Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

འཕྲུལ་རིག་བཟོ་མཁན་ཚོས་འགྲོ་བ་མིའི་དགོས་མཁོ་དང་ཁེ་ཕན་ལ་དགོངས་པ་བཞེས་དགོས།  

དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་ལྷན་ཚོགས་སྟེང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཁྱབ་སྤེལ་དང་འཕྲུལ་རིག་གི་གལ་གནད་ཐོག་བཀའ་བསྡུར་གནང་སྟེ་ཉིན་གཉིས་ཀྱི་བགྲོ་གླེང་ལྷན་ཚོགས་མཇུག་སྒྲིལ་གནང་བ་དང་། མགོན་པོ་༸གང་ཉིད་མཆོག་གིས་འཕྲུལ་རིག་གལ་ཆེའི་ཐོག་བཀའ་ལན་མཛད་སྐབས་འཕྲུལ་རིག་བཟོ་མཁན་ཚོས་འགྲོ་བ་མིའི་དགོས་མཁོ་དང་ཁེ་ཕན་ལ་དགོངས་པ་བཞེས་དགོས་གལ་ཡིན་པར་ལམ་སྟོན་མཛད་ཡོད།དེ་རིང་སྔ་དྲོར་ཨ་རི་དང་ཡུ་རོབ་ཀྱི་སེམས་དང་སྲོག་ལྟེ་གནས་ཁང་མཉམ་སྦྲེལ་གྱིས་གོ་སྒྲིག་འོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཚོགས་པའི་སེམས་དང་སྲོག་གི་ལྷན་ཚོགས་ལ་སེམས་དང་སྲོག་གི་ཚོགས་པའི་ཚོགས་མི་གཙོས་ཚན་རིག་པ་སོགས་ནས་མཉམ་ཞུགས་གནང་བའི་ཁྲོད་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚན་རིག་པ་ཚོས་ཤེས་པའི་སྐོར་ཉམས་ཞིབ་དེ་ཙམ་གནང་མེད་པ་དང་ཤེས་པ་ཟེར་སྐབས་ང་ཚོས་ཀླད་པ་ཟེར་ནས་གོ་བ་ལེན་གྱི་ཡོད་ཀྱང་། དཔེ་མཚོན་གསལ་ཤོས་ནི་མགོན་པོ་༸གང་ཉིད་མཆོག་དགུང་ལོ་བགྲེས་པོར་ཕེབས་ཡོད་ཀྱང་ཐུགས་གཞོན་དུ་འགྲོ་གྱི་ཡོད་པ་དང་། སེམས་དེ་རང་དབང་ཅན་ཞིག་ཡིན་སྟབས་ཚན་རིག་པ་ཚོས་སེམས་དང་ཤེས་པར་ཉམས་ཞིབ་མང་ཙམ་གནང་ཐུབ་ཚེ་དགེ་མཚན་ཆེན་པོ་ལྡན་ཡོད་སྐོར་བཀའ་སྩལ་སོང་།དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བྱིས་པ་མཚེ་མ་ལྟ་བུར་ཤེས་པའི་ཆ་ནས་མི་འདྲ་བ་ཡོང་གི་ཡོད་སྟབས་ལུས་པོ་ལས་གཞན་པའི་རྣམ་པར་ཤེས་པ་ཡོད་པ་གསལ་པོ་ཡིན་སྐོར་བཀའ་སྩལ་བ་དང་སྦྲགས། ཤེས་པ་དང་ཀླད་པའི་དབར་ཁྱད་པར་གང་ཡོད་མེད་ཚོགས་བཅར་བར་མར་བཀའ་འདྲི་མཛད་པར་ཀླད་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ Richard Davidson ལགས་ཀྱིས་ཚན་རིག་གི་ཐོག་ནས་ད་བར་རྣམ་ཤེས་ཀྱི་རང་བཞིན་གང་ཡིན་འགྲེལ་བརྗོད་གསལ་པོ་ཞིག་ཞུ་ཐུབ་ཀྱི་མེད་སྐོར་སྙན་སེང་ཞུས་ཡོད།དེ་རིང་ཉིན་གཉིས་པའི་ཐོག་ Basque གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ Hanne De Jaegher ལགས་དང་། Dublin གཙུག་ལག་སློབ་གཉེར་ཁང་གི་ Abeba Birhane ལགས་རྣམ་གཉིས་ཀྱིས་གསུང་བཤད་གནང་བའི་ཁྲོད་མི་ཕན་ཚུན་དབར་འབྲེལ་བ་བྱེད་སྟངས་ཐད་ཞིབ་འཇུག་གནང་མཁན་ Hanne De Jaegher ལགས་ཀྱིས་༸གོང་ས་མཆོག་ལ་མི་ཕན་ཚུན་འབྲེལ་བ་བྱེད་སྐབས་ཕན་ཚུན་ཐ་དད་ཡིན་པའི་ངོས་འཛིན་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་དམ་ཞེས་བཀའ་འདྲི་དགོངས་སྐོར་ཞུས་པར་༸གོང་ས་མཆོག་གིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་རྒྱུ་ནི་ཆེས་གནད་ཆེ་ཡིན་པ་དང་། རྒྱལ་ཁབ་མི་འདྲ་བ་དང་ལམ་ལུགས་མི་འདྲ་བ་ཟེར་བ་རྣམས་མིས་བཟོས་པ་ཞིག་དང་ང་ཚོ་ཚང་མ་སྐྱེས་པ་དང་འཚར་ལོངས་བྱུང་བ་གཅིག་མཚུངས་རེད། སློབ་གྲྭར་ཞུགས་པའི་སྐབས་དང་མིས་བཟོས་པའི་ལམ་ལུགས་སོགས་ལ་བརྟེན་ནས་དབྱེ་འབྱེད་ཀྱི་བསམ་བློ་དེ་དག་རིམ་པས་ཡོང་གི་ཡོད་སྟབས། ང་ཚོ་ཕན་ཚུན་དབར་དབྱེ་འབྱེད་གནང་དྲག་ན་ཕན་ཚུན་བཀའ་མོལ་གནང་སའི་གཞི་རྩ་མེད་པ་ཆགས་ཉེན་ཡོད་པར་ལམ་སྟོན་སྩལ་ཡོད།སྐབས་དེར་ Hanne De Jaegher ལགས་ཀྱིས་༸གོང་ས་མཆོག་གིས་བཀའ་ལན་ལ་མོས་མཐུན་ཡོད་ཅེས་ཞུས་པ་དང་སྦྲགས་མགོན་པོ་༸གང་ཉིད་མཆོག་གིས་བཀའ་སྩལ་བ་དེ་དག་ད་ལྟའི་དུས་རབས་འདིར་ཆེས་ཉེར་མཁོ་ཆགས་ཡོད་པ་དང་མི་མང་རྣམས་ཀྱིས་ཀྱང་དེར་གསན་འཇོག་གནང་བའི་རེ་བ་ཡོད་ཅེས་གསུངས་སོང་། Dublin གཙུག་ལག་སློབ་གཉེར་ཁང་གི་ Abeba Birhane ལགས་ཀྱིས་འཕྲུལ་རིག་གི་ཤུགས་རྐྱེན་སྐོར་འགྲེལ་བརྗོད་དང་འབྲེལ་ཏེ་ཁོང་གིས་འཕྲུལ་ཆས་གསར་པའི་རིགས་དེ་དག་གིས་ཁྱབ་ཚད་ཤུགས་ཆེ་ཡོད་པའི་ཁྲོད་འདིར་ཚོང་ལས་ཁང་ཆེན་པོ་ཚོས་དེས་ཁེ་ཕན་རྣམས་ལེན་ཀྱང་ཕྱོགས་གཞན་ཞིག་ནས་དེས་གནོད་མང་པོ་སྐྱེལ་གྱི་ཡོད་སྐོར་སྙན་སེང་ཞུས་པ་དང་ཆབས་ཅིག་བཀའ་འདྲི་དགོངས་སྐོར་ཞུས་པར་༸གོང་ས་མཆོག་གིས་འཕྲུལ་ཆས་འདྲ་མིན་ག་ཚོད་ཡོད་ཀྱང་བེད་སྤྱོད་གནང་མཁན་ལ་རག་ལས་ཀྱི་ཡོད་པ་དང་ང་ཚོ་འགྲོ་བ་མི་རྣམས་འཕྲུལ་ཆས་ཀྱི་བྲན་གཡོག་མིན་སྐོར་བཀའ་ལན་སྩལ་སོང་།  Abeba Birhane ལགས་ཀྱིས་ད་དུང་འཕྲུལ་རིག་གི་ཚོང་ལས་ཁང་མང་པོས་དངུལ་ཁོ་ན་བཟོ་རྒྱུར་དམིགས་པ་མ་གཏོགས་སྤྱི་ཚོགས་ཞབས་ཞུ་དང་དྲང་བདེན་གྱི་ཐོག་ནས་དགོངས་པ་བཞེས་མཁན་དཀོན་པོ་འདུག་ཅེས་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་གིས་དེར་ངོས་རང་མོས་མཐུན་ཡོད། འགྲོ་བ་མིའི་རིན་ཐང་དེ་རིམ་པ་གཉིས་པར་བཞག་ཏེ་དངུལ་གཙོ་བོར་ངོས་འཛིན་པ་དེ་ཕྱིའི་དངོས་པོར་དོ་སྣང་ཤུགས་ཆེ་བའི་རྐྱེན་གྱིས་ཡོང་གི་ཡོད་པ་དང་། ང་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་གཞི་རྩའི་འགྲོ་བ་མིའི་རིན་ཐང་ལ་སྣང་མེད་དུ་འཇོག་རྒྱུ་མེད་ཅེས་དང་འཕྲུལ་རིག་བཟོ་མཁན་ཚོས་འགྲོ་བ་མིའི་དགོས་མཁོ་དང་ཁེ་ཕན་ཆེད་དགོངས་བཞེས་གནང་གལ་ཡིན་པར་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་ཡོད།སེམས་དང་སྲོག་གི་ལྷན་ཚོགས་ཐོག་བཀའ་འདྲི་དགོངས་སྐོར་ཞུས་ཟིན་པའི་རྗེས་ལ། ༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་བཙན་བྱོལ་བ་ཅིག་ལ་ཆགས་ཡོད་པ་དང་། འོན་ཀྱང་མགོན་པོ་མཆོག་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་གཞན་དང་མཇལ་འཕྲད་སྐབས་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་དང་། ལྷག་པར་གཞིས་བཞུགས་བོད་མི་ཚོས་མགོན་པོ་༸གང་ཉིད་མཆོག་གི་མཛའ་གྲོགས་རྣམས་བོད་ཀྱི་གྲོགས་པོར་ངོས་འཛིན་གནང་གི་ཡོད། བོད་མིར་ཆ་མཚོན་ན་གཉན་འཕྲང་གི་དུས་ཚོད་འདི་ལྟ་བུའི་ནང་ལྷུང་ཡོད་ཀྱང་ང་ཚོར་དྲང་བདེན་ཡོད་སྐོར་བཀའ་སྩལ་མཛད་པའི་ཐོག་ནས་ཐེངས་འདིའི་སེམས་དང་སྲོག་གི་ལྷན་ཚོགས་རེ་ཞིག་མཇུག་སྒྲིལ་ཡོད།

བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་ནང་ཕྱི་རྒྱལ་ཁག་གི་བོད་མི་སྟོང་ཕྲག་ཉི་ཤུ་ལྷག་མ་གཏོགས་མཉམ་ཞུགས་གནང་མི་འདུག

སྐབས་བཅུ་དྲུག་པའི་བཀའ་ཤག་གིས་བཙན་བྱོལ་ནང་གི་བོད་མིའི་གྲངས་འབོར་ཇི་ཡོད་ཚད་ལྡན་ཤེས་ཐབས་སུ་དམིགས་ཏེ་འདི་ལོའི་ཕྱི་ཟླ་ ༧ པ་ནས་བཟུང་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་གྱི་ལས་དོན་ཞིག་དབུ་འཛུགས་གནང་ཡོད་པ་ལྟར། ཕྱི་རྒྱལ་ཁག་ཏུ་གནས་བཞུགས་བོད་མིའི་ཁྲོད་ནས་ད་བར་ལས་དོན་དེའི་ནང་མཉམ་ཞུགས་གནང་མཁན་བོད་མི་སྟོང་ཕྲག་ཉི་ཤུ་ལྷག་ཙམ་མ་གཏོགས་བྱུང་མི་འདུག དེ་རིང་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ཁག་བཅུ་དང་པེ་རིས་འབྲེལ་མཐུད་ལས་ཁུངས་བཅས་ཀྱི་ཁྱབ་ཁོངས་ས་གནས་ཁག་ཏུ་གནས་བཞུགས་བོད་མིའི་གྲངས་ཐོ་འབྱོར་བ་དང་ལྷག་བསྡད་བཅས་ཀྱི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་གནང་སོང་བ་དང་། སྐབས་དེར་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཨོ་སི་ཊོ་ལི་ཡ་དང་ཐེ་ཝན། སུད་སི། བྱང་ཨ་རི། ཉི་ཧོང་། དབྱིན་ཡུལ། བྷེལ་ཇེམ། རུ་སོག།ལྷོ་ཨ་ཕི་རི་ཀ། ལྷོ་ཨ་མི་རི་ཀ། དེ་བཞིན་སྦར་ཛལ་བཅས་སྐུ་ཚབ་དོན་གཅོད་བཅུ་དང་པེ་རིས་འབྲེལ་མཐུད་ལས་ཁུངས་བཅས་ཀྱི་ཁྱབ་ཁོངས་འོག་ཁྱོན་མི་འབོར་ ༥༢༡༧༠ ཡོད་པའི་ཁོངས་ནས་ཐེངས་འདིའི་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་གྱི་ལས་དོན་ནང་བོད་མི་ ༢༢༠༥༩ ཡིས་མཉམ་ཞུགས་གནང་འདུག་པ་དང་། མཉམ་ཞུགས་གནང་མ་ཐུབ་པའམ་མཉམ་ཞུགས་མ་གནང་བ་བོད་མི་ ༣༠༡༡༡ ཆགས་ཀྱི་ཡོད་པ་གསལ་བསྒྲགས་གནང་སོང་། ཀརྨ་ཆོས་དབྱིངས་ལགས་ཀྱིས་གསལ་བསྒྲགས་གནང་བའི་གྲངས་ཐོ་ནང་གསལ་ལྟར་ན་སུད་སི་ལྟ་བུ་ནང་གྲངས་བཤེར་ལས་དོན་ནང་མཉམ་ཞུགས་གནང་མ་ཐུབ་པའམ་མཉམ་ཞུགས་མ་གནང་བ་བོད་མི་ ༤༠༠༠ ལྷག་དང་། བྱང་ཨ་རིའི་ནང་ ༡༤༠༠༠ ལྷག། དེ་བཞིན་པེ་རིས་ནང་ ༥༦༠༠ ལྷག སྦེལ་འཇམ་ནང་བོད་མི་ ༤༠༠༠ ལྷག་བཅས་ནས་མཉམ་ཞུགས་གནང་མེད་པ་དང་། ད་ལྟའི་ཆར་ཨ་རི་ནང་གི་ས་གནས་ཆུང་ཁག་བཞི་ཙམ་གྱི་མི་འབོར་གྲངས་ཐོ་ཆ་ཚང་བ་རག་མེད་པ་རེད། སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ཟླ་ ༩ པའི་གྲོས་ཚོགས་ནང་རྒྱ་གར་དང་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་ཁྲོད་བོད་མི་སྟོང་ཕྲག་བདུན་ཅུ་དོན་གསུམ་ལྷག་དང་འགེངས་ཤོག་མ་དགང་བ་ལྔ་སྟོང་ལྷག་ཆགས་ཡོད་པ་གསུངས་ཡོད། ཀརྨ་ཆོས་དབྱིངས་ལགས་ཀྱིས་དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་ཐེངས་འདིའི་གྲངས་བཤེར་གྱི་ལས་དོན་ནི་མི་འབོར་གྲངས་བཤེར་ལས་མི་འབོར་ཞིབ་བཤེར་མིན་པར་བསྐྱར་ནན་གནང་བ་དང་སྦྲགས། སྤྱིར་གྲངས་བཤེར་གྱི་ལས་དོན་ནང་མཉམ་ཞུགས་གནང་མི་གནང་བོད་མི་སྒེར་སོ་སོའི་ཐུགས་འདོད་ཡིན་པ་དེ་ལྟར་ཡང་། དེའི་ནང་བོད་མི་ཡོངས་ནས་མཉམ་ཞུགས་གནང་ཐུབ་ཚེ་འཛིན་སྐྱོང་ནས་མ་འོངས་འཆར་གཞི་དང་ལས་དོན་ཆེད་ཁྱད་པར་འགྲོ་ངེས་ཡིན་སྐོར་གསུངས་པ་དང་འབྲེལ། ལས་དོན་དེ་ད་ལྟ་མུ་མཐུད་ནས་འགྲོ་རྒྱུ་ལས་གྲངས་ཐོ་བསྡུ་རྒྱུ་ལྷག་བསྡད་རྣམས་ལ་གོ་སྐབས་མེད་པ་ཞིག་མིན་པས་ས་གནས་སོ་སོའི་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་བརྒྱུད་འགེངས་ཤོག་བཞེས་རྒྱུ་ཡོད་ལ། སྒྲིག་འཛུགས་ཀྱི་ངོས་ནས་བོད་མི་རྣམས་ལ་མཉམ་ཞུགས་གནང་རོགས་ཞེས་འབོད་སྐུལ་གནང་ཡོད། གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱིས་ད་བར་ཕྱི་ལོ་ ༡༩༩༨ དང་།  ༢༠༠༨ དེ་བཞིན་ ༢༠༡༨ བཅས་ལོ་ཚིགས་སོ་སོར་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཐེངས་གསུམ་གནང་ཡོད་པ་རེད།

