོག་ཚོགས་ཞུགས་པ་རྣམས་ནས་རྒྱ་ནག་གིས་བོད་ནང་ཆུ་མཛོད་གསར་རྒྱག་གིས་་གློག་དང་ཆུ་འཐེན་པ་དེས་ས་འགུལ་དང་རི་ཉིལ་་སོགས་ཀྱི་གོད་ཆག་བསྟུར་མར་བྱུང་དང་འབྱུང་ཉེན་ཡོད་སྐོར་ཚང་མས་ཞལ་གཅིག་གྲགས་ཀྱིས་གསུངས་འདུག་ལ།  གཞན་ཡང་བོད་དེ་ས་ཁུལ་ཆ་ནས་རྒྱ་ཁྱོན་ཆེ་བས།   འཛམ་གླིང་ནས་བོད་ཀྱི་ཁོར་ཡུག་གཏོར་བཅོམ་འགྲོ་བཞིན་པ་དེར་སྣང་མེད་དུ་མི་གཏང་བ་དང་།   ལྷག་པར་ཆུ་རག་རྒྱག་རྒྱུ་དང་ཆུ་བོ་ཁ་བསྒྱུར་བ་དེས་བོད་ཀྱི་ཆུ་བོར་བརྟེན་མཁན་ཨེ་ཤ་ཡའི་མི་ཐེར་འབུམ་གཉིས་ལྷག་གི་འཚོ་བར་ཤུགས་རྐྱེན་སྤྲོད་ཀྱི་ཡོད་སྟབས།  རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པའི་ཐད་འཕྱི་མ་དྲག་པའི་སྔོ་རོལ་དུ་ཐུགས་སྣང་གནང་དགོས་ཅེས་གསུངས་འདུག དེ་བཞིན་སྐབས་དེར་སྐུ་ཞབས་ Gabriel Lafitte ལགས་ཀྱིས་རྒྱ་ནག་གིས་འགོ་ཁྲིད་ཚོས་རྒྱལ་སྤྱིའི་ཁྲོད་ཁོར་ཡུག་སྲུང་སྐྱོབ་བྱེད་ཀྱི་ཡོད་ཁུལ་གྱི་འགྲེལ་བརྗོད་བྱེད་བཞིན་་ཡོད་པ་དེ་ལྟར་ཡང་།  ཕྱོགས་གཞན་ནས་རྒྱ་ནག་གིས་བོད་ནང་གི་ཁོར་ཡུག་གཏོར་བཅོམ་བྱེད་ཀྱི་ཡོད་པ་གསུངས་འདུག  ལྷག་པར་རྒྱ་ནག་གིས་དེ་སྔ་བོད་བཙན་འཛུལ་བྱེད་སྐབས་རྒྱ་ནག་ནས་བོད་དེ་བཞིན་ཡར་རྒྱས་མ་ཕྱིན་པ་དང་ས་ཁུལ་སྐྱོ་བོ་ཞིག་ལ་ངོས་འཛིན་དང་།  ཡང་བོད་ཀྱི་ཁོར་ཡུག་ཐད་བོད་དེ་བཞིན་བེད་མེད་དང་གང་ཅིའི་ཐད་ནས་ཕན་ཐོག་བྲལ་བ་ཞིག་རེད་ཅེས་བརྗོད་ཀྱང་།  རིམ་བཞིན་རྒྱ་ནག་གིས་བོད་དེ་རིན་ཆེན་གཏེར་ཁ་འབྱུང་གནས་དང་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ཤིག་ལ་ངོས་འཛིན་གྱིས་གང་ལྟར་ལོ་ངོ་བདུན་ཅུའི་ནང་རྒྱ་ནག་ནས་བོད་ཐད་ལྟ་ཚུལ་ལ་འགྱུར་བ་ཐེབས་ཡོད་པ་གསུངས་འདུག་པ་མ་ཟད།  ད་ཆ་རྒྱ་གཞུང་གིས་བོད་ནང་གི་ཁོར་ཡུག་གཏོར་བཅོམ་གྱིས་བོད་སླད་མར་སྐམ་ས་ལྟ་བུར་ཆགས་པར་ཞེད་སྣང་འདུག་ཅེས་གསུངས་འདུག མ་ཟད།  སྐུ་ཞབས་ Claude Arpi ལགས་ཀྱིས་རྒྱ་ནག་གིས་རང་གི་ཁེ་ཕན་ཆེད་བོད་ཀྱི་ཆུ་བོ་བཀོལ་སྤྱོད་བྱེད་ཕྱོགས་དང་འབྲེལ།  རྒྱ་ནག་གིས་ད་ཆ་ཡར་ཀླུངས་གཙང་པོར་ཆུ་མཛོད་ཆེ་གྲས་གསར་རྒྱག་གི་ལས་གཞི་གསར་པར་དམིགས་བཞིན་པ་དང་།  ལས་གཞི་གསར་པ་དེས་ས་ཁུལ་དེའི་སྣོད་བཅུད་རྟེན་འབྲེལ་གྱི་རང་བཞིན་ལ་གནོད་སྐྱོན་ཚབས་ཆེན་ཕོག་ངེས་ཡིན་པ་མ་ཟད།  ས་ཁུལ་དེའི་བོད་མི་མང་ཚོགས་ཙམ་མ་ཟད་རྒྱ་གར་གྱི་བདེ་འཇགས་ལའང་ཉེན་ཚབས་ཇེ་ཆེར་འགྱུར་ངེས་ཡིན་པར་གསུངས་འདུག  གཞན་ཡང་སྐུ་ཞབས་ Milap Sharma ལགས་ཀྱིས། རྒྱ་ནག་གིས་བོད་ནང་ཆུ་མཛོད་ཆེ་གྲས་བརྒྱབས་པ་དེ་རང་བྱུང་གོད་ཆགས་ཏེ་ས་འགུལ་སོགས་འབྱུང་བའི་ཉེན་ཁ་ཡོད་པ་མ་ཟད།   ས་འགུལ་བྱུང་བའི་སྐབས་རྐྱེན་ངན་ཚབས་ཆེན་ཡོང་ངེས་ཡིན་པ་གསུངས་འདུག    ད་དུང་ཁོང་གིས་བོད་ཀྱི་གནམ་གཤིས་ཀྱི་གནས་བབ་དུས་ཐུང་ནང་འགྱུར་བ་ཐེབས་བཞིན་ཡོད་པ་མ་ཟད།   རྒྱ་ནག་གིས་བཟོ་ལས་དང་འབྲེལ་བའི་ལས་དོན་རྐྱེན་གྱིས་བོད་མཐོ་སྒང་གི་གཏན་འཁྱགས་ཆགས་རོམ་གང་མགྱོགས་ཞུ་བཞིན་པ་དང་ཆབས་ཅིག   ད་ཆ་མེ་འཁོར་སོགས་འཛུགས་སྐྲུན་གསར་རྒྱག་དང་འབྲོག་པ་གནས་སྤོར་གྱིས་སྲིད་བྱུས་ཀྱིས་བོད་ཀྱི་ཁོར་ཡུག་གི་གནས་བབ་ཇེ་སྡུག་བཏང་ཡོད་པར་གསུངས་འདུག གཞི་རྩའི་རྒྱ་ནག་གིས་བོད་ནང་འཛུགས་སྐྲུན་གསར་རྒྱག་དང་རང་བྱུང་གཏེར་ཁ་གང་བྱུང་སྔོག་འདོན་གྱི་བྱ་སྤྱོད་དེས་འདས་པའི་དུས་ཡུན་ནང་བོད་ནང་རི་ཉིལ་དང་གངས་རུད།  དེ་བཞིན་ས་རུད་སོགས་ཀྱི་རྐྱེན་ངན་ཇེ་མང་དུ་གྱུར་ཡོད་པ་དཔྱད་ཞིབ་པ་ཚོས་གསུངས་ཀྱི་ཡོད་རེད།   བསྟན་པ་རྒྱལ་མཚན་ལགས་ཀྱིས།  ཕྱི་ལོ་ ༢༠༡༨ ལོར་བོད་ཤར་ཕྱོགས་ཁུལ་དུ་འབྲི་ཆུ་གཙང་པོར་ས་རུད་བྱུང་བའི་སྐབས་རི་ཉིལ་གྱིས་དཀའ་ངལ་འཕྲད་ཡོད་པ་དང་།  སྐབས་དེར་རྒྱ་ནག་གི་མྱུར་སྐྱོབ་ཚན་པ་རྣམས་ཉིན་གྲངས་ལྔ་པར་མ་གཏོགས་འབྱོར་མེད་པ་དང་།  དེ་མཚུངས་ཀྱིས་གོད་ཆགས་སླར་ཡང་ཉིན་གྲངས་ ༢༣ རྗེས་བྱུང་ཡོད་པས།  རྒྱ་ནག་ནས་ཆུ་མཛོད་སོགས་རྒྱག་ཐུབ་རྒྱུའི་ནུས་པ་ཡོད་ནའང་གོད་ཆགས་སོགས་བྱུང་བའི་སྐབས་དེར་གདོང་ལེན་བྱེད་ཐུབ་ཀྱི་མེད་སྐོར་གསུངས་འདུག  གཞན་ཡང་བསོད་ནམས་ཚེ་རིང་ལགས་ཀྱིས།  རྒྱ་ནག་ནས་འབྲོག་པ་བཙན་དབང་གིས་སྤོར་བཅུག་པའི་ཐོག་འཛུགས་སྐྲུན་གསར་རྒྱག་བྱེད་ཀྱི་ཡོད་པ་དང་།  འབྲོག་པ་གནས་སྤོར་བཅུག་པ་དེས་སྲོལ་རྒྱུན་གྱི་འཚོ་བའི་ལམ་ལུགས་ལ་དོ་ཕོག་འགྲོ་བཞིན་པ་མ་ཟད།   བོད་དང་སྤྱི་ཚོགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་པ་གསུངས་འདུག གཞི་རྩའི་རྒྱ་ནག་གིས་བོད་ནང་དུ་ཤིང་ནགས་གཅོད་འབྲེག་དང་རང་བྱུང་གཏེར་ཁ་སྔོག་འདོན།  དེ་བཞིན་འབྲོག་པ་བཙན་དབང་གིས་གནས་སྤོར་གྱིས་བོད་ཀྱི་ཁོར་ཡུག་སྤྱིར་ཤུགས་རྐྱེན་ཚབས་ཆེན་སྤྲོད་བཞིན་ཡོད་པ་དང་།  ཁོར་ཡུག་གི་གནས་བབ་ལ་འགྱུར་བ་ཕྱིན་རྐྱེན་དེང་སྐབས་བོད་ནང་དུ་རང་བྱུང་གོད་ཆགས་སོགས་ཇེ་མང་དང་འཁྱགས་རོམ་གྱི་ཞུ་ཚད་ཇེ་མྱུར་ལ་འགྲོ་བཞིན་པ་རེད་འདུག tSAM 07  

གཉན་རིམས་འགོག་རྒྱུ་སོགས་ཀྱི་ལས་དོན་ཆེད་མ་དངུལ་ཇི་ལྟར་གཏང་དགོས་ཀྱང་ཐེ་ཚོམ་མེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་ལྟའི་བཀའ་ཤག་སྐབས་ ༡༦ པའི་ངོས་ནས་གཉན་རིམས་དང་འབྲེལ་བའི་ལས་དོན་གཙོ་བོ་གསུམ་གྱི་ཐོག་འབད་བརྩོན་གནང་སྐོར་དང་ནད་ཡམས་འགོག་རྒྱུ་སོགས་ཀྱི་ལས་དོན་ཆེད་མ་དངུལ་ཇི་ལྟར་གཏང་དགོས་བྱུང་ནའང་ཐེ་ཚོམ་རྩ་བ་ཉིད་ནས་མེད་ཅེས་གསུངས་འདུག དེའང་ཉེ་ཆར་སྤེན་པ་ཚེ་རིང་མཆོག་གིས་སྐབས་ ༡༦ པའི་སྲིད་སྐྱོང་གི་ལས་ཁུར་དང་གསང་རྒྱའི་དམ་འབུལ་ཞུས་འཕྲལ་ཁ་ཉིན་ད་ལྟའི་བཀའ་ཤག་གསར་པའི་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་སྔོན་འགོག་དང་མཐུན་སྦྱོར་གནང་ཕྱོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་བརྒྱུད་ད་བར་གྱི་ཏོག་དབྱིབས་གཉན་རིམས་ཀྱི་བྱུང་རིམ་སྙན་གསེང་དང་ལྷག་པར་དུ་ནད་ཡམས་དང་འབྲེལ་བའི་ལས་དོན་གཙོ་བོ་གསུམ་གྱི་ཐོག་འབད་བརྩོན་གནང་གལ་སྐོར་དང་སྦྲགས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ཁྲིད་དེ་གཞུང་དང་ཚོགས་པ་ཁག་ནས་མུ་མཐུད་གཉན་རིམས་དང་འབྲེལ་བའི་དཔལ་འབྱོར་བསྡུ་རུབ་ཀྱི་ལས་གཞི་མཇུག་སྐྱོང་གནང་རྒྱུ་དང་། གལ་སྲིད་རོགས་དངུལ་འདང་ངེས་པ་ཞིག་མ་འབྱུང་ཚེ་ད་ལྟའི་ནད་ཡམས་འདི་ཛ་དྲག་ཆེན་པོ་ཞིག་ཡིན་པ་དང་མིའི་འཕྲོད་བསྟེན་དང་སྲོག་ལ་ཉེན་ཁ་ཆགས་ཀྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མ་དངུལ་གང་གི་ཐོག་ནས་གནང་དགོས་ཀྱང་འགྲོ་སོང་གནང་བར་ཐེ་ཚོམ་རྩ་བ་ཉིད་ནས་མེད་ཅེས་གསུངས་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་བཀའ་ཤག་གསར་པའི་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ལས་དོན་གཙོ་བོ་གསུམ་ཡོད་པའི་ཁོངས་སུ་དང་པོ་དེ་ཏོག་དབྱིབས་སྔོན་འགོག་གི་སླད་དུ་འཛིན་སྐྱོང་གི་་ངོས་ནས་བོད་མི་གང་མང་ལ་སྔོན་ཁབ་བརྒྱབ་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་པ་དང་། ད་ལྟ་ཛ་དྲག་ཚོགས་ཆུང་གི་ངོས་ནས་རྒྱ་གར་དབུས་གཞུང་ལ་འགོག་ཁབ་དང་འབྲེལ་ཆོག་མཆན་ཞུ་བ་དང་། སྨན་བཟོ་ཁང་ནས་འགོག་ཁབ་ཐད་ཀར་ཉོ་ཐུབ་མིན་སོགས་ཀྱི་གནས་སྟངས་ཤིག་ལ་གཟིགས་ཞིབ་གནང་གི་ཡོད་པ་དང་། ད་ལྟའི་ཆར་དངུལ་ཡོད་ནའང་ཁྲོམ་རར་འགོག་ཁབ་མི་རག་པའི་གནས་སྟངས་ཤིག་ཆགས་ཡོད་སྟབས། ས་གནས་འགོ་འཛིན་ལས་ཁུངས་སོ་སོ་དང་ས་གནས་འཕྲོད་བསྟེན་གྱི་མགོ་ལས་སོ་སོ་དང་འབྲེལ་བའི་ཐོག་ནས་གོ་སྐབས་གང་ཡོད་པ་བཟུང་སྟེ་དཔལ་འབྱོར་ལ་འཛེམས་མི་དགོས་པར་འགོག་ཁབ་བརྒྱབ་དགོས་པ་གལ་ཆེན་པོ་ཡིན་པ་མ་ཟད་བོད་མི་འགོག་ཁབ་བརྒྱབ་པར་ཐོ་འགོད་བྱེད་མི་ཤེས་མཁན་སོགས་ལ་དམིགས་ཏེ་ངེས་པར་དུ་ཐོ་འགོད་བྱེད་མི་བསྐོ་བཞག་གནང་དགོས་པ་དང་། གཞིས་ཁོངས་སུ་འགོག་ཁབ་བརྒྱབ་མི་ཐུབ་ཚེ་ས་གནས་གཞན་ནས་ངེས་པར་དུ་བརྒྱབ་དགོས་སྐོར་གསུངས་འདུག དེ་བཞིན་ཁོང་གིས་འཛིན་སྐྱོང་གི་གཉན་རིམས་དང་འབྲེལ་བའི་ལས་དོན་གལ་ཆེན་གཉིས་པ་ནི་ནད་ཀྱིས་མནར་བཞིན་པ་རྣམས་ལ་ལྟ་སྐྱོང་ཚད་ལྡན་གནང་རྒྱུ་ཡིན་པ་དང་། ད་ལྟ་སྤྱི་ཡོངས་ཀྱི་ནད་པའི་གྲངས་ཕྲན་བུ་ཉུང་དུ་འགྲོ་བཞིན་ཡོད་ནའང་གཉན་རིམས་ཀྱི་ནད་རླབས་གསུམ་པ་ཞིག་ཡོང་རྒྱུ་ཡིན་པའི་ཉེན་ཁ་ཞིག་ཡོད་སྟབས། དེའི་ཐད་སྔོན་ཚུད་ནས་གྲ་སྒྲིག་གནང་གལ་ཆེན་པོ་ཡིན་པ་དང་། འཛིན་སྐྱོང་གི་ངོས་ནས་སྨན་བཅོས་དང་འབྲེལ་ནས་སྲོག་རླུང་སོགས་སྨན་བཅོས་ཀྱི་མཁོ་ཆས་མ་འདང་བར་རྐྱེན་འདས་སུ་ཕྱིན་པའི་གནས་སྟངས་ཤིག་མི་འབྱུང་བ་གནང་རྒྱུར་འབད་བརྩོན་གནང་རྒྱུ་དང་། གསུམ་པ་ནི་ནད་ཡམས་ལ་རྐྱེན་བྱས་ཏེ་འཚོ་བར་དཀའ་ངལ་འཕྲད་བཞིན་པ་དག་ལ་ནང་སྲིད་ལས་ཁུངས་ནས་ལྟ་རྟོག་གནང་རྒྱུའི་རྐང་འགན་འཁུར་རྒྱུ་དེ་ཡིན་པའི་གཏན་འཁེལ་བྱུང་ཡོད་ཅེས་གསུངས་འདུག སྲིད་སྐྱོང་མཆོག་གིས་ད་ཆ་སྤྱི་ཚོགས་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པར་བརྟེན་དབུས་ཏོག་དབྱིབས་ཛ་དྲག་ཚོགས་ཆུང་བསྐྱར་སྒྲིག་གནང་སྟེ་ཚོགས་ཆུང་ཀྱི་སློབ་སྟོན་པ་བདེ་ལེགས་སྨན་ཁང་གི་ཕྱི་ལུགས་སྨན་པ་དང་སྐུའི་བླ་སྨན་པ་ས་འདུས་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་སྨན་རྩིས་ཁང་གི་སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་གཉིས་སྔར་མུས་སུ་གནས་རྒྱུ་དང་། ཚོགས་ཆུང་གི་ཚོགས་མི་བདུན་ནི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ། སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས། བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། འཕྲོད་བསྟེན་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས། སྨན་རྩིས་ཁང་གི་སྨན་པ་རིན་ཆེན་བཟང་མོ་ལགས། བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་གཏན་འཁེལ་གནང་ཡོད་ཅེས་གསུངས་འདུག གཞན་ཡང་ནད་ཡམས་དང་འབྲེལ་རོགས་དངུལ་གྱི་སྐོར་ལ་སྲིད་སྐྱོང་མཆོག་གིས་ད་བར་དུ་བལ་ཡུལ་ནང་རོགས་དངུལ་ཧིན་སྒོར་འབུ མ་ ༢༢༥ བྱུང་ཡོད་པ་ནས་འགྲོ་གྲོན་ཧིན་སྒོར་འབུམ་ ༡༧༢ ལྷག་ཕྱིན་ཡོད་པ་དང་། རྒྱ་གར་ནང་རོགས་དངུལ་ཧིན་སྒོར་འབུམ་༩༡༥ ལྷག་བྱུང་ཡོད་པ་ནས་འགྲོ་གྲོན་ཧིན་སྒོར་འབུམ་ ༦༥༦ ལྷག་ཕྱིན་པ་དང་། རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ནང་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ཞལ་འདེབས་ཁྱོན་ཧིན་སྒོར་འབུམ་ ༡༡༤༡ ལྷག་བྱུང་ཡོད་པ་ནས་ད་ལྟ་ཧིན་སྒོར་འབུམ་ ༣༡༢ ལྷག་ཡོད་སྐོར་དང་། དེའི་ཁྲོད་ཨ་རིའི་རོགས་ཚོགས་ཀྱི་དངུལ་དང་ཨ་རིའི་སྐྱབས་བཅོལ་བའི་རོགས་དངུལ་ (PRM) གཉིས་ནི་རོགས་དངུལ་ཆེ་ཤོས་གཉིས་དེ་ཡིན་པ་དང་། ད་ལྟ་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད་སྟབས་བོད་ཀྱི་ཐེབས་རྩ་བརྒྱུད་ལྷན་ཁང་གཞན་གྱི་ནང་གཉན་རིམས་སྐབས་ལག་བསྟར་མ་ཐུབ་པའི་ལས་གཞི་ཁག་གི་ལྷག་དངུལ་རྣམས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ལས་དོན་གྱི་ཐོག་ལ་ཁ་ཕྱོགས་བསྒྱུར་རྒྱུའི་གནས་སྟངས་ཡོད་མེད་སོགས་ཀྱི་ཐད་བོད་ཀྱི་ཐེབས་རྩའི་འབྲེལ་ཡོད་ལས་བྱེད་དང་གྲོས་བསྡུར་གནང་བཞིན་ཡོད་སྐོར་དང་། ད་ལྟ་བར་དུ་རོགས་དངུལ་གང་འཚམ་ཚད་ལྡན་བྱུང་འདུག་པ་དང་། ད་ལྟ་སྤྱི་འཐུས་རྒྱུན་ལས་ཚོགས་ཐུབ་ཀྱི་མེད་པའི་གནས་སྟངས་འོག་བར་བརྒལ་བཀའ་ཁྲོལ་ཞུ་རྒྱུར་ལྷག་ཡོད་པ་ཧིན་སྒོར་འབུམ་ ༡༤ ལྷག་ཡོད་པ་དང་། དེ་བཞིན་ནད་ཡམས་ཀྱི་གནས་སྟངས་མུ་མཐུད་ཇེ་ལེགས་སུ་དེ་ཙམ་མ་ཕྱིན་པར་གནས་ཚེ་འཕྲོད་བསྟེན་ལས་ཁུངས་ཀྱིས་འབྱུང་འགྱུར་ཟླ་བ་བཅུའི་ནང་དུ་ཧིན་སྒོར་འབུམ་ ༡༠༥༩ ཙམ་འགྲོ་སྲིད་པའི་འཆར་རྩིས་གནང་ཡོད་པ་དང་། དེའི་ཐད་ད་ལྟ་འཕྲོད་བསྟེན་ལས་ཁུངས་ཀྱིས་འགོག་ཁབ་དང་སྔོན་འགོག་གི་མཁོ་ཆས་སོགས་ཀྱི་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་གནང་རྗེས་ཞིབ་ཕྲའི་གནས་ཚུལ་རྗེས་ལ་ཡོངས་ཁྱབ་གནང་རྒྱུ་ཡིན་སྐོར་གསུངས་འདུག

