Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཞི་ཅིང་ཕིང་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་དགོས་པའི་ཞུ་སྐུལ།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཙོས་པའི་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དགུ་མཉམ་འབྲེལ་ཐོག་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལྷན་དུ་འགྲོ་མིའི་ཐོབ་ཐང་གི་གནད་དོན་ཐད་ལ་གླེང་སློང་ངེས་པར་དུ་གནང་དགོས་པའི་ནན་སྐུལ་གྱི་ཕྱག་ཞིག་ཕུལ་འདུག ཟླ་འདིའི་ཕྱི་ཚེས་ ༢༢ ནས་བཟུང་གཟའ་འཁོར་གཅིག་ལྷག་ཙམ་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཨ་རི་ནང་རྒྱལ་དོན་ཕྱོགས་བསྐྱོད་ཡོང་གཏན་ཁེལ་ཡོད་པ་བཞིན་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་སོགས་རྒྱལ་སྤྱའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་དགུ་ནས་གོ་སྐབས་དེ་དང་སྟུན་། རྒྱལ་ཁབ་དེའི་སྲིད་འཛིན་ཨོ་བྷ་མ་མཆོག་ནས་རྒྱ་ནག་ནང་རྒྱ་རིགས་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་གཞི་རྩའི་རང་དབང་ཁག་ལ་གུས་བརྩི་ཞུ་ཆེད་སྲིད་འཛིན་ཞི་ཅིང་ཕིང་ལྷན་དུ་དེ་འབྲེལ་གླེང་སློང་ནན་པོ་གནང་དགོས་པ་བརྗོད་འདུག དེ་བཞིན་གཞེན་སྐུལ་དེའི་ནང་ཨོ་བྷ་མ་སྲིད་གཞུང་ནས་ཞི་ཅིང་ཕིང་ལ་གཞུང་འབྲེལ་ཐོག་ཕེབས་བསུའི་སྣེ་ལེན་ཞུ་རྒྱུ་དང་འཚམས་འདྲིའི་གསོལ་སྟོན་བཤམ་ཐུབ་ཙམ་མ་ཡིན་པར། རྒྱ་ནག་གཞུང་གིས་མུ་མཐུད་འགྲོ་བ་མིའི་གནད་དོན་ཐད་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་དངོས་ཡོད་གནད་དོན་ཁག་ལ་འདྲི་རྩད་བྱ་ཐུབ་ཚེ་དགེ་མཚན་ཆེ་བ་ཡོད་སྐོར་འཁོད་འདུག གཞན་ཡང་ཚོགས་པ་དགུ་པོ་དེ་དག་གིས་འདས་པའི་ལོ་ངོ་བཅུ་ཙམ་གྱི་ནང་ལ་རྒྱ་ནག་ཁྱོན་ཡོངས་ལ་གཞི་རྩའི་མི་དམངས་ཀྱི་འགྲོ་བསྐྱོད་རང་དབང་དང་སྨྲ་བརྗོད་ཀྱི་རང་དབང་། དེ་བཞིན་འདུ་འཛོམས་དང་ཆོས་དད་ཀྱི་རང་དབང་སོགས་ལ་དམ་དྲག་ཇེ་ཆེར་འགྲོ་མབཞིན་ཡོད་པ་མ་ཟད་། གྲངས་ཉུང་མི་རིགས་རྣམས་ལ་འཕྲོད་བསྟེན་དང་སྤྱི་ཚོགས་ཀྱི་ལས་གནས་སོགས་གང་ལའང་གོ་སྐབས་གཅིག་མཚུངས་མེད་པ་དངོས་ཡོད་གནས་སྟངས་ཁག་ཅིག་ཀྱང་གསལ་བཤད་གནང་འདུག ཉེ་བའི་ཆར་རྒྱ་ནག་གཞུང་ནས་རྒྱ་ནག་ཁྱོན་ཡོངས་ལ་རྒྱ་རིགས་ཁྲིམས་རྩོད་པ་དང་ཞི་རྒོལ་བ་རྣམས་ཁྲིམས་མཐུན་གང་ཡང་མེད་པའི་ཐོག་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད་། ད་ལྟའི་ཆར་ཁྲིམས་རྩོད་པ་ ༡༥ ལྷག་ཙམ་མུ་མཐུད་བཀག་ཉར་བྱེད་བཞིན་པའི་དངོས་ཡོད་གནས་སྟངས་ཁག་ཐེར་བཏོན་བརྒྱུད་སྲིད་འཛིན་ཨོ་བྷ་མ་མཆོག་ནས་ཞི་ཅིང་ཕིང་ལྷན་དུ་གནད་དོན་དེ་དག་གི་ཐོག་ཡང་འདྲི་རྩད་ནན་པོ་བྱ་དགོས་པ་མ་ཟད། དེ་མཚུངས་མི་དམངས་ཀྱི་མངོན་འདོད་གང་ཡིན་མ་གོ་མ་ཐོས་མེད་པར་བཟོ་དགོས་པའི་ཞུ་སྐུལ་གནང་འདུག

