Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

ཁྲིམས་ཞིབ་པ་འཕོ་འགྱུར་ལས་འཕྲོས་པའི་དཀའ་ངལ་ཐོག་༧གོང་ས་མཆོག་ནས་ལམ་སྟོན་ཞུ་རྒྱུ།

སྐབས་ ༡༦ པའི་བོད་མི་མང་སྤི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དུས་གཅིག་ལ་འཕོ་འགྱུར་བཏང་བའི་གནད་དོན་ལས་འཕྲོས་པའི་འཕྲོ་སྐྱོང་གི་ལས་དོན་སླད་འཚོགས་གཏན་འཁེལ་བའི་གྲོས་ཚོགས་ཚོགས་དུས་འཕར་མ་དེ་ཕྱིར་འཐེན་དང་འབྲེལ་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་པོའི་དགོངས་དོན་འོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་ལམ་སྟོན་བཀའ་སློབ་ཞུ་རྒྱུར་ཐག་གཅོད་གནང་འདུག ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་ཚོགས་དྲུང་ལས་ཁུངས་ནས་གྲོས་ཚོགས་ཚོགས་དུས་འཕར་མ་དེ་བཞིན་ཟླ་ ༥ ཚེས་ ༢༤ ཉིན་འཚོགས་གཏན་འཁེལ་ཡོད་སྟབས་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༢༢ འགྱངས་མེད་ཐོག་བཞུགས་སྒར་རྡ་རམ་ས་ལར་འབྱོར་ཏེ་ཚོགས་དྲུང་ལས་ཁུངས་སུ་འབྱོར་ཐོ་འགོད་གནང་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་དང་། ཁ་སང་འབྱོར་ཐོ་འགོད་པའི་སྐབས་སུ་ཁྱོན་བོད་མི་མང་སྤྱི་འཐུས་ ༤༥ ནས་སྤྱི་འཐུས་ ༢༡ གིས་གྲོས་ཚོགས་ཚོགས་དུས་འཕར་མའི་ཐོག་ཚོགས་བཅར་ཐུབ་མིན་གྱི་དགོངས་ཞུ་ཕུལ་བ་དང་། དེ་བཞིན་སྤྱི་འཐུས་གཞན་ ༣ ནས་ཚོགས་བཅར་ཐུབ་མིན་གྱི་ལན་གསལ་མ་གནང་བ་བཅས་ཀྱི་གནས་སྟངས་ལ་གཞིགས་ནས་ཁ་སང་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོགས་ཐོག་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཏེ་གྲོས་ཚོགས་ཚོགས་དུས་འཕར་མ་དེ་འཚོགས་སླད་སྤྱི་འཐུས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཀྱི་གྲུབ་ཆ་ལོངས་ཀྱི་མེད་སྟབས་གྲོས་ཚོགས་ཚོགས་དུས་འཕར་མ་དེ་བསྐོང་ཚོགས་གནང་ཐབས་བྲལ་བའི་ཐག་གཅོད་གནང་འདུག གཞི་རྩའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དུས་གཅིག་ལ་འཕོ་འགྱུར་བཏང་བའི་རྐྱེན་གྱིས་བདམས་ཐོན་སྲིད་སྐྱོང་དང་སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོའི་ལས་འཁུར་དམ་འབུལ་ཞུ་ཡུལ་མེད་པའི་གནས་སྟངས་ཆགས་ཡོད་སྟབས། ཁྲིམས་ཞིབ་པ་གསར་པ་བསྐོ་གཞག་གནང་རྒྱུ་དང་འབྲེལ་བའི་མི་སྣ་གསུམ་ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་ཞིག་ཀྱང་བསྐོ་གཞག་གནང་ཡོད་ཀྱང་། ཁ་སང་དགོང་དྲོ་ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་ལས་རིམ་ཐོག་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་བཀའ་ཟུར་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ཚོགས་ཆུང་ལ་ཁྲིམས་ཞིབ་པའི་འོས་མི་རག་མེད་པ་དང་། དེ་འབྲེལ་ཟླ་བ་འདིའི་ཚེས་ ༡༤ ཉིན་ལས་སྡོམ་སྙན་ཐོ་ཞིག་སྲིད་སྐྱོང་མཆོག་ལ་ཕུལ་ཟིན་ཡོད་པ་གསུངས་འདུག གནས་སྟངས་དེ་དག་ཁྲོད་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་ལས་འཕྲོས་པའི་དཀའ་ངལ་ཁག་མུ་མཐུད་དེ་མུར་གནས་པ་དང་། རིང་མིན་བདམས་ཐོན་སྲིད་སྐྱོང་དང་སྤྱི་འཐུས་རྣམ་པ་དམ་འབུལ་ཞུ་ས་མེད་པར་འགྱུར་སྟབས། ཁ་སང་ལྷན་ཚོགས་གནང་བའི་སྤྱི་འཐུས་རྒྱུན་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནད་དོན་དེ་དག་སྐོར་གླེང་སློང་གང་བྱུང་ཡོད་མེད་དང་འབྲེལ་ཚོགས་གཞོན་མཆོག་ལ་ཞལ་པར་བརྒྱུད་རྒྱུས་ལོན་ཞུ་ཐབས་ཞུས་ཀྱང་འབྲེལ་བ་མཐུད་ཐུབ་པ་བྱུང་མ་སོང་བ་དེ་ལྟར་ཡང་། མཚན་མངོན་གསལ་གནང་འདོད་མེད་པའི་འབྲེལ་ཡོད་ཞིག་ནས་ཁྲིམས་ཞིབ་པ་རྣམ་པ་དུས་གཅིག་ལ་འཕོ་འགྱུར་བཏང་བ་ལས་འཕྲོས་པའི་གནད་དོན་ཁག་དང་འབྲེལ་སྤྱི་འཐུས་རྒྱུན་ལས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དང་པོའི་དགོངས་དོན་འོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་དང་སྦྲགས་ལམ་སྟོན་བཀའ་སློབ་ཞུ་རྒྱུའི་མང་མོས་ཐག་གཅོད་བྱུང་ཡོད་པ་གསུངས་སོང་། རྩ་བའི་དེ་སྔ་ཕྱི་ཟླ་གསུམ་པའི་ནང་ཚོགས་པའི་གྲོས་ཚོགས་ཚོགས་དུས་ ༡༠ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དུས་གཅིག་ལ་འཕོ་འགྱུར་བ་ཏང་བ་དང་འབྲེལ་བའི་ངལ་བ་ཁག་སེལ་ཆེད་སྐབས་དེའི་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས་ཕྱི་ཟླ་ལྔ་པའི་ནང་གྲོས་ཚོགས་ཚོགས་དུས་འཕར་མ་ཞིག་འཚོགས་རྒྱུ་ཡིན་ཞེས་གསུངས་ཡོད་ཀྱང་། ད་ལྟའི་ཆ་ལ་རྒྱ་གར་རྒྱལ་ཡོངས་དང་ལྷག་པར་དུ་བོད་མི་སྒྲིག་འཛུགས་ཆགས་ས་ཧི་མཱ་ཅལ་མངའ་སྡེའི་ནང་ལ་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ཆེས་ཆེར་སོང་བར་བརྟེན། མངའ་སྡེའི་གཞུང་ནས་ཟླ་བ་འདིའི་ཕྱི་ཚེས་ ༢༦ བར་མི་མང་རྣམས་གང་བྱུང་ཕྱིར་བསྐྱོད་གནང་རྒྱུ་དང་། མི་ལྔ་ལས་ལྷག་པ་འདུ་འཛོམས་སོགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་སྟབས། ད་རེས་གྲོས་ཚོགས་ཚོགས་དུས་འཕར་མ་ནས་དགོངས་ཞུ་གནང་མཁན་གྱི་སྤྱི་འཐུས་ཁག་ཅིག་ནས་ཚོགས་དུས་ལ་བཅར་བ་ཡིན་ན་ས་གནས་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པ་རྒྱལ་སྤྱིའི་ཁྲིམས་ལུགས་དང༌། ཡུལ་ཁྲིམས་ལ་བརྩི་སྲུང༌ཞེས་པ་གཉིས་དང་འགལ་ཟླ་ཆགས་ཀྱི་ཡོད་པ་གསུང་མཁན་བྱུང་འདུག དེ་བཞིན་ཁག་ཅིག་ནས་གྲོས་ཚོགས་ཚོགས་དུས་འཕར་མ་འཚོགས་རྒྱུ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་གཅིག་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ། ཞེས་པའི་དགོངས་དོན་ལྟར་བྱུང་མེད་སྟབས་ཚོགས་བཅར་ཞུས་མེད་ཅེས་གསུང་མཁན་འདུག་པ་མ་ཟད། ལ་ལ་ནི་ད་ལྟའི་རིམས་ནད་ཀྱི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དམ་དྲག་འོག་ཚོགས་བཅར་ཞུ་ཐུབ་མ་སོང་ཞེས་གསུང་མཁན་འདུག ད་ལྟའི་ཆ་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དུས་གཅིག་ལ་འཕོ་འགྱུར་བཏང་བའི་གནད་དོན་ལས་འཕྲོས་པའི་དཀའ་ངལ་ཁག་གཙང་སེལ་མ་ཐུབ་པར་སྤྱི་འཐུས་རྒྱུན་ལས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ལམ་སྟོན་ཞུ་རྒྱུའི་ཐག་གཅོད་གནང་འདུག་ཀྱང་། དཀའ་ངལ་འདི་ཐོག་མར་བྱུང་སྐབས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་ཁྲིམས་ཞིབ་པ་ཟུར་པ་རྣམས་ནས་ཁྲིམས་དོན་གྱི་གསལ་བཤད་དང་སྦྲགས་གྲོས་ཚོགས་སུ་བཞག་པའི་ཁྲིམས་ཞིབ་པ་འཕོ་འགྱུར་གྱི་གྲོས་ཆོད་དེ་ཕྱིར་འཐེན་གནང་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་ཡོད་པ་མ་ཟད། ཉེ་བའི་ཟླ་ཤས་ཁྲོད་དུ་བཀའ་ཟུར་དང་སྲི་ཞུ་བ་ཟུར་པ། དེ་བཞིན་མང་ཚོགས་སྒེར་དང་ཚོགས་སྡེ་ཁག་མི་ཉུང་བ་ཞིག་ནས་ཀྱང་ད་ལྟའི་དཀའ་ངལ་དེ་སེལ་ཐབས་སུ་གྲོས་ཚོགས་སུ་བཞག་པའི་གྲོས་ཆོད་དེ་ཕྱིར་འཐེན་གནང་རྒྱུ་དང་། དེ་བཞིན་ཕྱིར་བཤོལ་གནང་བའི་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ་གསུམ་འཕྲལ་དུ་ལས་བཅར་ཞུ་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་བཞིན་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་འཕར་མ་ཕྱིར་འཐེན།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་བཏང་བའི་གནད་དོན་ལས་འཕྲོས་པའི་འཕྲོ་སྐྱོང་གི་ལས་དོན་ཁག་གི་སླད་ཐོག་མའི་འཆར་ཟླ་ ༥ ཚེས་ ༢༠ ཉིན་གྲོས་ཚོགས་ཚོགས་དུས་འཕར་མ་ཞིག་ཚོགས་རྒྱུའི་བཀོད་ཁྱབ་གནང་ཡོད་ཀྱང་། རྒྱ་གར་རྒྱལ་ཡོངས་དང་ལྷག་པར་དུ་ཧི་མཱ་ཅལ་མངའ་སྡེ་ནང་གི་ཏོག་དབྱིམས་རིམས་ནད་ཀྱི་གནས་སྟངས་སོགས་ལ་གཞིགས་ཏེ་འཕར་འགྱངས་ཀྱིས་རིང་མིན་ཕྱི་ཚེས་ ༢༤ ཉིན་འཚོགས་རྒྱུའི་ཐག་གཅོད་གནང་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆ་གྲོས་ཚོགས་འཕར་མ་དེ་ཕྱིར་འཐེན་གནང་ཡོད་པ་རེད་འདུག རྩ་བའི་སྤྱི་འཐུས་རྒྱུན་ལས་ནས་གྲོས་ཚོགས་ཕྱིར་འཐེན་གནང་དགོས་པའི་རྒྱུ་མཚན་གང་ཡིན་ད་ལྟའི་ཆར་ཁ་གསལ་གང་ཡང་ཡོངས་གྲགས་གནང་མེད་ཀྱང་། སྤྱི་འཐུས་རྣམ་པ་དེ་རིང་ཕྱི་ཚེས་ ༢༢ འགྱངས་མེད་ཐོག་བཞུགས་སྒར་དྷ་རྨ་ས་ལར་འབྱོར་ཏེ་ཚོགས་དྲུང་ལས་ཁུངས་སུ་འབྱོར་ཐོ་འགོད་གནང་དགོས་ཀྱི་ཡོད་པའི་ཁྲོད་སྤྱི་འཐུས་ ༢༠ ལྷག་གིས་དགོངས་ཞུ་གནང་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག

