Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱ་ནག་གི་ཨོ་རྩེད་དང་འབྲེལ་ངོ་རྒོལ་གནང་མཁན་གྱི་ལས་འགུལ་བ་རྣམས་ལ་ཉེས་མེད་བཅད་ཁྲ་བསྒྲགས་པ།

ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་གི་དགུན་དུས་ཨོ་རྩེད་དང་འབྲེལ་ Athen ཡི་ Acropolis དུ་བོད་ཀྱི་རྒྱལ་དར་དང་རྒྱ་ནག་ལ་ངོ་རྒོལ་གྱི་འབོད་ཚིག་བཀོད་པའི་འཕྲེད་དར་འཕྱར་ཏེ་ལས་འགུལ་སྤེལ་མཁན་རྣམས་ལ་གྷི་རིཀ་ཁྲིམས་ཁང་གིས་ཉེས་མེད་བཅད་ཁྲ་བསྒྲགས་ཡོད་པ་རེད་འདུགཁ་སང་ཕྱི་ཚེས་ ༡༧ ཉིན་གྷི་རིཀ་ཁྲིམས་ཁང་གིས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚེ་ལྷ་ཛོ་སངས་དང་ཧོང་ཀོང་གི་ལས་འགུལ་བ་ Joey Siu དེ་བཞིན་ལོ་ན་ ༣༥ ཡིན་པ་ཝི་ཏི་ནམ་ཨ་རི་མི་སེར་བཅས་ལས་འགུལ་བ་གསུམ་ལ་ཉེས་མེད་ཀྱི་བཅད་ཁྲ་བསྒྲགས་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་རྣམས་ཀྱིས་གྷི་རིཀ་ཁྲིམས་ཁང་གི་ཐག་གཅོད་དེ་རྒྱལ་ཁ་ཞིག་ལ་ངོས་འཛིན་གནང་བཞིན་འདུག རེས་གཟའ་ཕུར་བུའི་ཉིན་བརྒྱུད་ལམ་ཁག་ལ་ཉན་ཞིབ་ཆེད་དབྱིན་ཡུལ་ནས་ཕེབས་མཁན་ཞུ་རྩོད་པ་ Michael Polak ལགས་ཀྱིས་ཁྲིམས་ཁང་གི་ཐག་གཅོད་དེ་ནི་སྨྲ་བརྗོད་རང་དབང་དང་ཡོ་རོབ་ནང་ཞི་རྒོལ་གྱི་ཐོབ་ཐང་ལ་རྒྱལ་ཁ་ཆེན་པོ་ཞིག་ཐོབ་ཡོད་པ་དང་ལྷག་པར་བོད་མི་དང་ཧོང་ཀོང་མི་རིགས་ཚོར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ལ། སྤྱིར་རྒྱ་ནག་གཞུང་གི་དམ་དྲག་དང་དྲག་གནོན་ཅན་གྱི་སྲིད་བྱུས་དེས་རྒྱལ་སྤྱིའི་ཁྲོད་ལ་ཡོད་པའི་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ཚོ་ལ་སྟངས་འཛིན་བྱེད་ཐུབ་པར་ཡིད་ཆེས་བྱེད་བཞིན་ཡོད་པ་དེ་ལྟར་ནའང་། ཐེངས་འདིའི་གནད་དོན་གྱིས་རྒྱ་གཞུང་ལ་བརྡ་ལན་ནན་པོ་ཞིག་བཏང་ཡོད་པར་གསུངས་འདུག གཞི་རྩའི་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༧ ཉིན་ Acropolis ས་ཚིགས་སུ་རྒྱ་ནག་གི་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་གྱི་དཔལ་འབར་རམ་སྒྲོན་མེ་རྩིས་ལེན་གྱི་གྲ་སྒྲིག་བྱེད་བཞིན་པའི་སྐབས་སུ་ཚེ་ལྷ་ལགས་དང་ Joey ལགས་རྣམ་གཉིས་ཨེ་ཐེན་ནང་གི་ Acropolis ས་ཚིགས་སུ་ཆེད་བསྐྱོད་ཀྱིས་ཁང་པའི་གྱང་རྩིག་ཐོག་ཏུ་འཛེགས་ནས་བོད་ཀྱི་རྒྱལ་དར་དང་རང་དབང་མེད་ན་རྩེད་འགྲན་མེད་ཟེར་བ་སོགས་ཀྱི་འབོད་ཚིག་འཁོད་པའི་འཕྲེད་དར་འཕྱར་ཏེ་པེ་ཅིང་གི་དགུན་དུས་ཨོ་རྩེད་ཕྱིར་འཐེན་དགོས། བོད་ལ་རང་དབང་དགོས་ཞེས་འབོད་སྒྲ་བསྒྲགས་པར་བརྟེན་ཉེན་རྟོག་པས་ཁོང་རྣམ་འཛིན་བཟུང་དང་ལོ་རྒྱུས་རང་བཞིན་ལྡན་པའི་ས་ཚིགས་དེ་བཙོག་པ་བཟོ་ཐབས་དང་གནོད་སྐྱོན་བཟོ་རྩིས་བྱས་པའི་ཉེས་མིང་གཡོགས་ཡོད་པ་མ་ཚད་པར་ལོ་ལྔའི་རིང་བཙོན་འཇུག་ཁྲིམས་ཆད་ཕོག་གི་ཡོད་པ་རེད།སྐབས་དེ་དང་དེའི་ཚེ་འཆི་མེད་ལྷ་མོ་ལགས་དང་། Jason Leith དེ་བཞིན་ Fern McDougal བཅས་ཨོ་ལམ་པིཀ་རྩེད་འགྲན་གྱི་དཔལ་འབར་ལ་མེ་ལྕེ་སྒྲོན་བཞིན་པའི་སྐབས་སྡིངས་ཆའི་ཉེ་འགྲམ་གྱི་ས་ཚིགས་ཤིག་ནས་གློ་བུར་དུ་ཕྲེད་དར་འཕྱར་ནས་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་རྩེད་འགྲན་ལ་ངོ་རྒོལ་གྱི་སྐད་འབོད་གནང་སྐབས་འཛིན་བཟུང་གིས་ས་གནས་བཙོན་ཁང་དུ་ཉིན་གསུམ་རིང་བཙོན་འཇུག་བྱས་ཡོད་པ་དང་གནད་དོན་དེ་འབྲེལ་གྱོད་ཞིབ་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་གནང་རྒྱུ་ཡིན་པ་རེད།  

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཧོང་ཀོང་སྐོར་དམིགས་བསལ་སྙན་ཐོ་བཏོན་པར་སྐྱོན་བརྗོད།