དབྱིན་ཡུལ་གྱི་ཕྱི་འབྲེལ་སྲིད་བྱུས་ནང་རྒྱ་ནག་དེ་ཉེན་ཁར་ངོས་འཛིན་གནང་རྒྱུ།

དབྱིན་ཡུལ་གྱིས་རྒྱ་ནག་དེ་དཔལ་འབྱོར་དང་འཕྲུལ་ལས་རིག་པའི་ཐོག་ནས་རྒྱལ་སྤྱིའི་བདེ་འཇགས་དང་། ལྷག་པར་དུ་ཁུལ་དེའི་བདེ་འཇགས་སོགས་ཀྱི་ཐད་ལ་ཉེན་ཁ་ཆེན་པོ་ཞིག་ཏུ་ངོས་འཛིན་གྱིས་སྐྱོན་བརྗོད་དང་བློ་འཚབ་ཀྱི་རྣམ་པ་ཤུགས་ཆེར་མངོན་གསལ་གནང་འདུག ཁ་སང་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། GCHQ Government Communications Headquarters ཞེས་དབྱིན་ཡུལ་གྱི་གསང་བ་ལས་ཁུངས་ཀྱི་གཙོ་འཛིན་སྐུ་ཞབས་ Jeremy Fleming ལགས་ཀྱིས་རྒྱ་ནག་གི་སྟོབས་ཤུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཞེད་སྣང་ཁྲོད་ནས་དེ་འབྲེལ་ལས་དོན་མང་པོ་ཞིག་སྤེལ་བཞིན་ཡོད་པར་བརྟེན་ང་ཚོར་ཉེན་ཁ་ཆེན་པོ་ཆགས་ཡོད་པ་དང་། རྒྱ་ནག་དམར་པོའི་གཞུང་གིས་རྒྱལ་སྤྱིའི་ཁྲོད་འཕྲུལ་རིག་ཁོར་ཡུག་གི་ཐབས་བྱུས་ཐོག་ཁེ་ཕན་རྩོད་རྒྱུའི་འདོད་པ་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། འཕྲུལ་རིག་ཐོག་ནས་རྒྱལ་སྤྱིའི་བདེ་འཇགས་དང་ལྷག་པར་དུ་ཁུལ་དེའི་བདེ་འཇགས་སོགས་ཀྱི་ཐད་ལ་ཉེན་ཁ་ཆེན་པོ་ཞིག་ཏུ་ངོས་འཛིན་གྱིས་སྐྱོན་བརྗོད་དང་བློ་འཚབ་ཀྱི་རྣམ་པ་ཤུགས་ཆེར་མངོན་གསལ་གནང་འདུག ཁོང་གིས་དབྱིན་ཡུལ་གྱི་ཕ་མ་རྣམས་ཀྱིས་རང་ཉིད་ཀྱི་ཕྲུ་གུ་རྣམས་ནས་རྒྱ་ནག་གིས་བཟོས་པའི་ Tiktok བརྙན་ཆས་སྤྱོད་རྒྱུ་ཐད་ལ་དགོངས་བཞེས་གནང་དགོས་སྐོར་དང་། དེ་བཞིན་རྒྱ་ནག་གི་ངོས་ནས་འཇིགས་སྐུལ་དང་བཙན་ཤུགས་ཁྲོད་རྒྱལ་ཁབ་གཞན་རྣམས་རྩོད་ཟླའི་ངོ་བོ་དང་། ཡང་ན་ཚོང་རོགས་ཀྱི་ངོ་བོར་ལྟ་ཡི་ཡོད་པར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་རང་དབང་མང་གཙོའི་ལམ་ལུགས་ཀྱི་སྤྱི་ཚོགས་ལ་འཕྲུལ་རིག་བརྒྱུད་ནས་བཙན་ཤུགས་སྤེལ་བཞིན་པར་སྐྱོན་བརྗོད་ནན་པོ་གནང་ཡོད། དེ་བཞིན་ཁུལ་དེའི་རྙིང་ཞེན་ཚོགས་པའི་འཐུས་མི་སྐུ་ཞབས་ Iain Duncan Smith