རྒྱ་ནག་གཞུང་ནས་བོད་མི་རིགས་ཀྱི་མངོན་འདོད་སྒྲུབ་རྒྱུར་རྒྱབ་ཤ་དཀར་པོའི་ཡིག་ཆ་འདོན་དགོས།

རྒྱ་ནག་གཞུང་ནས་དེ་རིང་སླར་ཡང་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་འདོན་སྤེལ་བརྒྱུད་༡༩༥༡ནས་ད་བར་གྱི་བོད་བཅིངས་གྲོལ་དང་འཛུགས་སྐྲུན། དཔལ་འབྱོར་ཡར་རྒྱས་བཏང་ཡོད་ཚུལ་བཅས་བཤད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་དེ་རྒྱ་ནག་དབུས་གཞུང་གིས་ངོས་འཛིན་བཀའ་འཁྲོལ་ཐོག་ནས་ཐག་གཅོད་བྱ་རྒྱུ་ཡིན་ཚུལ་གྱི་འཁྱོགས་བཤད་བྱས་འདུགདེ་ཡང་རིང་མིན་ཕྱི་ཟླ་ ༥ ཚེས་ ༢༣ ནི་དེ་སྔ་རྒྱ་གཞུང་གིས་བོད་མིར་བཙན་དབང་གི་འོག་ནས་གྲོས་མཐུན་དོན་ཚན་ ༡༧ ཞེས་པར་མིང་རྟགས་བཀོད་དུ་བཅུག་པའི་ཉིན་མོ་ཞིག་དང་རྒྱ་གཞུང་གིས་ཉིན་མོ་དེ་བོད་ལ་ཞི་བའི་བཅིངས་གྲོལ་བཏང་བར་འགྲེལ་བརྗོད་བྱེད་པའི་ཉིན་མོ་ཞིག་ལ་འཁེལ་གྱི་ཡོད་པ་དང་བསྟུན། དེ་རིང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲིལ་བསྒྲགས་ཚན་པས་རྒྱལ་ས་པེ་ཅིང་དུ་བོད་དོན་སྐོར་ལ་སླར་ཡང་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་འདོན་སྤེལ་བྱས་པ་དང་ཆབས་ཅིག དེའི་ནང་རྒྱ་ནག་གཞུང་གིས་བོད་མི་གཙོ་བྱས་པའི་རྒྱ་ནག་མི་མང་ཡོངས་ནས་རྒྱལ་ཁབ་ཀྱི་གཅིག་སྒྲིལ་དང་རང་དབང་སྲུང་སྐྱོབ་བྱེད་མུས་ཡིན་པ་མ་ཟད། ཁ་བྲལ་རིང་ལུགས་པ་དང་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་དཔུང་ཤུགས་དག་ལ་སྔར་ལྷག་གདོང་ལེན་ནན་པོ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག ཐེངས་འདིའི་ཡིག་ཆའི་ནང་རྒྱ་གཞུང་གིས་འདས་པའི་ལོ་ཡུན་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་༸གང་ཉིད་ཀྱི་རྗེས་འཇུག་པ་རྣམས་ཀྱིས་བོད་དེ་ཡར་རྒྱས་གོང་འཕེལ་དང་ཆིག་སྒྲིལ་ཡོང་བར་བཟང་ཕྱོགས་ཀྱི་མཐུན་སྦྱོར་གང་ཡང་གནང་མེད་ལུགས་བཤད་ཡོད་པ་མ་ཟད། གལ་ཏེ་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་ཁབ་སྲུང་སྐྱོབ་ཀྱི་དམིགས་ཡུལ་འོག་བོད་ཞི་བའི་བཅིངས་གྲོལ་བཏང་མེད་ཚེ། བོད་མི་རྣམས་ཀྱི་གཞི་རྩའི་མངོན་འདོད་རྣམས་སྲུང་སྐྱོབ་བྱ་ཐབས་བྲལ་ཡོད་པ་དང་དེ་བཞིན་སྤྱི་ཚོགས་དང་ཁོར་ཡུག་སྲ་བརྟན་ཞིག་མེད་ཚེ་ས་ཁུལ་དེའི་དཔལ་འབྱོར་དང་རིག་གཞུང་། སྣོད་བཅུད་གང་ཡང་ཡར་རྒྱས་འགྲོ་ཐབས་མེད་པའི་ཁར། མང་ཚོགས་ཀྱི་ཐོབ་ཐང་སྲ་བརྟན་དང་དེ་དག་ལ་བདེ་སྐྱིད་ལྡན་པའི་མི་ཚེ་སྤྲོད་རྒྱུར་འགན་ལེན་བྱེད་ཐབས་བྲལ་བ་ཡིན་ཚུལ་སོགས་ཀྱི་ལོག་བཤད་བྱས་ཡོད་པ་རེད། ལྷག་པར་དུ་རྒྱབ་ཤ་དཀར་པོ་དེའི་ནང་རྒྱ་ནག་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་རྒྱ་ནག་དབུས་གཞུང་གི་བདག་དབང་འོག་ནས་ཁ་བྲལ་ཐབས་མེད་པའི་བོད་ཀྱི་ཆབ་སྲིད་དང་རྒྱལ་རབས་ལོ་རྒྱུས་སོགས་དང་འབྲེལ་བའི་གནད་དོན་གལ་ཆེ་ཞིག་ཡིན་སྐོར་བརྗོད་པ་དང་ཆབས་ཅིག ལོ་རྒྱུས་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་ན་རིམ་གྱིས་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་ཚད་མཐོའི་བླ་སྤྲུལ་ཡང་སྲིད་རྣམ་པ་གསེར་བུམ་དཀྲུགས་ཏེ་རྒྱ་ནག་དབུས་གཞུང་གིས་ངོས་འཛིན་བཀའ་འཁྲོལ་ཐོག་ནས་ཐག་གཅོད་བྱས་ཡོད་ཚུལ་བརྗོད་པ་མ་ཟད།རྒྱ་གཞུང་གིས་ཕྱི་ལོ་ ༢༠༢༠ བར་དུ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ཁྱོན་ ༩༢ ནང་པའི་རྒྱུན་སྲོལ་གྱི་ཆོ་གའི་སྒོ་ནས་ངོས་འཛིན་བཀའ་ཁྲོལ་སྤྲད་ཡོད་ཚུལ་ཡང་བཤད་འདུག འོན་ཀྱང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས་སྙན་ཐོ་དེར་དགག་ལན་ནན་པོ་བསྐྱོན་ཏེ། རྒྱ་གཞུང་ནས་རྒྱབ་ཤ་དཀར་པོ་བསྟུད་མར་བཏོན་ནས་བོད་ནང་ཡར་རྒྱས་འཛུགས་སྐྲུན་སོགས་ཀྱི་ལས་གཞི་མང་དག་བརྒྱུད་མང་ཚོགས་རྣམས་བདེ་སྐྱིད་ཀྱི་འཚོ་བ་རོལ་བ་བཞིན་པར་བསྐྱར་བཤད་ཡང་བཤད་བྱེད་ཀྱི་ཡོད་པ་འདི་ནི་འཁྱོགས་བཤད་དྲིལ་བསྒྲགས་ཙམ་ཞིག་ལས། རང་སྐྱོང་དང་ཡར་རྒྱས་བཤད་བཞིན་པ་དེ་དག་དོན་དངོས་བོད་མི་རྣམས་ལ་ཕན་ཐོགས་གང་ཡང་མེད་པ་མ་ཟད། དེའི་ནང་བོད་མིའི་མངོན་འདོད་གང་དུ་ཡོད་མེད་ཀྱི་དྲི་བ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པར་ནན་བརྗོད་གནང་སོང་།དེ་བཞིན་ཁོང་གིས་རྒྱ་ནག་གཞུང་གིས་ད་བར་གྲངས་ཉུང་མི་རིགས་གཞན་དང་མི་འདྲ་བར་བོད་དོན་སྐོར་འཁྱོགས་བཤད་དྲིལ་བསྒྲགས་ཀྱིས་རྒྱབ་ཤ་དཀར་པོའི་སྙན་ཐོའམ་ཡིག་ཆ་ཐེངས་ ༡༥ འདོན་སྤེལ་བྱེད་དགོས་དོན་གནད་འགག་སྐོར་དང་འབྲེལ་མ་འོངས་པར་རྒྱ་ནག་གཞུང་ནས་བོད་དོན་ཐོག་གི་རྒྱབ་ཤ་དཀར་པོའི་ཡིག་ཆ་འདོན་སྤེལ་བྱས་ཚེ་དེའི་ནང་ངེས་པར་ཕྱོགས་གཅིག་ཁོ་ནའི་གནས་ཚུལ་ཙམ་མིན་པར་བོད་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་སེལ་སྒྲུབ་ཐབས་་གལ་ཆེན་ཡིན་པའི་དགོངས་ཚུལ་བཏོན་སོང་། གཞི་རྩའི་རྒྱ་ནག་གཞུང་ནས་ཕྱི་ལོ་༡༩༩༢ནས་ད་བར་བོད་སྐོར་འཁོད་པའི་རྒྱབ་ཤ་དཀར་པོ་ཐེངས་༡༣འདོན་སྤེལ་དང་དེའི་ནས་གསར་ཤོས་དེ་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༧ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ནང་གི་དམངས་གཙོ་བཅོས་བསྒྱུར་གྱིས་མི་ལོ་དྲུག་ཅུ་ཞེས་པའི་དོན་ཚན་བཅུ་ཅན་གྱི་རྒྱབ་ཤ་དཀར་པོའི་སྙན་ཐོ་དེ་ཆགས་ཀྱི་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་གི་རྒྱབ་ཤ་དཀར་པོའི་འཁྱོགས་བཤད་ལ་དགག་ལན་གནང་བ་དང་འབྲེལ། དོན་ཚན་གསུམ་གྱི་ཐོག་ནས་རྒྱ་ནག་གི་འཁྱོག་བཤད་ལ་ལན་འདེབས་གནང་ཡོད་པ་རེད།