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་ཐོག་གི་ལོ་འཁོར་སྙན་ཐོ་ནང་རྒྱ་གཞུང་གིས་ཧོང་ཀོང་ལ་ཕྱོགས་ཡོངས་ནས་དྲག་གནོན་ཤུགས་ཆེར་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་དམངས་ཐོབ་ཐང་དང་མང་གཙོའི་སྤྱི་ཚོགས་ཕྱོགས་ཡོངས་ནས་རྩ་བརླག་ཕྱིན་ཡོད་པར་མ་ཟད་ཧོང་ཀོང་གི་ཁྲིམས་ལམ་ལུགས་དེ་རྒྱ་ནག་གི་གཅིག་སྡུད་རིང་ལུགས་ཀྱི་ལམ་ལུགས་ལྟར་གཅིག་མཚུངས་ལག་བསྟར་བྱེད་བཞིན་ཡོད་པ་སོགས་ཐེར་འདོན་གནང་བར་ཧོང་ཀོང་གཞུང་གིས་སྐྱོན་བརྗོད་གནང་འདུག ཁ་སང་ CECC ཞེས་ཨ་རི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Markley ལགས་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGOvern ལགས་རྣམ་གཉིས་དབུ་བཞུགས་ཐོག་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་དང་འབྲེལ་བའི་ཤོག་གྲངས་ ༧༠༠ ཅན་གྱི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་དང་། དེའི་ཁོངས་ནས་ཧོང་ཀོང་དང་འབྲེལ་བའི་ཤོག་ལྷེ་ ༦༤ ཅན་གྱི་སྙན་ཐོར་གཙོ་བོ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༦ ནས་བཟུང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཞེས་པ་ལག་ལེན་བསྟར་བྱས་ཏེ་པེ་ཅིང་གིས་ཧོང་ཀོང་གི་རང་སྐྱོང་དང་རང་དབང་གི་ཐོབ་ཐང་ཁག་རྩ་བརླག་བཏང་བ་མ་ཚད་པར་ད་ཆ་ཧོང་ཀོང་གི་ཁྲིམས་ལམ་ལུགས་དེ་ཉིད་ཀྱང་རྒྱ་ནག་གི་གཅིག་སྡུད་རིང་ལུགས་ཀྱི་ལམ་ལུགས་ལྟར་ལག་བསྟར་བྱེད་བཞིན་ཡོད་པ་དེས་རྒྱལ་ཁབ་དེའི་ནང་གི་གསར་འགོད་རང་དབང་དང་སྤྱི་དམངས་ཀྱི་སྤྱི་ཚོགས། དེ་བཞིན་ཨ་རིས་གཙོས་པའི་ཕྱི་རྒྱལ་གྱི་ཚོང་ལས་དང་ད་ཆ་ཡུལ་གཞན་ལ་བྲོས་བྱོལ་དུ་ཕེབས་པའི་ཧོང་ཀོང་བ་དང་ཧོང་ཀོང་ནང་བཞུགས་ཡོད་པའི་མང་ཚོགས་བཅས་ལ་ཤུགས་རྐྱེན་ངན་པ་སྤྲོད་བཞིན་ཡོད་པ་ཆེས་མངོན་གསལ་གནང་འདུགདེ་བཞིན་སྙན་ཐོ་ནང་ཧོང་ཀོང་ནང་ཁྲིམས་གསར་པ་སྤྱོད་དེ་རྒྱ་གཞུང་གིས་ད་བར་མང་གཙོའི་ལས་འགུལ་བ་དང་ཕྱོགས་འགལ་ཆབ་སྲིད་མི་སྣ་སོགས་ཁྱོན་མི་ཆིག་ཁྲི་ལྷག་བཙོན་འཇུག་དང་སྒོས་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་བསྒྱུར་བཅོས་བཏང་སྟེ་གཞུང་གི་ཡན་ལག་ལས་ཁུངས་ཁག་ལ་སྟངས་འཛིན་ནན་པོ་བྱེད་བཞིན་པ་མངོན་གསལ་གནང་བར་མ་ཟད་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཁྲོད་རྒྱལ་ཁབ་དེ་ཉིད་ཀྱི་དཔལ་འབྱོར་དང་བདེ་འཇགས་ཐོག་ཤུགས་རྐྱེན་ཇི་འཕྲད་སྐོར་མྱུལ་ཞིབ་གནང་བའི་གྲུབ་དོན་སོགས་ཀྱང་བཀོད་ཡོད།དེ་བཞིན་ཧོང་ཀོང་གི་ཤེས་ཡོན་ལམ་ལུགས་དང་སྒོས་རྒྱ་གཞུང་གི་རིམས་ནད་ཀླད་ཀོར་གྱི་སྲིད་བྱུས་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཅི་བྱ་གཏོལ་མེད་དུ་གྱུར་བ་དང་ས་ཁུལ་མང་པོའི་ནང་ཐེམ་སྤང་བཀའ་རྒྱའི་སྒོ་རྒྱ་བསྡམས་ཏེ་མི་མང་རྣམས་ཟས་མི་འདང་བ་དང་སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞག་པ་ལས་དོན་དམ་ཐོག་གཉན་རིམས་སྔོན་འགོག་གི་ལས་དོན་ཚགས་ཚུད་སྤེལ་མེད་པ་སོགས་མངོན་གསལ་གནང་འདུག ཁ་སང་ཨ་རི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཧོང་ཀོང་སྐོར་སྙན་ཐོ་བཏོན་པར་ཧོང་ཀོང་གཞུང་གིས་གདུང་ཤུགས་དྲག་པོས་དགག་པ་དང་འབྲེལ་སྙན་ཐོ་དེས་བསྐྱར་དུ་ཧོང་ཀོང་ལ་བསམ་བཞིན་དུ་མིང་ཆད་ངན་པ་བཟོས་པ་དང་ཆབ་སྲིད་ཀྱི་ཚིག་ངན་བཤད་ཡོད་སྐོར་ནན་བཤད་བྱས་པར་མ་ཟད་ཧོང་ཀོང་གཞུང་གིས་རྒྱལ་ཁབ་ཀྱི་འོས་བསྡུའི་ལམ་ལུགས་བསྒྱུར་བཅོས་བཏང་བའི་ཐོག་ནས་ཆབ་སྲིད་ཚོགས་པ་ཡོངས་ཀྱི་སྐུ་ཚབ་ཆ་སྙོམས་དང་དྲང་བདེན་གྱི་འགྲན་བསྡུར་མཚོན་ཐབས་བྱས་ཡོད་ཚུལ་བཅས་ཀྱི་ལན་འདེབས་གནང་ཡོད།ཧོང་ཀོང་གཞུང་གིས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ངོས་ནས་ཧོང་ཀོང་གི་ཁྲིམས་བཟོ་ལས་དོན་ལ་ངན་སེམས་ཀྱིས་སྐྱོན་བརྗོད་བྱས་པར་ངོས་ལེན་རྩ་བ་ནས་མེད་ཅེས་དང་གཞུང་དེ་ཉིད་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་གཞིར་བཟུང་ལས་དོན་ཁག་ལག་བསྟར་བྱེད་བཞིན་ཡོད་སྟབས་རྒྱལ་ཁབ་གཞན་གྱི་ཐེ་བྱུས་མེད་པར་ཁྲིམས་གཏུག་གནང་ཆོག་པར་མ་ཟད་ཧོང་ཀོང་གི་ཁྲིམས་ཞིབ་ལྷན་ཚོགས་ཀྱི་ངོས་ནས་རང་དབང་ལྡན་པའི་ངང་ཁྲིམས་ཀྱི་དབང་ཚད་སྤྱོད་ཆོག་གི་མེད་པར་བཤད་འདུགཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཐེངས་འདིའི་སྙན་ཐོ་དང་འབྲེལ་ནས་རྒྱ་གཞུང་གིས་བོད་གཙོས་གྲངས་ཉུང་མི་རིགས་ཐོག་འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་གཏོང་རྒྱུ་ཤུགས་ཆེ་རུ་ཕྱིན་པར་སེམས་འཚབ་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཡོང་སླད་ཐབས་ཤེས་གཅིག་ཁོ་ན་ཡོད་པ་དེ་ནི་བོད་རྒྱ་འབྲེལ་མོལ་ཐོག་ནས་གནང་དགོས་པ་འགྲེལ་བརྗོད་གནང་སྟེ་གོང་ཞུས་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་དབུས་ཨ་རིའི་བོད་དོན་དམིགས་འབྲེལ་མཐུད་པ་དང་ཚོགས་ཆུང་གི་ཚོགས་མི་རྣམ་པར་ཛ་དྲག་གི་སྙན་ཐོག་འདོན་སྤེལ་གནང་བར་ཐུགས་རྗེ་ཞུས་པ་དང་ཆབས་ཅིག བོད་དེ་རྒྱ་གཞུང་གི་དབང་བསྒྱུར་འོག་ནས་མཐར་ཐབས་སུ་ཨ་རི་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་འཛིན་རྣམས་མཉམ་ལས་ཀྱི་ནུས་པ་སྤུངས་དགོས་པའི་དགོས་འདུན་བཏོན་འདུག

