Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

སྦེལ་ཀོབ་ཏུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༤  འཚོགས་རྒྱུ།

བོད་ཀྱི་ཟློས་གར་ཚོགས་པས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༢ ཚེས་ ༡༥ ནས་ ༢༠ དང་བོད་ཟླ་ ༡ ཚེས་ ༡༡ ནས་ ༡༧ བར་དུས་ཡུན་ཉིན་གྲངས་དྲུག་རིང་བོད་མིའི་གཞིས་སྒར་སྦེལ་ཀོབ་ཏུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༤ སྲུང་བརྩི་གནང་གཏན་ཁེལ་འདུག འདི་ག་རླུང་འཕྲིན་ཁང་གིས་དྷ་ས་བོད་ཀྱི་ཟློས་གར་ཚོགས་པའི་དབུ་འཛིན་ངག་དབང་ཡོན་ཏན་ལགས་དང་སྦེལ་ཀོབ་བོད་ཀྱི་ལྷ་མོ་ཚོགས་པའི་ཚོགས་གཙོ་ཆོས་སྒྲོན་ལགས་རྣམ་གཉིས་ལ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༤ པའི་སྟ་གོན་དང་དེའི་ཐོག་བཙན་བྱོལ་ནང་གི་བོད་མིའི་ལྷ་མོ་ཚོགས་པ་ག་ཚོད་ནས་མཉམ་ཞུགས་གནང་གི་ཡོད་མེད་དང་དེ་བཞིན་འཁྲབ་གཞུང་གང་དང་གང་ཡོད་པ་སོགས་ཀྱི་ཐོག་བཅར་འདྲི་ཁག་གཅིག་ཞུས་ཡོད།

འབྲས་ལྗོངས་མངའ་སྡེའི་གཞུང་ནས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ ཞེས་པ་ཕྱག་བསྟར་གནང་རྒྱུ།

རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ལོར་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ ཞེས་པ་ཞིག་གཏན་འབེབས་གནང་ཡོད་པ་ལྟར། ཉེ་ལམ་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་ནང་སྲིད་བྱུས་དེ་ཕྱག་བསྟར་གནང་རྒྱུར་མངའ་སྡེ་གཞུང་གིས་བཀའ་ཤག་ལྷན་ཚོགས་ཐོག་སྤྱི་མོས་རྒྱབ་སྐྱོར་དང་ཐུགས་ཐག་གཅོད་པའི་གཞུང་འབྲེལ་ཡིག་ཆའི་ངོ་བཤུས་ཤིག་སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་སུ་གནང་འབྱོར་བྱུང་འདུག འདི་ག་རླུང་འཕྲིན་ཁང་ལ་ཞལ་པར་བརྒྱུད་སྒང་ཏོག་ས་གནས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས་ཀྱིས་ད་བར་བཀའ་བློན་རིམ་ཕེབས་དང་། ས་གནས་འགོ་འཛིན་རིམ་ཕེབས། དེ་བཞིན་ནང་སྲིད་ལས་ཁུངས་བཅས་ནས་སྲིད་བྱུས་དེའི་ཐོག་རྒྱུན་རིང་པོ་ཞིག་ནས་ཞུ་གཏུགས་གནང་བར་བརྟེན་རྒྱ་གར་མངའ་སྡེའི་གཞུང་ནས་ཞལ་བཞེས་ཐེངས་མང་གནང་ཡོད་ནའང་། དངོས་སུ་སྲིད་བྱུས་དེར་རྒྱ་གར་མངའ་སྡེའི་གཞུང་ནས་ཕྱག་བསྟར་གནང་རྒྱུའི་ཐུགས་ཐག་གཅོད་པའི་གཞུང་འབྲེལ་ཡིག་ཆའི་ངོ་བཤུས་ཤིག་ས་གནས་འགོ་འཛིན་ལས་ཁུངས་སུ་གནང་འབྱོར་བྱུང་སྐོར་གསུངས་སོང་། རྩ་བའི་རྒྱ་གར་དབུས་གཞུང་ནས་ཕྱི་ལོ་ ༢༠༡༤ ལོར་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ ཞེས་པ་གཏན་འབེབས་གནང་རྗེས་རྒྱ་གར་གྱི་མངའ་སྡེ་ཧི་མཱ་ཅལ་དང་། ཨུ་ཏར་ཁཱནྚ། ཀ་ན་ཊ་ཀ་བཅས་ཀྱི་ནང་ཕྱག་བསྟར་གནང་ཟིན་ཡོད་པ་རེད།

