Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

གྲོས་ཚོགས་སུ་ཤེས་ཡོན་དང་འབྲེལ་བའི་དོགས་དྲི་ཁག་ལ་ལན་འདེབས་གསལ་བཤད།

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་དེ་རིང་གྲོས་ཚོགས་ནང་ཤེས་རིག་གི་ལས་དོན་དང་འབྲེལ་བའི་དོགས་དྲི་ཁག་ལ་ལན་འདེབས་གསལ་བཤད་གནང་སོང་བ་དང།  དེ་ཡང་ཁོང་གིས་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༣ ཉིན་བཀའ་བློན་གྱི་ལས་འཁུར་དམ་འབུལ་ཞུས་པའི་རྗེས་ད་ལན་གྲོས་ཚོགས་སུ་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་འགོད་འབུལ་ཞུས་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད། སྐབས་དེར་སྤྱི་འཐུས་གཅིག་གིས་དུས་དང་མཚམས་པའི་འགྱུར་གྲོས་དགོས་གལ་སྐོར་དང་འབྲེལ་ནས་ད་ཆ་བོད་པའི་སློབ་གྲྭ་ཁག་གི་འགོ་འཛིན་འདེམས་སྒྲུག་བྱེད་ཕྱོགས་དེ་རྒྱ་གར་གྱི་ཚད་མཐོའི་སློབ་གྲྭ་ཁག་གི་འགོ་འཛིན་འདེམས་ཕྱོགས་དེ་དག་ལས་དམིགས་དཔེ་བླངས་བའི་ཐོག་ནས་ལག་བསྟར་ཐུབ་པའི་ཁོར་ཡུག་ཞིག་བསྐྲུན་དགོས་པའི་དགོངས་འཆར་ཕེབས་ཡོད་སྟབས། ཤེས་རིག་བཀའ་བློན་མཆོག་གིས་དེའི་ཐོག་དགོངས་བཞེས་གནང་ཐོག་དམིགས་བསལ་ཆ་རྐྱེན་ཞིག་བསྐྲུན་པའི་བརྒྱུད་སློབ་གྲྭ་ཁག་གི་འགོ་འཛིན་འདེམས་སྒྲུག་བྱ་རྒྱུ་ཡིན་པའི་ལན་འདེབས་གནང་སོང་། ལྷག་པར་དུ་དེ་རིང་སྔ་དྲོ་མཐོ་སློབ་སློབ་ཡོན་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་བརྒྱུད་སློབ་ཡོན་ཐོབ་ནས་ཕྱི་རྒྱལ་དུ་སློབ་སྦྱོང་གནང་བར་ཕེབས་པའི་ཁྲོད་ནས་ད་ཆ་བོད་ཕྲུག་སློབ་མ་ག་ཚོད་ཕྱིར་ལོག་གནང་མིན་ཐོག་དྲི་བ་ཕེབས་པ་མ་ཟད།  ཤེས་རིག་ལས་ཁུངས་ནས་བོད་སློབ་ཁག་ཏུ་རིག་ལམ་བརྒྱུད་ཚན་རིག་སློབ་ཚན་ཁྲིད་ཐབས་ཀྱི་ལག་དེབ་ངོ་སྤྲོད་དང་ཟབ་སྦྱོང་ཕུལ་བཞིན་པ་དེ་དག་གིས་དོན་དངོས་སློབ་ཕྲུག་རྣམ་པར་དགེ་མཚན་བྱུང་གི་ཡོད་མེད་སྐོར་དྲི་བ་ཕུལ་སྐབས།  བཀའ་བློན་མཆོག་ནས་ལས་གཞི་དེ་ཕན་ཐོག་ཆེན་པོ་བྱུང་བཞིན་པ་དང་། མ་འོངས་པར་ཨང་རྩིས་སློབ་ཚན་ཡང་རིག་ལམ་བརྒྱུད་སློབ་ཁྲིད་གནང་ཐབས་བྱ་རྒྱུར་འབད་རྩོན་ཞུ་རྒྱུ་ཡིན་སྐོར་གསུངས་སོང་། གཞན་ཡང་དེ་རིང་གི་གྲོས་ཚོགས་ལས་རིམ་དེའི་ཐོག་ཤེས་རིག་ལས་ཁུངས་ཀྱི་བོད་པའི་སློབ་གྲྭ་ཁག་ཏུ་སྤེལ་བཞིན་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དམ་ཚུལ་སྤྱོད་ཤེས་ཡོན་སློབ་གསོའི་ལས་འཆར་དང་འབྲེལ།  ཆོས་ལུགས་ཀྱི་སྤྱི་འཐུས་ཁག་ཅིག་གིས་ལས་གཞི་དེ་བོད་མིའི་སྤྱི་ཚོགས་ཁྲོད་དུ་དགོས་གལ་མེད་པར་གཟིགས་ཀྱི་ཡོད་པའི་དགོངས་འཆར་ཕུལ་མཁན་བྱུང་སོང་བ་མ་ཟད། རེ་བཟུང་གིས་དེའི་ཐ་སྙད་དང་འབྲེལ་བའི་ཐོག་དོགས་དྲི་ཁག་གཅིག་ཕེབས་པ་དེ་ལྟར་ཡང་ཤེས་རིག་བཀའ་བློན་མཆོག་གིས་དེའི་ཐོག་ལན་འདེབས་ཞིབ་ཕྲ་གང་ཡང་གནང་མ་སོང་། གཞི་རྩའི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་གར་དང་བལ་ཡུལ་གཉིས་ནང་གཏན་ཉིན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བསྡོམས་ ༦༤ ཡོད་པ་དང་འདས་པའི་ལོ་དེའི་ནང་སློབ་ཕྲུག་ཕོ་མོ་གྲངས་ ༡༧༤༨༦ དང་དགེ་རྒན་ལས་བྱེད་ ༡༩༢༢ བཅས་ཡོད་པ་རེད། བཀའ་བློན་མཆོག་གིས་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༣ ལོར་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་རྩིས་ལེན་གནང་འགོ་འཛུགས་ནས་འདི་ལོའི་ཕྱི་ཟླ་ ༤ པའི་བར་ཁྱོན་སློབ་ཁག་ ༡༤ རྩིས་བླངས་ཟིན་པ་དང་ལྷག་འཕྲོས་སློབ་ཁག ༦ རྣམས་གང་མགྱོགས་རྩིས་ལེན་ཐུབ་ཐབས་སུ་རྒྱ་གར་དབུས་ཤེས་རིག་ལས་ཁུངས་དང་བཀའ་བསྡུར་ཞུས་མུས་ཡིན་སྐོར་གསུངས་ཡོད་པ་རེད། དེ་རིང་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་གཞན་ཡང་སློབ་མའི་ཤེས་ཚད་ཡར་རྒྱས་ཇེ་མཐོར་གཏང་སྟངས་དང་དགེ་རྒན་གྱི་མཐུན་རྐྱེན་སྦྱོར་ཕྱོགས་དང་གསོལ་ཕོགས་སོགས་ཐོབ་ཐང་ཇེ་བཟང་དུ་གཏོང་རྒྱུའི་སྐོར། དེ་བཞིན་མདུན་ལམ་སློབ་སྟོན་དང་འབྲེལ་བའི་རྒྱུས་སྟོན་ཟབ་སྦྱོང་ཁག་དང་ཕྱི་རྒྱལ་དུ་གཟའ་མཇུག་སློབ་གྲྭའི་གལ་གནད་སོགས་ཤེས་ཡོན་སྤྱིའི་སྐོར་ལ་བཀའ་མོལ་ལྷུག་པོ་བྱུང་སོང་།    