བོད་རིགས་གློག་བརྙན་འཁྲབ་སྟོན་པ་ཕྱིར་ཕུད་བྱ་དགོས་པའི་གནོན་ཤུགས་སྤྲད་པ།

ཨོ་སི་ཊོ་ལི་ཡའི་རྒྱ་ནག་གཞུང་ཚབ་ཁང་ནས་བོད་དོན་འཐབ་རྩོད་པ་དང་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གློག་བརྙན་འཁྲབ་སྟོན་གནང་མཁན་བོད་རིགས་རྣམས་ཕྱིར་ཕུད་བྱ་དགོས་པའི་གནོན་ཤུགས་སྤྲད་འདུག ཟླ་འདིའི་པྱི་ཚེས་ ༢ ཉིན་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ Canberra ནང་རྒྱལ་ཡོངས་གྲོས་ཚོགས་ཁང་གི་མདུན་དུ་ཁུལ་དེའི་ནང་གློག་བརྙན་བཟོ་སྐྲུན་ཁང་ Foxtel དང། ཨ་རིའི་ཚོང་གཉེར་ཁང་ Matchbox གཉིས་མཉམ་འབྲེལ་ཐོག་ གསང་བའི་གྲོང་ཁྱེར་ (Secret City) ཞེས་པའི་གློག་བརྙན་ཞིག་འཁྲབ་སྟོན་གནང་འགོ་བཙུགས་འདུག གློག་བརྙན་དེའི་ནང་དོན་གཙོ་བོ་ནི། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གཞི་རྩར་བཟུང་ནས་རྒྱ་ནག་ནང་གི་མེ་ཏོག་བ་སྤུའི་གསར་བརྗེའི་ལས་འགུལ་དང། བོད་མིའི་རང་ལུས་མེར་བསྲེགས་གནང་བ་སོགས་ཀྱི་འཆར་སྣང་རང་བཞིན་དང་འདྲེས་པའི་གློག་བརྙན་ཞིག་ཆགས་འདུག སྐབས་དེར་བོད་དོན་གློག་བརྙན་པར་གཞི་འཁྲབ་སྟོན་ཞུས་པའི་ཚེ་ཁུལ་དེར་གནས་སྡོད་བོད་མི་མི་ཉག་བརྩོན་འགྲུས་འོད་ཟེར་ལགས་གཙོས་པའི་བོད་པའི་གློག་བརྙན་འཁྲབ་སྟོན་པ་བུ་གསུམ་དང་བོུ་གསུམ་བཅས་ཀྱིས་བོད་པའི་ངོ་བོ་མཚོན་ཕྱིར་བོད་ཀྱི་རྒྱལ་དར་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གསལ་བའི་ཤོག་བྱང་སོགས་འཁྱེར་ཡོད་སྟབས། ཨོ་སི་ཊོ་ལི་ཡའི་རྒྱ་ནག་གཞུང་ཚབ་ཁང་གི་འབྲེལ་ཡོད་ལས་བྱེད་མི་སྣ་དང་རྒྱ་རིགས་གློག་བརྙན་སྟོན་བྱེད་མཁན་ཁག་ཅིག་གློག་བརྙན་འཁྲབ་སྟོན་བྱ་ཡུལ་དུ་སླེབས་ནས་གློག་བརྙན་འཁྲབ་ཁྲིད་པར་བོད་མི་ཚོ་འཁྲབ་སྟོན་ནས་ཕྱིར་འབུད་བྱ་དགོས་པའི་གནོན་ཤུགས་སྤྲོད་ཀྱང། གློག་བརྙན་འཁྲབ་ཁྲིད་པས་བོད་མི་ཚོ་ཕྱིར་ཕུད་གཏང་བ་ཡིན་ན་གློག་བརྙན་འཁྲབ་ཁྲིད་བྱུ་རྒྱུ་མིན་ཞེས་བརྗོད་པར་བརྟེན། མཐར་རྒྱ་རིགས་འཁྲབ་སྟོན་པ་རྣམས་རང་འགུལ་གྱིས་ཕྱིར་བུད་བྱ་དགོས་བྱུང་འདུག རྩ་བའི་ད་ལན་གྱི་གློག་བརྙན་དེའི་ནང་འཁྲབ་སྟོན་བྱེད་མཁན་བོད་མི་ཙམ་མ་ཟད། རྒྱ་ནག་གཞུང་གི་འོག་ལ་དཀའ་ངལ་འཕྲད་བཞིནཡོད་པའི་ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་ཀྱི་འཁྲབ་སྟོན་པ་ ༢༠༠ ཡས་མས་ཤིག་མཉམ་ཞུགས་བྱས་ཡོད་པ་དང། གློག་བརྙན་དེ་བཞིན་ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༢ ནང་རྒྱལ་སྤྱིའི་ཁྲོད་སྟོན་རྒྱུ་ཡིན་པ་རེད་འདུག

ཨ་རི་གཞུང་གིས་རྒྱ་གཞུང་ནས་བོད་ཐོག་དམ་དྲག་གི་སྲིད་བྱུས་འཛིན་བཞིན་པར་བསམ་ནན་བཏང་དགོས་པ།