༸གོང་ས་མཆོག་གིས་སྐབས་བཅོ་ལྔའི་བཀའ་ཤག་ལ་ཐོན་མཇལ་སྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་གིས་སྣེ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༥ བའི་བཀའ་བློན་རྣམས་ཀྱི་ལས་ཡུན་ཚང་བ་དང་བསྟུན་ཐོན་མཇལ་རྩལ་འདུགདེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དེ་རིང་སྔ་ཐོག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ཐོག་བརྒྱུད། སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་དབུས་པའི་བཀའ་ཤག་སྐབས་ ༡༥ པའི་བཀའ་བློན་རྣམ་པར་ཐོན་མཇལ་དང་སྦྲགས། སྲིད་སྐྱོང་དབུས་པའི་བཀའ་བློན་རྣམས་ཀྱིས་འདས་པའི་ལོ་ལྔའི་ནང་ཕྱག་ལས་ཧུར་ཐག་གནང་པར་བསྔགས་བརྗོད་དང་། ལྷག་པར་དུ་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་གིས་ལོ་བཅུའི་རིང་བཀའ་ཤག་སྣེ་ཁྲིད་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་པར་ཆེ་བསྟོད་དང་སྦྲགས། སྲིད་ཟུར་དབུས་པའི་བཀའ་ཟུར་རྣམས་ཀྱིས་ཀྱང་མུ་མཐུད་བོད་དོན་ཐོག་འཕྱར་གྲུ་མཉམ་འདེགས་ཀྱིས་ལས་དོན་སྒྲུབ་དགོས་པའི་སྐུལ་མ་གནང་ཡོད་པ་འཁོད་འདུག མ་ཟད་༧གོང་ས་མཆོག་ནས་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་ལ་མགོན་པོ་གང་ཉིད་མཆོག་ཐུགས་སྐྱེད་དམ་བཅའ་གཙོ་བོར་གཞིགས་སྟེ། རྒྱ་གར་གྱི་གནའ་བོའི་རིག་གནས་བསྐྱར་གསོ་དང་འབྲེལ་བའི་ལས་གཞིའི་ཐོག་དམིགས་བསལ་གྱི་ཐུགས་འགན་བཞེས་རྒྱུའི་འགན་ཞིག་ཀྱང་སྩལ་ཡོད་པ་བཀའ་སྩལ་བ་དང་ཆབས་ཅིག མགོན་པོ་གང་ཉིད་མཆོག་བསྟན་འགྲོ་སྤྱི་དང་། ལྷག་པར་དུ་བོད་མིའི་བདེ་དོན་སླད་དགུང་གྲངས་ ༡༡༠ ལྷག་བཞུགས་ངེས་ཡིན་པ་བསྐྱར་ནན་མཛད་ཡོད་པ་གསལ་འདུག གཞི་རྩའི་སྲིད་སྐྱོང་སྲིད་ཟུར་པ་བློ་བཟང་སེང་གེ་མཆོག་གིས་སྤྱི་ལོ་༢༠༡༡ ནས་ད་བར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་གཉིས་ཀྱི་ཐུགས་འགན་བཞེས་ཡོད་པ་རེད། ཁ་སང་༧གོང་ས་མཆོག་དྲ་ཐོག་དབུ་བཞུགས་ཐོག སྲིད་སྐྱོང་གསར་པའི་དམ་འབུལ་གྲུབ་པ་དང་བསྟུན་ཚོགས་པ་སྐྱིད་སྡུག་འདྲ་མིན་ཁག་ཅིག་གིས་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་གི་དབུས་སྐབས་བཅོ་ལྔ་བའི་བཀའ་ཤག་གི་བཀའ་བློན་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་གཟེངས་རྟགས་འབུལ་བཞེས་སོགས་ཀྱི་ལས་རིམ་ཁག་ཅིག་སྐྱངས་འཕྲལ། དེ་རིང་ཉིན་རྒྱབ་སྲིད་སྐྱོང་ཟུར་པ་མཆོག་བཞུགས་སྒར་ནས་ཨ་རིའི་ཕྱོགས་སུ་ཕེབས་ཐོན་གནང་སོང་།

གནངས་ཉིན་སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་རྣམས་ཀྱིས་དམ་འབུལ་གནང་གཏན་འཁེལ་འདུག

སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཡུན་ལོ་ལྔ་ཚང་ལ་ཉེ་བ་དང་བསྟུན། གནངས་ཉིན་ཕྱི་ཚེས་ ༣༠ རེས་གཟའ་ཉི་མའི་ཉིན་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདམས་ཐོན་སྤྱི་འཐུས་རྣམས་ཀྱིས་ལས་ཁུར་དམ་འབུལ་གྱི་ལས་རིམ་ཁག་བསྐྱང་གཏན་འཁེལ་འདུགདེ་ཡང་དེ་སྔ་དབུས་འོས་བསྡུ་ལས་ཁང་ནས་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམས་གཏན་འབེབས་གསལ་བསྒྲགས་གནང་བ་གཞིར་བཟུང་ཁ་སང་ཚོགས་དྲུང་ལས་ཁུངས་ནས་སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདམས་ཐོན་སྤྱི་འཐུས་རྣམ་པར་ལས་ཁུར་དམ་འབུལ་གྱི་ལས་རིམ་ཁག་བཏང་འདུག་པ་དང་། ལས་རིམ་གཏན་འབེབས་གནང་པ་ལྟར་བྱས་ན། སང་ཉིན་ཕྱི་ཚེས་ ༢༩ ཉིན་ཆོལ་གསུམ་ཆོས་ལུགས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཁྱབ་ཁོངས་ནས་བདམས་ཐོན་བྱུང་བའི་སྤྱི་འཐུས་རྣམ་པ་བཞུགས་སྒར་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་གྱིས་འབྱོར་ཐོ་བཀོད་གནང་དགོས་པ་དང་། དེ་ནས་ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བར་བརྒལ་ཚོགས་གཙོ་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དྲུང་དུ་ལས་ཁུར་དམ་འབུལ་ཞུས་གྲུབ་མཚམས་སུ་བདམས་ཐོན་སྤྱི་འཐུས་རྣམས་ཀྱིས་དམ་འབུལ་ཟིན་པའི་བར་བརྒལ་ཚོགས་གཙོའི་མདུན་དུ་རིམ་བཞིན་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུ་རྒྱུ་རེད་འདུག མ་ཟད་ཉིན་མོ་དེའི་ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་དམ་འབུལ་ཟིན་པའི་སྤྱི་འཐུས་རྣམ་པ་ཚང་འཛོམས་ཐོག་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཞོན་གཉིས་འོས་འདེམས་གནང་རྒྱུ་དང་། ཕྱི་ཚེས་ ༣༡ ཉིན་བདམས་ཐོན་ཚོགས་གཙོ་དང་ཚོགས་གཞོན་གཉིས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་དྲུང་ནས་ལས་ཁུར་དམ་འབུལ་ཞུ་གནང་རྒྱུ་རེད་འདུག གཞི་རྩའི་ད་ལྟའི་ཆ་ལ་ཉེ་ལམ་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་རྒྱུན་དབར་བྱུང་བའི་གནད་དོན་ལས་འཕྲོས་ཏེ། སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་སྤྱི་འཐུས་ཀྱི་ལས་གནས་ནས་རྩ་དགོངས་ཞུས་པ་དང་། ཚོགས་གཞོན་ཨ་ཅརྱ་ཡ་ཡེ་ཤེས་ཕུན་ཚོགས་མཆོག་ཚོགས་གཞོན་གྱི་ལས་གནས་ནས་དགོངས་པ་ཞུས་པ། དེ་བཞིན་སྤྱི་འཐུས་རྒྱུན་ལས་དྲུག་ཙམ་རྒྱུན་ལས་ནས་དགོངས་པ་ཞུས་པ་བཅས་ཀྱི་གནས་སྟངས་ཁྲོད། མང་ཚོགས་ནང་ལ་བདམས་ཐོན་སྤྱི་འཐུས་གསར་པའི་བར་བརྒལ་གྱི་ཚོགས་གཙོ་བསྐོ་བཞག་ཐུབ་ཡོད་མེད་སོགས་ཀྱི་ཐད་ལ་དོགས་འདྲི་བྱུང་བཞིན་པ་དང་འབྲེལ། འདི་ག་གསར་འགོད་པས་འབྲེལ་ཡོད་ཁག་ཅིག་ལ་དེ་འབྲེལ་བཀའ་དྲི་ཞུས་པའི་སྐབས་སུ། སྐབས་བཅུ་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྒྱུན་ལས་ཁག་ཅིག་དགོང་པ་མ་ཞུས་པའི་སྔོན་དུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་བདུན་པ།  