ལགས་ཀྱིས་དབྱིན་ཡུལ་ནས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་དམ་པོ་དེ་དུས་ཐོག་ལ་ལག་བསྟར་གནང་ཐུབ་མེད་སྐོར་འགྲེལ་བརྗོད་གནང་སྟེ། ང་ཚོའི་འཚོ་བའི་ཁྲོད་ལ་རྒྱ་ནག་དེ་ཇི་ཙམ་ཉེན་ཁ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་ངོས་འཛིན་ཐུབ་དགོས་གལ་དང་། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱེད་བཞིན་སྐབས་ཡུཀ་རེན་གྱིས་དེར་གདོང་ལེན་གང་འདྲ་གནང་བ་ལྟར་ང་ཚོས་ཀྱང་རྒྱ་ནག་ལ་དེ་ལྟ་བུའི་གདོང་ལེན་གནང་བའི་དུས་ལ་བབས་ཡོད་སྐོར་གསུངས་འདུག དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་རྒྱ་ནག་ནག་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སྐུ་ཞབས་ Luke de Pulford ལགས་ཀྱིས་ཀྱང་རྒྱ་ནག་དེ་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ཆེད་ཉེན་ཁ་ཆེན་པོ་ཆགས་ཡོད་པ་ལྟར་ད་བར་འདི་ཕྱོགས་ནས་རྒྱ་ནག་ལ་གདོང་ལེན་གནང་མེད་པ་དེ་ལྟར་ཡང་ད་ཆ་རིམ་བཞིན་གཉིད་སད་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་འདུག The Sun ཞེས་པའི་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་དབྱིན་ཡུལ་གྱི་སྲིད་བློན་ལྕམ་སྐུ་ Liz Truss མཆོག་གིས་ཟླ་བ་སྔོན་མར་རྒྱ་ནག་ཐོག་གི་བཞེངས་ཕྱོགས་ལ་བསྐྱར་ཞིབ་ཀྱིས་དེ་ལས་དམ་པ་གནང་རྒྱུའི་གྲ་སྒྲིག་གནང་བཞིན་ཡོད་སྐོར་དང་། རིང་མིན་བསྐྱར་ཞིབ་རྗེས་མའི་ནང་རྒྱ་ནག་དེ་དབྱིན་ཡུལ་ལ་ཉེན་ཚབས་གང་འདྲ་ཆགས་ཡོད་པ་གསལ་བཟོ་གནང་གི་ཡོད་སྐོར་བཀོད་འདུག

བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སེམས་དང་སྲོག་གི་ལྷན་ཚོགས་དབུ་འཛུགས།

དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཉིན་གྲངས་གཉིས་རིང་གི་སེམས་དང་སྲོག་གི་ལྷན་ཚོགས་དབུ་འཛུགས་གནང་སོང་།དེ་རིང་སྔ་དྲོ་སེམས་དང་སྲོག་བསྟི་གནས་ཁང་གི་གོ་སྒྲིག་འོག་ཚོགས་པའི་ཐེངས་འདིའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་བསྟི་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་༸སྐུའི་དབྱིན་སྐད་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། ཚོགས་གཙོ་ Susan Bauer-Wu  ལགས། ཀླད་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ Richard Davidson དེ་བཞིན་ཡོ་རོབ་ཁུལ་གྱི་སེམས་དང་སྲོག་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ Amy Cohen Verela