ཉེ་ཆར་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་མཁན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་དམིགས་བསལ་གཞུང་ཚབ་པ་སྐུ་ཞབས་ David Saperstein ལགས་ཀྱིས་རྒྱ་གཞུང་ནས་བོད་མིའི་ཆོས་དད་རང་དབང་ཐོག་དམ་དྲག་གི་སྲིད་བྱུས་སྤེལ་བཞིན་པར་བསམ་བློ་ནན་གཏན་བཏང་དགོས་པ་གསུངས་ཡོད་པ་རེད། ཁ་སང་ཟླ་ ༨ ཚེས་ ༣༡ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྐུ་ཞབས་ David Saperstein ལགས་ཉེ་ཆར་ཕྱི་ཟླ་ ༨ པའི་ཚེས་ ༢༠ ནས་ ༢༨ བར་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་ཡོད་པ་རེད། སྐབས་དེར་རྒྱ་ནག་གཞུང་འབྲེལ་མི་སྣ་དང་མཇལ་འཕྲད་ཁྲོད་རྒྱ་ནག་ནང་ཆོས་ལུགས་ཚོགས་པ་ཇེ་མང་དུ་འགྲོ་བཞིན་པ་དང། དེ་དག་གི་སྤྱི་ཚོགས་ཡར་རྒྱས་ཆེད་ཕན་ཐོགས་ཆེན་པོ་ཡོད་པས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་པར་བསྔགས་བརྗོད་གནང་འདུག ཨ་རི་གཞུང་གི་ངོས་ནས་རྒྱ་ནག་ནང་ཆོས་དད་རང་དབང་གི་གནས་སྟངས་ཞན་པོ་ཡོད་པར་ཐུགས་འཚབ་ཡོད་པ ཁག་ལུང་འདྲེན་དང་སྦྲགས་ཏེ་རྒྱ་ནག་གཞུང་གིས་ Zhejiang གྲོང་ཁྱེར་དུ་ཡི་ཤུའི་ལྷ་ཁང་གི་སྐུ་རུ་ཁ་ཕབ་པ་དང། ལྷ་ཁང་གཏོར་བཤིག་བཏང་བ་སོགས་ཀྱི་གནད་དོན་འཕྲལ་དུ་མཚམས་འཇོག་དགོས་པ་དང། བོད་དང་ Xinjiang ནང་བོད་མི་དང་ཡུ་གུར་བ་ཚོས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཕྱོགས་ཐོག་ལ་དམ་དྲག་བྱས་སྟབས། ཕན་ལས་གནོད་ཆེ་བ་བཟོ་མཁན་གྱི་སྲིད་བྱུས་རྣམས་ལ་བསྐྱར་ཞིབ་ཀྱིས་བསམ་བློ་ནན་གཏན་བཏང་དགོས་པ་འགྲེལ་བརྗོད་གནང་འདུག ད་དུང་ཁོང་གིས་ཉེ་ཆར་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་གྱི་ཁྲིམས་རྩོད་པ་དང། ཆོས་ལུགས་ཀྱི་དབུ་འཁྲིད་མང་དག་ཅིག་འཛིན་བཟུང་བཀག་ཉར་བྱེད་པར་ཨ་རི་གཞུང་ནས་བློ་ཕམ་ཆེན་པོ་ཡོད་སྐོར་གསུངས་པ་མ་ཟད། ཐེངས་དེའི་འཚམས་གཟིགས་ཁྲོད་སྐུ་ཞབས་ David Saberstein ལགས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་། Shijiazhuang དང། Shanghai དང། Hangzhou དེ་བཞིན་ HongKong བཅས་ཀྱི་ནང་ཕེབས་ནས་ས་གནས་དེ་དག་གི་རྒྱ་ནག་གཞུང་འབྲེལ་མི་སྣ་དང། ཆོས་ལུགས་དབུ་འཁྲིད། སྤྱི་དམངས་འཐུས་མི་བཅས་ཀྱི་ལྷན་དུ་མཇལ་འཕྲད་གནང་ཐོག་ཆོས་དད་རང་དབང་ཐོག་ལ་གྲོས་བསྡུར་ལྷུག་པོ་གནང་འདུག

སྲིད་འཛིན་ཨོ་བྷ་མ་མཆོག་ལ་ཞི་ཅིང་ཕིང་དང་ཐུག་འཕྲད་བྱ་རྒྱུ་ཕྱིར་འཐེན་དགོས་པའི་ཞེན་སྐུལ་ཞུས་འདུག

༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་མི་ཁག་ཅིག་ནས་འོས་བསྡུའི་གཏམ་བཤད་ཀྱི་གོ་སྐབས་དང་བསྟུན། ཨོ་བྷ་མའི་སྲིད་གཞུང་གིས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ཁག་ཅིག་ལ་སྐྱོན་བརྗོད་གནང་པ་དང་སྦྲགས། རིང་མིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཨ་རིར་གཞུང་འབྲེལ་ཕྱོགས་སྐྱོད་དུ་ཡོང་སྐབས་སུ་སྲིད་འཛིན་ཨོ་བྷ་མ་མཆོག་ནས་ཐུག་འཕྲད་གནང་རྒྱུ་གཙོས་པའི་འཚམས་འདྲིའི་གསོལ་སྟོན་ཁག་ངེས་པར་དུ་ཕྱིར་འཐེན་གནང་དགོས་ཀྱི་རེད་ཅེས་ཞེན་སྐུལ་ཞུས་ཡོད་པ་རེད། ཨ་རིའི་ Wisconsin མངའ་སྡེའི་སྤྱི་ཁྱབ་ལས་ཐོག་དང་། ༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་མིར་བཞེངས་མཁན་སྐུ་ཞབས་ Scott Walker ལགས་ནས་ཉེ་ལམ་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་མ་རྐང་ཁྲོམ་ར་དང་། དཔལ་འབྱོར་ཚོང་ར་། དེ་བཞིན་ཕྱི་ཚོང་སོགས་ཀྱི་ཐད་ལ་ཉམས་རྒུད་ཆེན་པོ་འཕྲད་བཞིན་པའི་མཚམས་དེར། རྒྱ་གཞུང་གིས་རྒྱ་སྒོར་གྱི་འཛའ་ཐང་དེ་གཡོ་བྱུས་ཐོག་ཨ་སྒོར་དང་འཛའ་མཉམ་པའི་གཅོག་ཆ་བྱས་སྟབས། རྒྱ་ནག་གི་དངོས་ཟོག་ཁག་མུ་མཐུད་ཨ་རིའི་ནང་གོང་ཚད་དམའ་བོའི་ཐོག་ཕྱི་ཚོང་བྱས་ཐུབ་པ་མ་ཟད་། ཨ་རིའི་བཟོ་ཚོང་ཁག་ལ་ཁེ་ཕན་འདྲ་མཉམ་མེད་པ་སོགས་ཀྱི་དཀའ་ངལ་བཟོས་པ་ཁག་ལུང་འགྲེན་གནང་པ་དང། སྟབས་ཅིག་སྲིད་འཛིན་ཨོ་བྷ་མ་ཆོག་ནས་རྒྱ་ནག་གི་སྲིད་འཛིན་ལ་ཕེབས་བསུ་དང་ཆེ་བསྟོད་གནང་རྒྱུ་ལས་རྒྱལ་ཁབ་གཉིས་དབར་འཕྲད་བཞིན་པའི་དཀའ་ཚེགས་དེ་དག་གི་འགན་འཁྲི་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པར་གསལ་བཤད་ནན་པོ་གནང་དགོས་པ་གསུངས་པ་མ་ཟད་། སྲིད་འཛིན་ཨོ་བྷ་མ་མཆོག་ནས་རྒྱ་གཞུང་གིས་ཡུལ་དེའི་ནང་གི་ཁྲིམམ་རྩོད་པ་དང་། ཞི་བརྒོལ་བ་རྣམས་འཛིན་བཟུང་བཀག་ཉར་བྱས་པ། དེ་བཞིན་གྲངས་ཉུང་མི་རིགས་གཙོས་པའི་རྒྱ་རིགས་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་སོགས་ཀྱི་གནད་དོན་དག་ལ་བརྟེན་ནས་སྲིད་འཛིན་ཞི་ཅིང་ཕིང་ཨ་རིར་ཕྱོགས་བསྐྱོད་བྱ་འཆར་ཡོད་པ་དེ་ཕྱིར་འཐེན་བྱ་བཅུག་དགོས་པའི་སྐུལ་མ་གནང་སོགས་གནང་འདུག གཞན་ཡང་ཨ་རིའི་མི་སེར་ཚོགས་པའི་སྲིད་འཛིན་གྱི་འོས་མིར་བཞེངས་མཁན་སྐུ་ཞབས་Donald Trump ནས་རྒྱ་ནག་གིས་མུ་མཐུད་ཨ་རིའི་དཔལ་འབྱོར་དང་མི་སེར་རྣམས་ཀྱི་ལས་གནས་ཐོབ་ཐང་ཐད་ལ་གྱོང་རྒུད་སྟུན་མར་སྤྲད་བཞིན་པར་སྐྱོན་བརྗོད་དང་། གལ་ཏེ་ང་ཨ་རིའི་སྲིད་འཛིན་ཡིན་ན་རྒྱ་ནག་གི་སྲིད་འཛིན་ལ་འཚམས་འདྲིའི་གསོལ་སྟོན་སོགས་ནམ་ཡང་བཤམ་ས་མ་རེད་ཅེས་ཟུར་ཟའི་གསུང་བཤད་གནང་འདུག དེ་བཞིན་ཨ་རིའི་ Florida གྲོས་ཚོགས་གོང་མའི་ཚོགས་མི་དང་སྲིད་འཛིན་འོས་མི་སྐུ་ཞབས་ Marco Rubio ལགས་ནས་ཀྱང་རྒྱ་གཞུང་གིས་ཨ་རིའི་དཔལ་འབྱོར་གཙོས་པའི་རྒྱབ་ཁབ་ཀྱི་བདེ་འཇགས་ལ་དོ་ཕོག་གཏོང་བཞིན་པའི་གནད་དོན་ཁག་ཅིག་གསལ་སྟོན་གནང་འདུག

རྒྱ་ནག་དང་ཨ་རི་དབར་གྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་དོན་གླེང་སློང་བྱུང་འདུག

ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནང་ཨ་རི་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལོ་འཁོར་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང། ཟླ་ ༨ ཕྱི་ཚེས་ ༡༣ ཉིན་ལྷན་ཚོགས་མཇུག་སྒྲིལ་དང་བསྟུན། ཨ་རིའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ཕྱི་སྲིད་དྲུང་གཞོན་སྐུ་ཞབས་ Tom Malinowski ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་ཐོག་བསྒྲགས་གཏམ་ཞིག་སྤེལ་བ་དང། ཨ་རི་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་མོལ་དེ་བརྒྱུད་ཨ་རི་གཞུང་ནས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྐོར་རྒྱ་གཞུང་ལ་ཉེན་བརྡ་བཏང་ཞིག་བཏང་ནས་རྒྱ་གཞུང་གིས་རྒྱལ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་སྲུང་གིས་འགྲོ་བ་མིའི་ཐོབ་ཐང་ཐད་ཡར་རྒྱས་གཏོང་དགོས་པའི་ནན་སྐུལ་བྱ་རྒྱུའི་གོ་སྐབས་ཞིག་བྱུང་ཡོད་སྐོར་གསུངས་འདུག ད་དུང་ཁོང་གིས་རྒྱ་ནག་གཞུང་ལ་བོད་ནང་གི་ཛ་དྲག་གི་དཀའ་ངལ་འཕྲད་བཞིན་པ་དེ་དག་སེལ་ཕྱིར་བོད་མིའི་དབུ་ཁྲིད་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡང་ན་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་ལྷན་དུ་བོད་དོན་གྲོས་མོལ་གནང་དགོས་པ་དང་། བོད་མིའི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཀྱི་གནད་དོན་ལ་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དགོས་པ་དང། དེ་བཞིན་བོད་མིའི་ཆོས་ཕྱོགས་ཀྱི་འདས་མཆོད་གནང་ལུགས་ལ་བརྩི་འཇོག་དགོས་པ་སོགས་བོད་ནང་བོད་མིའི་ཆོས་དད་རང་དབང་ལ་བརྩི་སྲུང་དགོས་གསུངས་འདུག་པ་མ་ཟད། ཨ་རི་གཞུང་གིས་རྒྱ་ནག་གཞུང་ལ་རྒྱ་གཞུང་གི་གཞུང་ཚབ་དཔོན་རིགས་དང་། གསར་འགོད་པ་ཚོ་ཨ་རི་ནང་ས་ཁུལ་གང་སར་བཀག་སྡོམ་མེད་པར་བསྐྱོད་ཆོག་པ་ལྟར། རྒྱ་གཞུང་ངོས་ནས་ཀྱང་དེ་མཚུངས་ཨ་རིའི་གཞུང་ཚབ་དཔོན་རིགས་དང་གསར་འགོད་པ་ཚོ་བོད་མི་གནས་ཡུལ་ས་ཁུལ་ཁག་ཏུ་སྐོར་བསྐྱོད་བྱ་རྒྱུའི་ཐོབ་ཐང་རྒྱ་མི་ཆུང་བ་ཞིག་སྤྲོད་སྐོར་གསུངས་འདུག རྒྱ་གར་གྱི་གསར་འགོད་པ་གཅིག་ནས་ཨ་རི་གཞུང་ནས་བོད་ཀྱི་གནད་དོན་ལ་གལ་འགངས་ཆེ་ཆུང་ཇི་ཙམ་འཛིན་གྱི་ཡོད་མེད་བཅར་འདྲི་ཞུས་པའི་ལན་དུ། ཁོང་གིས་བོད་ཀྱི་གནད་དོན་དེ་ནི་ང་ཚོའི་གྲོས་མོལ་ཞུ་ཡུལ་གྱི་གནད་དོན་གལ་འགངས་ཆེ་ཤོས་ཡིན་པ་དང་། ང་ཚོས་བོད་ཀྱི་གནད་དོན་དེ་གལ་ཆེ་ཞིག་ལ་ངོས་འཛིན་གནང་ཐོག་གྲོས་མོལ་གྱི་སྔོན་ཚུལ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་གནད་དོན་དེ་ཛ་དྲག་ཅན་ཞིག་ཡིན་པར་མངོན་སྟོན་ཞུ་ཡོད་སྐོར་སོགས་གསུངས་འདུག ཨ་རི་དང་རྒྱ་གཞུང་དབར་འགྲོ་བ་མིའི་ཐོབ་ཐང་ཐོག་གྲོས་མོལ་གནང་བ་དེ་ནི་གྲོས་མོལ་ཐེངས་ ༡༩ པ་ཡིན་པ་དང་ དང་ལྷན་རྒྱ་ནག་གི་གྲོས་མོལ་སྐུ་ཚབ་དེ་ཕྱི་འབྲེལ་དཔོན་རིགས་བགྲེས་པ་ Li Junhua ཡིན་འདུག