སྤྱི་འཐུས་ཀྱི་དམ་འབུལ། ཞེས་པའི་དགོངས་དོན་འོག སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བར་བརྒལ་ཚོགས་གཙོ་དེ་བཞིན་བདམས་ཐོན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་བསྐོ་བཞག་གནང་ཟིན་ཡོད་པ་གསུངས་བྱུང་། འོན་ཀྱང་སྤྱི་འཐུས་རྒྱུན་ལས་ནས་དགོངས་ཞུ་གནང་ཟིན་པ་ཁག་ཅིག་ནས་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དང་འབྲེལ་ཏེ་ད་ཆ་གྲོས་ཚོགས་ཀྱི་ཚོགས་གཅོ་ཚོགས་གཞོན་མེད་སྟབས། སྤྱི་འཐུས་གསར་པའི་དམ་འབུལ་མཛད་རིམ་དང་འབྲེལ་བའི་གྲོས་ཚོགས་ཀྱི་ལས་དོན་རྣམ་ཏག་ཏག་བསྡད་མིན་གྱི་དྲི་བ་གཏོང་མཁན་ཡང་འདུག་ལ། ཕྱོགས་གཞན་ཞིག་ནས་ད་ལྟའི་ཆ་ལ་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲགས་གནས་སྟངས་རྐྱེན་ཀྱིས་རྒྱ་གར་གྱི་མངའ་སྡེ་མི་ཉུང་བ་ཞིག་ཏུ་འགྲོ་བསྐྱོད་དམ་དྲགས་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཆགས་ས་ཧི་མ་ཅལ་མངའ་སྡེའི་ནང་རིམས་ནད་སྔོན་འགོག་དང་འབྲེལ་བའི་བཀའ་རྒྱ་ཁག་མུ་མཐུད་གནས་པའི་ཐོག   ས་གནས་སུ་མི་ལྔ་ལས་ལྷག་པ་འདུ་འཛོམས་བྱེད་ཆོག་ཀྱི་མེད་པ་སོགས་ཀྱི་གནས་སྟངས་ཁྲོད་དུ་བདམས་ཐོན་སྤྱི་འཐུས་རྣམས་པའི་མཛད་རིམ་གཏན་འབེབས་ལྟར་ཆེད་བཅར་ཐུབ་མིན་ཡང་བཤད་ཚོད་ཁག་པོ་ཆགས་འདུག

རྒྱ་གར་དབུས་གཞུང་གིས་༧སྐུའི་ཡང་སྲིད་ཀྱི་ཐད་ནས་ལངས་ཕྱོགས་གསལ་སྟོན་དགོས་བའི་ཞུ་སྐུལ།

རྒྱ་གར་དབུས་ནང་སྲིད་ལྷན་ཁང་ནང་བོད་ཀྱི་གནད་དོན་ཐོག་སློབ་སྟོན་པ་ཟུར་པ་དང་རྒྱ་གར་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་སྐུ་ཞབས་ Amitabh Mathur ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་།  སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་གདོང་ལེན་གནང་དགོས་པ་སོགས་གནད་དོན་ཁག་ཅིག་ཐད་དགོངས་ཚུལ་གསུངས་འདུག་པ་དང་།  ཁོང་གིས་སྐབས་དེར་རྒྱ་གར་ནས་ཞལ་གསང་པོའི་ཐོག་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐག་གཅོད་གནང་རྒྱུའི་སྐུ་དབང་༸གོང་ས་མཆོག་ཁོ་ན་ལ་ཡོད་པ་དང་༸གང་ཉིད་མཆོག་གི་ཐུགས་འདོད་གཞིར་བཟུང་ཐུགས་ཐག་གཅད་དགོས་པ་བརྗོད་དགོས་ཅེས་གསུངས་འདུག དེ་ཡང་ཁ་སྔོན་ཚེས་ ༢༦ ཉིན་སྐུ་ཞབས་ Amitabh Mathur ལགས་ཀྱིས་རྒྱ་གར་གྱི་ Hardnews གསར་ཁང་གིས་བཅར་འདྲི་དང་ལེན་གནང་བའི་ནང་།  ཁོང་གིས་ད་ལྟའི་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༦ ལ་ཕེབས་ཡོད་པ་དང་།   སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལས་ཡུན་དེ་བཞིན་ཕྱི་ལོ་ ༢༠༢༦ ལོར་རྫོགས་མཚམས་སུ་༸མགོན་པོ་༸གང་ཉིད་མཆོག་དགུང་གྲངས་  ༩༡ ལ་ཕེབས་རྒྱུ་ཡིན་པ་མ་ཟད།    ལྷག་པར་ད་ཆ་ནད་ཡམས་དང་༸གང་ཉིད་མཆོག་དགུང་ནའི་བབས་ཀྱི་ཆ་ནས་རྒྱལ་ཁབ་གཞན་གྱི་འགོ་ཁྲིད་ཚོ་དང་ལྷན་དེ་སྔ་བཞིན་མཛད་རིམ་སྐྱོང་རྒྱུ་སོགས་ཅུང་ཁག་པོ་ཆགས་རྒྱུ་ཡིན་པས།   སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་དེ་འབྲེལ་གྱི་འགན་ཁུར་བཞེས་དགོས་སྟབས།   ད་ལན་ཁོང་སྲིད་སྐྱོང་དུ་བདམས་ཐོན་བྱུང་བ་དེ་དུས་ཚིགས་གནད་འགག་ཅིག་གི་ཐོག་འཁེལ་ཡོད་པར་གསུངས་འདུག དེ་བཞིན་ཁོང་གིས།   རྒྱ་ནག་གི་གནད་དོན་དང་འབྲེལ།   དེ་སྔ་རྒྱ་ནག་གི་སྲིད་བྱུས་ལ་སྐྱོན་འཛུགས་བྱེད་རྒྱུར་འཛེམས་ཟོན་གནང་མཁན་རྒྱལ་ཁབ་རྣམས་ནས་ད་ཆ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་གནད་དོན་ཐད་གནོན་ཤུགས་སྤྲོད་འགོ་ཚུགས་ཡོད་པ་དང་།    མ་ཟད་ཨ་རི་ནས་བོད་དོན་གྱི་གནད་དོན་ལ་རྒྱབ་སྐྱོར་གྱིས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་སོགས་གནང་ཡོད་པ་ལྟར།  ད་ཆ་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་གནས་བབ་ལ་འགྱུར་བ་ཕྱིན་ཡོད་པ་གསུངས་འདུག  ཁོང་གིས་ད་དུང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དེ་སྔ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་མྱོང་ཡོད་པ་དང་།  དེ་བཞིན་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་གནང་མྱོང་ཡོད་པའི་ཉམས་མྱོང་དེ་དག་གཞིར་བཞག་ཐོག་ཁོང་ད་ལན་སྲིད་སྐྱོང་དུ་བདམས་ཐོན་བྱུང་བར་དགེ་མཚན་ཏན་ཏན་ཡོད་ཅེས་གསུངས་འདུག    འོན་ཀྱང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྲིད་སྐྱོང་གི་ལས་ཡུན་རིང་གདོང་ལེན་གནང་དགོས་པའི་གནད་དོན་ཁག་ཅིག་ཡོད་པ་དང་དེའི་ནང་གཅིག་ནི་བཙན་བྱོལ་གྱི་ནང་མོལ་གྱི་གནད་དོན་ཏེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཕྱོགས་གཏོགས་སུ་གྱུར་ཡོད་པ་དེར་གདོང་ལེན་གནང་དགོས་པ་གསུངས་འདུག   མ་ཟད་དེ་ལས་འཕྲོས་ཏེ་ཁོང་གིས་ད་ཆ་སྤེན་པ་ཚེ་རིང་ལགས་སྲིད་སྐྱོང་དུ་བདམས་ཐོན་བྱུང་ཡོད་དུས་ཁོང་ལ་དགག་པ་བྱེད་མཁན་རྣམས་ཀྱིས་ཁོང་གི་རྒྱལ་ཁར་དང་ལེན་དང་སྦྲགས།    རྒྱབ་སྐྱོར་གནང་དགོས་པ་དང་།   རང་ཉིད་ཀྱི་བསམ་ཚུལ་ལྟར་ན་སྤེན་པ་ཚེ་རིང་ལགས་སྲིད་སྐྱོང་དུ་བདམས་ཐོན་བྱུང་བ་ནི་གདམ་ཀ་ལེགས་པོ་ཞིག་རེད་འདུག་ཅེས་གསུངས་འདུག གཞན་ཡང་ཁོང་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྲིད་སྐྱོང་གི་ལས་གནས་ཁྲོད། རྒྱ་གར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་མིའི་མི་འབོར་ཇེ་ཉུང་དུ་འགྲོ་བཞིན་པའི་གནད་དོན་དང་།  ལྷག་པར་རྒྱ་གར་དབུས་གཞུང་ནས་བཙན་བྱོལ་སྒྲིག་འཛུགས་ལ་མངོན་གསལ་དོད་པོའི་ཐོག་ཆེས་མཐོང་དང་རྒྱབ་སྐྱོར་རག་ཐབས་ཐད་གདོང་ལེན་གནང་དགོས་པ་གསུངས་པ་དང་ཆབས་ཅིག   རྒྱ་གར་ནས་ཞལ་གསང་པོའི་ཐོག་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐག་གཅོད་གནང་རྒྱུའི་སྐུ་དབང་༸གོང་ས་མཆོག་ཁོ་ནར་ཡོད་པ་དང་དེའང་༸གང་ཉིད་མཆོག་གི་ཐུགས་འདོད་གཞིར་བཟུང་ཐུགས་ཐག་གཅད་དགོས་པ་བརྗོད་དགོས་པའི་དགོངས་ཚུལ་བཏོན་འདུག