བཀའ་ཤག་ལ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཐད་བཅའ་ཁྲིམས་བསྐྱར་བཅོས་བསྣམ་ཕེབས་དགོས་པའི་ལམ་སྟོན་གནང་སོང་།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་ལྔ་པའི་ཐོག བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་འཆར་ཟིན་ཚོགས་ཚུང་གི་སྙན་ཐོར་བཀའ་ཤག་གི་ངོས་ནས་གཞུང་འབྲེལ་བཟོ་བཅོས་ཁྲིམས་འཆར་ཕེབས་པའི་ཐོག་མུ་མཐུད་བགྲོ་གླེང་གནང་འགོ་བཙུགས་ཡོད་ཀྱང་། གྲོས་ཚོགས་འཐུས་མི་ཁག་ཅིག་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་མ་གནང་གོང་ལ་འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་བཅའ་ཁྲིམས་ནང་གི་དོན་ཚན་ཁག་ཅིག་ལ་བསྐྱར་བཅོས་དགོས་གལ་གྱི་དགོངས་ཚུལ་དང་ལས་རིམ་རྣམ་གཞག་རིགས་ཕེབས་ཡོད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བཀའ་ཤག་ལ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཐད་ལ་བཅའ་ཁྲིམས་བསྐྱར་བཅོས་བསྣམ་ཕེབས་དགོས་པའི་ལམ་སྟོན་གནང་སོང་། དེ་ཡང་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་གཉིས་པ་དང་དོན་ཚན་ ༡༡ པ། དེ་བཞིན་དོན་ཚན་ ༥༧ པ་སོགས་སུ་འཁོད་པའི་འོས་མིའི་རང་ལོ་དང་། འོས་མིར་ལངས་རྒྱུའི་གཞི་རྩའི་ཐོབ་ཐང་སོགས་ལས་འཕྲོས་ཏེ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་མ་བཏང་གོང་ལ་བཅའ་ཁྲིམས་ལ་བསྒྱུར་བཅོས་གཏང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་པ་དང་འབྲེལ། བགྲོ་གླེང་ཐོག་ཆ་ཤས་ལེན་རྒྱུ་མིན་ཞེས་གསུངས་ཡོད། སྐབས་དེར་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས།  འོན་ཀྱང་སྤྱི་འཐུས་ཁག་ཅིག་ནས་ལས་རིམ་རྣམ་གཞག་དང་སྦྲགས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་༩༧ གྱི་ནང་གསེས་གཉིས་པའི་ཀ་པ་ལ་བསྒྱུར་བཅོས་མ་གཏང་བར་སྔོན་འགྲོ་དང་དངོས་གཞི་མི་དགོས་པར་བཙན་བྱོལ་བོད་མིའི་འོས་བསྡུ་ཐེངས་གཅིག་ཏུ་བཟོ་རྒྱུ་གཙོས་བསྐྱར་བཅོས་ཀྱི་ལས་རིམ་མུ་མཐུད་ཕྱིན་ན་ཁྲིམས་འགལ་ཆགས་ཀྱི་ཡོད་སྟབས་མཐོང་བཞིན་དུ་ཁྲིམས་འགལ་བྱས་ན་འགྲིག་གི་མ་རེད་ཅེས་གསུངས་མཁན་བྱུང་ཡོད་སྟབས། ཚོགས་གཙོ་མཆོག་གིས་འཛིན་སྐྱོང་བཀའ་ཤག་ནས་དང་ཐོག་བཅར་ཁྲིམས་བསྐྱར་བཅོས་བསྣམ་ཕེབས་དགོས་པའི་ལམ་སྟོན་དང་སྦྲགས། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཐོག་གི་བགྲོ་གླེང་མཚམས་འཇོག་དགོས་བྱུང་ཡོད། རྩ་བའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་གྲོས་ཆོད་གཏན་འབེབས་གནང་བ་གཞིར་བཟུང་། ཚོགས་དུས་གསུམ་པའི་སྐབས་སུ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་སྙན་ཐོ་འགོད་འབུལ་ཞུས་ཡོད་པ་དང་། སྐབས་དེར་སྙན་ཐོའི་ནང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་སྔོན་འགྲོ་དང་དངོས་གཞི་བཅས་ཐེངས་གཉིས་དགོས་མིན་ཐད་དགོངས་ཚུལ་མི་མཐུན་པ་བྱུང་སྟེ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པས་སྙན་ཐོ་དེར་ངོ་རྒོལ་མཚོན་ཆེད་གྲོས་ཚོགས་ནས་ཕྱིར་ཐོན་གནང་བ་སོགས་བྱུང་ཡོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བཀའ་ཤག་ནས་གྲོས་ཚོགས་ཚོགས་དུས་རྗེས་མའི་སྟེང་ཁྲིམས་འཆར་དེའི་བཟོ་བཅོས་ཁྲིམས་འཆར་བསྣམ་ཕེབས་དགོས་པའི་ལམ་སྟོན་ལྟར་ཁ་སང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་བཞི་པའི་ཚོགས་ཐུན་བཞི་པའི་ཐོག་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་བཟོ་བཅོས་ཁྲིམས་འཆར་གྲོས་ཚོགས་སུ་འགོད་འབུལ་ཞུས་པ་དང་སྦྲགས། ངོ་ཡོད་སྤྱི་འཐུས་ཀྱི་མང་མོས་རྒྱབ་སྐྱོར་ཐོག་ཁྲིམས་འཆར་དེ་ཚུད་དེ་གྲོས་ཚོགས་འཐུས་མི་རྣམས་ནས་བསྐྱར་བཅོས་ཁྲིམས་འཆར་དེ་དང་དེའི་ནང་གསལ་བཙན་བྱོལ་བོད་མིའི་འོས་བསྡུའི་རྒྱུད་རིམ་ཁྲོད་སྔོན་འགྲོ་དང་དངོས་གཞི་ཞེས་འོས་བསྡུ་ཐེངས་གཅིག་དང་གཉིས་དགོས་མིན་ཐོག་བགྲོ་གླེང་གནང་འགོ་བཙུགས་པ་ཞིག་ཆགས་ཀྱི་