ཡར་ཀླུངས་གཙང་པོའི་ཁ་ཕྱོགས་འགྱུར་ཐབས་ཐད་བློ་འཚབ་ཀྱི་རྣམ་པ་མངོན་གསལ།

རྒྱ་ནག་གིས་ཤིན་ཅང་ཡར་རྒྱས་ཀྱི་ལས་གཞི་ལ་ཁག་དཀྲིས་ཏེ་ཡར་ཀླུངས་གཙང་པོའི་ཁ་ཕྱོགས་འགྱུར་བཞིན་པའི་ལས་གཞི་དེ་རྒྱ་གར་ལ་གནོད་ཚབས་ཆེན་པོ་འབྱུང་རྒྱུ་ཡིན་པ་དང་འབྲེལ། བོད་ཀྱི་ཁོར་ཡུག་གི་གནད་དོན་དང་འབྲེལ་ནས་རྒྱལ་སྤྱི་ནས་ཀྱང་བློ་འཚབ་ཀྱི་རྣམ་པ་མངོན་གསལ་གནང་འདུགདེ་ཡང་ཁ་སང་ཕྱི་ཚེས་ ༡༦ ཉིན་ Firstpost  གསར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱིར་རྒྱ་ནག་གིས་རང་ཉིད་ཀྱི་དཔལ་འབྱོར་ཡར་རྒྱས་ཆེད་གཞི་རྒྱ་ཆེ་བའི་ལས་གཞི་སྣ་མང་སྤེལ་བཞིན་ཡོད་པ་དང་འབྲེལ། ཐེངས་འདིར་ཤིན་ཅང་ནང་ཡར་རྒྱས་གཏོང་རྒྱུའི་ལས་གཞི་ལ་ཁག་དཀྲིས་ཏེ་བོད་ཀྱི་ཡར་ཀླུངས་གཙང་པོ་དེ་ཉིད་ནུབ་ངོས་ཕྱོགས་སུ་ཁ་ཕྱོགས་གྱུར་ཏེ་སྤྱི་ལེ་ ༡༠༠༠ ལྷག་གི་ཕུག་ལམ་གསར་རྒྱག་གི་ལས་གཞི་དེ་འགོ་འཛུགས་བྱེད་བཞིན་ཡོད་པ་དང་། ལས་གཞི་དེ་ནི་འཛམ་གླིང་ནང་ཕུག་ལམ་རིང་ཤོས་གསར་རྒྱག་གི་ལས་གཞི་ཞིག་ཆགས་ཀྱི་ཡོད་ཅིང་། དེའི་བརྒྱུད་ནས་ལོ་ལྟར་ཆུ་གེལ་ལོན་ Gallon བྱེ་བ་ ༣༠༠ ཙམ་འོར་འདྲེན་བྱེད་འཆར་ཡོད་པ་དང་འབྲེལ། མ་འོངས་པར་རྒྱ་གར་གྱི་བྱང་ཤར་ཁུལ་གྱི་ཞིང་ལས་སོགས་ལ་གནོད་ཚབས་ཆེན་པོ་འབྱུང་གཞི་ཡིན་པ་གསལ་འདུག དེ་བཞིན་རྒྱལ་སྤྱིའི་རྟོག་ཞིབ་པ་རྣམས་ཀྱིས་ཕུག་ལམ་གྱི་ལས་གཞི་དེའི་བརྒྱུད་ནས་བོད་ཀྱི་སྐྱེ་དངོས་རྣམས་རྩ་གཏོར་འགྲོ་རྒྱུའི་ཉེན་ཁ་དང་། རིམ་པའི་ས་ཡོམ་སོགས་རང་འབྱུང་ཁམས་ཀྱི་གནོད་འཚེ་འབྱུང་རྒྱུའི་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་ཡོད་པ་དང་སྦྲགས། ལས་གཞི་དེར་བློ་འཚབ་ཀྱི་རྣམ་པ་མངོན་གསལ་གནང་ཡོད། དེ་བཞིན་འདས་པའི་ལོ་རྒྱུས་ཁྲོད་དུའང་དེ་འབྲེལ་ལས་གཞི་ཡི་རྐྱེན་པས་གནོད་ཚབས་ཆེན་པོ་ཆེན་པོ་བྱུང་ཡོད་སྐོར་བཀོད་འདུགརྒྱ་ནག་གིས་དེ་སྔོན་ཆུ་གློག་འཛུགས་བསྐྲུན་ཆེད་བོད་ཀྱི་ཡར་ཀླུངས་གཙང་པོར་ཆུ་རགས་ཧ་ཅང་ཆེན་པོ་བརྒྱག་པའི་རྐྱེན་གྱིས་དེར་རྒྱ་གར་གྱིས་ངོ་རྒོལ་གནང་ཡོད་པ་མ་ཟད། ཆུ་རགས་དེའི་རྐྱེན་པས་རྒྱ་གར་བྱང་ཤར་ཁུལ་དུ་ཆུ་ལོག་སོགས་ཀྱི་འཇིགས་པའི་དཀའ་ངལ་ཕྲད་བཞིན་ཡོད་པ་རེད། རྒྱ་གར་ནང་བོད་ནས་མཆེད་པའི་ཆུ་བོ་ཆེ་ཤོས་ནི་སེང་གེ་གཙང་པོ་དང་། ཡར་ཀླུངས་གཙང་པོ་གཉིས་ཡིན་པ་རེད། སེང་གེ་གཙང་པོ་ནི་རྒྱ་གར་ནུབ་བྱང་ཕྱོགས་སུ་རྒྱུག་གི་ཡོད་པ་དང་། ཡར་ཀླུངས་གཙང་པོ་ནི་རྒྱ་གར་གི་བྱང་ཤར་ཁུལ་ནས་མར་རྒྱུག་གི་ཡོད་པ་རེད།གཞི་རྩའི་བོད་མཐོ་སྒང་དེ་བཞིན་ཨེ་ཤི་ཡའི་རྒྱུག་ཆུ་ཆེ་ཁག་གི་འབྱུང་གནས་ཡིན་པ་དང་། དེའི་གཤམ་འོག་མི་སེར་ཐེར་འབུམ་མང་པོའི་འཚོ་གནས་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། ཁོར་ཡུག་གྱི་གནད་དོན་ཆ་ནས་བོད་ཀྱི་གནད་དོན་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་ཀྱང་།  དེང་སྐབས་རྒྱ་གཞུང་གིས་བོད་ཀྱི་རྒྱུག་ཆུ་ཆེ་ཁག་ཐོག་ཆུ་རགས་བརྒྱབ་པ་དང། བོད་ཀྱི་ས་ཁུལ་ནང་དུ་ནགས་ཚལ་གཅོད་འབྲེག་བྱས་པ་སོགས་ཀྱི་བྱ་སྤྱོད་སྤེལ་བཞིན་ཡོད་པར་བརྟེན། བོད་མཐོ་སྒང་གི་འཁྱགས་རོམ་ཞུར་ཚད་ཆེ་རུ་ཕྱིན་པ་སོགས་དེའི་བརྒྱུད་ནས་གོ་ལ་ཁྱོན་ཡོངས་ལ་དཀའ་ངལ་རིམ་པ་འཕྲད་བཞིན་ཡོད་པ་རེད།