སྐུ་ཞབས་ Liu Xiaobo ལགས་ནང་མི་ལྷན་ཐུག་འཕྲད་བྱུང་འདུག

རྒྱ་གཞུང་བཙོན་འཇུག་འོག་ཡོད་པའི་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་ནང་མི་ལྷན་ཐུག་འཕྲད་བྱུང་འདུག ཟླ་ ༨ ཕྱི་ཚེས་ ༤ ཉིན་ Hongkong Free Press དྲ་གནས་ཐོག་སྤེལ་བར་གཞིགས་ན་རྒྱ་ནག་གཞུང་ནས་ལོ་ངོ་གཅིག་དང་ཟླ་བ་གསུམ་ལྷག་བཙོན་འཇུག་བྱས་པའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་རྒྱ་ནག་གི་ Liaoning བཙོན་ཁང་དུ་ཁོང་གི་སྤུན་མཆེད་ Liu Xiaoguang ལགས་གཙོས་པའི་ནང་མི་ཉེ་འབྲེལ་ལྷན་དུ་ཐུག་འཕྲད་གནང་རྒྱུའི་གོ་སྐབས་ཞིག་བྱུང་འདུག་ཀྱང། རྒྱ་གཞུང་གིས་ཁོང་གི་སྤུན་མཆེད་ཚོའི་མཉམ་དུ་ནང་འགྲེལ་བཀའ་མོལ་གནང་བ་ལས་དེ་མིན་སྤྱི་ཚོགས་དང་འབྲེལ་ཡོད་ཚོར་བ་རྣོ་བའི་ཆབ་སྲིད་སོགས་ཀྱི་ཐོག་བཀའ་མོལ་གནང་མིན་དམ་དྲག་ཤུགས་ཆེར་བྱས་འདུག ཁོང་གི་སྤུན་མཆེད་ Liu Xiaoguang ལགས་དང་ནང་མི་ཚོས་གསུངས་དོན་ལ་རྒྱ་གཞུང་གིས་ཁོང་བཙོན་ནང་དཔེ་ཀློག་དང་ལུས་སྦྱོང་སོགས་གནང་མུས་ཡིན་པས་གཟུགས་གཞིའི་འཕྲོད་བསྟེན་བདེ་ཐང་ཡིན་པར་འགྲེལ་བརྗོད་བྱས་ཡོད་ཀྱང་། དེ་ནི་རྫུན་གཏམ་ཞིག་ལས་མ་འདས་པའི་གནད་དོན་ཞིག་ཡིན་པར་གསུངས་པ་དང། ད་དུང་ Liu Xiaoguang ལགས་ནས་རྒྱ་ནག་གཞུང་གིས་ད་ལྟ་བར་ཁོང་གི་ནང་མི་གཙོས་པའི་སྤུན་གཉེན་སོགས་དང་ཐུག་ཕྲད་བྱ་རྒྱུར་བཀག་འགོག་བྱས་དང་བྱེད་མུས་ཡིན་པ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཞིག་ཡིན་པར་སྐྱོན་བརྗོད་ནན་པོ་གནང་འདུག དེ་བས་ཀྱང་སྐུ་ཞབས་ Liu Xiaobo ཁོང་ནས་རྒྱ་ནག་གི་ཆབ་སྲིད་ཀྱི་སྲིད་བྱུས་ལ་ཉམས་ཞིབ་གནང་མུས་ཁར། རྒྱ་གཞུང་ནས་ཁོང་ལ་ཁྲིམས་གཅོད་ཡང་དུ་གཏོང་རྒྱུར་ཐེ་ཚོམ་ཆེན་པོ་གནང་བཞིན་ཡོད་པ་དང་། དུས་ད་ལྟའི་ཆར་སྲིད་འཛིན་ཞི་ཅིང་ཕིང་གིས་སྣེ་ཁྲིད་འོག་རྒྱ་ནག་གི་ཆབ་སྲིད་གནས་སྟངས་དང་མི་དམངས་ཀྱི་རང་དབང་ཐོག་འགྱུར་བ་ཆེན་པོ་ཞིག་ཡོང་རྒྱུའི་རེ་བཟང་བཅོལ་གནང་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག གཞི་རྩའི་སྐུ་ཞབས་ Liu Xiaobo ལགས་ནི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སོགས་ཀྱི་ཐད་ལ་ཕྱག་ལས་བསྟུད་མར་གནང་པ་རྒྱུད་ཕྱི་ལོ་ཉི་སྟོང་དགུའི་ལོར་རྒྱ་ནག་གཞུང་གིས་ཁོང་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་འོག་ལོ་ངོ་བཅུ་གཅིག་རིང་བརྩོན་འཇུག་གི་ཁྲིམ་ཐག་བཅད་ཡོད་པ་དང་། ཕྱི་ལོ་ཉི་སྟོང་བཅུའི་ལོར་ཁོང་གི་བྱས་རྗེས་ཁག་ལ་རྒྱལ་སྤྱའི་ཐོག་ནས་ཆེ་བསྟོད་དང་སྦྲགས་ནོ་སྦེལ་བཞི་བདེའི་གཟེངས་རྟགས་འབུལ་ཡོད་པ་རེད། དེ་བཞིན་ཕྱི་ལོ་༢༠༠༨་ལོར་བོད་ཆོལ་གསུམ་ཡོངས་སུ་རྒྱ་གཞུང་ལ་ཞི་རྒོལ་བྱུང་རྗེས། ཁོང་གིས་རྒྱ་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་དང་༸གོང་ས་མཆོག་གིས་འདོན་སྤེལ་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡང་གནང་མྱོང་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་ནས་ཀྱང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་མི་སྣ་གཞན་ཁག་གཅིག་དང་ལྷན། ཁོང་བཙོན་ཁང་ནས་མགྱོགས་མྱུར་གློད་གྲོལ་དགོས་པའི་འབོད་སྐུལ་གནང་མྱོང་ཡོད་པ་རེད། ད་ལྟའི་ཆར་ཁོང་རྒྱ་ནག་ Jinzhou གྲོང་ཁྱེར་གྱི་བཙོན་ཁང་ནང་བཀག་ཉར་འོག་གནས་ཡོད་པ་མ་ཟད། ཁོང་གི་བཟའ་ཟླ་ Liu Xia ལགས་ཀྱང་ ༢༠༡༡ ནས་ཟུང་སྟེ་རྒྱ་ནག་གི་བཟང་བཙོན་འོག་བཞག་ཡོད་པ་རེད།

རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཁྱིམ་ཚང་ལྔས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་འདུག