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་རྣམས་ནས་འོས་བསྡུ་ཐེངས་གཅིག་གམ་གཉིས་དགོས་མིན་ཐོག་བགྲོ་གླེང་གནང་འགོ་བཙུགས་སོང་།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་བའི་ལས་ཉིན་བཞི་པའི་ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་འཆར་ཟིན་ཚོགས་ཚུང་གི་སྙན་ཐོར་བཀའ་ཤག་ངོས་ནས་གཞུང་འབྲེལ་བསྐྱར་བཅོས་ཁྲིམས་འཆར་ཕེབས་ཡོད་པ་རེད། རྩ་བའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་གྲོས་ཆོད་གཏན་འབེབ་གནང་བ་གཞིར་བཟུང། ཚོགས་དུས་གསུམ་པའི་སྐབས་སུ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་འཛིན་ཚོགས་ཆུང་གི་སྙན་ཐོ་འགོད་འབུལ་ཞུས་ཡོད་པ་དང་། སྐབས་དེར་སྙན་ཐོའི་ནང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་སྔོན་འགྲོ་དང་དངོས་གཞི་བཅས་ཐེངས་གཉིས་དགོས་མིན་ཐད་དགོངས་ཚུལ་མ་མཐུན་པ་བྱུང་སྟེ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པས་སྙན་ཐོ་དེར་ངོ་རྒོལ་མཚོན་ཆེད་གྲོས་ཚོགས་ནས་ཕྱིར་ཐོན་གནང་བ་སོགས་བྱུང་ཡོད་སྟབས། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བཀའ་ཤག་ནས་གྲོས་ཚོགས་ཚོགས་དུས་རྗེས་མའི་སྟེང་ཁྲིམས་འཆར་དེའི་བཟོ་བཅོས་ཁྲིམས་འཆར་བསྣམ་ཕེབས་དགོས་པའི་ཐག་གཅོད་གནང་ཡོད་པ་རེད། ཚོགས་གཙོའི་ལམ་སྟོན་ལྟར་དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་བཞི་པའི་ཚོགས་ཐུན་བཞི་པའི་ཐོག་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་བཟོ་བཅོས་ཁྲིམས་འཆར་གྲོས་ཚོགས་སུ་འགོད་འབུལ་ཞུས་སོང་། བཀའ་ཤག་གི་བཟོ་བཅོས་ཁྲིམས་འཆར་དེའི་ནང་གཙོ་བོ། བཙན་བྱོལ་བོད་མིའི་འོས་བསྡུ་ཐེངས་གཅིག་དགོས་པའི་མངོན་འདོད་ལྟར་དེ་འབྲེལ་གྱི་བཟོ་བཅོས་ཁག་གཅིག་བསྣམས་ཕེབས་ཡོད་པ་ལྟར། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་སྐྱར་བཅོས་འཆར་ཟིན་ཚོགས་ཆུང་ཁོངས་སུ་ཡོད་པའི་སྤྱི་འཐུས་རྒྱ་རིགས་མཐར་ལགས་ཀྱིས་བཀའ་ཤག་གི་བསྐྱར་བཅོས་ཁྲིམས་འཆར་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་བ་ཞིག་དང་། མུན་ནག་ནང་འགེངས་ཤོག་སླངས་བ་ལྟ་བུ་ཞིག་ལ་འགྲེལ་བརྗོད་དང་འབྲེལ། ཁྲིམས་འཆར་དེར་དགག་པ་སྐྱོན་གནང་སོང་། འོང་ཀྱང་སྐབས་དེར་འོས་གྲངས་ ༡༧ དང་༡༨ བྱས་ནས་ངོ་ཡོད་སྤྱི་འཐུས་ཀྱི་མང་མོས་རྒྱབ་སྐྱོར་ཐོག་ཁྲིམས་འཆར་དེ་ཚུད་པའི་ཐོག གྲོས་ཚོགས་འཐུས་མི་རྣམས་ནས་བསྐྱར་བཅོས་ཁྲིམས་འཆར་དེ་དང་དེའི་ནང་གསལ་བཙན་བྱོལ་བོད་མིའི་འོས་བསྡུའི་བརྒྱུད་རིམ་ཁྲོད་སྔོན་འགྲོ་དང་དངོས་གཞི་ཞེས་འོས་བསྡུ་ཐེངས་གཅིག་དང་གཉིས་དགོས་མིན་ཐོག་བགྲོ་གླེང་གནང་འགོ་བཙུགས་སོང་། བགྲོ་གླེང་འགོ་འཛུགས་ཀྱི་མཚམས་སུ་ལས་ཉིན་བཞི་པའི་ཚོགས་དུས་ཟིན་སྟབས་ལས་ཉིན་རྗེས་མའི་ཐོག་མུ་མཐུད་བགྲོ་གླེང་གནང་གི་ཡོད་པ་རེད། གཞི་རྩའི་ད་རེས་འཛིན་སྐྱོང་བཀའ་ཤག་ནས་བསྣམས་པའི་བཟོ་བཅོས་ཁྲིམས་འཆར་དེའི་ནང་ལ་སྲིད་སྐྱོང་དང་། སྤྱི་འཐུས་གཉིས་ཀྱི་འོས་བསྡུ་དེ་བཞིན་སྔོན་འགྲོ་དང་དངོས་གཞི་ཞེས་འོས་བསྡུ་རིམ་པ་གཉིས་མི་དགོས་པར་འོས་བསྡུ་རིམ་པ་གཅིག་གི་འཐུས་པ་བཟོས་འདུག་པ་དང་། དེ་ཡང་དབུས་འོས་བསྡུ་ལས་ཁང་ནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཁྱབ་བསྒྲགས་བྱས་རྗེས། རང་འགུལ་དྭང་བླངས་དང་དམིགས་འཛུགས་བྱས་པའི་འོས་མི་དང་རྒྱབ་སྐྱོར་བྱེད་པོ་བཅས་ནས་ས་གནས་འོས་བསྡུ་ལས་ཁང་ལ་དེབ་སྐྱེལ་བྱེད་དགོས་པ་དང་། འོས་མིར་དེབ་སྐྱེལ་བྱས་རིགས་ལ་ས་གནས་འོས་བསྡུ་ལས་ཁང་ནས་རྟོག་ཞིབ་རྩད་གཅོད་དང་ཐག་གཅོད་བྱ་རྒྱུའི་དུས་ཡུན་ཉིན་གྲངས་ ༣༠ དེའི་རྗེས་འོས་བསྡུ་ལས་ཁང་ནས་ཐག་གཅོད་བྱུང་ཚེ་འོས་མི་དང་རྒྱབ་སྐྱོར་བ་རྣམས་ནས་ཉིན་གྲངས་ ༤༥ རིང་དྲིལ་བསྒྲགས་བྱེད་པ་ལས། དེབ་སྐྱེལ་མ་བྱས་པར་དྲིལ་བསྒྲགས་རིགས་བྱས་པ་ར་འཕྲོད་བྱུང་ཚེ་འོས་གྲངས་ཇི་ཐོབ་ཚང་མ་རྩིས་མེད་གཏོང་རྒྱུ་སོགས་གསར་འཇུག་གནང་འདུག

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་སྔོན་རྩིས་གོང་དུ་འགོ་འཛུགས་གནང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་གསུངས་སོང་།

དེ་རིང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་ཐོག་གྲོས་ཚོགས་ནང་སྤྱི་ཡོངས་བགྲོ་གླེང་གནང་སྐབས། སྤྱི་འཐུས་རྣམ་པས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་གཞི་དང་བོད་མིའི་དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་དཀའ་ངལ་བཅས་གླེང་གཞི་གཙོ་བོ་གཉིས་ཀྱི་ཐོག་ལ་བགྲོ་གླེང་ལྷུག་པོ་གནང་སོང་། དེའང་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བཞི་པའི་ཐོག་སྤྱི་འཐུས་རྣམས་ནས་མུ་མཐུད་དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་སྐོར་བགྲོ་གླེང་གནང་སྐབས་སྤྱི་འཐུས་འགའ་ཞིག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ངོ་བོ་དང་དེའི་ལས་དོན་གནང་ཕྱོགས་སྐོར་བཀའ་འདྲི་ཞུས་གནང་སོང་། སྐབས་དེར་བཀའ་བློན་མཆོག་གིས་ད་ཆ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་ལྟར་ཁེ་ཡོད་ཚོང་འབྲེལ་སྡེ་ཚན་ཁོངས་སུ་དེབ་སྐྱེལ་ལེགས་གྲུབ་བྱུང་ནའང་ལས་གཞི་དངོས་སུ་འགོ་འཛུགས་གནང་བར་རྒྱ་གར་གཞུང་གི་དངུལ་ཁང་ཆེན་མོ་ནས་བཀའ་འཁྲོལ་ཞིག་ཐོབ་དགོས་ཀྱི་ཡོད་པས། དེའི་ཆེད་ད་ལྟ་ལས་དོན་ཁག་ཅིག་གཉེར་མུས་ཡིན་པ་དང་སྔོན་རྩིས་གོང་དུ་ལས་གཞི་དེ་འགོ་འཛུགས་གནང་ཐུབ་པའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད་པ་གསུངས་སོང་བ་དེ་ལྟར་ཡང་། ཁེ་ཡོད་ཞབས་ཞུ་ཁང་འདི་རང་སྐྱོང་གི་གནས་བབ་ཏུ་འཇོག་དགོས་མིན་ཐད་བཀའ་བསྡུར་འགྲོ་མུས་ཡིན་པའི་གསལ་བཤད་གནང་སོང་། ཡང་སྔ་དྲོའི་ཚོགས་ཐུན་དེའི་སྐབས་སྤྱི་འཐུས་གཅིག་གིས་རྒྱ་གར་ཇཱ་མུ་ཀཤྨིར་མངའ་སྡེ་ནང་གཏན་སྡོད་གནང་བཞིན་པའི་ཁ་ཆེ་བོད་རིགས་ཚོའི་གནས་སྟངས་སྐོར་དང་འབྲེལ། བོད་རིགས་དེ་དག་གི་དྭང་བླང་དཔྱ་དངུལ་དང་འབྲེལ་བའི་གནད་དོན་སྐོར་བཀའ་འདྲི་ཞུས་སོང་བར་བཀའ་བློན་མཆོག་གིས་ཡུལ་དེར་གནས་བཞིན་པའི་ལྷ་ས་ཁ་ཆེ་བ་ཚོར་ཡུལ་ཁྲིམས་ཀྱི་གནས་སྟངས་རྐྱེན་པས་ཁོང་རྣམ་པར་དྭང་བླངས་དཔྱ་དངུལ་ལག་དེབ་འབུལ་མ་ཐུབ་པ་མ་གཏོགས་དེར་ཆོས་ལུགས་དབྱེ་འབྱེད་བྱེད་པ་ཞིག་གཏན་ནས་མིན་སྐོར་ནན་བརྗོད་གནང་སོང་། རྩ་བའི་འདི་ལོ་དཔལ་འབྱོར་ལས་ཁུངས་ཀྱི་ལོ་གཅིག་གི་ལས་བསྡོམས་སྙིང་བསྡུས་འགོད་འབུལ་ཞུས་པའི་ནང་གསལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༣༡ བར་གྱི་རྩིས་ལོའི་ནང་ཁྱོན་བསྡོམས་པའི་དྭང་བླངས་དཔྱ་དངུལ་ལག་དེབ་བཟོ་འགྲེམས་ཟིན་པ་དེ་འབུམ་གཅིག་དང་སྟོང་ཕྲག་ ༥༣ དང་ ༥༠༨ ཡིན་པ་དང་ནོར་བཅོས་ཀྱིས་བསྐྱར་བཟོ་ཟིན་པ་ ༡༢༢༤ དང་བོར་བརླགས་བསྐྱར་བཟོ་ཟིན་པ་གྲངས་ ༢༣༥ བཅས་ཡིན་པ་རེད། དེ་རིང་གི་གྲོས་ཚོགས་ལས་རིམ་དེའི་ཐོག་སྤྱི་འཐུས་ཤིག་གིས་བོད་མིའི་དྭང་བླངས་དཔྱ་དངུལ་བསྡུ་འབུལ་གྱི་ལས་རིམ་དེ་བཞིན་དྲ་ཐོག་བརྒྱུད་གནང་རྒྱུ་ཡོད་པ་བཟོས་ན་དགེ་མཚན་ཆེ་བར་གཟིགས་ཀྱི་ཡོད་པ་དང་། གཞན་ཡང་བེུད་ནུས་སྟོབས་གོང་སྤེལ་དང་འབྲེལ། ཚན་པ་དེར་ཁ་ཡོད་ལག་ཡོད་ཀྱི་འགན་དབང་ག་ཚོད་ཡོད་མེད་དང་རབ་ཏུ་བྱུང་ན་སྡེ་ཚན་འདི་རང་དབང་ཅན་གྱི་སྡེ་ཚན་ཞིག་ཏུ་བཟོ་རྒྱུའི་ཐད་དགོངས་བཞེས་གནང་དགོས་པའི་རེ་སྐུལ་སོགས་ཞུ་མཁན་བྱུང་སོང་།

བཙན་བྱོལ་དུ་ཡོད་བཞིན་པའི་གསར་འབྱོར་བོད་མི་ཚོར་བདག་པོ་རྒྱག་རྒྱུའི་དུས་ལ་བབ་ཡོད་ཅེས་གསུངས་སོང་།

ཁ་སང་གྲོས་ཚོགས་ཀྱི་ལས་ཉིན་གཉིས་པའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་འགོ་འབུལ་དང་སྦྲགས། སྤྱི་འཐུས་རྣམ་པས་ཁ་སང་ཉིན་རྒྱབ་དང་དེ་རིང་ཉིན་འཁྱོངས་རིང་ནང་སྲིད་ཀྱི་ལས་དོན་ཐོག་དྲི་བ་དྲི་ལན་དང་བགྲོ་གླེང་བཅས་གནང་པའི་ཁྲོད། སྤྱི་འཐུས་ཕལ་ཆེ་བས་བོད་ནས་གསར་དུ་འབྱོར་བའི་བོད་མི་རྣམས་ལ་སྡོད་ཁང་མ་རག་པའི་དཀའ་ངལ་འཕྲད་བཞིན་པར་ཐུགས་འཚབ་དང་འབྲེལ། དེར་ནང་སྲིད་ལས་ཁུངས་ནས་ངེས་པར་དུ་དགོངས་བཞེས་གནང་ཐོག་ཁོང་རྣམ་པར་སྡོད་ཁང་གི་མཐུན་འགྱུར་གནང་རོགས་ཞེས་འབོད་སྐུལ་ཞུས་སོང་། སྐབས་དེར་བཀའ་བློན་མཆོག་གིས་ད་ལྟའི་བཀའ་ཤག་གི་ལོ་གཉིས་དང་ཕྱེད་ཀའི་ལས་ཡུན་དེའི་ནང་ད་བར་བོད་ནས་ཕེབས་པའི་གསར་འབྱོར་བ་ཚོར་གང་ཐུབ་ཅི་ཐུབ་ཀྱིས་གཟིགས་རྟོགས་དང་མཐུན་འགྱུར་གང་ལེགས་བསྐྲུན་ཡོད་པའི་སྐོར་དང་འབྲེལ་ནས། ད་ཆ་སྦེལ་ཀོབ་གཞིས་ཆགས་སུ་གསར་རྒྱག་གནང་བཞིན་པའི་གསར་འབྱོར་བའི་སྡོད་ཁང་གྲངས་ ༨༠ ཁྲོད་ནས་ཁྱིམ་ཚང་ ༤༠ ཡི་སྡོད་ཁང་གསར་རྒྱག་གནང་ཟིན་ཡོད་པ་དང་རིང་མིན་ཕྱི་ཟླ་ ༡༡ པའི་ནང་ཚུད་ལས་གཞི་དེ་ཡོངས་སུ་མཇུག་སྒྲིལ་བྱ་རྒྱུའི་དམིགས་ཚད་འཛིན་བཞིན་ཡོད་པའི་ལན་འདེབས་དེ་ལྟར་གནང་སོང་། ཡང་སྤྱི་འཐུས་གཅིག་གིས་ཉེ་ཆར་ཨ་རུ་ནཱ་ཅལ་ནང་ས་གནས་བོད་མི་རྣམས་ཕྱིར་འབུད་གཏོང་དགོས་པའི་ངོ་རྒོལ་རིགས་བྱུང་བ་དང་འབྲེལ། དཀའ་ངལ་དེ་སེལ་ཐབས་སླད་ནང་སྲིད་ལས་ཁུངས་ནས་གང་གནང་ཡོད་མེད་སྐོར་དྲི་བ་ཕུལ་སོང་བ་དང་བཀའ་བློན་མཆོག་གིས་གནད་དོན་དེ་ནི་གཙོ་བོ་ཡུལ་དེའི་ནང་གནས་བཞུགས་བོད་མི་མི་ཉུང་བ་ཞིག་གིས་སྐྱབས་བཅོལ་བོད་མི་དང་ས་གནས་ཡུལ་མིའི་ཐོབ་ཐང་གཉིས་ཀ་ལོངས་སུ་སྤྱོད་བཞིན་ཡོད་སྟབས་ས་གནས་ཡུལ་མི་རྣམས་པས་ངོ་རྒོལ་བྱས་པ་ཞིག་ཆགས་ཀྱི་ཡོད་ཀྱང་མངའ་སྡེ་གཞུང་ནས་ད་བར་བོད་མིར་གཟིགས་ཕྱོགས་ཡག་པོ་ཡོད་པ་གསུངས་སོང་། འོན་ཀྱང་སྤྱི་འཐུས་ཞིག་གིས་དཀའ་ངལ་དེ་ནི་ས་གནས་བོད་མི་ཡིས་རྐང་པ་གཉིས་འཛུགས་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ནས་སྲིད་བྱུས་ངེས་གཏན་ཞིག་གི་ཐོག་ནས་དཀའ་ངལ་དེ་སེལ་ཐབས་གནང་དགོས་པའི་ཞུས་སྐུལ་གནང་སོང་། དེ་རིང་གི་གྲོས་ཚོགས་སུ་ད་དུང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཁག་གི་ད་ལྟའི་གནས་བབ་དང་། ལས་དོན་གནང་ཕྱོགས་སོགས་དང་འབྲེལ་མཉམ་འབྲེལ་གྱི་སྡེ་ཁག་དེ་དག་དེ་སྔ་ཐོག་མར་ཆེད་འཛུགས་གནང་བའི་དགོས་དམིགས་གཞིར་བཟུང་ཕྱག་ལས་གནང་ཐུབ་ཡོད་མེད་ཐད་ལ་ངེས་པར་དུ་བསྐྱར་ཞིབ་གནང་གལ་གསུངས་སོང་པ་དང་། སྐབས་དེར་བཀའ་བློན་མཆོག་ནས་མཉམ་འབྲེལ་ཁག་ཁྲིམས་སྒྲིག་གི་སྟངས་འཛིན་རྐྱེན་པས་ནང་སྲིད་ལས་ཁུངས་ནས་ཐད་ཀར་ཐེ་བྱུས་བྱ་རྒྱུ་ཁག་པོ་ཡིན་པ་དེ་ལྟར་ཡང་། དེ་སྔ་ཚོགས་ཆེན་རིམ་པའི་སྐབས་མཉམ་འབྲེལ་གྱི་ལས་དོན་ཐོག་བསྐྱར་ཞིབ་དགོས་པའི་ལམ་སྟོན་ཞུས་ཡོད་པ་གསུངས་སོང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་གྲུབ་བསྟུན། དེ་རིང་ཉིན་རྒྱབ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་དཔལ་འབྱོར་ལས་ཁུངས་ཀྱི་ལོ་གཅིག་གི་ལས་བསྡོམས་སྙིང་བསྡུས་འགོད་འབུལ་ཞུས་གནང་སོང་།