རྒྱ་ནག་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་སྤྱི་དམངས་ཀྱི་འཕྲོད་བསྟེན་ལ་སྟངས་འཛིན་བྱེད་ཕྱོགས་ཀྱི་ཉན་ཞིབ།

ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་རིམས་ནད་ཀླད་ཀོར་གྱི་སྲིད་བྱུས་དང་དེའི་ཁྲོད་སྤྱི་དམངས་ཀྱི་འཕྲོད་བསྟེན་ལ་སྟངས་འཛིན་བྱེད་ཕྱོགས་སྐོར་ལ་ཉན་ཞིབ་ལས་རིམ་ཞིག་ཚོགས་འདུགཁ་སང་དྲ་ཐོག་ནས་ཚོགས་པའི་ཉན་ཞིབ་ལས་རིམ་ཐོག་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley ལགས་དང་ཚོགས་གཙོའི་ལས་རོགས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ James McGovern ལགས་རྣམ་གཉིས་ཀྱིས་དབུས་པའི་རྒྱ་ནག་ནང་གི་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཐད་ཞིབ་འཇུག་གིས་དམིགས་བསལ་རྩོམ་ཡིག་སྤེལ་མཁན་གོ་ལའི་འཕྲོད་བསྟེན་གྱི་ཉམས་ཞིབ་པ་རྒན་པ་སྐུ་ཞབས་ Yen John Wong ལགས་དང་ཨ་རིར་རང་དབང་ཁང་པའི་ལྷོ་ཤར་ཨེ་ཤ་ཡའི་ཉམས་ཞིབ་པ་རྒན་གྲས་ལྕམ་སྐུ་ Sarah Cook ལགས། དེ་བཞིན་ Princeton མཐོ་སློབ་ཀྱི་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཉམས་ཞིབ་ཕྱག་རོགས་སྐུ་ཞབས་ Rory Truex Sarah Cook ལགས་བཅས་གདན་ཞུ་གནང་འདུགཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Jeff Merkley ལགས་ཀྱིས་ཉན་རིམ་ལས་རིམ་དེ་གཙོ་སྐྱོང་གནང་སྟེ་ཚོགས་ཆུང་གི་ངོས་ནས་དེ་རིང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ཁྲིམས་ལུགས་ལས་དོན་དང་འབྲེལ་བའི་ཐད་ལ་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་གི་ཡོད་པ་དང་། དེ་ནི་འབྲེལ་ཡོད་ཚོགས་ཆུང་གི་ཚོགས་མི་རྣམ་པས་རྒྱ་ནག་ནང་གི་གནས་སྟངས་ཐད་ལ་དམིགས་བསལ་ཞིབ་འཇུག་གིས་ཆ་འཇོག་ཡོད་པའི་སྙན་ཐོ་ཞིག་ཆགས་ཀྱི་ཡོད་པར་མ་ཟད། གཙོ་བོ་རྒྱ་གཞུང་གིས་རྒྱ་ནག་གཙོས་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ཐོག་འཆར་གཞི་ལྡན་པའི་སྒོ་ནས་ཆེས་གདུག་རྩུབ་དང་དྲག་གནོན་གྱི་སྲིད་བྱུས་འོག་ཁྲིམས་མེད་ལུགས་མེད་ཀྱིས་འཛིན་བཟུང་བཀག་ཉར་དང་ལྟ་སྲུང་ནན་པོ་བྱས་པར་མ་ཟད། ལྷག་པར་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་དེ་ལག་བསྟར་ནན་པོ་བྱས་ཏེ་མི་མང་སྟོང་ཕྲག་མང་པོ་ཟུར་བཀག་ཏུ་བཅུག་ནས་ཉེར་མཁོའི་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་འཐུས་ཚང་མེད་པ་སོགས་མངོན་གསལ་གནང་སྟེ། ཚོགས་ཆུང་དེ་ཉིས་ཀྱིས་རྒྱ་ནག་ནང་གི་གནས་སྟངས་དང་འབྲེལ་བའི་ཞིབ་འཇུག་སྙན་ཐོ་དེར་ཨ་རི་གཞུང་གིས་གཙོས་པའི་འཛམ་གླིང་གི་རྒྱལ་ཁབ་གཞན་ཁག་མཉམ་ལས་གནང་བའི་ཐོག་ནས་ཁྲིམས་གཅོད་གནང་དགོས་པ་དང་ཆབས་ཅིག་དེ་འབྲེལ་དགོངས་འཆར་གནང་བའི་གཞེན་སྐུལ་གནང་འདུག

སྲིད་འཛིན་བྷ་ཌན་མཆོག་གིས་རྒྱ་ནག་གིས་བོད་གཙོས་ཤིན་ཅང་ནང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་གླེང་འདུག

ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་དང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཞི་ཅིན་ཕིང་གཉིས་བྷ་ལི་ནང་ཚོགས་པའི་ G20 ལྷན་ཚོགས་ཀྱི་སྔ་རོལ་ཁ་སྔོན་རེས་གཟའ་ཟླ་བའི་ཉིན་མཇལ་འཕྲད་གནང་ཡོད་པ་དང་སྐབས་དེར་སྲིད་འཛིན་བྷ་ཌན་མཆོག་གིས་རྒྱ་ནག་གཞུང་ནས་བོད་དང་ཤིན་ཅང་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ཁག་གཙོས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་འདུགཁ་སྔོན་ཕྱི་ཚེས་ ༡༤ ཉིན་སྲིད་འཛིན་བྷ་ཌན་དང་ཞི་ཅིན་ཕིང་གཉིས་དབར་གྱི་མཇལ་མོལ་སྐོར་ཨ་རིའི་ཕོ་བྲང་དཀར་པོས་བསྒྲགས་གཏམ་ཞིག་སྤེལ་བར་དབུ་ཁྲིད་རྣམ་གཉིས་ཀྱིས་ཕྱོགས་སོ་སོའི་གནད་དོན་གལ་ཆེ་ཁག་གཙོ་གྱུར་གནད་དོན་མང་དག་ཅིག་གི་ཐོག་བསམ་ཚུལ་བརྗེ་ལེན་དང་། ལྷག་པར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ཏེ་སྲིད་འཛིན་བྷ་ཌན་མཆོག་གིས་རྒྱ་ནག་གཞུང་གིས་བོད་དང་ཤན་ཅང་། ཧོང་ཀོང་བཅས་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་ཐུགས་འཚབ་ཡོད་སྐོར་གསུངས་ཡོད་པ་གསལ་འདུག  ཐེ་ཝན་གྱི་གནད་དོན་དང་འབྲེལ་ཏེ་སྲིད་འཛིན་བྷ་ཌན་མཆོག་གིས་ཨ་རིའི་ངོས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ཐད་ཀྱི་བཞེངས་ཕྱོགས་ལ་འགྱུར་བ་མེད་ཀྱང་། རྒྱ་ནག་ནས་ཐེ་ཝན་གྱི་གནས་བབ་ལ་འགྱུར་བ་གཏོང་རྩིས་བྱ་ཚེ་དེར་དགག་པ་ཡོད་སྐོར་དང་སྒོས་འཛམ་གླིང་སྤྱི་ནས་ཐེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་འདོད་ཀྱི་ཡོད་སྟབས་རྒྱ་ནག་ནས་ཐེ་ཝན་ལ་འཇིགས་སྐུལ་སོགས་ཀྱི་བྱ་སྤྱོད་ལ་དགག་པ་ཡོད་སྐོར་གསུངས་ཡོད་པ་གསལ་འདུག གཞན་ཡང་སྲིད་འཛིན་བྷ་ཌན་མཆོག་གིས་ཨ་རི་ནས་རྒྱ་ནག་དང་ལྷན་དུ་མུ་མཐུད་འགྲན་རྩོད་གནང་རྒྱུ་ཡིན་པ་དེ་ལྟར་ནའང་འགྲན་རྩོད་དེ་རྩོད་རྙོག་གི་ངོ་བོར་མ་ཆགས་པ་གནང་དགོས་པ་བསྐྱར་ནན་གནང་བ་དང་ཆབས་ཅིག་ཕན་ཚུན་ཕྱོགས་གཉིས་དབར་བཀའ་མོལ་གནང་རྒྱུའི་ལམ་ཁ་ཡོད་པར་གསུངས་ཡོད། དེ་བཞིན་བྷ་ཌན་གྱིས་ཨུ་རུ་སུས་ཡུཀ་རེན་ལ་དམག་རྒྱག་པ་དང་ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆས་འཇིགས་སྐུལ་བཏང་བའི་སྐོར་གླེང་ཡོད་སྐོར་དང་།   ཨ་རྒྱ་གཉིས་ནས་གནམ་གཤིས་འགྱུར་ལྡོག་དང་འཕྲོད་བསྟེན་བདེ་འཇགས་སོགས་ཀྱི་དཀའ་ངལ་སེལ་ཐབས་ལ་མཉམ་སྦྲེལ་གནང་དགོས་པ་གསུངས་སྐོར་གསལ་འདུག གཞི་རྩའི་ཐེངས་འདིའི་སྲིད་འཛིན་བྷ་ཌན་དང་ཞི་ཅིན་ཕིང་གཉིས་དབར་གྱི་མཇལ་མོལ་དེ་ནི་སྐུ་ཞབས་བྷ་ཌན་སྲིད་འཛིན་གྱི་ཐུགས་འགན་བཞེས་ཏེ་དངོས་སུ་མཇལ་འཕྲད་གནང་བ་ཐོག་མ་ཆགས་ཡོད། དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་མོལ་སྐབས་བྱུང་བའི་གནད་དོན་ཐད་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་རྗེས་སུ་རྒྱ་ནག་ལ་ཕེབས་ཏེ་དེ་འབྲེལ་མཇུག་སྐྱོང་གི་གོ་བསྡུར་གནང་རྒྱུ་ཡིན་པ་རེད།

ཅེཀ་གྲོས་ཚོགས་སུ་གཞུང་འབྲེལ་བོད་དོན་ལྷན་ཚོགས་ཚོགས་པ།

ཁ་སང་ཕྱི་ཚེས་ ༡༤ ཉིན་ཡོ་རོབ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་ཅེཀ་གྲོས་ཚོགས་འཐུས་མི་དང་ཕྱི་སྲིད་ལས་དོན་མི་སྣ་སོགས་ལྷན་འཛོམས་གནང་སྟེ་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་ཡོ་རོབ་མཐུན་ཚོགས་ཀྱིས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་གང་གནང་ཐུབ་བམ་ཞེས་པའི་གླེང་བརྗོད་ཐོག་གཞུང་འབྲེལ་བོད་དོན་ལྷན་ཚོགས་ཤིག་གནང་ཡོད། ཅེཀ་གྲོས་ཚོགས་སུ་ཚོགས་པའི་བོད་དོན་ལྷན་ཚོགས་དེ་ཅེཀ་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ Jitka Seltvod ལགས་དང་སྐུ་ཞབས་ Jiri oberfaizer ལགས་རྣམ་གཉིས་ཀྱིས་གཙོ་འགན་བཞེས་ཏེ་ཅེཀ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཅེཀ་བོད་དོན་རྒྱབ་སྐྱོར་ཚོགས་པ། ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཀྱི་མཐུན་འགྱུར་འོག་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད།ཐེངས་འདིའི་བོད་དོན་ལྷན་ཚོགས་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་བོད་ནང་གི་དཀའ་ངལ་ཐོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་ཡོ་རོབ་མཐུན་ཚོགས་ནས་ཇི་ལྟར་སེལ་དགོས་པ།  བོད་ཀྱི་གནས་བབ་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱལ་སྤྱིའི་འགན་འཁྲུར། བོད་ནང་གི་ཆོས་དད་རང་དབང་གནས་སྟངས། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་སོགས་བརྗོད་གཞི་འདྲ་མིན་ཐོག་གཞུང་སྒེར་གནད་ཡོད་མི་སྣ་ཁག་གིས་བཀའ་བསྡུར་དང་གསུང་བཤད་གནང་ཡོད། ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྤྱི་ཟུར་དབང་པོ་བཀྲས་མཐོང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ཅེཀ་གྲོས་ཚོགས་སུ་གཞུང་འབྲེལ་བོད་དོན་ལྷན་ཚོགས་གནང་བ་འདིས་ཡོ་རོབ་རྒྱལ་ཁབ་གཞན་ཚོར་བརྡ་ལན་ནན་པོ་ཞིག་སྤྲད་ཡོད་པར་མ་ཟད་ཡོ་རོབ་མཐུན་ཚོགས་ཀྱིས་ཀྱང་ད་བར་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་གནང་སྟེ་བོད་རྒྱལ་ཁབ་འདི་ཉིད་རྒྱལ་སྤྱིའི་ཁྲིམས་ཐོག་ནས་རྒྱ་ནག་གིས་དབང་བསྒྱུར་བྱས་པར་ངོས་འཛིན་གནང་དགོས་པའི་བརྡ་ལན་ནན་པོ་ཞིག་གནང་ཐུབ་པ་བྱུང་ཡོད་ཅེས་འགྲེལ་བརྗོད་གནང་སོང།ཅེཀ་གྲོས་ཚོགས་ནང་ཚོགས་པའི་བོད་དོན་ལྷན་ཚོགས་ཐོག་གསུང་བཤད་གནང་མཁན་ཁོངས་སུ་ཅེཀ་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ Jiri oberfaizer ལགས་དང་ཅེཀ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Premysl Rabas ལགས། ཅེཀ་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་ Jiri Kazak ལགས། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། ཡོ་རོབ་ནང་གཞུང་འབྲེལ་ཕྱོགས་སྐྱོད་དུ་ཕེབས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། རྒྱལསྤྱིའི་ཁྲིམས་རྩོད་མཁས་དབང་སྐུ་ཞབས་ Michael Van walt Van praag ལགས། ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སོགས་ཆགས་ཀྱི་འདུགརྩ་བའི་ད་ལྟའི་ཆར་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས། སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས་བཅས་སྤྱི་འཐུས་གསུམ་ལས་གྲུབ་པའི་ཚོགས་ཆུང་གིས་ཡོ་རོབ་རྒྱལ་ཁབ་ཁུལ་དུ་གཞུང་འབྲེལ་ཕྱོགས་སྐྱོད་གནང་བཞིན་ཡོད་པ་ལྟར། ཁ་སང་སྤྱི་འཐུས་རྣམ་པ་ཅེཀ་གྲོས་ཚོགས་སུ་ཚོགས་པའི་བོད་དོན་ལྷན་ཚོགས་ཐོག་མཉམ་ཞུགས་ཀྱིས་བོད་དོན་གཏམ་བཤད། དེ་བཞིན་ཅེཀ་གྲོས་ཚོགས་གོང་མའི་ཚོགས་གཞོན་དང་ཅེཀ་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་གཞོན་པས་གཙོས་པའི་གཞུང་འབྲེལ་གནད་ཡོད་མི་སྣ་སོགས་དང་མཇལ་མོལ་གནང་ཡོད།