ཛ་དྲག་གནས་སྟངས་ཁྲོད་ཚོགས་སྒེར་མང་པོས་ཕྱག་ལས་གནང་བར་ཡི་རངས་བསྔགས་བརྗོད།

རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ཕྱིན་ནས་ལོ་གཅིག་ལྷག་འགྲོ་མུས་ཁྲོད་འདིར། མང་ཚོགས་རྣམས་ནས་གནས་སྟངས་ཇེ་བཟང་མ་འགྲོ་བར་དུ་ནད་ཡམས་སྔོན་འགོག་གི་ཐབས་ལམ་ཁ་རས་བཞེས་རྒྱུ་དང་ཕྱིར་མ་མ་འགྲོ་བར་རྩོལ་འདོན་གནང་དགོས་པ་དང་།    ལྷག་པར་ནད་ཡམས་ཀྱི་ཛ་དྲག་དུས་ཚིགས་འདིར་ཚང་མས་ནུས་པ་མཉམ་སྤུངས་དགོས་པའི་གཞེན་སྐུལ་གནང་སོང་།  དེ་ཡང་དེ་རིང་ཕྱི་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་ COVID19 ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༦༠ པའི་ཐོག     བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ཀྱིས།  ཛ་དྲག་གི་གནས་སྟངས་ཁྲོད་མང་ཚོགས་རྣམས་ནས་ནད་ཡམས་སྔོན་འགོག་གི་ཐབས་ལམ་ཁག་མུ་མཐུད་བསྟེན་གནང་ཡོང་བ་བསྐྱར་ནན་གནང་བ་དང་སྦྲགས།  ལྷག་པར་ད་ལྟའི་ཛ་དྲག་གནས་སྟངས་ཁྲོད་ཚོགས་སྒེར་མང་པོས་མདུན་དུ་ཐོན་ནས་ཕྱག་ལས་གནང་བར་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་སོང་བ་མ་ཟད།  ད་ལྟའི་ཛ་དྲག་གི་དུས་ཚིགས་སུ་ནད་ཡམས་ལས་ཐར་བར་ང་ཚོ་ཚང་མ་མཉམ་རུབ་ཀྱིས་ནུས་པ་སྤུངས་དགོས་སྐོར་གསུངས་སོང་། གཞི་རྩའི་གཟའ་འཁོར་འདིའི་ནང་རྒྱ་བལ་གཉིས་ཀྱི་བོད་མིའི་སྤྱི་ཚོགས་ནང་ཁྱོན་ནད་གཞི་ཕོག་མཁན་མི་གྲངས་ ༦༣༦ དང་དེའི་ཁྲོད་ལོ་ན་བགྲེས་ཤོས་དེ་ ༩༨ དང་ཆུང་ཤོས་བྱིས་པ་ལོ་གཅིག་ཆགས་ཀྱི་འདུག    ནད་གཞི་ཕོག་མཁན་ཁྲོད་ཕལ་མོ་ཆེར་ནད་རྟགས་ཅུང་མངོན་པ་དང་།   གཟའ་འཁོར་འདིར་ནད་ཡམས་རྐྱེན་བོད་མི་ ༡༨ འདས་གྲོངས་སུ་སོང་འདུག རྩ་བའི་རྒྱ་གར་ནང་ནད་རླབས་གཉིས་པ་དང་འབྲེལ་ནད་གཞི་ཕོག་མཁན་དང་འདས་གྲོངས་སུ་སོང་མཁན་མང་དག་ཅིག་བྱུང་ཡོད་པའི་ཁྲོད་འདིར་བོད་མིའི་འདུས་སྡོད་ཁག་ཏུའང་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པ་རེད།  ནད་ཡམས་དེའི་རྐྱེན།  ད་བར་རྒྱ་བལ་གཉིས་ཀྱི་བོད་མིའི་འདུས་སྡོད་དུ་ནད་གཞི་ཕོག་མཁན་ ༤༠༡༣ དང་དྲག་སྐྱེད་བྱུང་མཁན་ ༢༣༨༨ དེ་བཞིན་འདས་གྲོངས་སུ་སོང་མཁན་༡༠༡ དང་ནད་མནར་བཞིན་པ་ ༡༥༢༤ ཆགས་ཀྱི་ཡོད་པ་རེད།ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་གསོ་རིག་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས།  ཐུགས་སྣང་ལམ་སྟོན་དང་སྦྲགས།  རྒྱ་གར་ནང་ནད་རླབས་གཉིས་པའི་དུས་ཚིགས་འདིའི་ཁྲོད་བོད་མིའི་འདུས་སྡོད་ཁག་ཏུའང་ནད་གཞི་ཕོག་མཁན་དང་འདས་གྲོངས་སུ་སོང་མཁན་རིམ་པའི་མང་དག་ཞིག་བྱུང་ཡོང་དུས།  མང་ཚོགས་རྣམས་ནས་ནད་རྟགས་མངོན་སྐབས་འཕྲལ་མར་བརྟག་དཔྱད་དང་རབ་བྱུང་ན་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ཟུར་བཀག་ལ་བཞུགས་དགོས་པ་གསུངས་སོང་།  ཕྱོགས་མཚུངས་ཁོང་གི་ཟས་སྤྱོད་གཉིས་ཚུལ་ལྡན་བསྟེན་དགོས་སྐོར་འདི་ལྟར་ལམ་སྟོན་གནང་སོང་། མ་ཟད།  བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་སྒྲོན་ལགས་ཀྱིས་སྔོན་ཁབ་དང་འབྲེལ་རྒྱ་གར་གཞུང་ནས་ལམ་སྟོན་གསལ་བསྒྲགས་གནང་བའི་དོན་ཚན་ཁག་ཅིག་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག    བོད་མི་རྣམས་ནས་སྔོན་ཁབ་ངེས་པར་དུ་བསྐྱོན་གནང་དགོས་པའི་ལམ་སྟོན་གནང་སོང་། ཡང་དེའི་བར་ན་ཧི་མ་ཅལ་མངའ་སྡེ་ནང་ནད་མནར་བཞིན་པའི་གྲངས་ཐོ་དེ་བཞིན་སྐབས་རེ་ཆག་པ་དང་ཡང་སྐབས་རེ་རེ་ཞིག་འཕར་བའི་གནས་སྟངས་ཆགས་འདུག  དེའི་ཁྲོད་ཉེ་ལམ་རྡ་སྟེང་བོད་ཁྱིམ་དུ་ཐོག་མར་སློབ་ཕྲུག་གསུམ་ལ་ཏོག་དབྱིབས་ནད་གཞི་ཕོག་འདུག་པ་དང་།  དེ་ནས་རིམ་པའི་ནད་གཞི་ཁྱབ་གདལ་ཕྱིན་ནས་སློབ་ཕྲུག་ ༦༠ ལྷག་ལ་ནད་གཞི་འགོས་འདུག  རླུང་འཕྲིན་ཁང་ནས་དེ་འབྲེལ་རྡ་སྟེང་བོད་ཁྱིམ་གྱི་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུ་སྐབས། ད་ལྟ་སློབ་ཕྲུག་ནད་གཞི་ཕོག་མཁན་ཁག་ཅིག་ནད་ལས་དྲག་སྐྱེད་བྱུང་ཡོད་པ་དང་།  ནད་གཞི་ཕོག་ཡོད་པའི་སློབ་ཕྲུག་རྣམས་བདེ་པོ་ཐང་པོ་དང་ཛ་དྲག་ཡོད་པ་སུ་ཞིག་ཀྱང་མེད་པ་མ་ཟད།   ལྷག་པར་ད་ལྟ་ནད་རྟགས་ཡོད་པ་ཚོར་ནད་གཞི་ཕོག་ཡོད་མེད་ཀྱི་བརྟག་དཔྱད་འགྲོ་བཞིན་ཡོད་སྐོར་གསུངས་སོང་།