ཤེས་ཡོན་གྱི་སྤུས་ཚད་ཡར་རྒྱས་བཏང་མཁན་དགེ་རྒན་གྱི་མཐུན་རྐྱེན་བཟང་དུ་གཏང་དགོས།

བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་གོ་སྒྲིག་ཐོག་ཁ་ཉིན་རེས་གཟའ་ཕུར་བུ་ནས་དབུ་འཛུགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་རྒྱུན་སྐྱོང་ལ་དམིགས་པའི་ལྔ་དང་ལྔ་བཅུའི་རྒྱལ་སྤྱིའི་ལྷན་ཚོགས་བསྐོང་ཚོགས་གནང་བཞིན་ཡོད་པ་ལྟར། ཁ་སང་ཚོགས་དུས་ཉིན་གཉིས་པའི་ཉིན་རྒྱབ་ཀྱི་ཚོགས་དུས་ཐོག་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་དང་། བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཐབས་དང་འབྲེལ་ཡོད་ཆེད་ལས་མི་སྣས་གསུང་བཤད་དང་གྲོས་བསྡུར་སྦྱང་བཤད་གནང་ཡོད་པ་རེད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ནས་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་འབྲེལ། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་སྟེ་ད་བར་ལོ་ངོ་ ༡༣ འགྲོ་བཞིན་པའི་བརྒྱུད་རིམ་ལ་ཕྱིར་མིག་གནང་ཚེ་ཤེས་རིག་ལས་ཁུངས་ནས་ལས་གཞི་གསར་གཏོད་དང་དགེ་རྒན་འོས་སྦྱོང་སོགས་གནང་ཡོད་ཀྱང་། གལ་ཆེ་ཤོས་དེ་སྲིད་བྱུས་དེའི་དགོངས་དོན་གཞིར་བཟུང་མ་འོངས་པའི་ལོ་ལྔ་དང་བཅུའི་ནང་གི་ལས་དོན་གནང་ཕྱོགས་དང་འབྲེལ་བའི་ལས་འཆར་བང་སྒྲིག་དགོས་གལ་ཡིན་པ་དང་། ལས་འཆར་བང་སྒྲིག་པ་དེ་དག་ལག་བསྟར་འཐུས་ཚང་ཡོང་བར་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དེ་གལ་ཆེན་པོ་ཆགས་ཡོད་སྟབས། འཛིན་སྐྱོང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་གང་རུང་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་འདི་རང་སྐྱོང་གི་སྡེ་ཚན་ཞིག་བཟོ་དགོས་གལ་ཡིན་སྐོར་གསུངས་སོང་། ལྷག་པར་དུ་ཁོང་གིས་ཤེས་ཡིན་སྲིད་བྱུས་ལག་བསྟར་གནང་གི་ཡོད་མེད་ལ་ལྟོས་མེད་ཐོག་ཤེས་ཡོན་གྱི་སྤུས་ཚད་ཡར་རྒྱས་གཏོང་དགོས་གནད་ཡིན་སྟབས། དགེ་རྒན་ནི་ཤེས་ཡོན་གྱི་སྤུས་ཚད་ཡར་རྒྱས་བཏང་མཁན་གྱི་ཨ་མ་འམ་གཞི་མ་ཡིན་པས་དགེ་རྒན་གྱི་མཐུན་རྐྱེན་བཟང་དུ་གཏང་དགོས་ཞེས་གསུངས་ཡོད། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ན་གཞོན་ནུས་སྤེལ་ལས་གཞིའི་འགན་འཛིན་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་ཀྱང་གཞི་རིམ་ཤེས་ཡོན་སྲིད་བྱུས་དེ་ལག་བསྟར་ཡག་པོ་ཞིག་ཐུབ་ཚེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཙམ་མ་ཟད་དགེ་རྒན་གྱི་མཚན་གནས་དེའང་ཡོངས་འཛིན་ཞེས་ཕུལ་ཡོད་པ་འགྲེལ་བརྗོད་དང་སྦྲགས། སློབ་མའི་འཚར་ལོངས་གང་འདྲ་ཡོང་མིན་ནི་དགེ་རྒན་རྣམ་པའི་ཕྱག་ཏུ་ཡོད་སྟབས། གཞུང་སྒེར་སྒྲིག་འཛུགས་གང་རུང་འོག་ཡོད་པའི་སློབ་གྲྭ་ཁག་གི་དགེ་རྒན་ལ་བརྩི་བཀུར་དང་མཐུན་རྐྱེན་གང་ལེགས་སྦྱོར་དགོས་པ་དང་། དགེ་རྒན་གྱི་གསོལ་ཕོགས་དེ་བོད་མིའི་སྒྲུག་འཛུགས་ཀྱི་དྲུང་ཆེའི་གསོལ་ཕོགས་དང་མཉམ་པ་ཞིག་ཕུལ་དགོས་པ་གསུངས་སོང་། བོད་པའི་སློབ་གྲྭ་ཁག་ཚགས་ཚུད་ཡོང་བར་ད་ལྟའི་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བཞིན་པའི་བོད་ཡིག་གི་དགེ་རྒན་འོས་སྦྱོང་གི་བསླབ་གཞི་དང་སློབ་ཁྲིད་ཀྱི་ཐབས་ལམ་སོགས་ཀྱི་ཐད་བསྐྱར་ཞིབ་ངེས་པར་དུ་གནང་དགོས་པ་དང་། སློབ་གྲྭའི་ནང་སློབ་མ་ཚོར་བསལ་བློའི་རང་དབང་དང་། སློབ་ཚན་ཁྲོད་དུ་དེང་དུས་ཀྱི་དགོས་མཁོ་དང་འབྲེལ་བའི་སློབ་ཚན་ཁ་སྣོན་གནང་དགོས་པ། དེ་བཞིན་བོད་མིའི་སྒྲིགས་ཀྱི་ལག་ཤེས་བསྟི་གནས་ཁག་ཏུ་སློབ་མའི་འདོད་པ་དང་སྤྱི་ཚོགས་ཀྱི་དགོས་མཁོ་ལ་གཞིགས་པའི་ལས་རིགས་སྦྱོང་བརྡར་གནང་རྒྱུ། དེ་བཞིན་སློབ་གྲྭའི་སྣེ་ཁྲིད་པ་རྣམས་སྙིང་རྗེ་ལྡན་པའི་འགོ་ཁྲིད་ཞིག་གནང་གལ་ཡིན་པ་སོགས་ཀྱི་དགོངས་འཆར་མང་པོ་བྱུང་ཡོད་པ་རེད། དེ་བཞིན་བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཐབས་དང་འབྲེལ་ཆེད་ལས་མི་སྣས་གསུང་བཤད་གནང་སྐབས་༸སྐུའི་ཕྱི་ལུགས་བླ་སྨན་པ་ས་འདུ་ཚང་ཚེ་བརྟེན་རྡོ་རྗེ་ལགས་ནས་བོད་མིའི་འསྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་གཞི་མང་པོ་ཞིག་འཛིན་སྐྱོང་དང་གཤམ་འོག་གི་ལས་བྱེད་དབར་གོ་བརྡ་མ་འཕྲོད་པ་ལྟ་བུའི་དཀའ་ངལ་མང་དག་ཞིག་ཕྲད་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟན་གྱི་ལས་དོན་སྤྱི་ཡོངས་ཐོག་བསྐྱར་ཞིབ་དགོས་པ་དང་། འཕྲོད་བསྟེན་ཀྱི་ལས་དོན་ནང་ཆེད་ལས་མི་སྣ་གསོ་སྐྱོང་གནང་དགོས་པ། དེ་བཞིན་ཆེད་ལས་སྨན་པ་གསོ་སྐྱོང་ཐུབ་ཐབས་སུ་གསོལ་ཕོགས་དང་། སློབ་སྦྱོང་སོགས་ཀྱི་གོ་སྐབས་བསྐྲུན་དགོས་པ་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་སྨན་རྩིས་ཁང་དང་ཟུང་འབྲེལ་ཐོག་འཕྲོད་བསྟེན་གྱི་ལས་གཞི་མང་ཙམ་སྤེལ་དགོས་པ་མ་ཟད་འཕྲོད་བསྟེན་ལས་ཁུངས་ནང་གསོ་བ་རིག་པའི་ཚན་པ་ཞིག་ངེས་པར་དུ་ཆེད་འཛུགས་གནང་གལ་ཡིན་པ་སོགས་གསུངས་ཡོད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་རྒྱུན་སྐྱོང་ལ་དམིགས་པའི་ལྔ་དང་ལྔ་བཅུའི་རྒྱལ་སྤྱིའི་ལྷན་ཚོགས་དབུ་འཛུགས།