མི་ལཱ་ནོ་གྲོང་ཁྱེར་ནང་དུ་ Forever Tibet ཞེས་པའི་རྒྱལ་སྤྱིའི་བོད་དོན་ལྷན་ཚོགས་བསྐོང་ཚོགས།

ཡོ་རོབ་རྒྱལ་ཁབ་ཨི་ཊ་ལི་གྲོང་ཁྱེར་ Milano ནང་ཟླ་ ༡༡ ཕྱི་ཚེས་ ༡༢ དང་༡༣ བཅས་ཉིན་གྲངས་གཉིས་རིང། Forever Tibet འམ་ཇི་སྲིད་བར་དུ་བོད་ཅེས་པའི་གླེང་བརྗོད་ཐོག་དེང་དུས་བོད་ཀྱི་རིག་གནས་དང་ཁོར་ཡུག དེ་བཞིན་ཆབ་སྲིད་ཀྱི་གནས་བབ་སོགས་ཀྱི་ཐོག་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བོད་དོན་ལྷན་ཚོགས་ཞིག་བསྐོང་ཚོགས་གནང་ཡོད།ཐེངས་འདིའི་མི་ལཱ་ནོ་ནང་བསྐོང་ཚོགས་གནང་བའི་བོད་དོན་ལྷན་ཚོགས་དེ་ གཙོ་བོ་ཨི་ཊ་ལི་ནང་པའི་མཐུན་ཚོགས་གཙོ་འགན་བཞེས་ཐོག་ཨི་ཊི་ལི་དང་བོད་མཛའ་འབྲེལ་ཚོགས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང། ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ཚོགས་པ། ཨི་ཊ་ལི་བོད་རིགས་ཚོགས་པ་བཅས་ཀྱི་མཐུན་འགྱུར་འོག་གོ་སྒྲིག་གནང་བ་ཞིག་ཆགས་ཀྱི་ཡོད་པ་རེད། ཉིན་གྲངས་གཉིས་རིང་གི་བོད་དོན་ལྷན་ཚོགས་དེ་དེང་དུས་བོད་ཀྱི་རིག་གནས་དང་བོད་ཀྱི་མཐོ་སྒང་གི་ཁོར་ཡུག་གནས་བབ། བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་བཅས་ཀྱི་ཐོག་བགྲོ་གླེང་གནང་ཕྱིར་དམིགས་པ་ཞིག་ཡིན་པ་རེད།བོད་དོན་ལྷན་ཚོགས་ཐོག་བོད་དོན་ཉམས་ཞིབ་པ་དང་ལས་འགུལ་བ། གསར་འགོད་པ། སྤྱི་ཚོགས་ཞབས་ཞུ་བ། ཤེས་ཡོན་ཅན། ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན། ཆབ་སྲིད་མི་སྣ་སོགས་གཙོ་ཞུགས་ཀྱིས་རྒྱ་ནག་གཞུང་གིས་དབང་བསྒྱུར་འོག་དེང་གི་དུས་སྐབས་སུ་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་གཞིས་ལུས་བོད་མིའི་དཀའ་སྡུག བོད་མཐོ་སྒང་གི་ཁོར་ཡུག་གནས་བབ། སྐྱབས་བཅོལ་བོད་མིའི་དཀའ་ངལ། དེ་བཞིན་རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་འོག་བོད་ནང་ བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་རྩ་མེད་བཟོ་བཞིན་པའི་ཉེན་འཚབ་རང་བཞིན་གནད་དོན་སོགས་ཀྱི་ཐོག་བགྲེ་གླེང་གནང་ཡོད། སྤྱིར་ཐེངས་འདིའི་བོད་དོན་ལྷན་ཚོགས་ཐོག་གཏམ་གཤད་གནང་མཁན་ཁོངས་སུ་ Eurac ཉམས་ཞིབ་ལྟེ་གནས་ཁང་གི་ཤེས་ཡོན་དང་སྦྱོང་བརྡར་ཚན་པའི་འགན་འཛིན་ Gunther  Cologna ལགས་དང་ཨི་ཊ་ལི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ། Luciano Nobilil ལགས། རྒྱལ་སྤྱིའི་ཁྲིམས་རྩོད་མཁས་དབང་། Michael van ལགས་དང། བཀའ་ཟུར་རྗེ་བཙུན་པདྨ་མཆོག ༸གོང་ས་མཆོག་གི་ཡོ་རོབ་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སཱི་ཤེས་ཡོན་སློབ་གསོའི་འབྲེལ་མཐུད་པ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས། དེ་བཞིན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཙོས་ཕྱི་ནང་གི་མང་ཚོགས་ ༢༠༠ ལྷག་འདུ་འཛོམས་གནང་འདུག ཕྱི་ཚེས་ ༡༢ སྟེ་སྐབས་དེའི་བོད་དོན་ལྷན་ཚོགས་ཀྱི་ཉིན་དང་པོའི་དབུ་འབྱེད་དང་འབྲེལ་ཏེ་ཨི་ཊ་ལི་ Milano ནང་དུ་༸གོང་ས་མཆོག་གི་༸སྐུའི་མཛད་རྣམ་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ Never Forget Tibet འམ་བོད་དུས་ནམ་ཡང་མ་བརྗེད་ཅེས་དངོས་བྱུང་གློག་བརྙན་དེ་ཕྱི་ནང་གི་གསར་འགོད་པ་དང་ཚོགས་བཅར་བ་ཚོར་གཟིགས་འབུལ་ཞུས་འདུག་པར་མ་ཟད་གློག་བརྙན་བཟོ་བསྐྲུན་གནང་མཁན་སྐུ་ཞབས་ Jean Paul Mertinez ལགས་དང་བཀའ་ཟུར་ལྷ་སྐུ་རྗེ་བཙུན་པདྨ་མཆོག་གཙོ་བཞུགས་ཐོག་གསར་འགོད་ལྷན་ཚོགས་བསྐོང་ཚོགས་གནང་འདུག