སུད་སི་ཇི་ནི་ཝ་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཁྱིམ་ཚང་ལྔས་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་ ༤༤ པ་སྤེལ་ཡོད་པ་རེད་འདུག ཟླ་ ༨ ཕྱི་ཚེས་ ༡༢ ཉིན་སུད་སིར་རྟེན་གཞི་བྱས་པའི་བོད་མི་བཀྲ་བསྟན་ཚང་པ་སངས་དང། ངག་དབང་ཚང་ངག་དབང་དཔལ་ལྡན། རྒྱལ་ཚང་བཀྲ་ཤིས་ལྷ་མོ། སྟག་ཚང་དཀོན་ཅོག ཡེ་ཤེས་ལྷ་མོ་ནང་མི་བཅས་ཁྱིམ་ཚང་ལྔས་སུད་སི་ཇི་ནི་ཝ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་དོན་སླད་ཞུ་གཏུག་གི་ལས་འགུལ་ཐེངས་ ༤༤ པ་སྤེལ་ཡོད་པ་དང། ལས་འགུལ་དེའི་ནང་སུད་སི་བོད་མི་ཡར་ཀ་ཚང་བསྟན་པ་རིན་ཆེན་དང་། ཡར་ཀ་ཚང་ཚེ་རིང་མཚོ། ནོར་འཛིན། སྐལ་བཟང་ཚང་བདེ་མཆོག སྟག་ཚང་རིག་འཛིན་བཅས་མཉམ་ཞུགས་གནང་ནས་རྒྱལ་ཚོགས་ཀྱི་དྲུང་ཆེ་དང་། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དེ་བཞིན་སུད་སིར་རྟེན་གཞི་བྱས་པའི་ཨེ་ཤི་ཡའི་རྒྱལ་ཁབ་ ༣༨ ཀྱི་གཞུང་ཚབ་བཅས་ལ་ལས་འགུལ་གོ་སྒྲིག་པས་ཆེད་དུ་བཏོན་པའི་བོད་ཀྱི་བདེན་དོན་ཐད་རྒྱབ་སྐྱོར་དགོས་པའི་ཞུ་སྙན་དང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་འདོན་སྤེལ་གནང་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ཡིག་ཆ་ཁག་ཅིག་ཀྱང་ཟུར་འཛར་ཐོག་ཕུལ་ཡོད་པ་དང་། དེ་བཞིན་རྒྱ་ནག་དང་ཡུ་རོབ་ཁུལ་གཙོས་པའི་འཛམ་གླིང་གི་ཡུལ་སྐོར་སྤྲོ་འཆམ་པ་མང་དག་ཞིག་ནས་བོད་གནས་ཡིག་ཆ་འགྲེམས་སྤེལ་གྱིས་བོད་དོན་དྲིལ་བསྒྲགས་དང་རྒྱབ་སྐྱོར་ཤུགས་ཆེས་ཞུ་འབོད་གནང་འདུག སྐབས་དེར་རྒྱལ་ཚོགས་གྱི་དྲུང་ཆེ་བྷན་ཁེ་མོན་ལགས་ཀྱི་མཚན་ཐོག་ལ་ཕུལ་བའི་ཞུ་སྙན་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བོད་ཐོག་གྲོས་ཆོད་སྔ་ཕྱི་འཇོག་པ་དེ་དག་ལ་བདག་སྐྱོང་གནང་དགོས་པ་དང། བོད་ནང་ཞི་བདེ་དང་རང་དབང་སླར་གསོ་གནང་དགོས་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆ་རྐྱེན་གང་ཡང་མེད་པར་བོད་ནང་ཕྱིར་ཕེབས་གནང་ཆོག་པ། བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་བྱ་དགོས་པ་དང། དེ་བཞིན་འདི་ལོ་རྒྱའི་བཙོན་ཁང་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གློ་བུར་དུ་རྒྱ་གཞུང་གི་བཙོན་ཁང་ནང་སྐུ་བཀྲོངས་པའི་གནས་ཚུལ་སོགས་གཙོས་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཀྱི་ཚེ་སྲོག་ལ་སྲུང་སྐྱོབ་གནང་དགོས་སྐོར་སོགས་འཁོད་ཡོད་པ་རེད། ལས་འགུལ་དེ་སུད་སི་ནང་རྟེན་གཞི་བྱས་པའི་བོད་མི་ཁྱིམ་ཚང་གཉིས་ནས་ཆེས་ཐོག་མར་་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༡༢ ཚེས་ ༡༠ ནས་འགོ་འཛུགས་ཐོག་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་མདུན་དུ་བོད་དོན་ཞུ་འབོད་ཀྱི་ལས་འགུལ་སྤེལ་ནས་ད་ཆ་ལོ་གསུམ་ཙམ་ཕྱིན་ཟིན་པ་དང་། དེ་ནས་རིམ་བཞིན་སུད་སི་ནང་གཏན་སྡོད་བོད་མི་ཁྱིམ་ཚང་གཞན་ཁག་ཅིག་ནས་ལས་འགུལ་དེའི་ནང་མཉམ་ཞུགས་གནང་ནས་ད་བར་བོད་དོན་ལས་འགུལ་ཐེངས་ ༤༤ པ་དེ་ཆགས་ཀྱི་ཡོད་པ་རེད།

ཨ་རིའི་Boulder ནང་གི་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གི་དྲ་རྒྱར་འགོག་རྐྱེན་བྱུང་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་༡༠ པའི་ནང་ཨ་རིའི་Colorado མངའ་སྡེའི་གྲོང་ཁྱེར་Boulder ནང་ཉིན་གྲངས་གཉིས་རིང་མཛད་འཆར་བསྐྱང་གཏན་འཁེལ་ཡོད་པ་ལྟར། ཁེ་ཉིན་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་ནས་ཆོས་འབྲེལ་དང་བཀའ་སློབ་ཞུ་བར་བཅར་མཁན་ཚོའི་ཕྱག་འཁྱེར་དྲ་རྒྱའི་བརྒྱུད་མང་ཚོགས་ནས་ཉོ་འཚོང་འགོ་ཚུགས་ཞུས་སྐབས་དྲ་རྒྱར་འགོག་རྐྱེན་འཕྲད་པའི་གནས་ཚུལ་ཐོན་འདུག ཟླ་ ༨ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཨ་རིའི་Colorado མངའ་སྡེ་ནང་རྟེན་གཞི་བྱས་པའི་Colorado གཙུག་ལག་སློབ་གཉེར་ཁང་དང་Coloradoབོད་རིགས་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག ༸གོང་ས་མཆོག་རིང་མིན་ཕྱི་ཟླ་༡༠ པའི་ཚེས་༢༡ ཉིན་ཁུལ་དེའི་ནང་ཡོད་པའི་Coors Event བསྟི་གནས་ཁང་དུ་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུའི་མཛད་འཆར་གྱི་ཕྱག་འཁྱེར་ཁག་ dalaimamacolorado.com ཞེས་པའི་དྲ་ཚིགས་བརྒྱུད་མང་ཚོགས་ལ་ཚོང་འགྲེམས་བྱས་འགོ་ཚུགས་འདུག འོན་ཀྱང་ཕྱག་འཁྱེར་ཚོང་འགྲེམས་བྱས་འགོ་བཙུགས་པའི་སྐར་མ་ཁ་ཤས་རྗེས་སུ་མང་ཚོགས་མང་པོ་ཞིག་ལ་དྲ་ཚིགས་དེ་སྒོ་ཕྱེ་མ་ཐུབ་པའི་དཀའ་ངལ་འཕྲད་པ་མ་ཟད། དེ་རྗེས་ཆུ་ཚོད་༥ཙམ་རིང་དྲ་ཚིགས་དེའི་ནང་འཛུལ་ཞུགས་མ་ཐུབ་པར་ལྷག་ཡོད་པའི་གནས་ཚུལ་ཐོན་འདུག་ཀྱང། གོ་སྒྲིག་ཚོགས་ཆུང་ནས་ཕྱག་འཁྱེར་ཡོངས་རྫོགས་མང་ཚོགས་ཚོར་ཉེ་མཁོ་ལྟར་དུས་ཐོག་ལ་འགྲེམས་སྤེལ་ཞུ་ཐུབ་པ་བྱུང་་འདུག

ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ལ་ཞི་ཅིང་ཕིང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་ཐོག་གླེང་སློང་གནང་དགོས་པར་ནན་གྱིས་འབོད་སྐུལ་ཞུ་འདུག

རིང་མིན་ཕྱི་ཟླ་དགུ་པའི་ཟླ་འཇུག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཨ་རིའི་ནང་གཞུང་འབྲེལ་འཚམས་གཟིགས་ལ་སླེབས་གཏན་འཁེལ་བསྟུན། ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་རྒན་གྲས་སྐུ་ཞབས་ Benjamin L. Cardin ལགས་དང། གྲོས་ཚོགས་འཐུས་མི་གུ་ཡངས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ John McCain ལགས་རྣམ་གཉིས་དབུས་པའི་གྲོས་ཚོགས་འཐུས་མི་བཅུས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གི་མཚན་ཐོག་ལ་ཞི་ཅིང་ཕིང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་ཐོག་གླེང་སློང་དགོས་པའི་འབོད་སྐུལ་གྱི་ཕྱག་བྲིས་ཤིག་ཕུལ་ཡོད་པ་རེད། ཁ་སང་ཚེས་ ༡༡ ཉིན་གྲོས་ཚོགས་འཐུས་མི་ Benjamin L. Cardin ལགས་ཀྱི་དྲ་གནས་ཐོག་ཁོང་དང་ཕྱག་སྦྲེལ་འཐུས་མི་བཅུས་སྲིད་འཛིན་ཨོ་བྷ་མ་མཆོག་ལ་ཕུལ་རྒྱུའི་ཕྱག་བྲིས་ཤིག་འདོན་སྤེལ་གནང་འདུག་པ་དང། དེའི་ནང་གཙོ་བོ་དབུ་ཁྲིད་གཉིས་མཇལ་འཕྲད་སྐབས་དཔལ་འབྱོར་དང་ཁོར་ཡུག དེ་བཞིན་རྒྱ་ནག་གི་དྲ་རྒྱའི་བརྒྱུད་ལམ་ཐོག་ནས་ཨ་རིའི་གསང་བ་རྐུ་ཁྱེར་བྱེད་པ་སོགས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དང་འབྲེལ་བའི་གནད་དོན་ཐོག་གླེང་གློང་གནང་གལ་ཆེ་བ་ཡིན་མུས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེའང་གལ་གནད་ཆེ་བའི་གནད་དོན་ཞིག་ཡིན་སྟབས། སྲིད་འཛིན་མཆོག་ནས་ངེས་པར་དུ་ཞི་ཅིང་ཕིང་དང་མཇལ་འཕྲད་སྐབས་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་ཀྱི་བཅོས་བསྒྱུར་གྱི་གནད་དོན་གཉིས་གཞི་རྩ་བཟུང་ཏེ་མངོན་པར་གསལ་བའི་གླེང་སློང་དགོས་པའི་ཞུ་སྐུལ་གནང་འདུག དེ་བས་ཀྱང་ཨ་རིའི་གཞུང་ནས་རྒྱ་གཞུང་གིས་ཞི་བའི་ཐོག་ལ་དགོངས་འཆར་སྤེལ་མཁན་དང་ཆོས་བྱེད་མཁན་མང་ཚོགས་ལ་སུན་གཙེར་དང་བཙོན་འཇུག་འོག་སྡུག་སྦྱོང་ཚད་མེད་གཏོང་བཞིན་པ་དེ་དག་མཚམས་འཇོག་དགོས་པ་དང། དེ་བཞིན་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་བརྩི་བཀུར་ཞུ་དགོས་ལུགས་དང་འབྲེལ། ཉེ་ཆར་རྒྱ་གཞུང་གིས་འཐབ་རྩོད་གནང་མཁན་ཁྲིམས་རྩོད་པ་ ༢༥༠ ཙམ་འཛིན་བཟུང་བཙོན་འཇུག་བྱེད་པའི་གནད་དོན་ལུང་འདྲེན་སོགས་གནང་ཏེ་རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་དང་ཁོང་གི་བཟའ་ཟླ་གཉིས་འཕྲལ་དུ་གློད་བཀྲོལ་བཏང་དགོས་པའི་གནོད་ཤུགས་སྤྲད་དགོས་སྐོར་སོགས་འཁོད་ཡོད་པ་རེད།

Latest news