ཁ་སང་ཟླ་ ༩ ཚེས་ ༡༣ ཉིན་དགོང་དྲོ་ཆུ་ཚོད་ ༦ ཐོག་བཞུགས་སྒར་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཉེ་འདབས་སུ་ཆགས་པའི་ Fortune Moksha ཞེས་སྐར་མ་ལྔ་ཅན་གྱི་གསོལ་མགྲོན་ཁང་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་རྒྱུན་སྐྱོང་ལ་དམིགས་པའི་ལྔ་དང་ལྔ་བཅུའི་རྒྱལ་སྤྱིའི་ལྷན་ཚོགས་འབུ་འཛུགས་གནང་བ་དང་སྦྲགས། སྲིད་སྐྱོདང་མཆོག་གིས་ད་བར་བསྐོང་ཚོགས་གནང་བའི་ལྔ་དང་ལྔ་བཅུའི་ལྷན་ཚོགས་ཐོག་གྲོས་བསྡུར་ཇི་བྱུང་རྣམས་རིམ་བཞིན་མང་ཚོགས་ལ་ཡོངས་བསྒྲགས་གནང་རྒྱུ་ཡིན་ཞེས་གསུངས་སོང་།ཐེངས་འདིའི་ལྔ་དང་ལྔ་བཅུའི་རྒྱལ་སྤྱིའི་ལྷན་ཚོགས་འདི་ཨ་རིའི་ཐེབས་རྩ་ཁང་གི་མ་དངུལ་རོགས་རམ་འོག་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ཨ་རིའི་ཐེབས་རྩ་ཁང་གི་འགན་འཛིན་གཞོན་པ་ལྕམ་ Ann Marie Yastishock ལགས་དང་རོགས་ཚོགས་ཁག་ཅིག་གི་སྐུ་ཚབ། རྒྱ་བལ་འབྲུག་གསུམ་གཙོ་གྱུར་འཛམ་གླིང་ཡུལ་གྲུ་འདྲ་མིན་ ༢༠ ལྷག་གི་ནང་གནས་སྡོད་བྱེད་བཞིན་པའི་རྒྱབ་ལྗོངས་འདྲ་མིན་གྱི་ཚོགས་བཅར་བ་མི་གྲངས་ ༢༠༠ ལྷག་ཕེབས་འདུག གཞི་རྩའི་བོད་མིའི་སྒྲིག་འཛུགས་ནས་སྔར་ལོ་ཕྱི་ཟླ་བཅུ་པའི་ནང་ཆབ་སྲིད་ཀྱི་གལ་གནད་དང་འབྲེལ་ལྔ་དང་ལྔ་བཅུ་ཚོགས་འདུ་དང་། ཉེ་ཆར་ཟླ་བ་སྔོན་མའི་ནང་འབྱུང་འགྱུར་བོད་ཀྱི་མདུན་ལམ་དང་འབྲེལ་བའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་བཅས་གོ་སྒྲིག་ཞུས་ཡོད་པ་དང་། ཐེངས་འདིའི་ལྔ་དང་ལྔ་བཅུའི་རྒྱལ་སྤྱིའི་ལྷན་ཚོགས་འདི་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་རྒྱུན་སྐྱོང་ལ་དམིགས་པ་ཞིག་ཡིན་སྟབས། ཚོགས་དུས་ཉིན་གསུམ་གྱི་རིང་བོད་མིའི་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་ཐབས་དང་། བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས། བོད་མིའི་སྤྱི་ཚོགས་ཀྱི་འཚོ་རྟེན་ཡར་རྒྱས་གཏོང་ཐབས།  བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཐབས་བཅས་བརྗོད་གཞི་གཙོ་ཁག་བཞིའི་ཐོག་གྲོས་བསྡུར་སྦྱང་བཤད་གནང་གི་འདུག ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལྔ་དང་ལྔ་བཅུའི་ལྷན་ཚོགས་ཀྱི་དགོས་དམིགས་གཙོ་བོ་ནི་བཙན་བྱོལ་བོད་མའི་གནས་སྟངས་དང་ཆབ་སྲིད་ཀྱི་ཕུགས་བསམ་སྲ་བརྟན་སྐྲུན་རྒྱུའི་ཐོག་གྲོས་བསྡུར་སྦྱང་བཤད་གནང་རྒྱུ་ཡིན་སྐོར་གསུངས་པ་དང་ཆབས་ཅིག རིང་མིན་འདི་ལོའི་ལོ་མཇུག་ཏུ་ད་བར་བསྐོང་ཚོགས་གནང་བའི་ལྔ་དང་ལྔ་བཅུའི་ལྷན་ཚོགས་སོ་སོའི་ཐོག་གྲོས་བསྡུར་ཇི་བྱུང་གི་གནས་ཚུལ་རྣམས་ཕྱོགས་སྒྲིག་ཐོག་མང་ཚོགས་ལ་ཡོངས་བསྒྲགས་གནང་རྒྱུ་ཡིན་ཞེས་གསུངས་ཡོད།དེ་བཞིན་ཨ་རིའི་ཐེབས་རྩ་ཁང་གི་འགན་འཛིན་གཞོན་པ་ལྕམ་ Ann Marie Yastishock ལགས་ནས་ཐེབས་རྩ་ཁང་དེའི་ངོས་ནས་འདས་པའི་ལོ་དུས་ནང་བོད་མིའི་སྤྱིའི་ཚོགས་འདྲ་མིན་གྱི་ལས་དོན་ལ་རོགས་སྐྱོར་གནང་བ་རྣམས་ངོ་སྤྲོད་དང་སྦྲགས། ཐེབས་རྩ་ཁང་དེའི་ངོས་ནས་བོད་མི་རྣམས་རང་ཁ་རང་གསོ་ཐུབ་ཐབས་དང་ལྔ་དང་ལྔ་བཅུའི་དགོས་དམིགས་ཁག་ལེགས་གྲུབ་ཐུབ་ཐབས་སུ་མུ་མཐུད་རོགས་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས་སོང་། སྐབས་དེར་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ནས་ཐེངས་འདིའི་ལྷན་ཚོགས་ཀྱི་མཛད་རིམ་སྤྱི་ཡོངས་ཐོག་གསུང་བཤད་གནང་ཡོད་པ་མ་ཟད་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་བའི་བརྙན་ཐུང་ཁག་ཅིག་ཚོགས་བཅར་བ་ཚོར་གཟིགས་འབུལ་ཞུས་ཡོད་པ་རེད།