རྒྱ་ནག་གཞུང་ཚབ་པས་མེཀ་སི་ཀོ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བར་སྐྱོན་བརྗོད།

ཕྱི་ཟླ་ ༡༡ ཚེས་ ༨ ཉིན་མེཀ་སི་ཀོ་གྲོས་ཚོགས་ནང་སྐུ་ཞབས་ Salvador Caro Cabrera ལགས་ཀྱིས་མེཀ་སི་ཀོ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བའི་གསལ་བསྒྲགས་གནང་ཡོད་པ་དང་འབྲེལ་ཏེ་ཕྱི་ཚེས་ ༩ ཉིན་མེག་སི་ཀོའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་གཞུང་ཚབ་པས་མེག་སི་ཀོའི་གྲོས་ཚོགས་སུ་སླེབས་ཐབས་ཀྱིས་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་ལྷན་མཇལ་འཕྲད་ཞུས་ནས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བར་སྐྱོན་བརྗོད་བྱས་འདུགགནད་དོན་དེའི་ཐོག་གསལ་བཤད་དགོས་པ་དང་ གྲོས་ཚོགས་ཀྱི་ཚོགས་ཁང་ནང་རྒྱ་ནག་གི་རྒྱལ་དར་འཕྱར་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཡོད།ཉེ་ཆར་ཚེས་ ༩ ཉིན་མེཀ་སི་ཀོ་ནང་གི་རྒྱ་ནག་གཞུང་ཚབ་པ་གྲོས་ཚོགས་སུ་སླེབས་ཐབས་བྱས་ནས་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་ལྷན་མཇལ་འཕྲད་ཀྱིས་མེཀ་སི་ཀོ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བར་སྐྱོན་བརྗོད་དང་སྦྲགས་ཏེ། མེཀ་སི་ཀོ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་རྒྱ་ནག་གི་རྒྱལ་དར་འཕྱར་དགོས་པའི་དགོས་འདུན་བཏོན་པར་མ་ཟད། རྒྱ་ནག་གཞུང་གིས་བོད་རྒྱབ་སྐྱོར་གནང་རྒྱུའི་ཐོབ་ཐང་དང་རང་དབང་ཆ་ཚང་ལྡན་པའི་རང་དབང་ལུང་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་མི་སྒེར་བཅས་ཀྱི་རང་དབང་ལ་དམ་བསྒྲགས་བྱེད་ཐབས་སླད་མེཀ་སི་ཀོ་གྲོས་ཚོགས་ཀྱི་འགྲོ་ལུགས་ལ་བརྩི་མེད་བཏང་བ་ནི་བཟང་སྤྱོད་དང་མང་གཙོོའི་ལམ་ལུགས་དང་ཡོངས་སུ་རྒྱབ་འགལ་ཆགས་ཀྱི་ཡོད་པར་གསུངས་ཡོད།སྐུ་ཞབས་ Deputy Salvador Caro Cabrera མཆོག་གིས་རྒྱ་ནག་གཞུང་ཚབ་ཁང་གིས་ངོ་རྒོལ་སྐྱོན་བརྗོད་བྱས་པར་དགག་ལན་གནང་སྐབས་ཐེངས་འདིའི་མེག་སི་ཀོ་གྲོས་ཚོགས་ནང་མེག་སི་ཀོ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བའི་གནད་དོན་དེ་ནི་བོད་མི་མང་ཚོགས་ཀྱི་བཟང་ཕྱོགས་ཀྱི་རྒྱལ་ཁ་ཞིག་ཡིན་པ་དང་། ང་ཚོའི་ཤུགས་རྐྱེན་བརྒྱུད་ནས་རྒྱ་ནག་གི་མི་རིགས་རྩ་གཏོར་རང་བཞིན་ One China Policy འམ་རྒྱ་ནག་གཅིག་གི་སྲིད་བྱུས་དེ་མངོན་གསལ་བྱུང་ཡོད་པར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་ཆབས་ཅིག་ཏུ་བོད་རང་བཙན་ཞེས་གསུངས་འདུགརྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་གྱི་ཐོག་གནོན་ཤུགས་སྤྲད་པའི་གནད་དོན་སོགས་ད་རེས་ཐེངས་དང་པོ་མ་ཡིན་པར་དེ་སྔ་ལན་མང་བྱས་ཡོད་པའི་ཁྲོད་རྒྱ་ནག་གཞུང་གིས་རྒྱ་གར་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དགོང་ཚིགས་གསོལ་སྟོན་ཐོག་ལྷན་ཞུགས་གནང་བར་སྐྱོན་བརྗོད་བྱས་ཡོད་པ་དེ་ལྟར་ནའང་། རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་བའི་གནས་སྟངས་ཀྱང་བྱུང་མྱོང་ཡོད་པ་རེད།