ད་དུང་ཁོང་གིས་རྒྱ་གར་དབུས་གཞུང་ནས་སྲིད་སྐྱོང་ལ་ཆེ་མཐོང་སྤྲད་དགོས་པ་དང་།    སྤྱིར་ད་ཆ་བོད་མིའི་སྒྲིག་འཛུགས་དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པའི་ངོ་བོའི་ཐོག་ཐོ་འགོད་བྱས་ཡོད་པ་དེ་ལྟར་ཡང་།  བཙན་བྱོལ་སྒྲིག་འཛུགས་དེ་བཙན་བྱོལ་བོད་མིའི་སྐུ་ཚབ་མཚོན་པའི་སྒྲིག་འཛུགས་དངོས་ཆགས་ཀྱི་ཡོད་པར་གསུངས་བ་དང་ཕྱོགས་མཚུངས་སུ་སྲིད་སྐྱོང་གིས་གདོང་ལེན་གནང་དགོས་པའི་གནད་དོན་དེ་དག་གྲུབ་པའི་རྗེས་སུ་ཁོང་གིས་དམིགས་ཡུལ་གཙོ་བོ་བོད་རྒྱ་འབྲེལ་མོལ་སླར་གསོ་ཐད་ཕྱག་ལས་གནང་རྒྱུ་དང་།  གཉིས་པ་དེར་ཁོང་གིས༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་གྲོས་མོལ་གནང་དགོས་བར་གསུངས་འདུག དེ་བཞིན་སྐུ་ཞབས་མཱ་ཐུར་ལགས་ཀྱིས།  ཆོས་བརྒྱུད་ཀྱི་དབུ་ཁྲིད་དང་འབྲེལ་གནད་དོན་ཁག་ཅིག་གསུངས་འདུག་པ་དང་།  ལྷག་པར་སྲིད་སྐྱོང་མཆོག་ནས་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་རྒྱ་གར་ནང་གདན་འདྲེན་ཞུ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག  མ་ཟད་ཁོང་གིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དང་འབྲེལ།  ད་ཆ་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་སོང་བའི་སྐབས་རྒྱ་གར་དབུས་གཞུང་ནས་༸གོང་ས་མཆོག་དང་ལྷན་མཉམ་ལས་དང་སྦྲགས་༸གང་ཉིད་མཆོག་ལ་རྒྱབ་སྐྱོར་གྱིས་༸སྐུའི་ཡང་སྲིད་ཐད་འཛེམ་ཟོལ་མེད་པའི་ཐོག་བསྒྲགས་གཏམ་སྤེལ་དགོས་པ་སོགས་གསུངས་འདུག གཞི་རྩའི་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལས་ཁུར་དང་གསང་རྒྱའི་དམ་འབུལ་བཞེས་གནང་ཡོད་པ་དང་།  ཁ་སང་གི་སྲིད་སྐྱོང་གི་ལས་ཁུར་དམ་འབུལ་ཞུས་ཏེ་ལས་ཉིན་དང་པོའི་ཐོག་ཁོང་གིས་གཞུང་འབྲེལ་བརྙན་འཕྲིན་བརྒྱུད་དེ་བོད་མི་མང་ཚོགས་ལ་གསུང་བཤད་ཐོག་མ་དེ་གནང་ཡོད་པ་རེད།  སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འབྱུང་འགྱུར་བོད་དོན་བདེན་མཐའ་གསལ་ཐབས་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་ལ་བརྟེན་ནས་རྒྱ་ནག་གཞུང་དང་མཉམ་དུ་བོད་རྒྱ་གཉིས་སྨན་དང་། འབྲེལ་གཏུག་གྲོས་མོལ། འཚེ་མེད་ཞི་བ་བཅས་ཀྱི་རྩ་དོན་གཞི་རྩར་བཞག་སྟེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་རྒྱུ་དང་།  དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ཏུ་ཆིབས་བསྒྱུར་གྱི་ཐུགས་རེ་འགྲུབ་ཐབས་ལ་རམ་འདེགས་ཞུ་སླད་རྒྱ་གཞུང་ལ་འབྲེལ་མཐུད་ཞུ་སྒོ་གང་ཡོང་བྱ་རྒྱུ་སོགས་དེ་འབྲེལ་དོན་ཚན་ལྔ་གསུངས་ཡོད་པ་རེད། དེ་བཞིན་མང་གཙོའི་ལམ་ལུགས་ཚགས་ཚུད་དང་སྲ་བརྟན་དང་འབྲེལ། ཁོང་གིས་བཀའ་ཤག་ངོས་ནས་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་ལ་ལུང་ཚན་དང་ཆོས་བརྒྱུད། ལྟ་བ་ལངས་ཕྱོགས་ཀྱི་དབྱེ་བ་མེད་པར་ནུས་པ་མཉམ་སྤུངས་བྱེད་ཕྱོགས་གོ་བསྡུར་བྱ་རྒྱུ་སོགས་དང་།   འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་དོན་ཚན་ ༡༡ གསུངས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་མཆོག་གིས་དབུས་པའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པའི་བཀའ་སློབ་ལམ་སྟོན་གཞིར་བཟུང་རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་བོད་ཀྱི་ཆོས་རིག་རྒྱུན་འཛིན་དར་སྤེལ་གྱི་ལས་དོན་ཁག་ལ་རམ་འདེགས་དང་མཐུན་འགྱུར་གང་འོས་ཞུ་རྒྱུ་ཡིན་པ་སོགས་གསུངས་ཡོད་པ་རེད།

སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་ལས་ཁུར་དང་གསང་རྒྱའི་དམ་བཅའ་འབུལ་བཞེས་དང་སྦྲགས་༸གོང་ས་མཆོག་གིས་འཚམས་འདྲི་མཛད་པ།

བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་དྲུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ལས་ཁུར་དང་གསང་རྒྱའི་དམ་བཅའ་འབུལ་བཞེས་དང་སྦྲགས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོར་ཟུར་པ་མཆོག་ལ་ཐུགས་རྗེ་ཆེ་ཞེས་དང་བདམས་ཐོན་སྲིད་སྐྱོང་མཆོག་ལ་འཚམས་འདྲི་མཛད་སོང་།  དེ་རིང་སྔ་དྲོ་ཆུ་ཚོད་ ༩་༥༥ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ་བདམས་ཐོན་སྲིད་སྐྱོང་གསར་པའི་དམ་འབུལ་གྱི་མཛད་སྒོ་ཚོགས་སོང་བ་དང་མཛད་སྒོའི་ཐོག་མར་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པས་དྲྭ་ཐོག་བརྒྱུད་ཤིས་བརྗོད་གསུང་འདོན་དང་། ཁྲིམས་ཞིབ་པ་ཆེ་བ་མཆོག་དང་བདམས་ཐོན་སྲིད་སྐྱོག་མཆོག་ནས༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མནྚ་རྟེན་གསུམ་འདེགས་འབུལ་བཅས་གནང་གྲུབ་མཚམས་སུ་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་དྲུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ལས་ཁུར་དང་གསང་རྒྱའི་དམ་བཅའ་འབུལ་བཞེས་གནང་ཡོད།  དམ་འབུལ་གྲུབ་མཚམས་སུ་སྲིད་སྐྱོང་གསར་རྙིང་དབར་ལ་བཀའ་ཐམ་སྲིད་ཞི་བདེ་སྐྱིད་རྩིས་སྤྲོད་ལེན་དང་སྦྲགས་ཏེ། སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་ནས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་རྟེན་འབྱུང་མཇལ་དར་དང་སྦྲགས་འཚམས་འདྲི་ཞུས་སོང་བ་དང་། ལྷག་པར་དུ་སྐབས་དེའི་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ཐོག་བརྒྱུད་དབུས་བཞུགས་མཛད་དེ་བོད་འདི་ལོ་རྒྱུས་རང་བཞིན་ལྡན་པའི་མི་རིགས་ཤིག་ཡིན་པ་མ་ཟད། སྔ་མོ་ཆོས་རྒྱལ་གྱི་སྐུ་དུས་ནས་བཟུང་སྟེ་བོད་ལ་སྒྲིག་འཛུགས་ཤིག་ཀྱང་ཡོད་པ་དང་། རིམ་བཞིན་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ཏེ་ལོ་གཅིག་གཉིས་ཀྱི་མཚམས་སུ་སྤྱི་འཐུས་བསྐོ་གཞག་གནང་རྒྱུ་སོགས་དབུ་འཛུགས་གནང་སྟེ་བོད