ཐེ་ཝན་ཕྱི་སྲིད་བློན་ཆེན་གྱིས་བོད་མིའི་བདམས་ཐོན་སྲིད་སྐྱོང་ལ་འཚམས་འདྲི་གནང་འདུག

  ཉེ་ཆར་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་བ་དང་འབྲེལ།  ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ལ་སྲིད་སྐྱོང་གི་རྒྱལ་ཁ་ཐོབ་ཡོད་པ་ལྟར། ད་ལྟའི་ཆར་ཁོང་ལ་ཕྱོགས་ཡོངས་ནས་འཚམས་འདྲི་གནང་མཁན་རིམ་པ་བྱུང་ཡོད་པའི་ཁྲོད། ཁ་ཉིན་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ Jaushieh Joseph Wu ལགས་ཀྱིས་འཚམས་འདྲིའི་ཕྱག་ཡིག་ཅིག་ཕུལ་འདུགཕྱག་ཡིག་དེའི་ནང་དུ་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་སྤེན་པ་ཚེ་རིང་ལགས་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་དགའ་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ། ད་ལན་འོས་བསྡུའི་གྲུབ་འབྲས་དེ་བརྒྱུད་བོད་མི་རྣམས་ཀྱིས་རང་དབང་དང་མང་གཙོ་ལྡན་པའི་བོད་ཁམས་ཤིག་བསྐྲུན་རྒྱུའི་ཆོད་སེམས་གཡོ་བ་མེད་པ་ཡོད་པ་དེ་་གསལ་སྟོན་གནང་ཡོད་པར་གསུངས་འདུག ལྷག་པར་དུ་ཁོང་གིས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གི་ཆེད་དུ་འཐབ་རྩོད་གནང་རྒྱུའི་ཆོད་སེམས་ལ་བསྔགས་བརྗོད་དང་སྦྲགས། ད་ལྟ་ང་ཚོར་དཀའ་ངལ་འཕྲད་བཞིན་པ་དེ་དག་གིས་གོ་ལ་སྤྱི་ཡོངས་ལ་དམངས་གཙོ་གལ་ཆེན་པོ་ཅི་ཙམ་ཡིན་པ་གསལ་སྟོན་གནང་གི་ཡོད་པ་དང་། ལྷག་པར་དུ་ཐེ་ཝན་གྱི་ངོས་ནས་བོད་མི་དང་ཐེ་ཝན་གཉིས་ནི་ཕན་ཚུན་བློས་འཁེལ་ཐུབ་པའི་མཛའ་གྲོགས་ཡིན་པར་ངོས་འཛིན་གནང་གི་ཡོད་སྐོར་དང་འབྲེལ། ཕྱོགས་གཉིས་ཀྱི་ངོས་ནས་རྩ་ཆེར་འཛིན་བཞིན་པའི་མང་་གཙོ་དང་རང་དབང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་སྲུང་སྐྱོབ་ཐོག་མཉམ་ལས་གནང་རྒྱུ་ཡིན་སྐོར་གསུངས་འདུག ཁོང་གིས་ད་དུང་ཐེ་ཝན་དང་བོད་གཉིས་ཀྱི་འབྲེལ་ལམ་དེ་ནི་ཕན་ཚུན་གུས་བརྩི་དང་འདྲ་མཉམ་ཐོག་ལ་བརྟེན་པ་ཞིག་ཡིན་སྐོར་དང་འབྲེལ། སྤེན་པ་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་པའི་གཞུང་འཛིན་འོག་ཐེ་ཝན་དང་བོད་མིའི་འབྲེལ་ལམ་བཟང་པོ་དེ་མུ་མཐུད་རྒྱུན་སྐྱོང་ཡོང་བའི་རེ་བ་ཆེན་པོ་ཡོད་པ་གསུངས་འདུག

བདམས་ཐོན་སྲིད་སྐྱོང་གིས་རྒྱ་ནག་ལ་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་ལ་འགྱུར་བ་མེད་པར་ནན་བཤད།