ཆབ་སྲིད་བཙོན་ཟུར་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་བ།

དེ་རིང་ཟླ་ ༡༢ ཚེས་ ༣ ཉིན་སྔ་དྲོ་ཆུ་ཚོད་ ༦༌༣༠ སྟེང་ཐོག་དྷ་ས་ཁུལ་གྱི་མི་མང་ཆེད་འཛོམས་ཐོག་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིང་གཤེགས་དམ་པ་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་སོང་།ཞོགས་པའི་ཉི་རྩེ་དང་ལྷན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟི་བྱེས་པ་གྲྭ་ཚང་གིས་འགན་གཙོ་བཞེས་ཐོག་དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་དབུས་པའི་སྤྱི་འཐུས་རྒྱུན་ལས་ཁག་གཅིག ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམས་པ། གཞན་ཡང་དྷ་སའི་ཉེ་འཁོར་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་མང་ཚོགས་བཅས་ཆེད་འཛོམས་ཀྱིས་དམ་པ་དེ་ཉིད་ཀྱི་སྐུ་ཕུང་བདེ་ལེགས་སྨན་ཁང་ནས་དུར་ཁྲོད་དུ་གདན་འདྲེན་ཞུས་ཏེ། ཞི་ཞིང་དུལ་བའི་ཆོས་དབྱངས་ཀྱི་བསྔོ་སྨོན་དང་། གུས་འདུད་དང་ཆེ་མཐོང་ལྡན་པའི་ཐོག་ནས་གདུང་སེམས་མཉམ་བསྐྱེད་དང་སྐུ་ཕུང་ཞུགས་འབུལ་གནང་སོང་།སྐབས་དེར་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤིས་མཆོག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་དང་འབྲེལ་ཏེ་ཞིང་གཤེགས་དམ་པ་ཁོང་གིས་བོད་དོན་ཆེད་མི་ལོ་ ༣༠ ལྷག་གི་རིང་ལ་རྒྱ་ནག་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་བཟོད་དཀའ་བ་མྱངས་ཡོད་པ་མ་ཟད། བཙན་བྱོལ་དུ་ཕེབས་རྗེས་འཛམ་གླིང་གི་ས་ཕྱོགས་གང་སར་ཕེབས་ནས་སྐུ་ཚེ་ཧྲིལ་པོར་བོད་དོན་དྲིལ་བསྒྲགས་གནང་ཡོད་སྟབས། ཁོང་གི་རླབས་ཆེན་གྱི་མཛད་རྗེས་དག་ལ་རྗེས་དྲན་དང་གུས་འདུད་ཞུ་ཕྱིར་ཕེབས་སྐོར་གསུངས་སོང་།རྩ་བའི་ཟླ་ ༡༡ ཚེས་ ༣༠ ཉིན་དམ་པ་ཁོང་སྐུ་གཤེགས་ཡོད་པ་དང་། དམ་པ་དེ་ཉིད་དགོངས་པ་མ་རྫོགས་པའི་གཟའ་འཁོར་གཉིས་ཙམ་གྱི་གོང་ལ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་དབུས་རྒྱུན་ཁག་གཅིག་གཟིམ་ཤག་ཏུ་ཆེད་བཅར་གྱིས་ཁོང་གིས་བོད་བསྟན་སྲིད་མི་རིགས་ལ་བཞག་པའི་རླབས་ཆེན་གྱི་མཛད་རྗེས་རྣམས་ལ་ཡི་རངས་བསྔགས་བརྗོད་ཞུས་ཡོད་པ་རེད།སྐབས་དེར་ཁོང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་རྒྱལ་གཅེས་པ་དཔལ་ལྡན་རྒྱ་མཚོ་ལགས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ང་ཚོར་བློ་ཕམ་ཧ་ཅང་བྱུང་། རྒྱལ་གཅེས་པ་དམ་པ་ཁོང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་སྐུ་ཚེ་ཧྲིལ་པོའི་རིང་དཀའ་སྡུག་ཧ་ཅང་མྱངས་ཡོད། འཛམ་གླིང་ཁྱོན་དུ་སྐྱེ་བུ་མཆོག་དམན་ཀུན་གྱིས་དམ་པ་ཁོང་གི་ཞུམ་པ་མེད་པའི་སྙིང་སྟོབས་དང་དཔའ་ངར་ལྡན་པའི་བློས་བཏང་ལ་ངོ་མཚར་དང་བསྔགས་བརྗོད་ཀྱི་མེ་ཏོག་རྒྱ་ཆེ་གཏོར་བཞིན་ཡོད། ང་རང་སྒེར་ལ་མཚོན་ན་དམ་པ་ཁོང་དང་ལྷན་མི་ལོ་ ༢༠ རིང་ངོ་ཤེས་པ་ཡིན། རྒྱལ་གཅེས་པ་དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོ་བོད་དོན་ཆེད་བློས་བཏང་གནང་ཡོད། དེར་བརྟེན་ང་ཚོས་དམ་པ་ཁོང་གི་བློས་བཏང་ལས་མིག་དཔེ་བླངས་ནས་བོད་དོན་ཆེད་ལྷག་བསམ་དང་སྙིང་སྟོབས་སྲ་བརྟན་རྒྱུན་སྐྱོང་འོག་བོད་དོན་འཐབ་རྩོད་གནང་དགོས་པ་གསུངས་ཡོད་པ་རེད།  

སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་དམ་འབུལ་གནང་བ།

དེ་རིང་ཟླ་ ༡༢ ཚེས་ ༡ ཉིན་སྔ་དྲོ་ཚོུད་ ༩༌༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁང་རྩེག་གསར་པ་ T Building ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་ནས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་ཁུར་དམ་འབུལ་ཞུས་སོང་།དེ་ཡང་ཕྱི་ལོ་ ༢༠༡༦ ལོ་ཟླ་ ༥ ཚེས་ ༣༠ ཉིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམ་པས་འོས་བསྡུ་ཐེངས་གསུམ་དང་བཞུགས་མོལ་ཚོགས་འདུ་ཚོུད་གཅིག་ལྷག་ཙམ་རིང་ཚོགས་རྗེས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་སྤྱི་འཐུས་པདྨ་འབྱུང་གནས་མཆོག་རྣམ་གཉིས་ནས་ལོ་ངོ་གཉིས་དང་ཕྱེད་ཀ་རེ་མོས་ཐོག་གནང་རྒྱུའི་སྤྱི་མོས་གཏན་འབེབས་བྱུང་ཡོད་པ་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༡ ནས་ལོ་གཉིས་དང་ཕྱེད་ཀ་སྟེ། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༣༠ བར་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྤྱི་འཐུས་ཚོགས་གཙོའི་ཐུགས་འགན་བཞེས་ཡོད་པ་དང་། དེ་རིང་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡ ཉིན་སྤྱི་འཐུས་པདྨ་འབྱུང་མཆོག་གིས་ཚོགས་གཙོའི་དམ་འབུལ་ཞུས་པ་དང་འབྲེལ་ལས་ཁུར་དབུ་འཛུགས་གནང་ཡོད་པ་མ་ཟད་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༩ བར་སྤྱི་འཐུས་ཚོགས་གཙོའི་ཐུགས་འགན་བཞེས་ཀྱི་ཡོད་པ་རེད།དམ་འབུལ་མཛད་སྒོ་གྲུབ་མཚམས་སུ་བདམས་ཐོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཕྱི་ནང་གི་གསར་འགོད་པའི་བཅར་འདྲི་དང་ལེན་དང་སྦྲགས། ད་ལྟའི་ཆར་ལས་གཞི་བང་སྒྲིག་གནང་བ་དམིགས་བསལ་མེད་ཀྱང་། གཙོ་ཆེ་ཤོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་གང་ཐུབ་ཐུབ་ལས་དོན་ཞུ་རྒྱུ་དང་། ལྷག་པར་དུ་ཁོང་དེ་སྔ་ཚོགས་གཙོ་གནང་བའི་སྐབས་རྒྱ་གར་དབུས་དང་མངའ་སྡེའི་གྲོས་ཚོགས་ཁག་གི་རྒྱབ་སྐྱོར་གང་མང་ཐོབ་ཐབས་ཐོག་འབད་བརྩོན་ཞུས་པ་ལྟར་བྱུང་མེད་སྟབས། ད་རེས་མུ་མཐུད་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་གསུངས་སོང་། གཞི་རྩའི་སྤྱི་འཐུས་ཚོགས་གཙོའི་དམ་འབུལ་ཐོག་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་གཙོས་པའི་ཁྲིམས་ཞིབ་པ་གཞན་གཉིས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱལ་སྦྲེལ་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཞོན་ཨཱཙྰ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། གཞན་ཡང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་བཅས་ལྷན་ཞུགས་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་ནས་ལས་ཁུར་དམ་འབུལ་ཞུ་གྲུབ་བསྟུན། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་པའི་སྲིད་སྐྱོང་མཆོག་དང་སྤྱི་འཐུས་རྒྱུན་ལས་རྣམ་པ་སོགས་ནས་འཚམས་འདྲིའི་རྟེན་འབྱུང་མཇལ་དར་དང་རྟེན་འབྲེལ་མཚོན་ཆེད་སྒྲོན་འབུལ་གནང་ཡོད་པ་རེད།བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནི། བོད་མངའ་རིས་རུ་ཐོག་རྫོང་བྱང་སྟོད་དུ་སྐྱེས་ཤིང་། ཆུང་དུས་ཀ་སྦུག་དང་སིམ་ལ་བོད་གཞུང་སློབ་གྲྭ་གཞི་རིམ་གོང་འོག་དང་། ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་སློབ་དཔོན་གྱི་སློབ་མཐར་སོན་ཡོད། དེ་རྗེས་སློབ་མཐར་སོན་ནས་དཔལ་ས་སྐྱའི་ཆོས་སྒར་དང་སྦིར་བཅས་ལ་དགེ་རྒན་གནང་པ་དང། བོད་མི་མང་སྤྱི་འཐུས་སྐབས་ ༡༠།༡༡།༡༢།༡༣།༡༤ བཅས་སུ་ས་སྐྱའི་སྤྱི་འཐུས་ཁོངས་ནས་བདམས་ཐོན་བྱུང་འདུག་པ་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༥ དང་ ༡༦ བཅས་ཐེངས་གཉིས་རིང་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཁོངས་ནས་བདམས་ཐོན་བྱུང་ཡོད་པ་ལྟར། ཁྱོན་སྤྱི་འཐུས་སྐབས་ ༧ གནང་ཡོད་པ་རེད། གཞན་ཡང་སྤྱི་འཐུས་ཀྱི་ཕྱག་ལས་གནང་རིང་ལ་རྒྱུན་ལས་དང་། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་གཙོའི་ཐུགས་འགན་བཞེས་ཡོད་པ་དང་། སྐབས་དེའི་རྩ་དོན་ཆེད་ཁོང་བ་ར་སིལ་དང་སུད་སི། ཨི་ཊ་ལི། ཧོ་ལེན་ཌ་བཅས་ལ་ཕེབས་རྒྱུའི་གོ་སྐབས་བྱུང་འདུག

རྒྱལ་ཚོགས་ཀྱི་ཚོང་ལས་དང་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་ཇི་ནི་ཝ་བོད་ཀྱི་དོན་ཁང་མཉམ་ཞུགས།