་པའི་སྒྲིག་འཛུགས་དེ་ཁ་ཞེ་གཉིས་མེད་ཀྱི་མང་གཙོའི་ལམ་ལུགས་ཤིག་གི་ཐོག་སྐྱོད་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གི་འགོ་ཁྲིད་མགོ་མཁྲེགས་ཚོས་ང་ཚོར་ཞིང་བྲན་ལམ་ལུགས་སོགས་བརྗོད་དེ་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། དངོས་ཡོད་གནས་ཚུལ་ལ་བོད་ནང་ལ་རང་དབང་མེད་པ་དང་བཙན་བྱོལ་ནང་བོད་མི་ཚོར་རང་དབང་ཡོད་པའི་ཐོག་ནས་བོད་པའི་སྒྲིག་འཛུགས་འདི་ཡང་མང་གཙོའི་ལམ་ལུགས་མཐར་ཕྱིན་པ་ཞིག་གི་ཐོག་ཏུ་བསྐྱོད་དེ་ད་རེས་མི་མང་ནས་བདམས་ཐོན་བྱུང་བའི་སྲིད་སྐྱོང་དང་སྲིད་སྐྱོང་ཟུར་པ་གཉིས་ཀར་ཐུགས་རྗེ་ཆེ་ཞེས་དང་འཚམས་འདྲི་ཡོད་ཅེས་བཀའ་སྩལ་སོང་། མགོན་པོ་༸གང་ཉིད་མཆོག་ནས་ཆབ་སྲིད་ཀྱི་༸སྐུ་དབང་རྩིས་སྤྲོད་གནང་བ་ནས་བཟུང་ཆབ་སྲིད་ཀྱི་འགན་རྣམས་མི་མང་གིས་འོས་བསྡུའི་ལམ་ནས་བདམས་པའི་འགོ་ཁྲིད་ཚོས་འགན་བཞེས་ཏེ་ད་བར་ཚང་མས་ཡག་ཐག་ཆོད་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་དང་ཆབས་ཅིག ད་ཆ་དུས་ཀྱི་ཆ་ནས་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་ཁྲོད་དུ་རྒྱ་ནག་ནང་ལའང་འགྱུར་བ་འགྲོ་བཞིན་ཡོད་པ་དང་། ང་ཚོས་བོད་ཀྱི་གནད་དོན་འདི་གཉིས་ཀར་ཕན་པའི་དབུ་མའི་ལམ་གྱི་ཐོག་ནས་འགྲོ་བཞིན་ཡོད་པ་མ་ཟད་བོད་མིའི་སྒྲིག་འཛུགས་དེ་ཡང་མང་གཙོ་ཡང་དག་པ་ཞིག་གི་ཐོག་ཏུ་བསྐྱོད་དེ་ད་བར་བོད་མིས་རང་གི་གཅེས་ནོར་སྲུང་སྐྱོབ་རྒྱུན་འཛིན་སོགས་ཚང་མས་ཧུར་ཐག་འབད་ཐག་གནང་ཡོད་པར་བཀའ་སྩལ་ཡོད།    དམ་འབུལ་གྱི་མཛད་རིམ་ཁག་གྲུབ་མཚམས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཕྱི་ནང་གི་གསར་འགོད་པའི་བཀའ་འདྲི་དང་ལེན་དང་སྦྲགས་ཏེ། ཐེངས་འདིའི་དམ་འབུལ་མཛད་སྒོའི་ཐོག་ཇི་ལྟར་གསོལ་བ་བཏགས་པ་བཞིན་༸གོང་མཆོག་གིས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་བ་དེ་ནི་སྐལ་བ་བཟང་པོ་ཞིག་ཡིན་པ་དང་མགོན་པོ་༸གང་ཉིད་མཆོག་གི་གསུང་འཕྲིན་གྱི་དགོངས་དོན་ལྟར་ལས་དོན་ཁག་གནང་རྒྱུའི་དམ་བཅའ་གཏན་པོ་ཡོད་ཅེས་གསུངས་སོང་།གཞི་རྩའི་ཐེངས་འདིའི་སྲིད་སྐྱོང་གི་དམ་འབུལ་མཛད་སྒོ་དེ་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་ཁྲོད་དུ་འཁེལ་ཡོད་སྟབས་ས་གནས་མངའ་སྡེ་གཞུང་གི་བཀའ་ཁྱབ་ལམ་སྟོན་ཁག་ལ་གཞིགས་ཏེ་དམ་འབུལ་མཛད་སྒོའི་ཐོག་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་བཅས་དངོས་སུ་ལྷན་ཞུགས་གནང་གཏན་འཁེལ་ཡོད་ཀྱང་། དེ་རིང་མཛད་སྒོའི་ཐོག་ཉེ་ལམ་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་སྐབས་༡༦ བོད་མི་མང་སྤྱི་འཐུས་རྒྱུན་ལས་དབར་བྱུང་བའི་གནད་དོན་ལས་འཕྲོས་ཏེ་ཚོགས་གཞོན་མཆོག་དམ་འབུལ་མཛད་སྒོར་ལྷན་ཞུགས་གནང་མི་འདུག ཤེས་རྟོགས་བྱུང་བར་གཞིགས་ན་ཁ་སང་གི་རྒྱུན་ལས་ཚོགས་འདུའི་ཐོག་གནད་དོན་དེ་འབྲེལ་ཐག་གནང་སྐབས་རྒྱུན་ལས་དོན་གྲུབ་བཀྲིས་ལགས་དང་དགེ་བཤེས་རྔ་བ་གངས་རི་ལགས། བསྟན་འཛིན་འཇམ་དབྱངས་ལགས་བཅས་གསུམ་བློ་ཕམ་དང་བཅས་ཕྱིར་ཐོན་གནང་བ་དང་། དེ་བཞིན་ཚོགས་གཞོན་མཆོག་དེ་རིང་ཚོགས་གཞོན་གྱི་ལས་གནས་ནས་དགོངས་པ་ཞུས་ཟིན་པ་མ་ཟད། དེའི་རྗེས་སུ་སྤྱི་འཐུས་རྒྱུན་ལས་གསེར་རྟ་ཚུལ་ཁྲིམས་ལགས་དང་བསྟན་པ་ཡར་འཕེལ་ལགས། དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། དགེ་བཤེས་གོ་བོ་བློ་བཟང་ཕན་བདེ་ལགས་སོགས་རྒྱུན་ལས་ནས་དགོངས་པ་ཞུས་འདུག དེ་རིང་ཚོགས་ཟུར་དང་དོན་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ལས་ཁུར་དམ་འབུལ་ཞུས་ཏེ་ལས་ཉིན་དང་པོའི་ཐོག་གཞུང་འབྲེལ་བརྙན་འཕྲིན་བརྒྱུད་དེ་བོད་མི་མང་ཚོགས་ལ་གསུང་བཤད་ཐོག་མ་དེ་གནང་སོང་། སྐབས་དེར་ཁོང་གིས་ད་བར་བར་གྱི་བཙན་བྱོལ་བོད་མིའི་མང་གཙོའི་བརྒྱུད་རིམ་འདིའི་གྲུབ་འབྲས་ཡོངས་སུ་རྫོགས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། ཐེངས་དའིའི་འོས་བསྡུའི་ལས་རིམ་ཞི་འཇམ་གྲ་འགྲིག་གང་ལེགས་བྱུང་བ་དེ་ནི་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཀྱི་རྒྱལ་ཁའི་གོམ་སྟབས་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་པ་སོགས་གསུངས་ཡོད། འབྱུང་འགྱུར་བོད་དོན་བདེན་མཐའ་གསལ་ཐབས་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་ལ་བརྟེན་ནས་རྒྱ་ནག་གཞུང་དང་མཉམ་དུ་བོད་རྒྱ་གཉིས་སྨན་དང་། འབྲེལ་གཏུག་གྲོས་མོལ། འཚེ་མེད་ཞི་བ་བཅས་ཀྱི་རྩ་དོན་གཞི་རྩར་བཞག་སྟེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་རྒྱུ་དང་། གཞིས་ལུས་བོད་མིའི་མགྲིན་ཚབ་པ་བྱས་ཏེ། རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་རྒྱ་ཆེར་སྤེལ་རྒྱུ། དེ་བཞིན་གཞིས་བྱེས་དབར་འབྲེལ་གཏུག་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ཏུ་ཆིབས་བསྒྱུར་གྱི་ཐུགས་རེ་འགྲུབ་ཐབས་ལ་རམ་འདེགས་ཞུ་སླད་རྒྱ་གཞུང་ལ་འབྲེལ་མཐུད་ཞུ་སྒོ་གང་ཡོང་བྱ་རྒྱུ་སོགས་དེ་འབྲེལ་དོན་ཚན་ལྔ་གསུངས་ཡོད། མང་གཙོའི་ལམ་ལུགས་ཚགས་ཚུད་དང་སྲ་བརྟན་དང་འབྲེལ། བཀའ་ཤག་གི་ངོས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཆེ་མཐོང་དང་བརྩི་བཀུར་ཞུས་ཏེ། ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་ནུས་ལྡན་ལམ་ལྷོང་འབྱུང་བར་མཐུན་འགྱུར་གང་ཡོང་ཞུ་རྒྱུ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་བའི་ཐོག་ནས་གྲོས་ཚོགས་ཀྱི་ལས་དོན་ཁག་ལ་མཐུན་འགྱུར་གང་ཡོད་ཞུ་རྒྱུ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་རང་དབང་ལ་དོ་ཕོག་མ་སོང་བའི་སྒོ་ནས་ལས་དོན་ཡར་རྒྱས་ཚགས་ཚུད་ཀྱི་ཕྱོགས་སུ་འགྲོ་བར་མཐུན་འགྱུར་སྦྱར་རྒྱུ། གསར་འགྱུར་བརྒྱུད་ལམ་ཁག་མིང་དོན་མཚུངས་པའི་མང་གཙོའི་ཀ་བ་བཞི་པ་ཆགས་ཐབས་སུ་འཛིན་སྐྱོང་གི་ངོས་ནས་རང་དབང་དང་ཆེ་མཐོང་ཕུལ་བའི་ཐོག་ནས་སྒྲིག་འཛུགས་ཀྱི་མཐུན་རྐྱེན་གང་ཡོད་སྦྱར་རྒྱུ། དེ་བཞིན་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་ལ་ལུང་ཚན་དང་ཆོས་བརྒྱུད། ལྟ་བ་ལངས་ཕྱོགས་ཀྱི་དབྱེ་བ་མེད་པར་ནུས་པ་མཉམ་སྤུངས་བྱེད་ཕྱོགས་གོ་བསྡུར་བྱ་རྒྱུ་དང་། ས་གནས་སྒྲིག་འཛུགས་ཁག་དང་། མང་ཚོགས་ལ་འཛིན་སྐྱོང་གི་ལས་དོན་ཁག་ཕྱི་གསལ་ནང་གསལ་བྱས་ནས་འཛིན་སྐྱོང་གི་ངོས་ནས་བྱེད་སྒོ་མཐའ་དག་རྒྱ་ཆེའི་མང་ཚོགས་ལ་འགན་ཁུར་དང་། ལན་འདེབས། རྩིས་རྒྱག་ཞུ་ཡི་ཡིན་ཞེས་གསུངས་སོང་། དེ་བཞིན་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་དོན་ཚན་ ༡༡ གསུངས་པར་བཀའ་བློན་རྣམ་པ་དང་ལས་བྱེད་རྣམ་པ་མང་ཚོགས་ལ་སྲི་ཞུ་ཞབས་འདེབས་སྒྲུབ་མཁན་ཡིན་པའི་ངོས་འཛིན་གསལ་པོ་བཟོ་རྒྱུ་དང་། བཀའ་ཤག་གི་ལས་འཆར་ལག་བསྟར་བྱེད་སྐབས་ལས་བྱེད་པའི་ཉམས་མྱོང་དང་བསྒྲིལ་ནས་ནུས་པ་མཉམ་སྤུངས་བྱ་རྒྱུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་མཆོག་གིས་དབུས་པའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པའི་བཀའ་སློབ་ལམ་སྟོན་གཞིར་བཟུང་རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་བོད་ཀྱི་ཆོས་རིག་རྒྱུན་འཛིན་དར་སྤེལ་གྱི་ལས་དོན་ཁག་ལ་རམ་འདེགས་དང་མཐུན་འགྱུར་གང་འོས་ཞུ་རྒྱུ། དེ་བཞིན་སློབ་ཕྲུག་གི་ཁེ་ཕན་གཙོ་བོར་བཞག་སྟེ་སློབ་གྲྭ་ཁག་ཟླ་བསྒྲིལ་དང་། སློབ་གཉེར་གྱི་མཐུན་རྐྱེན་ཡར་རྒྱས་གང་ཐུབ་གཏོང་རྒྱུ་སོགས་ཚུད་ཡོད། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་འཛིན་སྐྱོང་གི་ངོས་ནས་རྒྱུ་མཚན་དང་ལྡན་པའི་བསམ་ཚུལ་དང་སྐྱོན་བརྗོད་ཀྱི་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་བྱས་ཏེ་དེར་བདག་སྤྲོད་དང་ཉན་འཇོག་བྱེད་ངེས་ཡིན་པས། རྒྱ་ཆེ་མང་ཚོགས་ཀྱི་ངོས་ནས་ཀྱང་མཉམ་རུབ་དང་མཉམ་ལས་ཀྱི་འགན་ཁུར་སྔར་ལྷག་གནང་དགོས་པ་དང་། སྤྱི་སྙོམས་དྲང་བདེན་དང་། ནུས་པ་མཉམ་སྤུངས། དེ་བཞིན་གོམ་པ་མདུན་སྤོ་བཅས་སྲོག་སྙིང་དུ་བཟུང་བའི་བསྒྲགས་ཚིག་ཐོག་དེ་རིང་ནས་བཟུང་སྟེ་ང་ཚོ་ཚང་མ་ལེའུ་གསར་པ་ཞིག་འབྱེད་པའི་གོམ་ཁ་གསར་པ་ཞིག་སྒྱུར་འགོ་འཛུགས་དགོས་པར་མང་ཚོགས་ནས་མཉམ་རུབ་གནང་སྐྱོང་ཡོང་བ་སོགས་ཀྱི་གཞེན་སྐུལ་དང་རེ་འདུན་ཁག་ཅིག་གནང་ཡོད།གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དེ་རིང་ལས་ཁུར་དང་གསང་རྒྱའི་དམ་འབུལ་མ་ཞུས་པའི་གོང་དུ་གནས་ཆུང་དང་དགའ་གདོང་གྲྭ་ཚང་གཉིས་སུ་མཆོད་མཇལ་དུ་ཕེབས་སོང་བ་དང་། ལས་ཉིན་དང་པོའི་ཉིན་རྒྱབ་ནས་ད་ལྟའི་ཛ་དྲག་རང་བཞིན་བཞིན་ཏོག་དབྱིབས་རིམས་ནད་སྔོན་འགོག་ལས་དོན་དང་འབྲེལ་བའི་ཚོགས་ཚུང་ཁག་དང་མཇལ་འཕྲད་ཀྱིས་མ་འོངས་ལས་དོན་གནང་ཕྱོགས་སྐོར་བཀའ་བསྡུར་སོགས་གནང་སྟེ། སང་ཉིན་ལས་ཉིན་གཉིས་པའི་དགོང་དྲོ་དེ་འབྲེལ་འཛིན་སྐྱོང་གི་ལས་འཆར་ཁག་ཅིག་ཡོངས་གྲགས་གནང་རྒྱུ་རེད་འདུག པར་ཁག་ཅིག་གི་བདག་དབང་། བོད་མིའི་སྒྲིག་འཛུགས།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དབུས་པའི་དབུ་ཁྲིད་ཁག་ཅིག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི། 

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་གི་དབུས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་དང་དབུ་འཁྲིད་ཁག་ཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དགའ་བསུའི་འཚམས་འདྲི་གནང་འདུགདེའང་ལྕམ་སྐུ་པེ་ལོ་སི་མཆོག་གིས་ཕྱི་ཚེས་ ༢༥ ཉིན་ཕུལ་བའི་འཚམས་འཕྲིན་ནང་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་གིས་་ཡུན་རིང་པོར་བོད་ཀྱི་སྤྱི་ཚོགས་ལ་ཁྱད་འཕགས་རང་བཞིན་གྱི་ཞབས་འདེགས་བསྒྲུབས་པའི་ཉམས་མྱོང་གཞིར་བཞག་ཐོག་བོད་མི་རྣམས་ལ་སྲི་ཞུ་བསྒྲུབ་རྒྱུ་ཡིན་ཞིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཙན་དབང་འོག་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་རྗེས་འདས་པའི་ལོ་ངོ་ ༦༠ ལྷག་རིང་བོད་རྒྱ་ཆེ་མི་མང་གི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་མུ་མཐུད་འཛམ་གླིང་ཡོངས་ལ་སེམས་ཤུགས་སྐྱེད་བཅུག་ཡོད་པར་གསུངས་འདུག མ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་པེ་ཅིང་གི་དྲག་གནོན་ལ་ཁ་གཏད་བཅགས་ཏེ་བོད་མིའི་མཛེས་སྡུག་ལྡན་པའི་རིག་གཞུང་དང་སྐད་ཡིག་གི་འཚོ་གནས། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་བཅས་སྲ་བརྟན་བཟོས་ཡོད་པར་ལུང་འདྲེན་གྱིས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཆོད་སེམས་བརྟན་པོའི་འབོད་སྒྲ་དང་སྐུ་ངལ་འཛེམས་མེད་ཀྱི་དབུ་ཁྲིད་ཀྱི་འོག་ཏུ་གནད་འགག་ཆེ་བའི་སྲོལ་རྒྱུན་འདི་སྔར་ལྷག་རྒྱུན་སྐྱོང་དང་ཞི་བདེར་གཞོལ་དགོས་བར་སྐུལ་མ་གནང་འདུག གཞན་ཡང་ཁོང་གིས་ཨ་རིས་སྔར་དང་དུས་རྟག་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་ལ་རྒྱབ་སྐྱོར་བྱེད་རྒྱུར་སྤོབས་པ་ཡོད་པར་བསྒྲགས་ཏེ་འཚམས་འདྲི་དང་། ཁོང་གིས་ཐུགས་འགན་གསར་པ་བཞེས་ཡོད་པའི་ཆ་ནས་མ་འོངས་པའི་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་གནང་འདུག གནས་ཚུལ་ཐོན་ཁག་ལ་གཞིགས་ན་གཞན་ཡང་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊིམ་ལུབ་ཊོན་ (Rt. Hon Tim