ཉེ་ལམ་ཟླ་ ༥ པའི་ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་བ་དང་སྦྲགས།  རྒྱ་ནག་གི་དཔྱད་ཞིབ་པས་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་གསལ་བསྒྲགས་བྱས་ཡོད་ཀྱང་གཞུང་འཛིན་གསར་བས་བོད་རང་བཙན་རྩོད་རྒྱུའི་བཞེངས་ཕྱོགས་དེར་འགྱུར་བ་གཏང་གི་མ་རེད་ཅེས་བཤད་འདུགདེ་ཡང་ཁ་ཉིན་རྒྱ་ནག་གཞུང་འབྲེལ་གྱི་Global Times གསར་ཁང་ནས་འདོན་སྤེལ་བྱས་པའི་གནས་ཚུལ་ནང་།  ཚོགས་ཟུར་སྤེན་པ་ཚེ་རིང་ལགས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་བདམས་ཐོན་བྱུང་ཡོད་ཀྱང་གཞུང་འཛིན་གསར་པའི་བོད་རང་བཙན་རྩོད་རྒྱུའི་བཞེངས་ཕྱོགས་ལ་འགྱུར་བ་གཏང་གི་མ་རེད་ཅེས་དང་།   ལྷག་པར་འདི་ལོའི་འོས་བསྡུའི་བརྒྱུད་རིམ་ཁྲོད་བཙན་བྱོལ་བོད་མིའི་ནང་ཁུལ་གྱི་རྙོག་གྲ་ཡོངས་མངོན་གསལ་བྱུང་བ་མ་ཟད།  ནང་ཁུལ་གྱི་རྩོད་རྙོག་དེ་བཞིན་ཇེ་སྡུག་ཏུ་བཏང་ཡོད་པར་བཤད་འདུག རྒྱ་ནག་གི་བོད་གནས་ཉམས་ཞིབ་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་ Xiao Jie ཡིས་གསར་ལམ་དེའི་ཐོག་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་དང་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྣམ་གཉིས་ཀྱིས་རྒྱབ་ལྗོངས་མཚུངས་བསྡུར་དང་སྦྲགས།  བཙན་བྱོལ་སྒྲིག་འཛུགས་དེ་བཞིན་སུས་འགོ་ཁྲིད་ཀྱང་ཏཱ་ལའི་རུ་ཚོགས་ནས་བོད་རང་བཙན་ཆེད་དུ་འཐབ་རྩོད་བྱེད་རྒྱུའི་རང་བཞིན་ལ་འགྱུར་བ་ཐེབས་ཐབས་མེད་པ་བཤད་འདུགདེ་བཞིན་བཙན་བྱོལ་སྤྱི་ཚོགས་ནང་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་དབང་ཚད་ཐ་དད་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་དེ་བཞིན་ཕྱི་རྒྱལ་ནས་རྒྱབ་སྐྱོར་འཚོལ་རྒྱུའི་ཚོགས་པ་ཞིག་དང་།  སྲིད་སྐྱོང་ནི་ཚོགས་པ་དེའི་འགོ་ཁྲིད་ལྟ་བུ་ཞིག་ཡིན་པ་བཤད་འདུག་པ་མ་ཟད།   ཁོས་རྒྱ་ནག་གཞུང་ནས་ད་ལྟ་བོད་མིའི་སྒྲིག་འཛུགས་ལ་འབྲེལ་བ་བྱེད་ཀྱི་མ་རེད་ལ།   རྒྱ་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་མུ་མཐུད་སྤེལ་གྱི་རེད་ཅེས་བཤད་འདུག མ་ཟད་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་ Zhu Weiqun ཡིས་གསར་ཁང་དེར་དབུ་མའི་ལམ་གྱི་སྲིད་བྱུས་ཟེར་བ་དེ་ནི་བོད་ལ་ཚད་མཐོའི་རང་སྐྱོང་དང་དེའང་རིམ་བཞིན་རང་བཙན་རྩོད་རྒྱུའི་སྲིད་བྱུས་ཤིག་ཡིན་པས།  འདི་ནི་ཡོང་མི་སྲིད་པ་ཞིག་ཡིན་པ་བཤད་འདུག  མ་ཟད།  ཁོས།  འདས་པའི་དུས་ཡུན་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ལས་དོན་གཅིག་རྗེས་གཉིས་མཐུད་ལམ་ལྷོང་བྱུང་མེད་པ་དང་དེ་འབྲེལ་གྱི་གནས་སྟངས་གཅིག་མཚུངས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འཕྲད་ངེས་ཡིན་པ་དང་ཆབས་ཅིག  སྤེན་པ་ཚེ་རིང་ལགས་ནས་གདོང་ལེན་བྱེད་དགོས་པའི་གནས་ཚུལ་གལ་ཆེ་གཅིག་ནི་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཆགས་ཀྱི་ཡོད་པ་བཤད་འདུག ད་དུང་ཁོས་༸གོང་ས་མཆོག་ནི་ཏཱ་ལའི་རུ་ཚོགས་ཀྱི་གཙོ་བོ་ཞིག་ཡིན་སྟབས། ཏཱ་ལའི་རུ་ཚོགས་ཀྱི་འབྱུང་འགྱུར་ནི་བཤད་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད་འདུག   འདི་ག་རླུང་འཕྲིན་ཁང་ནས་དེ་རིང་རྒྱ་ནག་གི་ Global Times གསར་ཤོག་སྤེལ་བའི་གནས་ཚུལ་དེའི་སྐོར་ལ་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་སྐབས།  ཁོང་གིས།  Zhu Weiqun ཡིས་གནས་ཚུལ་དེའི་ནང་གང་བཤད་པ་དེ་གསར་པ་གང་ཡང་མིན་པ་དང་།  ལྷག་པར་དུ་བོད་གནས་ཉམས་ཞིབ་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་ Xiao Jie ཟེར་བས་བཤད་པ་དེ་རང་ངོས་ནས་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་ལ་ང་ཚོས་སྙོབས་རྒྱུ་ཐབས་ཤེས་བྱེད་རྒྱུ་་ཡིན་ཞེས་བརྗོད་པ་དེར་ལན་ལྟ་བུ་ཞིག་གོ་བ་ལེན་གྱི་ཡོད་པ་དང་།  ཁོ་རང་ཚོས་བཤད་པ་དེ་སྤྱིར་བཏང་གི་ལངས་ཕྱོགས་ཙམ་ཞིག་མ་གཏོགས་དོན་ངོ་མའི་ཐོག་རྒྱ་གཞུང་གི་བསམ་ཚུལ་ཅིག་ཡིན་པ་ངོས་འཛིན་ཞུ་ཐུབ་ཐབས་མེད་གསུངས་པ་དང་ཆབ་ཅིག བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་གང་ཡིན་པ་དེ་དེ་སྔ་ནས་གང་བཤད་པ་དེར་འགྱུར་བ་རྩ་བ་ནས་མེད་པ་སྐོར་གསུངས་བྱུང་། རྩ་བའི་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ།   བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གཞུང་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཐད་ཐེ་ཇུས་བྱེད་རྒྱུའི་འགན་དབང་མེད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་རྣམས་ཀྱིས་ཆོས་་ཁས་ལེན་བྱེད་ཀྱི་མེད་པར་འགྲེལ་བརྗོད་ཀྱིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ནི་ཆོས་ཕྱོགས་དང་འབྲེལ་བ་ཆགས་ཀྱི་ཡོད་སྐོར་གསུངས་ཡོད་པ་རེད།