ཟླ་ ༡༡ ཚེས་ ༢༦ ནས་དབུ་འཛུགས་ཀྱིས་དེ་རིང་ཚེས་ ༢༨ བར་སུད་སི་རྒྱལ་ས་ཇི་ནི་ཝ་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་དང་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་འཚོགས་བཞིན་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་མཐུད་པ་དཀོན་མཆོག་སྒྲོལ་མ་ཡག་ལྷ་ལགས་ནས་མཉམ་ཞུགས་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན། ལྷན་ཚོགས་དེར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འཕྲུལ་ལས་བཟོ་རིགས་ Amnesty Tech དང་།  Microsoft དེ་བཞིན་ Intel ཚོགས་པ་སོགས་ཀྱི་འཐུས་མི་མཉམ་ཞུགས་གནང་བ་དང་། ཁོང་རྣམ་པས་མིས་བཟོས་པའི་འཕྲུལ་རིགས་ Artificial Intelligence བཟོ་སྐྲུན་བྱས་པའི་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གོང་འཕེལ་གྱི་ཀུན་སློང་འཁྱེར་ཐོག་འཕྲུལ་རིགས་བཟོ་ཐབས་གལ་གནད་ཐོག་གཏམ་བཤད་གནང་འདུག སུད་སི་སྐུ་ཚབ་དོན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་མཐུད་པ་དཀོན་མཆོག་ཡག་ལྷ་ལགས་ཀྱིས་ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་མིས་བཟོས་པའི་འཕྲུལ་རིགས་དབར་གྱི་འབྲེལ་བའི་སྐོར་གྲོས་བསྡུར་གནང་བ་དེ་ཡག་པོ་རེདའོན་ཀྱང་ད་ཆ་རྒྱ་གཞུང་ནས་ཆེས་དམ་དྲག་ཆེ་བའི་ས་ཁུལ་ཁག་ཏུ་མིས་བཟོས་པའི་འཕྲུལ་ཆས་མང་པོ་ཞིག་ཚོང་འགྲེམས་བྱས་ནས་འགྲོ་བ་མིའི་འགྲོ་སྡོད་སྤྱོད་གསུམ་གྱི་ཐོག་རྒྱ་གཞུང་གིས་ལྟ་སྲུང་བྱ་རྒྱུར་སྤྱོད་བཞིན་པ་རེད་ཅེས་གསུངས་འདུག རྒྱ་གཞུང་གིས་ད་ལྟའི་ཆར་ཡུ་གུར་ནང་དོགས་ཟོན་མྱུལ་ཞིབ་ཀྱི་འཕྲུལ་ཆས་སོགས་ཆེད་དུ་བཙུགས་ནས་མི་མང་གི་ལས་དོན་ཐོག་ལྟ་སྲུང་བྱེད་བཞིན་པར་རྒྱལ་སྤྱིའི་ཁྲོད་ཚོགས་པ་དང་མི་མང་ནས་དོ་སྣང་བྱུང་བ་དེ་ལྟར་ཡང་། མང་ཚོགས་ཀྱི་མ་ཤེས་པ་ཞིག་ནི་ད་ལྟ་ཤིན་ཅང་ནང་སྤྱོད་བཞིན་པའི་དོགས་ཟོན་མྱུལ་ཞིབ་ཀྱི་འཕྲུལ་ཆས་དེ་དག་དེ་སྔ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་དུ་སྤྱོད་ཡོད་པ་མ་ཟད། ད་ལྟའི་ཆར་འཕྲུལ་རིགས་དེ་དག་རྒྱལ་ཁབ་གཞན་ནང་ཚོང་འགྲེམ་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་འདུག ལྷན་ཚོགས་དེར་བཅར་མཁན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འཕྲུལ་ལས་རིག་པའི་སྡེ་ཚན་གྱི་སློབ་སྟོན་པ་སྐུ་ཞབས་ Eimear Farrel ལགས་ཀྱིས་དམ་དྲག་ཅན་གྱི་རྒྱལ་ཁབ་ཁག་གཅིག་ཏུ་མིས་བཟོས་པའི་འཕྲུལ་རིགས་རྐྱེན་པས་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་ཆེན་པོ་འགྲོ་ཡི་ཡོད་པརེད། དཔེར་ན་བོད་ལྟ་བུར་ཆ་མཚོན་ན་དོགས་ཟོན་མྱུལ་ཞིབ་ཀྱི་འཕྲུལ་རིགས་རྣམས་བརྟག་གནས་ལྟ་བུར་གྱུར་ཡོད་པར་འགྲེལ་བརྗོད་དང་ཆབས་ཅིག བོད་ནང་སྤེལ་བཞིན་པའི་ལས་གཞི་དེ་དག་འཕྲལ་མར་མཚམས་འཇོག་དགོས་ཀྱི་རེད་ཅེས་ནན་གསུངས་གནང་འདུག ལྷན་ཚོགས་ཀྱི་ཚོགས་འདུ་སྟངས་འཛིན་པ་ Dunstan Allison -Hope ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་འཕྲུལ་རིགས་བཟོ་ལས་པ་ཙམ་གྱི་གནད་དོན་དུ་མ་བཞག་པར་གཞི་རིམ་མང་ཚོགས་ནས་དེའི་ཐོག་གླེང་སློང་གནང་གལ་ཡིན་པ་གསུངས་འདུག རྩ་བའི་ཨ་རི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པས་ཉེ་ཆརཕྱི་ལོ་ ༢༠༡༧ ལོའི་དྲ་རྒྱའི་རང་དབང་ཐོག་སྙན་ཐོ་འདོན་སྤེལ་གནང་བའི་ནང་རྒྱ་གཞུང་གི་དོགས་ཟོན་མྱུལ་ཞིབ་དང་ངོ་གདོང་ཆ་འཛིན། གནས་བསྡུ་དཔྱད་ཞིབ་སོགས་ཀྱི་འཕྲུལ་རིགས་ཁག་རྒྱལ་ཁབ་གཞན་ནང་ཚོང་འགྲེམས་དང་དེ་ལྟར་ཆེད་འཛུགས་གནང་རྒྱུའི་ཐད་སྦྱོང་བརྡར་སྤྲད་མགོ་བཙུགས་ཟིན་པ་མ་ཟད། རྒྱ་གཞུང་ནི་དྲ་རྒྱའི་རང་དབང་ཐད་ཆེས་བརྩི་མེད་རྡོག་རོལ་བཏང་མཁན་གྱི་རྒྱལ་ཁབ་ཡིན་པ་མངོན་གསལ་དང་འབྲེལ་ཏེ། འདས་པའི་ལོ་ཤས་ནང་འཛམ་གླིང་གི་ཕྱོགས་གཞན་ཁག་ཏུའང་རྒྱ་གཞུང་གི་ཤུགས་རྐྱེན་དབང་གིས་དྲ་རྒྱའི་རང་དབང་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་ཡོད་པ་བཀོད་ཡོད་པ་རེད།

བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་ཚོགས་ཐེངས་ ༡༣ པ་དུས་ཚེས་ངེས་མེད་བར་ཕྱིར་འགྱངས།

བོད་མིའི་སྒྲིག་འཛུགས་ཆོས་རིགས་ལས་ཁུངས་ཀྱིས་རྐང་གོ་སྒྲོག་འོག་བཞུགས་སྒར་དྷ་རྨ་ས་ལར་གཟའ་འཁོར་འདིའི་རེས་གཟའ་ཕུར་བུ་ནས་རེས་གཟའ་སྤེན་པ་བར་ཉིན་གྲངས་གསུམ་རིང་འཚོགས་གཏན་ཁེལ་བའི་བོད་ཀྱི་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་ ༡༣ པ་དེ་རེ་ཞིག་དུས་ཚེས་ངེས་མེད་བར་ཕྱིར་འགྱངས་གནང་རྒྱུར་ཐུགས་ཐག་བཅད་འདུག གཞི་རྩའི་ཐེངས་འདིའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་ཚོགས་ཐེངས་ ༡༣ པ་དེ་གངས་ཅན་སྐྱིད་ཤོངས་སུ་ཉེ་ཆར་གསར་རྒྱག་ཟིན་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཁང་རྩེག་གསར་པ་ T building ཚོགས་ཁང་དུ་འཚོགས་གཏན་ཁེལ་ཡོད་པ་མ་ཟད་ཆོས་ཚོགས་ཀྱི་ཉིན་མཐའ་མ་སྟེ་བདུན་ཕྲག་འདིའི་རེས་གཟའ་སྤེན་པའི་ཉིན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ཚོགས་དང་འབྲེལ་བའི་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་སོགས་མཛད་རིམ་ཡོངས་རྫོགས་བང་སྒྲིག་ཡོད་པ་རེད། འོན་ཀྱང་ཁ་ཉིན་ཕྱི་ཚེས་ ༢༤ ཉིན་ཆོས་རིག་ལས་ཁུངས་ནས་ཡོངས་ཁྱབ་གལ་ཆེའི་གསལ་བསྒྲགས་ཤིག་སྤེལ་བའི་བརྒྱུད་ཉེ་ཆར་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་མཆོག་གློ་བུར་དགོངས་པ་གཞན་དོན་དུ་གཤེགས་པར་མྱ་ངན་གུས་འདུད་མཚོན་ཆེད་དང་། སྔ་འགྱུར་རྙིང་མ་གཙོ་གྱུར་ཆོས་བརྒྱུད་གཞན་རྣམས་ཀྱི་བླ་སྤྲུལ་མཁན་སློབ་ཆེ་ཁག་གཞན་མང་པོ་ཡང་གོང་གསལ་གནས་ཚུལ་ལ་བརྟེན་ནས་ཆོས་ཚོགས་ཐོག་ཕེབས་སྟབས་མི་འགྲིག་པ་འགྱུར་ངེས་ཀྱི་རྒྱུ་མཚན་ལ་གཟིགས་ཏེ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་ཚོགས་ཐེངས་ ༡༣ པ་དེ་དུས་ཚེས་ངེས་མེད་བར་ཕྱིར་འགྱངས་གནང་དགོས་བྱུང་ཞེས་འཁོད་འདུག འདི་ག་རླུང་འཕྲིན་ཁང་ནས་གསལ་བསྒྲགས་དེ་དང་འབྲེལ་དེ་རིང་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ལ་ཆོས་ཚོགས་ཐེངས་ ༡༣ པ་དེ་མ་འོངས་ནམ་ཚོགས་ཐུབ་མིན་སོགས་དང་འབྲེལ་བཅར་འདྲི་ཁག་ཅིག་ཞུས་པར་རིམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་དབུ་ཁྲིད་བླ་ཆེན་རྣམ་པའི་མཛད་འཆར་དང་། ལྷག་པར་དུ་སྔ་འགྱུར་རྙིང་མའི་དབུ་འཛིན་གསར་པ་ཕེབས་རྒྱུའི་དུས་ཚོད་སོགས་དང་སྟབས་བསྟུན་ཏེ་གང་མགྱོངས་གོ་སྒྲིག་ཞུ་འཆར་ཡོད་པ་གསུངས་ཡོད།

བོད་མིའི་སྒྲིག་འཛུགས་ནས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་མྱ་ངན་རྗེས་དྲན་ཞུས་པ།

སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་དགུང་ལོ་ ༦༤ ཐོག་བལ་ཡུལ་གྱི་གནས་མཆོག་ཡང་ལེ་ཤོད་ཀྱི་ཉེ་འདབས་སུ་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཡོད་སྟབས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་བཅས་པ་ལས་མཚམས་བཞག་ཏེ་མྱ་ངན་རྗེས་དྲན་ཞུས་ཡོད་པ་རེད། ཟླ་བ་འདིའི་ཕྱི་ཚེས་ ༡༩ ཉིན་རིན་པོ་ཆེ་མཆོག་བལ་ཡུལ་ཡང་ལ་ཤོད་ཀྱི་ཉེ་འདབས་སུ་ཡོད་པའི་སྐུ་མཚམས་བཞུགས་ཡུལ་ནས་ཞབས་ཐང་ཐོག་ཕྱིར་ཕེབས་གནང་སྐབས་ལམ་འཕྲང་མི་བདེ་སར་ཞབས་སྣེ་འདྲེད་པའི་དབང་གིས་གློ་བུར་དུ་སྐུ་གཤེགས་འདུག་པ་དང་། རིན་པོ་ཆེ་མཆོག་བཞུགས་སྒར་དུ་འཚོགས་ལ་ཉེ་བའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་ཆོས་ཚོགས་ཐེངས་བཅུ་གསུམ་པར་ཕེབས་རྒྱུའི་གྲ་སྒྲིག་སོགས་ཀྱི་སླད་སྐུ་མཚམས་བཞུགས་ཡུལ་ནས་ཕྱིར་ཕེབས་སྐབས་སྐུ་གཤེགས་པའི་དོན་རྐྱེན་བྱུང་འདུག རྩ་བའི་སྔ་འགྱུར་རྙིང་མའི་དབུ་འཛིན་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་ད་ལྟའི་ཆར་དགུང་ལོ་ ༦༤ ལ་ཕེབས་ཡོད་པ་དང་། རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༥༤ ལོར་བོད་མགོ་ལོག་རྡོ་ཡུལ་མཁར་ནང་གོང་མའི་ལྷ་ཁང་སུམ་མདོ་རུ་ཡབ་བློ་ལྡན་ཕུན་ཚོགས་དང་། མ་ཡུམ་ཆོས་འཕགས་སྒྲོལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་མཆོག་དང་། རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག ཀརྨ་པ་རིག་པའི་རྡོ་རྗེ་མཆོག་སོགས་ནས་ངོས་འཛིན་གནང་བ་བཞིན་ཤར་རྒྱལ་བ་ཀཿཐོག་དགོན་དུ་ཕྱི་ལོ་ ༡༩༨༠ ལོར་ཁྲི་འདོན་མཛད་སྒོ་གཟབ་རྒྱས་གནང་སྟེ། སྤྲུལ་སྐུ་ཉི་ཟླ་མཆོག་དང་། མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག ཀཿཐོག་མཁན་རྒན་རྒྱལ་མཚན་ནོར་བུ་མཆོག ཀཿཐོག་རྨོག་ཚ་རིན་པོ་ཆེ། ཨ་འཛོམས་འབྲུག་པ་རིན་པོ་ཆེ་སོགས་ཀྱི་མདུན་ནས་དབང་ལུང་གིས་ཐུགས་རྒྱུད་ཡོངས་སུ་ཕྱུག་པར་མཛད་ཡོད་པ་མ་ཟད། ཕྱི་ལོ་ ༡༩༩༧ ལོར་འཕགས་ཡུལ་དུ་ཕེབས་འབྱོར་བྱུང་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་སོགས་ཀྱི་མདུན་དབང་ལུང་གདམས་ངག་མང་པོ་ཞུས་ཤིང་། འཕགས་པའི་གནས་ཆེན་ཁག་ཏུ་སྐུ་མཚམས་ལ་བཞུགས་གནང་བ་དང་། འཛམ་གླིང་ཤར་ནུབ་མང་པོ་ཕེབས་ནས་བསྟན་འགྲོའི་དོན་དུ་མཛད་འཕྲིན་ཇི་སྙེད་ཅིག་བསྐྱངས་ཡོད་པ་རེད། རིན་པོ་ཆེ་མཆོག་འདི་ལོའི་ཕྱི་ཟླ་དང་པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་པའི་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་སྐབས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པར་བསྐོ་གཞག་གིས་ཁྲི་འདོན་མཛད་ཡོད་པ་རེད།