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཀེ་ར་ལའི་ནང་ཆུ་ལོག་གི་གོད་ཆག་ཕོག་མཁན་ཚོར་ངལ་སེལ་རོགས་དངུལ་ཧིན་སྒོར་འབུམ་ལྔ་གསོལ་བསྩལ།

ཁ་སང་ཟླ་ ༩ ཚེས་ ༡༢ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཟླ་བ་སྔོན་མའི་ནང་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་ནང་ཆུ་ལོག་གིས་གནོད་སྐྱོན་འོག་མི་རྒྱུ་གཉིས་ལ་གོད་ཆག་ཚབས་ཆེ་ཕོག་ཡོད་པ་མ་ཟད་དུས་ད་ལྟའང་དཀའ་ཚེགས་ཆེན་པོ་འཕྲད་བཞིན་ཡོད་པར་བརྟེན་ཐུགས་གསོའི་འཚམས་འདྲི་དང་ཆབས་ཅིག གདུང་སེམས་མཉམ་བསྐྱེད་ཀྱི་རོགས་དངུལ་ཧིན་སྒོར་འབུམ་ལྔ་གསོལ་བསྩལ་གནང་འདུག དེའང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ་ཕྱི་ལོ་ ༢༠༡༨ ལོ་འདི་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་སྟབས། རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་ Kerala མངའ་སྡེའི་ནང་དབྱར་གྱི་ཆར་ཞོད་དང་ཆུ་མཛོད་ཀྱི་ཆུ་ཤུགས་སོགས་ལ་བརྟེན་ནས་ཆུ་རུད་དང་ས་ཉིལ་བ་སོགས་ཀྱི་རྐྱེན་པས་མི་བརྒྱ་ལྷག་གི་ཚེ་སྲོག་ཤོར་བ་དང་། མི་གྲངས་འབུམ་བརྒལ་བའི་སྡོད་ཁང་དང་དངོས་ཆས་སོགས་ལ་གནོད་འཚེ་ཚབས་ཆེ་ཕོག་ཡོད་སྟབས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ངལ་སེལ་རོགས་དངུལ་ཆེད་ཧིན་སྐོར་འབུམ་ལྔ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ངལ་སེལ་རོགས་དངུལ་ཐེབས་རྩ་ཁང་འམ་ CM Relief Fund བརྒྱུད་གནང་རྒྱུ་རེད་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཐུགས་གསོའི་འཚམ་འདྲི་ནང་ཀེ་ར་ལ་མངའ་སྡེའི་ནང་ལོ་ངོ་བརྒྱ་ཕྲག་ནང་ཆུ་རུད་ཀྱི་གོད་ཆག་ཚབས་ཆེ་ཤོས་ཕོག་སྟེ་ཀེ་ར་ལ་མི་མང་རྣམས་དཀའ་སྡུག་ཧ་ཅང་མྱོང་བཞིན་པའི་དུས་སྐབས་འདིར་བོད་མིའི་སྒྲིག་འཛུགས་དང་བོད་མི་རྣམས་ནས་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་ཞུ་དགོས་ངེས་ཡིན་པ་དང་། ལྷག་དོན་མངའ་སྡེའི་མང་ཚོགས་རྣམས་ཉེན་ཁ་ལས་སྐྱོབ་པའི་ཛ་དྲག་ལས་གཞི་ཁག་ལ་སྨན་པའི་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། དཀའ་ངལ་ལས་མྱུར་དུ་གྲོལ་ཐུབ་པའི་རེ་སྨོན་ཞུ་བཞིན་ཡོད་སྐོར་འཁོད་འདུག  