བཀག་སྡོམ་ལ་ལྟོས་མེད་གྲོས་ཚོགས་ཚོགས་དུས་འཕར་མ་འཚོགས་རྒྱུའི་བཀོད་ཁྱབ།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་བཏང་བའི་གནད་དོན་ལས་འཕྲོས་པའི་འཕྲོ་སྐྱོང་གི་ལས་དོན་ཁག་གི་སླད་རིང་མིན་ཕྱི་ཚེས་ ༢༠ ཉིན་གྲོས་ཚོགས་ཚོགས་དུས་འཕར་མ་ཞིག་ཚོགས་རྒྱུའི་བཀོད་ཁྱབ་བཏང་ཟིན་ཡོད་ཀྱང་། རྒྱ་གར་རྒྱལ་ཡོངས་དང་། ལྷག་པར་དུ་ཧི་མ་ཅན་མངའ་སྡེའི་ནང་གི་ཏོག་དབྱིམས་རིམས་ནད་ཀྱི་གནས་སྟངས་སོགས་ལ་གཞིགས་ཏེ་ཁ་སང་ཚོགས་དྲུང་ལས་ཁུངས་ནས་གྲོས་ཚོགས་ཚོགས་དུས་འཕར་མ་འདི་བཞིན་ཕྱི་ཚེས་ ༢༠ ཚབ་ཏུ་ཕྱི་ཚེས་ ༢༤ ཉིན་འཚོགས་རྒྱུ་ཡིན་པའི་བཀོད་ཁྱབ་བཏང་འདུག དེ་ཡང་བཀོད་ཁྱབ་དེའི་ནང་དུ་ཁ་སང་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྒྱུན་ལས་རྣམ་པ་ཛ་དྲག་གིས་ལྷན་འཛོམས་དང་། དེའི་རྗེས་སུ་བཀའ་སྤྱི་གཉིས་ལྷན་འཛོམས་བཅས་གནང་མཐར། སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་འཕར་མ་དེ་བཞིན་ཟླ་བ་འདིའི་ཕྱི་ཚེས་ ༢༤ སྟེ། བདུན་ཕྲག་རྗེས་མའི་རེས་གཟའ་ཟླ་བ་ཉིན་ཚོགས་རྒྱུ་ཡིན་པ་དང་། ཚོགས་དུས་དེའི་སྔ་རོལ་གྱི་ཕྱི་ཚེས་ ༢༣ ཉིན་སྤྱི་འཐུས་རྣམ་པའི་བཞུགས་མོལ་ཚོགས་འདུ་ཞིག་ཀྱང་ལྷན་འཚོགས་གནང་རྒྱུ་ཡིན་སྟབས། ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༢༢ འགྱངས་མེད་ཐོག་བཞུགས་སྒར་རྡ་རམ་ས་ལར་འབྱོར་ཏེ་ཚོགས་དྲུང་ལས་ཁུངས་སུ་འབྱོར་ཐོ་འགོད་གནང་དགོས་པ་བཅས་གསུངས་འདུག འོན་ཀྱང་ཕྱི་ཚེས་ ༡༥ ཉིན་ཧི་མ་ཅལ་མངའ་སྡེའི་གཞུང་ནས་དེ་སྔ་ཟླ་བ་འདིའི་ཕྱི་ཚེས་ ༡༧ བར་གྱི་ཕྱིར་སྐྱོད་མི་ཆོག་པའི་བཀའ་རྒྱ་དེ་བཞིན་ཕྱི་ཚེས་ ༢༦ བར་འཕར་འགྱངས་གནང་ཡོད་པ་དང་། ཕྱིར་སྐྱོད་མི་ཆོག་པའི་བཀའ་རྒྱ་དེའི་དགོངས་དོན་འོག་ཧི་མ་ཅལ་མངའ་སྡེ་ནང་ཡོད་པའི་གཞུང་གི་ལས་ཁུངས་གཙོས་པའི་སྒེར་གྱི་ཚོགས་པ་སྒྲིག་འཛུགས་ཁག་སྒོ་རྒྱབ་སྟེ་གནས་དགོས་པ་མ་ཟད། དུས་ཡུན་དེའི་རིང་ལ་ཧི་མ་ཅའ་མངའ་སྡེའི་ནང་མི་ལྔ་ལས་ལྷག་པ་འདུ་འཛོམས་སོགས་ཀྱང་གནང་ཆོག་གི་མེད་སྟབས། ཚོགས་དྲུང་ལས་ཁུངས་ནས་ཕྱི་ཚེས་ ༢༤ ཉིན་གྲོས་ཚོགས་ཚོགས་དུས་འཕར་འཚོགས་རྒྱུའི་བཀོད་ཁྱབ་བཏང་པ་ལྟར་ཚོགས་ཐུབ་མིན་དང་། ལྷག་པར་དུ་ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་བཞུགས་སྒར་དུ་གོང་ཚེས་ཉིན་འབྱོར་ཐུབ་མིན་ངེས་གཏན་མེད་པ་རེད། མ་ཟད་ཁ་སང་ཕྱི་ཚེས་ ༡༦ ཉིན་འཛིན་སྐྱོང་བཀའ་ཤག་ནས་ཀྱང་ཧིམ་མངའ་སྡེ་གཞུང་གིས་ཕྱིར་བསྐྱོད་བཀག་སྡོམ་ཕར་འགྱངས་གནང་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཀྱང་ཕྱི་ཚེས་ ༢༦ བར་འཚོགས་མ་དགོས་པར་ལས་བྱེད་རྣམ་རང་ཁྱིམ་ནས་ལས་ཀ་བྱེད་དགོས་པའི་བཀའ་ཁྱབ་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་གྲོས་ཚོགས་ཚོགས་དུས་འཕར་མ་འཚོགས་རྒྱུའི་བཀོད་ཁྱབ་དེ་དང་འབྲེལ་ཚོགས་དྲུང་ལས་ཁུངས་དང་ཚོགས་གཞོན་མཆོག་ལ་ཞལ་པར་བརྒྱུད་བཀའ་དྲི་ཁག་ཅིག་ཞུ་ཐབས་ཞུས་ཀྱང་འབྲེལ་བ་མཐུད་ཐུབ་པ་བྱུང་མ་སོང་། གཞི་རྩའི་ད་རེས་གྲོས་ཚོགས་ཚོགས་དུས་འཕར་མ་ཞིག་ཚོགས་དགོས་པའི་གནས་སྟངས་དེ་ནི་དེ་སྔ་ཕྱི་ཟླ་ ༣ ནང་ཚོགས་པའི་སྐབས་༡༦ གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དུས་གཅིག་ལ་འཕོ་འགྱུར་བཏང་པའི་གནས་སྟངས་ལས་འཕྲོས་ཏེ། ཁྲིམས་ཞིབ་པ་གསར་པ་བསྐོ་བཞག་གནང་རྒྱུ་དང་། བདམས་ཐོན་སྲིད་སྐྱོང་གསར་པ་དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་བཅས་ཀྱི་དམ་འབུལ་ཞུ་ཡུལ་ཁག་ཁ་གསལ་བཟོ་རྒྱུ་སོགས་ཀྱི་ལས་དོན་ཆེ་ཁག་ཁག་ཅིག་འགྲུབ་དགོས་ཀྱི་ཡོད་པ་རེད།

སྲིད་སྐྱོང་གསར་རྙིང་གི་འཚམས་འདྲི་དང་བདམས་ཐོན་སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་གསུང་བཤད།