སྲིད་སྐྱོང་མཆོག་ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་དུ་འཚམས་གཟིགས་སྐབས་རྒྱ་རིགས་སློབ་ཕྲུག་ནས་ངོ་རྒོལ་བྱས་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཁེ་ན་ཌ་ནང་རྟེན་གཞི་བྱས་པའི་  Scarborough ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་གི་Hart House ཚོགས་ཁང་དུ་ཆེད་ཕེབས་གནང་བ་དང་བསྟུན་གཙུག་ལག་སློབ་ཁང་དེའི་རྒྱ་རིགས་སློབ་མ་ཁག་གཅིག་ནས་ངོ་རྒོལ་བྱས་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན།   སྲིད་སྐྱོང་མཆོག་ཊོ་རོན་ཊོ་གཙུག་ལག་སློབ་ཁང་གིས་གོ་སྒྲིག་འོག་གསུང་བཤད་གནང་སླད་ཕེབས་སྐབས།  རྒྱ་རིགས་སློབ་མ་ཁག་གཅིག་གིས་གཏམ་བཤད་གནང་སའི་ཚོགསཁང་ HartHouse ཡི་རྒྱལ་སྒོར་རྒྱ་དམར་པོའི་དར་ཆ་དང་།   སྦྱར་ཤོག་འཁྱེར་ཐོག་ངོ་རྒོལ་བྱས་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་དེ་རིང་གི་འདུ་འཛོམས་དེ་སྨྲ་བརྗོད་རང་དབང་སྲུང་བརྩི་གནང་བའི་ཉིན་མོ་ཡིན་པ་དང་།  འདུ་འཛོམས་ཐོག་འཛོམས་པའི་མི་མང་ལ་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཡོད་པ་བཞིན་སྒོ་ཕྱིར་ངོ་རྒོལ་བྱེད་མཁན་ཚོ་ལའང་དེ་ལྟར་ཐོབ་ཐང་ཡོད་པ་དེ་ལྟར་ཡང་།  བོད་ནང་དུ་ངོ་རྒོལ་གནང་རྒྱུའི་ཐོབ་ཐང་མེད་པ་དང་།  གལ་ཏེ་དེ་ལྟར་གནང་ཚེ་རྒྱ་གཞུང་གིས་དེ་མ་ཐག་བཙོན་འཇུག་བྱེད་ཀྱི་ཡོད་པར་འགྲེལ་བརྗོད་གནང་འདུགབོད་མི་ནས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་དགག་པ་མཐའ་གཅིག་ཏུ་ཡོད་སྐོར་དང་།  བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་སེལ་རྒྱུ་ཡིན་སྐོར་གསུངས་ཡོད། དེ་བཞིན་འདུ་འཛོམས་ཐོག་རྒྱ་རིགས་ཤིག་གིས་བོད་རྒྱལ་ཁབ་དེ་སུས་འཛིན་སྐྱོང་བྱ་དགོས་ཀྱི་རེད་དམ་ཞེས་དྲི་བ་བཏང་བ་དང་།  སྲིད་སྐྱོང་མཆོག་གིས་བོད་དེ་བོད་མི་ཚོས་བདག་སྐྱོང་གནང་དགོས་པ་དང་རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་ནས་ལོ་ངོ་ ༦༠ འདིའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པ་དེར་གནས་རིམ་མཐོ་བ་དཔེར་ན་དྲུང་ཆེ་ལྟ་བུར་རྒྱ་རིགས་ལས་བོད་པ་བསྐོ་གཞག་གནང་མྱོང་མེད་པ་དང་།   རྒྱའི་ཡིག་ཆ་དཀར་པོའི་ནང་བོད་མི་རྣམས་རང་གི་ལུང་པའི་བདག་སྐྱོང་བྱེད་མཁན་གཙོ་བོ་ཡིན་པ་བཀོད་ཡོད་པ་དེ་ལྟར་ཡང་། རྒྱ་གཞུང་གིས་བོད་ནང་དུ་ཡོད་པའི་བོད་མི་རྣམས་ལ་དབྱེ་འབྱེད་ཤུགས་ཆེ་བྱེད་བཞིན་ཡོད་པ་གསུངས་འདུག  བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ནས་རང་རྒྱལ་ཁབ་ཀྱི་ཁྲིམས་ལག་ལེན་དུ་བསྟར་དགོས་པ་དང་།  རང་གི་རྩ་ཁྲིམས་ལ་གུས་བརྩི་བྱེད་དགོས་སྐོར་བསྐྱར་ནན་གསུངས་འདུག དེ་དང་ཕྱོགས་མཚུངས་རྒྱ་རིགས་གཞན་ཞིག་གིས་རང་ཉིད་སོ་སོ་བོད་ལ་ཕྱིན་སྐབས་སློབ་གྲྭ་ཁག་ཏུ་བོད་ཡིག་འཛིན་གྲྭ་དང་བོད་པའི་གནའ་རབས་ཀྱི་གླུ་གཞས་བླངས་ཀྱི་ཡོད་སྐོར་དང་འབྲེལ་ནས་དྲིས་པར་སྲིད་སྐྱོང་མཆོག་གིས་རྒྱ་རིགས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་དང་། ཉེན་རྟོག་པ། དེ་བཞིན་དམག་མི་སོགས་ཀྱིས་བོད་མི་ཚོར་བོད་ནང་བདེ་སྐྱིད་འདུག་གམ་ཞེས་དྲིས་པར་ཁོང་རྣམས་ཀྱིས་བདེ་སྐྱིད་འདུག་ཞེས་ལན་གནང་བ་མ་གཏོགས་དེར་ལན་མི་འགྲིག་པ་བྱུང་ཚེ་དཀའ་ངལ་འཕྲད་རྒྱུ་ཉག་གཅིག་ཡིན་པ་ཤེས་པས་དེ་ལྟར་བརྗོད་ཀྱི་རེད་ཅེས་ལན་གནང་ཡོད་པ་རེད། གཞི་རྩའི་ཁ་སང་གི་འདུ་འཛོམས་དེའི་ཐོག་འཛོམས་པའི་རྒྱ་རིགས་སློབ་ཕྲུག་ནས་མ་འོངས་པར་བོད་མི་དང་ལྷན་དུ་བགྲོ་གླེང་གི་འདུ་འཛོམས་འདི་ལྟར་གོ་སྒྲིག་ཞུ་རྒྱུ་འདུན་པ་ཡོད་པའི་རྣམ་པ་ཆེད་མངོན་གནང་བ་དང་། སྲིད་སྐྱོང་མཆོག་ནས་དེར་དགའ་མོས་དང་། དེ་ལྟར་འདུ་འཛོམས་བསྐོང་ཐོག་བོད་མི་དང་ལྷན་དུ་ཐུག་འཕྲད་བྱ་རྒྱུའི་སེམས་ཤུགས་སྤར་འདུག རྩ་བའི་སྲིད་སྐྱོང་མཆོག་སང་ཕྱི་ཚེས་ ༢༡ ཉིན་ཨ་རི་ནིའུ་ཡོག་གྲོང་ཁྱེར་ནང་ཕེབས་རྒྱུ་ཡིན་པ་དང་བོད་རིགས་ཚོར་བཀའ་སློབ་གནང་རྒྱུ། དེ་བཞིན་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་སྲིད་སྐྱོང་མཆོག་ལ་གཟེངས་རྟགས་ཤིག་ཀྱང་འབུལ་ལམ་ཞུ་རྒྱུ་རེད་འདུག