Loughton) མཆོག་གིས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚབ་ཞུས་ཏེ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་དང་འབྲེལ། བོད་མི་དང་ལྷན་མཛའ་མཐུན་མུ་མཐུད་ཉར་ཏེ་བོད་ནང་ལ་བཙན་གནོན་མཚམས་འཇོག་ཡོང་བར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད། སྐུ་ཞབས་ཊིམ་ལུབ་ཊོན་མཆོག་གིས་གསུང་དོན། ངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དཔོན་རིགས་དང་ཚོགས་མི་རྣམས་དང་ལྷན་མཉམ་རུབ་ཀྱིས་བོད་དང་བོད་མིའི་རང་དབང་དང་ཐོབ་ཐང་གི་ཆེད་མུ་མཐུད་ཨིན་ཇིའི་གཞུང་ལ་གནོན་ཤུགས་སྤྲད་དེ་རྒྱ་ནག་གཞུང་ལ་བཀག་འགོག་བྱེད་རྒྱུ་ཡིན་ཞེས་དང་། དེ་བཞིན་ཁོང་གིས་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཡར་རྒྱས་ཕྱིན་པའི་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་མཆོག་འཚམས་འདྲིར་ཕེབས་རྒྱུར་སྒུག་ནས་ཡོད་ཅེས་གསུངས་འདུག དེ་བཞིན་ཁ་སང་བྷལ་ཊིག་མངའ་ཁུལ་གྱི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཨི་ཌ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་ཀྱང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་ཞུས་པ་དང་འབྲེལ་མུ་མཐུད་བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་འདུག

བོད་ཀྱི་རྩ་དོན་ཐོག་རྡོག་རྩ་ཆིག་སྒྲིལ་དང་ནུས་པ་མཉམ་སྤུངས་གནང་དགོས།

དེ་རིང་སྐབས་ ༡༥ པའི་བཀའ་ཤག་གི་ལས་ཉིན་མཐའ་མ་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་ལས་འཁྱུར་གསུང་བཤད་གནང་བར་སྲིད་སྐྱོང་མཆོག་གིས་ང་ཚོས་བོད་ཀྱི་རྩ་དོན་ཐོག་རྡོག་རྩ་ཆིག་སྒྲིལ་དང་ནུས་པ་མཉམ་སྤུངས་གནང་དགོས་པ་གསུངས་འདུག དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན། དེ་རིང་སྔ་དྲོ་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ་བཅས་ལྷན་བཞུགས་ཀྱིས་བཀའ་ཤག་གི་ལས་འཁྱུར་གསུང་བཤད་གནང་འདུག་པའི་ནང་ད་རེས་སྐབས་ ༡༥ པའི་བཀའ་ཤག་གི་ལས་ཉིན་མཐའ་མ་ཡིན་པ་དང་འདས་པའི་ལོ་ངོ་བཅུའི་ནང་བོད་ཕྱི་ནང་གཉིས་ཀྱི་བོད་མི་དང་བོད་ཀྱི་གྲོགས་པོ་གསར་རྙིང་མང་པོས་རྒྱབ་སྐྱོར་གྲངས་མེད་གནང་བར་ཐུགས་རྗེ་ཆ་ཞུས་པ་དང་ལྷག་པར་སྲིད་སྐྱོང་མཆོག་གི་ལོ་བཅུའི་ལས་ཡུན་སྐབས་མང་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུ་གོ་སྐབས་བྱུང་བ་ནི་སྐུ་ཉིད་ཀྱི་མི་ཚེའི་ནང་དགའ་སྤོབས་ཆེ་ཤོས་བྱ་ཡུལ་དེ་ཡིན་པར་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་ངོས་རང་བོད་མིའི་སྲིད་སྐྱོང་གི་མིང་གནས་འཛིན་མཁན་དང་པོ་གྱུར་སྲིད་པ་དེ་འདྲ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ཚོར་གྱི་ཡོད་སྟབས་མགོན་པོ་༸གང་ཉིད་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུས་འདུག སྲིད་སྐྱོང་མཆོག་གིས་འདས་པའི་ལོ་བཅུའི་ལས་ཡུན་ཁྲོད་རྒྱལ་སྤྱིའི་ནང་བོད་མིའི་སྒྲིག་འཛུགས་དེ་བཞིན་ཁྲིམས་མཐུན་གྱི་བཙན་བྱོལ་བོད་མིའི་ངོ་ཚབ་ཅིག་ཡིན་པར་ངོས་འཛིན་ཐོབ་པ་དང་ལྷག་པར་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་ཡིག་ལ་བརྟེན་ནས་ཨ་རི་གཞུང་དང་བོད་མིའི་སྒྲིག་འཛུགས་གཉིས་དབར་འབྲེལ་ལམ་གསར་པ་མངོན་གསལ་ཅན་ཞིག་གཏོད་ཐུབ་ཡོད་སྐོར་གསུངས་འདུག ལྷག་པར་ལེའུ་གསར་པ་འདིའི་འོག་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་སྲིད་སྐྱོང་གི་འགན་དབང་རྩིས་སྤྲོད་ཚུལ་བཞིན་བྱུང་བར་དགའ་ཚོར་དང་ཁོང་གི་བོད་དང་བོད་མིའི་ཆེད་དུ་རྒྱལ་སྤྱིའི་ཞུ་གཏུག་ཁག་ལ་རྒྱབ་སྐྱོར་ཞུ་དགོས་པ་བོད་མི་ཡོངས་ཀྱི་ལས་འགན་ཆགས་ཀྱི་ཡོད་པས་ཚང་མས་ཕྱར་གྲུ་མཉམ་འདེགས་ངེས་པར་དུ་གནང་དགོས་ཤིང་། བདམས་ཐོན་སྲིད་སྐྱོང་མཆོག་དང་ཁོང་གི་བཀའ་ཤག་གི་མཛད་དོན་རྣམས་གེགས་མེད་ལམ་ལྷོང་ཡོང་བའི་རེ་སྨོན་ཞུས་འདུག སྲིད་སྐྱོང་མཆོག་གིས་མང་ཚོགས་ཁྲོད་འོས་བསྡུ་དང་བགྲོ་གླེང་སོགས་ཀྱི་སྐབས་སུ་མི་མང་མཉམ་ཞུགས་ཀྱི་ཚད་གཞི་ཇེ་མཐོར་སོང་བ་དངོས་སུ་གཟིགས་ནས་དགའ་སྤོབས་ཆེན་པོ་བྱུང་བ་དང་། འོས་འདེམས་བྱས་པའི་སྲིད་སྐྱོང་རང་ཉིད་ལའང་སྐྱོན་བརྗོད་བྱེད་མཁན་ཡོད་པ་དང་ཡང་དག་པའི་མང་གཙོའི་རྨང་གཞི་ལྡན་པའི་སྒོ་ནས་སོ་སོའི་ཁེ་དབང་ལོངས་སུ་སྤྱད་ནས་སྐྱོན་བརྗོད་བྱས་པ་རྣམས་ལ་ངས་དགའ་བསུ་ཞུ་ཡི་ཡོད། འོན་ཀྱང་དེ་ལྟར་བྱེད་སྐབས་སོ་སོ་སྒེར་དང་ཤོག་ཁག་དང་ལུང་ཚན་གྱི་ཆེད་དུ་མ་ཡིན་པར་གཞི་རྒྱ་ཆེ་ས་བོད་མི་སྤྱིའི་བདེ་ཐབས་ལ་དམིགས་པ་ཞིག་ངེས་པར་དུ་དགོས་སྐོར་གསུངས་པ་དང་ཆབས་ཅིག ང་ཚོས་བོད་ཀྱི་རྩ་དོན་ཐོག་རྡོག་རྩ་ཆིག་སྒྲིལ་དང་ནུས་པ་མཉམ་སྤུངས་གནང་དགོས་པ་གསུངས་འདུག ཁོང་གིས་ང་ཚོས་དུས་ཀུན་ཏུ་བོད་ནང་བོད་མི་ཚོས་མྱོང་བཞིན་པའི་དཀའ་སྡུག་སྤྱི་དང་ལྷག་པར་དུ་བོད་མི་ ༡༥༥ ཡིས་རང་ལུས་མེར་སྲེག་བཏང་སྟེ་བོད་མི་ ༡༣༣ འདས་གྲོངས་སོང་ཡོད་པ་དེ་དག་ང་ཚོས་ནམ་ཡང་བརྗེད་རྒྱུ་མེད་སྐོར་གསུངས་འདུག གཞི་རྩའི་དེ་རིང་བཀའ་ཤག་སྐབས་ ༡༥ པའི་ལས་ཉིན་མཐའ་མ་ཆགས་ཀྱི་ཡོད་པ་དང་སང་ཉིན་བདམས་ཐོན་སྲིད་སྐྱོང་གསར་པ་སྤེན་པ་ཚེ་རིང་མཆོག་ནས་ལས་ཁུར་དང་གསང་རྒྱའི་དམ་འབུལ་བཞེས་གནང་རྒྱུ་ཡིན་པ་དང་། མཛད་སྒོ་དེ་བཞིན་ས་གནས་ནང་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་རྐྱེན་དྲྭ་ཐོག་ནས་འཚོགས་གཏན་འཁེལ་ཡོད་པ་རེད། ད་ཆ་རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པའི་དཀའ་ངལ་དུ་མ་འཕྲད་བཞིན་པའི་ཁྲོད་ད་རེས་སྲིད་སྐྱོང་མཆོག་གིས་ལས་འཁྱུར་གསུང་བཤད་ཐོག་མི་ལོ་ ༦༠ ལྷག་གི་རིང་རྒྱ་གར་གཞུང་དང་མི་མང་ནས་བོད་མིར་རོགས་རམ་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཤིན་ཏུ་ཆེ་ཞུས་པ་དང་། ལྷག་པར་ད་ཆ་རྒྱ་གར་དང་འཛམ་གླིང་ཡུལ་གྲུ་གང་སར་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ལ་བརྟེན་ནས་ཚེ་སྲོག་ཤོར་བ་དང་ནད་མནར་གྱི་སྡུག་བསྔལ་ཚབས་ཆེན་མྱོང་བཞིན་ཡོད་པར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཚང་མར་ཐུགས་གསོ་དང་གདུང་སེམས་མཉམ་བསྐྱེད་ཡོད་པ་སོགས་གསུངས་འདུག

Latest news