ཁ་སང་དབུས་འོས་བསྡུ་ལས་ཁང་གིས་དྲྭ་ལམ་ཐད་གཏོང་བརྒྱུད་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་གྲུབ་འབྲས་གཞུང་འབྲེལ་ཐོག་གསལ་བསྒྲགས་གནང་བ་དང་སྦྲགས། སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་སུ་ཁྱོོན་འོས་གྲངས་ ༣༤༣༢༤ དང་དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་ཁྱོན་འོས་གྲངས་ ༢༨༩༠༧ བཅས་ཐོབ་སྟེ་སྤེན་པ་ཚེ་རིང་ལགས་སུ་སྲིད་སྐྱོང་གི་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་གསལ་བསྒྲགས་གནང་ཡོད་པ་རེད་། བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁ་སང་ཕྱི་དྲོ་རང་ཉིད་ཀྱི་ངོ་དེབ་བརྒྱུད་འོས་བསྡུ་གྲུབ་འབྲས་དང་འབྲེལ་བའི་གཏམ་བཤད་གནང་བའི་ནང་དུ་ཁོང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་ཚོར་བ་ཅི་བྱུང་སྐོར་དང་འབྲེལ། འོས་བསྡུའི་འགྲན་རྩོད་ནང་ཞུགས་སྐབས་གཅིག་ལ་རྒྱལ་ཁ་དང་གཅིག་ལ་ཕམ་ཉེས་བྱུང་གི་ཡོད་པ་དེ་རང་བཞིན་ཆོས་ཉིད་ཡིན་པས་རྒྱལ་ཁབ་ཐོབ་པར་དམིགས་བསལ་དགའ་བ་སྒོམ་དགོས་དོན་གང་ཡང་མེད་པ་དང་དེ་ལས་ང་ཚོས་སེམས་ཤུགས་མ་ཆགས་པར་མུ་མཐུད་ནས་མདུན་བསྐྱོད་ཞུས་ཏེ་མི་རིང་བར་བོད་རྒྱའི་དཀའ་རྙོག་སེལ་བའི་ཉིན་མོ་ཞིག་ཤར་ཚེ་དེ་ཉིན་གཞིས་བྱེས་བོད་མི་ཡོངས་ནས་དོན་དངོས་ཀྱི་དགའ་བ་སྒོམ་དགོས་པ་དང་ཉིན་མོ་དེའི་ཆེད་དུ་ཚང་མས་མཉམ་རུབ་ཀྱིས་ནུས་པ་སྤུངས་རོགས་ཞེས་འབོད་སྐུལ་བསྐྱར་ནན་ཞུས་འདུག ཁ་སང་དབུས་འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་དེ་གནང་མ་ཐག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་སེང་གེ་མཆོག་ནས་བོད་ཀྱི་བརྙན་འཕྲིན་བརྒྱུད་བཀའ་ཤག་གི་ཚབ་ཞུས་ཏེ་བདམས་ཐོན་སྲིད་སྐྱོང་དང་སྤྱི་འཐུས་རྣམ་པར་དགའ་བསུའི་འཚམས་འདྲི་གནང་ཞིང་ས་ག་ཟླ་བའི་ཚས་ ༡༥ ཉིན་དེ་དམ་འབུལ་ཉིན་མོར་གཏན་འཁེལ་གནང་བའི་ཐག་གཅོད་གསལ་བསྒྲགས་གནང་བ་མ་ཟད། བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་ཞལ་པར་ཕུལ་ཏེ་བཀའ་ཤག་ནས་འཚམས་འདྲི་དང་ཁོང་གི་ལས་ཡུན་སྐབས་ཕྱག་ལས་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཡང་ཞུས་འདུགབདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁ་སང་ཕྱི་དྲོ་ཕྱག་ཚོད་ ༨ ཐོག་རང་ཉིད་ཀྱི་ངོ་དེབ་བརྒྱུད་མང་ཚོགས་ལ་གནང་པའི་གསུང་བཤད་དེའི་སྐབས། ཁོང་གིས་ད་ལན་མི་མང་གིས་ཁོང་ལ་འོས་ཤོག་ཕངས་ནས་འགན་སྐུར་བའི་ཁས་ལེན་ཡོངས་རྫོགས་ལྷག་བསམ་རྣམ་དག་དང་འཇིགས་ཞུམ་ཆགས་སྡང་མེད་པར་སྤྱི་སྙོམ་དྲང་བདེན་ཐོག་ནས་ལག་བསྟར་གྱིས་གོམ་པ་མདུན་སྤོ་བྱ་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་གསུངས་འདུགདེ་བཞིན་སྤེན་པ་ཚེ་རིང་ལགས་ཀྱིས་ལྟ་བ་ལངས་ཕྱོགས་དང་ཆོལ་ཁའི་དཀའ་ངལ་ཁག་ལ་གདོང་ལེན་གནང་ཕྱོགས་དང་འབྲེལ་ང་ཚོས་བོད་མདོ་དབུས་ཁམས་གསུམ་གྱི་ལོ་རྒྱུས་ཙམ་མིན་པར་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་བྲེ་བྲག་རྒྱ་ནག་གི་འབྲེལ་བའི་སྐོར་ཞིབ་ཚགས་མཁྱེན་པ་གནང་རྒྱུ་དེ་གལ་ཆེ་ཡིན་པས་དེའི་ཐོག་འབད་བརྩོན་གནང་རྒྱུ་དང་ལྷག་དོན་སྤྱི་ཚོགས་ནང་རྙོག་དྲ་རིགས་ཡོང་བཞིན་པ་དེ་དངོས་ཡོད་གནས་སྟངས་མ་རྟོགས་པའི་དབང་གིས་ཡིན་སྟབས་འབྱུང་འགྱུར་བཀའ་ཤག་ངོས་ནས་བོད་དང་བཙན་བྱོལ་སྤྱི་ཚོགས་ནང་གི་དངོས་ཡོད་གནས་སྟངས་ཐོག་ཞིབ་འཇུག་ཚད་ལྡན་གྱིས་དེ་དག་མང་ཚོགས་མདུན་ལ་མཁོ་སྤྲོད་གནང་རྒྱུ་དེ་ལས་འགན་གཙོ་གྲས་སུ་ངོས་འཛིན་གྱི་ཡོད་པར་གསུངས་འདུག གཏམ་བཤད་དེའི་ནང་ཁོང་གིས་ད་དུང་སྲིད་སྐྱོང་གི་དམ་འབུལ་རྗེས་ཀྱིས་ལས་དོན་དང་དེ་བཞིན་བཀའ་ཤག་གསར་བའི་གྲ་སྒྲིག་ཡིན་པའི་འགྲེལ་བརྗོད་གནང་འདུག ལར་ནས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁོང་གིས་སྲིད་སྐྱོང་གི་ལས་ཡུན་ཁྲོད་ཕྱག་ལས་གང་གནང་བ་དེ་དག་ལྷག་བསམ་རྣམ་དག་གི་སྒོ་ནས་གནང་རྒྱུའི་ཁས་ལེན་དང་འབྲེལ་མང་ཚོགས་ལ་རྒྱབ་སྐྱོར་གྱི་འབོད་སྐུལ་གནང་བ་མ་ཟད་བོད་ནང་གི་བོད་མི་ཚོར་བརྡ་ལན་དེ་འདྲ་ཞིག་གནང་འདུགདེ་བཞིན་སྲིད་སྐྱོང་གི་དངོས་གཞིའི་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་ཁོང་སྒེར་གྱི་ངོ་དེབ་ཐོག་འོས་བསྡུའི་གྲུབ་འབྲས་དང་འབྲེལ། མཇུག་བསྡོམས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ལ། ༢༠༢༡ ལོའི་དངོས་གཞིའི་སྲིད་སྐྱོང་འོས་མིར་ཚུད་ཐུབ་པ་བྱུང་བ་ནི་མི་ཚེ་འདིའི་ནང་གི་གཟི་བརྗིད་ཆེ་ཤོས་ཀྱི་བྱ་བཞག་ཅིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་དང་། འོས་བསྡུའི་ཐོག་མཐའ་བར་གསུམ་གྱི་ལས་དོན་ཁྲོད་རྒྱབ་བསྐྱོར་གནང་མཁན་སྤྱི་ལ་ཐུགས་རྗེ་ཆེ་ཞུས་དང་སྦྲགས། བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། ད་ལྟའི་དཀའ་རྙོག་དང་འགྱུར་འགྲོས་ཆེ་བའི་དུས་སྐབས་འདིར་ལས་དོན་རྣམས་ལེགས་འགྲུབ་ཡོང་བ་དང་སྐུ་གཟུགས་བདེ་ཐང་ཡོང་བའི་འཚམས་འདྲི་ཞུས་གནང་བ་མ་ཟད་བོད་རིགས་སྤུན་ཟླ་ཡོངས་ལ་འོས་བསྡུའི་གྲུབ་འབྲས་ཅི་བྱུང་ལ་ངོས་ལེན་གནང་དགོས་པའི་རེ་སྐུལ་དང་སྲིད་སྐྱོང་གསར་བར་མཐུན་འགྱུར་རོགས་རམ་ཞུ་དགོས་བའི་སྐུལ་མ་གནང་ཡོད་པ་རེད། གཞི་རྩའི་ཐེངས་འདིའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་ནང་འོས་འཕེན་པའི་མིང་གཞུང་དེབ་འགོད་གནང་མཁན་བོད་མི་གྲངས་ ༨༣,༠༨༠ བྱུང་བའི་བྱུང་བའི་ཁོངས་ནས་སྲིད་སྐྱོང་གི་དངོས་གཞིའི་འོས་ཤོག་དངོས་སུ་འཕེན་མཁན་གྱི་བོད་མི་གྲངས་ ༦༣,༩༩༡ བྱུང་ཡོད་པ་བཅས་ཆ་སྙོམས་འོས་འཕེན་པའི་རྒྱ་ཆ་ ༧༧་༠༢ ཆགས་ཀྱི་ཡོད་པ་དེ་ནི། ད་བར་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ནང་འོས་འཕེན་པ་ཆ་ཤས་བཞེས་མཁན་གྱི་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་པ་རེད།