རྒྱ་གར་ཡུལ་མི་ཁག་གཅིག་གིས་གྷོ་ཧཱ་ཊི་ནས་མོན་རྟ་དབང་བར་བོད་དོན་ཞི་བའི་གོམ་བགྲོད་དབུ་འཛུགས།

ཁ་སང་ཚེས་ ༡༩ ཉིན་རྒྱ་གར་ཤར་ཕྱོགས་ཨ་སམ་མངའ་སྡེའི་ Guwahati གྲོང་ཁྱེར་ནས་འགོ་འཛུགས་ཀྱིས་རྒྱ་གར་གྱི་མངའ་སྡེ་ ༢༠ ནས་ཚོགས་ཞུགས་མི་སྣ་༤༠༠ ལྷག་ཆེད་བཅར་གྱིས་བོད་དོན་རྒྱབ་སྐྱོར་གྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་འདུག ཞི་བའི་གོམ་བགྲོད་ཀྱི་མཛད་སྒོའི་ཐོག་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ JagdishMukhiམཆོག་དང་།Bharat Tibet SahyogManch འམ་འཕགས་བོད་མཛའ་འབྲེལ་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་Indresh  Kumar ལགས་གཉིས་དབུ་བཞུགས་ཐོག་བོད་དོན་རྒྱབ་སྐྱོར་གྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་དབུ་འབྱེད་གནང་བ་དང་སྦྲགས།  བོད་དོན་རྒྱབ་སྐྱོར་ནི་རྒྱ་གར་གྱི་བདེ་འཇགས་ཡིན་སྐོར་གསུང་བཤད་གནང་འདུགརླུང་འཕྲིན་ཁང་གིས་མཛད་སྒོ་ཐོག་ཆེད་བཅར་ཞུས་པའི་ཤི་ལོང་བོད་མིའི་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་སུ་ལས་འགུལ་དང་འབྲེལ་བའི་བཀའ་འདྲི་ཁག་གཅིག་ཞུས་པར་གོ་སྐབས་དེའི་བརྒྱུད་ནས་བོད་དོན་ཁྱབ་བསྒྲགས་ཡག་པོ་བྱུང་ཡོད་པ་དང་། དམིགས་བསལ་བྱང་ཤར་ཁུལ་དེ་བོད་དང་ས་འབྲེལ་ཡིན་པར་བརྟེན་ད་ཐེངས་ཀྱི་ལས་འགུལ་དེ་གལ་གནད་རང་བཞིན་ཞིག་ཆགས་ཡོད་པར་འགྲེལ་བརྗོད་གནང་སོང་། ལྷག་དོན་ས་གནས་བོད་མིའི་སྐུ་ཚབ་ཀྱི་ཐོག་ནས་ལས་འགུལ་གྱི་ནང་ཞུགས་མཁན་གྱི་རྒྱ་གར་ཡུལ་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཡོད་སྐོར་ངོ་སྤྲོད་གནང་ཡོད། རྩ་བའི་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ཀྱང་མཛད་སྒོའི་ཐོག་ལྷན་ཞུགས་མཛད་པ་མ་ཟད། ཁོང་གིས་ཕྱི་ཚེས་༡༨ ཉིན་མངའ་སྡེའི་སྲིད་སྐྱོང་མཆོག་དང་བོད་དོན་རྒྱབ་སྐྱོར་བ་ཚོར་མཇལ་འཕྲད་གནང་ནས་འཕགས་བོད་གཉིས་ཀྱི་འབྲེལ་ལམ་ནི་དུས་རབས་མང་པོ་བརྒྱུད་ནས་ཡོང་བ་ཞིག་ཡིན་པ་དང་།  དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ཡང་རྒྱ་གར་ནས་དར་བའི་ནང་ཆོས་ཤིག་ཡིན་པར་འགྲེལ་བརྗོད་གནང་ཡོད་པ་རེད།རྒྱ་ནག་གིས་བོད་ས་བཙན་འཛུལ་བྱེད་སྐབས་༸ གོང་ས་མཆོག་གིས་གཙོས་པའི་བོད་འབངས་སྟོང་ཕྲག་ཁ་ཤས་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་ཡོད་པ་སོགས་ཀྱི་ལོ་རྒྱུས་དང་འབྲེལ་ཏེ། རྒྱ་གར་ནི་བོད་ལ་བཀའ་དྲིན་ཆེན་པོ་ཡིན་པར་གསུངས་ནས་ཐུགས་རྗེ་ཆེ་ཞུས་འདུག རྩ་བའི་བོད་དོན་རྒྱབ་སྐྱོར་གྱི་ཞི་བའི་གོམ་བགྲོད་དེ་ཐོག་མར་ཕྱི་ལོ་ ༢༠༡༢ ལོར་དབུ་འཛུགས་གནང་ཡོད་པ་དང་ད་རེས་གོམ་བགྲོད་དེ་ཐེངས་བདུན་པ་ཆགས་ཀྱི་ཡོད་པ་རེད། ཐེངས་འདིའི་གོམ་བགྲོད་ལས་འགུལ་དེ་ཁ་སང་ཚེས་༡༩ཉིན་ཨ་སམ་ཀྱི་ས་གནས་Guwahati ནས་དབུ་འཛུགས་ཀྱིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་གྱི་ས་གནས་མོན་རྟ་དབང་དུ་མཇུག་སྒྲིལ་གནང་རྒྱུ་ཡིན་པ་རེད།

Latest news