དབྱིན་ཡུལ་སྐུ་ཚབ་དོན་གཅོད་ལྷན་ཞུགས་ཐོག་ལི་ཐུ་ནི་ཡའི་གྲོས་ཚོགས་ནང་བོད་དོན་ཉན་ཞིབ།

དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ལྷན་ཞུགས་ཐོག་ཡོ་རོབ་ Lithuania རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་དུ་བོད་དོན་སྐོར་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་འདུག་པ་དང་། སྐབས་དེར་སྐུ་ཚབ་དོན་གཅོད་ནས་ཡུལ་དེའི་གྲོས་ཚོགས་ནས་ལོ་རྒྱུས་ཐོག་བོད་འདི་རྒྱ་ནག་གི་ཆ་ཤས་མིན་པ་དང་། བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་སོགས་ཀྱི་ཐོག་ལ་གྲོས་ཆོད་གཏན་འབེབས་ཡོང་བའི་འབོད་སྐུལ་ཞུས་འདུགཉེ་ལམ་ཕྱི་ཚེས་ ༧ ཉིན་ཚོགས་པའི་བོད་དོན་ཉན་ཞིབ་ཀྱི་ལས་རིམ་དེའི་ཐོག་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Michael Van Walt Van Praag ལགས། དེ་བཞིན་ལི་ཐུ་ནི་ཡའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ Laima Andrikienė ལགས་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Andrius Navickas ལགས། དེ་བཞིན་འབྲེལ་ཡོད་ལས་བྱེད་སོགས་ལྷན་ཞུགས་གནང་འདུག སྐབས་དེར་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ལི་ཐུ་ནི་ཡ་དང་བོད་དོན་བར་གྱི་འབྲེལ་བ་དང་འབྲེལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་དང་། གོ་ལ་འདིའི་ནང་ཞི་བདེ་དང་མཉམ་གནས་དགོས་རྒྱུའི་གལ་གནད་སོགས་ཀྱི་ལམ་སྟོན་བཀའ་སློབ་ཁག་ལ་ལི་ཐུ་ནི་ཡའི་མི་མང་རྣམས་ནས་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ནས་ཀྱང་ལི་ཐུ་ནི་ཡས་རང་དབང་དང་། མང་གཙོ། དེ་བཞིན་དྲང་བདེན་སོགས་སྲུང་སྐྱོབ་ཐད་ལ་བཅངས་པའི་སྙིང་སྟོབས་ལ་རྟག་ཏུ་སྔགས་བརྗོད་མཛད་ཀྱི་ཡོད་པ་གསུངས་འདུགད་ལྟའི་ཆར་ཞི་ཅིན་ཕིང་གི་དབང་སྒྱུར་འོག་མི་རིགས་གཅིག རིག་གཞུང་གཅིག སྐད་ཡིག་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར་འོག་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཉམས་དམས་སུ་འགྲོ་བཞིན་པའི་གནས་སྟངས་ངོ་སྤྲོད་དང་འབྲེལ། རྒྱ་དམར་གཞུང་གིས་བོད་རྒྱ་འགྱུར་གྱི་སྲིད་བྱུས་དེའི་བརྒྱུད་ནས་བོད་ནང་ལོ་ན། ༦ ནས་ ༡༨ བར་གྱི་ཕྲུ་གུ་རྣམས་བཅའ་སྡོད་སློབ་གྲྭར་བཅུག་གི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༠ ལོར་དེ་འབྲེལ་སྙན་ཐོ་ཞིག་ཀྱང་འདོན་སྤེལ་གནང་ཡོད་པ་དེའི་ནང་བོད་ཕྲུག་བརྒྱ་ཆ་ ༧༨ ལྷག་རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་བཏང་སྟེ་རྒྱ་ནག་གིས་བཟོས་པའི་བཅའ་སྡོད་སློབ་གྲྭར་བཅུག་ཡོད་པ་འགྲེལ་བརྗོད་གནང་འདུགལྷག་པར་དུ་ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་ལ་བཙན་དབང་ཐོག་བོད་མིའི་གཟུངས་ཁྲག་ནས་ DNA རིགས་རྫས་མཁོ་སྒྲུབ་ཇེ་ཆེར་བྱེད་བཞིན་པའི་གནས་ཚུལ་སྐོར་དང་། ཕྱོགས་ཡོངས་ནས་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་གཙོས་པའི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་གཏོང་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། ཐེངས་འདིའི་ཉན་ཞིབ་ལས་རིམ་བརྒྱུད་ Lithuania རྒྱལ་ཁབ་ཀྱི་གྲོས་ཚོགས་ངོས་ནས་ལོ་རྒྱུས་ཁྲོད་བོད་འདི་རྒྱ་ནག་གི་ཆ་ཤས་མིན་པ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སོགས་ཀྱི་ཐད་ལ་གྲོས་ཆོད་ཞིག་ངེས་པར་དུ་གཏན་འབེབས་ཡོང་བའི་འབོད་སྐུལ་ཞུས་ཡོད།གཞན་ཡང་སྐབས་དེར་སྐུ་ཞབས་ Michael Van Walt Praag ལགས་ཀྱིས་དེང་གི་དུས་སུ་རྒྱལ་སྤྱིའི་སྲིད་གཞུང་མང་པོས་རྒྱ་ནག་གཞུང་ལ་ངོ་སྲུང་དང་བསྟུན་མཁས་བྱས་ཏེ་བོད་ཀྱི་གནད་དོན་ཐོག་གླེང་སློང་གནང་རྒྱུར་འཛེམས་ཟོན་བྱེད་བཞིན་པ་དེ་ནི། རྒྱ་ནག་གཞུང་གི་བོད་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་པ་ཞིག་མཚོན་གྱི་ཡོད་པ་སོགས་འགྲེལ་བརྗོད་དང་། ང་ཚོས་བོད་ཀྱི་བདེན་པའི་གནས་ཚུལ་འདི་ཉིད་སྣང་མེད་སྐྱུར་འཇོག་བྱ་རྒྱུ་མེད་ཅིང་། བོད་འདི་བཞིན་རྒྱ་ནག་གི་མི་ལོ་ ༧༠ རིང་ལ་ཁྲིམས་མཐུན་གྱི་དབང་སྒྱུར་ཡིན་ལུགས་བཤད་པ་དེར་གདོང་ལེན་མ་བྱེད་པར་གནས་ཐབས་མེད་པ་མ་ཟད། ཁྲིམས་འགལ་གྱིས་དབང་སྒྱུར་བྱེད་པ་དེ་དག་ནམ་ཡང་ཁྲིམས་མཐུན་གྱི་གནས་བབ་ཆགས་ཐབས་མེད་པ་རེད་སོགས་གསུངས་འདུགདེ་བཞིན་ལི་ཐུ་ནི་ཡའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ལྕམ་སྐུ་ Laima Andrikienė ལགས་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Andrius Navickas ལགས་ནས་ཀྱང་བོད་ཀྱི་གནད་དོན་ཐོག་ལ་ཐུགས་འཚབ་ཀྱི་རྣམ་པ་དང་། རྒྱ་གཞུང་གིས་བོད་ནང་ལས་བསྟར་བྱེད་བཞིན་པའི་སྲིད་བྱུས་དང་བྱ་སྤྱོད་ཁག་ཁྲིམས་འགལ་ཡིན་པ་སོགས་ཀྱི་གསུང་བཤད་གནང་ཡོད།ཕྱོགས་མཚུངས་ཁ་སང་ཕྱི་ཚེས་ ༡༣ ཉིནབོད་དོན་རྒྱབ་སྐྱོར་བ་དང་རྒྱལ་སྤྱིའི་ཁྲིམས་དོན་མཁས་པ་སྐུ་ཞབས་མ་ཡི་ཀེལ་ཝན་ཝལ་ཊ་ཝན་པ་རག་ Michael van Walt van Praag ལགས་སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་ Brussels དུ་ཉིན་གྲངས་གཅིག་རིང་ཆེད་ཕེབས་ཀྱིས་ཡུ་རོབ་དང་སྦེལ་ཇམ་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་སྟེ། ཡུ་རོབ་དང་སྦེལ་ཇམ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ལྷན་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཁྲིམས་ཐོག་ནས་ལྟ་སྟངས་དང་། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལའང་འགན་ཡོད་པ་སོགས་ཀྱི་ཐོག་ལ་གྲོས་བསྡུར་གནང་འདུག

Latest news