ཚོགས་ཟུར་སྤེན་པ་ཚེ་རིང་ལགས་སྲིད་སྐྱོང་ལ་བདམས་ཐོན་བྱུང་སོང་།

དེ་རིང་ཕྱི་ཟླ་ ༥ ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠ ཐོག་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་གཙོས་པའི་འགན་འཛིན་ལས་འཕར་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་དང་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས། དེ་བཞིན་གསར་ཁང་ཁག་གི་གསར་འགོད་པ་བཅས་ལྷན་བཞུགས་ཐོག་དྲ་ལམ་བརྒྱུད་ཏེ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་དང་སྦྲགས། ཉེ་ཆར་མཇུག་སྒྲིལ་ཟིན་པའི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་གྲུབ་འབྲས་ གསལ་བསྒྲགས་གནང་ཡོད།དེ་ཡང་དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༩ དང་། དོན་ཚན་ ༥༢ པའི་དགོངས་དོན་གཞིར་བཟུང་གསལ་བསྒྲགས་གནང་བར་བདམས་ཐོན་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམསཀྱི་གྲུབ་འབྲས་ལ་གཞིགས་ན། ཐེངས་འདིའི་དངོས་གཞིའི་འོས་བསྡུ་ཆེན་མོའི་ནང་འོས་འཕེན་པའི་མིང་གཞུང་དེབ་འགོད་གནང་མཁན་བོད་མི་གྲངས་ ༨༣,༠༨༠ བྱུང་བའི་ཁོངས་ནས་སྲིད་སྐྱོང་གི་དངོས་གཞིའི་འོས་ཤོག་དངོས་སུ་འཕེན་མཁན་གྱི་བོད་མི་གྲངས་ ༦༣,༩༩༡ བྱུང་ཡོད་པ་དང་། དེ་དག་ཁྲོད་ནས་སྲིད་སྐྱོང་གི་དངོས་གཞིའི་འོས་མི་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ལ་ཁྱོན་འོས་གྲངས་ ༣༤༣༢༤ དང་། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་ཁྱོན་འོས་གྲངས་༢༨༩༠༧ བཅས་ཐོབ་སྟེ། ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ལ་རྒྱལ་ཁ་ཐོབ་པ་དང་སྦྲགས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་འདེམས་ཐོན་བྱུང་འདུག འབུས་འོས་བསྡུ་ལས་ཁང་གིས་ད་རེས་གསལ་བསྒྲགས་གནང་པ་ལྟར་བྱས་ན། ད་རེས་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུའི་ནང་འོས་བསྡུའི་ནང་ཆ་སྙོམས་འོས་འཕེན་པའི་རྒྱ་ཆ་ ༧༧་༠༢ ཆགས་ཀྱི་ཡོད་པ་དེ་ནི། ད་བར་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ནང་འོས་འཕེན་པ་ཆ་ཤས་བཞེས་མཁན་གྱི་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་པ་གསུངས་ཡོད། དེ་བཞིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་བར་གཞིགས་ན། འདེམས་ཐོན་སྤྱི་འཐུས་ ༤༥ ཁོངས་ནས་སྤྱི་འཐུས་གསར་པ་ ༡༨ བྱུང་འདུག་པ་དང་། དེ་དག་ཁྲོད་ནས་དབུས་གཙང་ཆོལ་ཁའི་ཁོངས་སུ་སྤྱི་འཐུས་གསར་པ་བཞི་དང་། མདོ་སྟོད་ཆོལ་ཁའི་ཁོངས་སུ་སྤྱི་འཐུས་གསར་པ་ལྔ། མདོ་སྨད་ཆོལ་ཁའི་ཁོངས་སུ་སྤྱི་འཐུས་གསར་པ་བཞི། དེ་བཞིན་གཡུང་དྲུང་བོན་ཁྱབ་ཁོངས་ནས་སྤྱི་འཐུས་གསར་པ་གཅིག་དང་། ལྷོ་བྱང་ཨ་རི་ཁུལ་ནས་སྤྱི་འཐུས་གསར་པ་གཉིས། ཡོ་རོབ་དང་ལྷོ་ཨ་ཕི་རི་ཀ་ཁུལ་ནས་སྤྱི་འཐུས་གསར་པ་གཅིག རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་། ཨོ་སེ་ཀྲེ་ལེ་ཤི་ཡ་ཁུལ་ནས་སྤྱི་གཐུས་གསར་པ་གཅིག་བཅས་ཆགས་ཀྱི་འདུག་པ་དང་། ཁྱོན་འདེམས་ཐོན་སྤྱི་འཐུས་ ༤༥ ཁོངས་ནས་ ༩ བེུད་ཆགས་ཀྱི་འདུག ད་རེས་འདེམས་ཐོན་བྱུང་བའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་དབུས་འོས་བསྡུ་ལས་ཁང་ནས་གཏན་འབེབས་གནང་པའི་ཚེ་གྲངས་ལྟར་བྱས་ན། ཟླ་བ་འདིའི་ཕྱི་ཚེས་ ༣༠ རེས་གཟའ་ཉི་མའི་ཉིན་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུ་རྒྱུ་དང་། དེ་བཞིན་སྲིད་སྐྱོང་ལས་ཐོག་མཆོག་ནས་དེ་སྔ་བརྒྱུད་ལམ་ཁག་ཏུ་གསུངས་པ་ལྟར་བྱས་ན། ཟླ་བ་འདིའི་ཕྱི་ཚེས་ ༢༦ རེས་གཟའ་ལྷག་པའི་ཉིན་སྲིད་སྐྱོང་གསར་པའི་དམ་འབུལ་གྱི་ཚེས་གྲངས་འོས་འཚམས་ཤིག་ཡོད་སྐོར་གསུངས་ཡོད་ཀྱང་། ད་ལྟའི་ཆ་ལ་ཉེ་དུས་སྐབས་༡༦ པའི་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠ ཐོག་ཆེ་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམས་པ་འཕོ་འགྱུར་བཏང་་བའི་གནས་སྟངས་ལས་འཕྲོས་ཏེ། དམ་འབུལ་ཞུ་ཡུལ་གྱི་ཁྲིམས་ཞིབ་པ་མེད་པ་སོགས་དང་འབྲེལ་ད་ལྟའི་ཆ་ལ་སྲིད་སྐྱོང་དང་ཚོགས་གཙོ་སྦྲེལ་པོའི་དམ་འབུལ་གྱི་གནས་སྟངས་ཇི་ཆགས་གསལ་ཁ་མེད་པ་རེད། གནད་དོན་དེའི་ཐོག་དེ་རིང་གསར་འགོད་ལྷན་ཚོགས་སྐབས་སུ་གསར་འགོད་པ་རྣམས་ནས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་ལ་བཀའ་འདྲི་ཁག་ཅིག་ཞུས་སོང་བ་དང་། སྐབས་དེར་སྤྱི་ཁྱབ་འགན་འཛིན་མཆོག་ནས་ནས། དམ་འབུལ་གྱི་གནས་སྟངས་ཐོག་འོས་བསྡུ་ལས་ཁང་ནས་ཐད་ཀར་ཞུ་ཐུབ་ཡག་གང་ཡང་མེད་པ་སོགས་གསུངས་ཡོད།   དེ་རིང་དབུས་འོས་བསྡུ་ལས་ཁང་ནས་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་གྲུབ་འབྲས་ གསལ་བསྒྲགས་གནང་ཟིན་མ་ཐག འདི་ག་རླུང་འཕྲིན་ཁང་ནས་འདེམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འབྲེལ་བ་ཞུ་སྐབས། ཐེངས་འདིའི་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི་འོས་བསྡུའི་ལས་རིམ་ཁག་གླེང་སློང་གང་ཡང་མེད་པར་གནང་ཐུབ་པ་དེ་ནི་མང་གཙོའི་རྒྱལ་ཁ་ཞིག་ཡིན་པ་དང་། ད་ཆ་འོས་བསྡུའི་ལས་རིམ་ཁག་མཇུག་སྒྲིལ་ཟིན་ཡོད་སྟབས་འོས་བསྡུ་དང་འབྲེལ་བའི་སྤྱི་ཚོགས་ཀྱི་གླེང་སློང་རྣམས་མཚམས་འཇོག་གནང་རོགས་ཞེས་འབོད་སྐུལ་གནང་སོང་པ་མ་ཟད། དམ་འབུལ་ཟིན་པའི་ཉིན་མོ་ནས་བཟུང་སྟེ་མི་མང་གི་རེ་བ་ཡིད་ཆེས་གནང་པ་ཁག་ཆུད་ཟོས་སུ་མི་གཏོང་བར། བོད་རྒྱའི་དཀའ་རྙོག་གསལ་ཐབས་གཙོས་པའི་བོད་མིའི་བདེ་དོན་ལྟ་སྐྱོང་སོགས་ལས་དོན་མང་པོ་ཞིག་སྒྲུབ་དགོས་པ་རྣམས་ཐོག་མའི་དམ་བཅའ་གཞིར་བཟུང་ནུས་པ་གང་ཡོད་སྤུངས་རྒྱུའི་ཆོད་སེམས་བརྟན་པོ་ཡིན་ཞེས་གསུངས་བྱུང་།  དེ་བཞིན་སྲིད་སྐྱོང་གི་དངོས་གཞིའི་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་ཞལ་པར་བརྒྱུད་འབྲེལ་བྱས་ཀྱང་འབྲེལ་བ་མཐུད་ཐུབ་པ་བྱུང་མ་སོང་ཡང་། ཁོང་སྒེར་གྱི་ངོ་དེབ་ཐོག་འོས་བསྡུའི་གྲུབ་འབྲས་དང་འབྲེལ། མཇུག་བསྡོམས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ལ། ༢༠༢༡ ལོའི་དངོས་གཞིའི་སྲིད་སྐྱོང་འོས་མིར་ཚུད་ཐུབ་པ་བྱུང་བ་ནི་མི་ཚེ་འདིའི་ནང་གི་གཟི་བརྗིད་ཆེ་ཤོས་ཀྱི་བྱ་བཞག་ཅིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་དང་། འོས་བསྡུའི་ཐོག་མཐའ་བར་གསུམ་གྱི་ལས་དོན་ཁྲོད་རྒྱབ་བསྐྱོར་གནང་མཁན་སྤྱི་ལ་ཐུགས་རྗེ་ཆེ་ཞུས་དང་སྦྲགས། འདེམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། ད་ལྟའི་དཀའ་རྙོག་དང་འགྱུར་འགྲོས་ཆེ་བའི་དུས་སྐབས་འདིར་ལས་དོན་རྣམས་ལེགས་འགྲུབ་ཡོང་བ་དང་སྐུ་གཟུགས་བདེ་ཐང་ཡོང་བའི་འཚམས་འདྲི་ཞུས་གནང་བ་མ་ཟད་བོད་རིགས་སྤུན་ཟླ་ཡོངས་ལ་འོས་བསྡུའི་གྲུབ་འབྲས་ཅི་བྱུང་ལ་ངོས་ལེན་གནང་དགོས་པའི་རེ་སྐུལ་དང་སྲིད་སྐྱོང་གསར་བར་མཐུན་འགྱུར་རོགས་རམ་ཞུ་དགོས་བའི་སྐུལ་མ་གནང་འདུག གཞི་རྩའི་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་དེ་བཞིན་སྔར་ལོའི་ཕྱི་ཟླ་ ༨ ཚེས་ ༥ ནས་དངོས་སུ་འགོ་འཛུགས་ཞུས་ཏེ། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༣ དང་། ཕྱི་ཟླ་ ༤ ཚེས་ ༡༡ སོ་སོར་བོད་མི་གནས་ཡུལ་རྒྱལ་སྤྱིའི་རྒྱལ་ཁབ་ ༢༦ གྱི་ནང་ལ་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ཆེན་མོའི་ལས་རིམ་གནང་ཡོད་པ་དང་། དེ་རིང་དངོས་གཞིའི་འོས་བསྡུའི་གྲུབ་འབྲེས་གསལ་བསྒྲགས་དང་སྦྲགས་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ནས་འབྲེལ་ཡོད་ལས་བྱེད་དང་། འོས་བསྡུའི་ལས་རིམ་ཐོག་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་སྒེར་ཁག དེ་བཞིན་མང་ཚོགས་བཅས་ནས་འོས་བསྡུའི་ལས་རིམ་ནང་ཆ་ཤས་བླངས་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད།

Latest news