༸གོང་ས་མཆོག་གི་དབུ་འོག་ཏུ་ཕུལ་བའི་མནའ་གན་མཐུ་མོ་ཆེའི་དམ་བཅའ་བསྐྱར་དྲན་བྱེད་དགོས།

ད་རིང་བཞུགས་སྒར་དྷ་རམ་ས་ལར་བཙན་བྱོལ་གཞུང་མང་ཡོངས་ནས་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༨ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ་དང་འབྲེལ་བཀའ་སྤྱི་གཉིས་ནས་བོད་མིའི་མང་གཙོ་དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་མངོན་འདོད་མཚོན་པའི་དམིགས་བསལ་ཁྱད་ཆོས་ལྡན་པའི་མང་གཙོ་ཞིག་ཡིན་པ་དང་། ཉེ་བའི་འཆར་བཙན་བྱོལ་བོད་མི་སྤྱི་ཚོགས་ཁྲོད་ཆོལ་ཁ་དང་ཆོས་ལུགས་འཐེན་ཁྱེར་ཀྱི་རྣམ་པ་ཞིག་བྱུང་བཞིན་ཡོད་པ་དེ་ནི་ཕྱི་ལོ ༡༩༦༠ ལོར་༸གོང་ས་མཆོག་གི་དབུ་འོག་ཏུ་རྡོག་རྩ་ཆིག་སྒྲིལ་བྱས་ཀྱི་ཡིན་ཞེས་པའི་མནའ་གན་མཐུ་མོ་ཆིའི་དམ་བཅའ་ཕུལ་བ་དེ་དང་བརྒལ་གྱི་ཡོད་པ་གསུངས་སོང་། དེ་ཡང་ད་རིང་གི་ཉིན་མོ་དེ་ནི་ ༡༩༦༠ ཐམ་པའི་ཕྱི་ཟླ་༩ཚེས་༢ཀྱི་ཉིན་བོད་མི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་ཡོངས་ལ་མང་གཙོ་གསོལ་བསྩལ་གནང་ནས་མི་ལོ་༥༨འཁོར་བའི་དུས་ཚིགས་ཁྱད་པར་བ་ཞིག་ཡིན་པ་དང་། བོད་མིའི་ལོ་རྒྱུས་ཁྲོད་ཀྱི་དུས་ཚིགས་ཁྱད་པར་བ་དེའི་ཐོག་ད་རིང་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་མགྲོན་གཙོ་བོར་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ ཀུན་ཝར་སྦ་ར་ཏན་དཱ་ར་སིང་མཆོག་དང་། བོད་མི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། མི་མང་དང་སློབ་ཕྲུག་བཅས་བོད་མི་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ཁ་ཤས་ལྷན་འཛོམས་ཐོག་ཉིན་མོ་དེ་སྲུང་བརྩི་གཟབ་རྒྱས་ཞུས་གནང་སོང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་ན་ཆུང་དུས་ནས་དགོངས་བཞེས་ཡོད་པ་ལྟར། ཐོག་མར་བོད་ནང་ལེགས་བཅོས་ལས་ཁང་གསར་འཛུགས་དང། དེ་ནས་བོད་ལ་དུས་འགྱུར་བྱུང་རྗེས་བཙན་བྱོལ་དུ་༡༩༦༠ ཟླ་ ༩ ཚེས ༢་ཉིན་དེང་དུས་དང་མཐུན་པའི་གཞུང་གི་འགྲོ་སྟངས་བཞིན་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་པའི་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་སྤྱི་འཐུས་ཐོག་མར་བསྐོ་འདེམས་བྱེད་ནས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་ཕྱོགས་སུ་འཁྲིད་གནང་མཛད་པའི་འཕེལ་རིམ་ཞིབ་ཕྲ་ངོ་སྤྲོད་གནང་བ་ཆབ་གཅིག ད་ལྟའི་ཆར་བོད་མིའི་མཐོུང་མ་ཡིན་པའི་མང་གཙོའི་ལམ་སྲོལ་དེ་འཛམ་གླིང་གཞན་ལྟར་ཚད་དང་ལྡན་པའི་མང་གཙོ་ཆགས་ཡོད་པ་དེ་ལྟར་ཡང། ཉེ་བའི་འཆར་བཙན་བྱོལ་བོད་མི་སྤྱི་ཚོགས་ཁྲོད་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་དེས་བོད་མི་ནང་ཁུལ་གྱི་མཐུན་ལམ་དང་ཆིག་སྒྲིལ་ལ་དོ་ཕོག་འགྲོ་བཞིན་པ་དེ་ཧ་ཅང་ཐབས་སྐྱོ་བོ་ཡིན་པ་མ་ཟད། དེ་ནི་ཕྱི་ལོ ༡༩༦༠ ལོར་༸གོང་ས་མཆོག་གི་དབུ་འོག་ཏུ་རྡོག་རྩ་ཆིག་སྒྲིལ་བྱས་ཀྱི་ཡིན་ཞེས་ཕུལ་བའི་མནའ་གན་མཐུ་མོ་ཆེ་དམ་བཅའ་དང་ཡོངས་སུ་བརྒལ་གྱི་ཡོད་པ་གསུངས་སོང་། སྲིད་སྐྱོད་མཆོག་གིས་སྐབས་དེར་ད་དུང་འདས་པའི་མི་ལོ་༦༠ནང་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་འོག་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ཡང་མེད་པར་དུས་དང་རྣམ་པ་ཀུན་ཏུ་དངངས་སྐྲག་འོག་གནས་བཞིན་ཡོད་པ་མ་ཟད། ཉེ་ཆར་ཞོ་སྟོན་སྐབས་བོད་ཀྱི་རྒྱལ་ས་ལྷ་སར་དམག་མི་ཕོན་ཆེན་འགྲེམས་འཇོག་དང་། དགོན་སྡེ་ཁག་ཏུ་ཡོད་པའི་གྲ་བཙུན་དགོང་ལོ་༡༨མན་ཆད་རྣམས་ངེས་པར་དུ་གུང་ཁྲན་ཏང་གི་སློབ་གྲྭ་བཏང་དགོས་པ་ལས་ཅི་སྟེ་སློབ་གྲྭར་མ་བཏང་བ་ཡིན་ན་མ་བུ་གཉིས་ཀར་ཉེས་ཆེད་གཏང་རྒྱུ་ཡིན་པའི་བཀོད་ཁྱབ་དང་། སློབ་ཕྲུག་ཚོར་ཆ་མཚོན་ན་སློབ་གྲྭའི་དགུང་གསེང་སྐབས་ཆོས་ཕྱོགས་ཀྱི་བྱེད་སྒོར་བཞུགས་མི་ཆོག་པ་ལ་སོགས་ཀྱི་བཀོད་ཁྱབ་བཏང་ནས་བོད་ནང་ཆོས་དད་རང་དབང་ཐོག་དམ་དྲག་བྱས་མུས་ཡིན་པ་ནི་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་ཀྱི་ཁྲིམས། དེ་བཞིན་རྒྱལ་སྤྱི་འགྲོབ་མིའི་ཐོབ་ཐང་བཅས་དང་ཡོངས་སུ་བརྒལ་བཞིག་ཡིན་པ་གསུངས་སོང་བ་མ་ཟད། བོད་མིའི་ཐོག་སྲིད་བྱུས་ལག་བསྟར་བྱེད་མཁན་གྱི་དབང་འཛིན་པ་ཚོས་བྱེད་བབ་དེ་དག་ནི་སྲིད་འཛིན་ཞི་ཅིན་པིང་གིས་དེ་སྔོན་“རྒྱ་ནག་གི་རིག་གཞུང་དར་འཕེལ་ཡོང་བར་ནང་ཆོས་ཀྱིས་ནུས་པ་འདོན་ཐུབ་”ཅེས་ཡོངས་གྲགས་ཐོག་ངོས་ལེན་བྱས་ཡོད་པ་དེ་དང་ཡོངས་སུ་འགལ་བ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་སོང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་གཏན་འཕེལ་མཆོག་གིས་༸གོང་ས་མཆོག་ནས་ཐབས་མཁས་ཐུགས་རྗེ་ཆེན་པོས་བོད་མི་ཡོངས་ལ་གསོལ་བསྩལ་གནང་བའི་མང་གཙོའི་ལམ་ལུགས་དེ་ནི་གྲོས་ཚོགས་དབུས་སུ་བཞག་པའི་མང་གཙོའི་ལམ་སྲོལ་དམིགས་བསལ་བ་ཞིག་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ། བོད་དོན་བདེན་མཐའ་སེལ་ཐབས་བྱ་རྒྱུར་མེད་དུ་མི་རུང་བའི་ཆ་རྐྱེན་གཅིག་ནི་བོད་མི་ཡོངས་རྫོགས་མཐུན་སྒྲིལ་དམ་ཚིག་འོ་ཆུ་གཅིག་འདྲེས་གནང་དགོས་པ་དེ་ཡིན་སྐོར་ནན་བརྗོད་གནང་སོང་། ད་དུང་རྒྱ་ནག་གཞུང་ལ་དུས་དང་སྤྱི་ཚོགས་ཀྱི་འགྱུར་འགྲོས་ལ་བརྟེན་ནས་མཁྲེགས་བཟུང་གི་སྲིད་བྱུས་དོར་ཏེ་བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་བརྒྱུད་དེ་གང་མགྱོགས་འབྲེལ་མོལ་འགོ་འཛུགས་དགོས་རྒྱུའི་འབོད་སྐུལ་བསྐྱར་ནན་ཞུས་སོང་།

Latest news