ལགས་སོགས་ལྷན་ཞུགས་གནང་སོང་། ལྷན་ཚོགས་ཐོག་མགོན་པོ་༸གང་ཉིད་མཆོག་གིས་ད་བར་སེམས་དང་སྲོག་གི་ཚོགས་འདུ་ཐེངས་འགའ་ཚོགས་ཡོད་པ་དང་དེ་གནད་འགག་ཆེན་པོ་ཆགས་ཡོད་པ། ང་ཚོས་ཕྱིའི་དངོས་པོར་དོ་སྣང་ཤུགས་ཆེར་གནང་གི་ཡོད་ཀྱང་སེམས་ཀྱི་རྣམ་གཞག་ཐོག་ལ་དེ་ཙམ་དོ་སྣང་གནང་གི་མེད་། འོན་ཀྱང་སེམས་ལ་བདེ་སྡུག་གི་ཚོར་བ་ཡོང་རྒྱུ་དེ་ཤེས་པར་ཐུག་ཡོད་སྟབས་ནང་ཤེས་པ་དེ་ཞི་བདེ་བག་ཕེབས་མེད་ཚེ་དངོས་པོ་ཡར་རྒྱས་ཇི་ཙམ་ཕྱིན་ཀྱང་ཕན་ཐོགས་མེད་པ་དང་འཛམ་གླིང་ནང་དམག་འཁྲུག་གིས་མཚོན་པའི་དཀའ་ངལ་མང་པོ་ཞིག་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པའི་དབང་གིས་ཡོང་གི་ཡོད་སྐོར་བཀའ་སྩལ་སོང་།དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ང་ཚོས་འབྱུང་འགྱུར་དེ་འདས་པའི་ཉམས་མྱོང་ལ་བརྟེན་ནས་སློབ་གསོ་ལེན་དགོས་པ་དང་སྒོས་འབྱུང་འགྱུར་གྱི་འཛམ་གླིང་དེ་བདེ་སྐྱིད་ལྡན་པའི་ཁོར་ཡུག་ཞིག་བསྐྲུན་པར་འབད་དགོས་པ་དང་བདེ་སྐྱིད་ཀྱི་རྩ་བ་ནི་སེམས་ཀྱི་ཞི་བདེ་དང་སེམས་ཀྱི་ཞི་བདེའི་རྩ་བ་ནི་བྱམས་བརྩེ་ཡིན་པར་བཀའ་སྩལ་ཡོད།ཤེས་ཡོན་གྱི་སྡེ་ཁག་ནང་སེམས་ཀྱི་ཞི་བདེ་སྐོར་ལ་སློབ་ཁྲིད་གནང་གལ་གཟིགས་ཀྱི་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ་ཏེ་ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ཁག་ཅིག་དང་ལྷན་བཀའ་བསྡུར་མཛད་རྒྱུ་ཡིན་ཞེས་བཀའ་སྩལ་སོང་།ཐེངས་འདིའི་ལྷན་ཚོགས་ཀྱི་བརྗོད་གཞི་ནི་ Interdependence, Ethics, and Social Networks ཞེས་རྟེན་འབྲེལ་ལྟོས་གྲུབ་དང་། མི་ཆོས་དང་སྤྱི་ཚོགས་ཀྱི་འབྲེལ་བ་ཞེས་པ་ཆགས་ཀྱི་ཡོད་པ་དང་། དེ་རིང་ཉིན་དང་པོའི་བརྗོད་གཞི་དེ་འབྲེལ་བཀའ་བསྡུར་སྐབས་ཧ་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ Joseph Henrich ལགས་ཀྱིས་འགྲོ་བ་མི་རྣམས་ཀྱིས་དུད་འགྲོ་དང་མི་འདྲ་བར་མི་རབས་གཅིག་གི་ཐོག་ཤེས་པའི་བློ་བསྐྱེད་དང་གོམས་གཤིས། རིག་གཞུང་དེ་དག་མི་རབས་གཅིག་ནས་གཅིག་ལ་རྩིས་སྤྲོད་ཀྱི་ཡོད་སྟབས་མིའི་ཤེས་ཡོན་དེ་ཕྱུག་པོ་ཆགས་ཀྱི་ཡོད་པར་གསུངས་པ་དང་།  སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་གོ་ལའི་ཚ་གྲོད་ཀྱི་གནད་དོན་གླེང་སྟེ་འཛམ་གླིང་འདིར་གོ་ལའི་ཚ་དྲོད་ཀྱི་དཀའ་ངལ་འཕྲད་བཞིན་པ་དང་ནང་པའི་གཞུང་ནས་མེ་ཆུ་རླུང་གི་འཇིགས་པ་ཞེས་གསུངས་ཡོད་པ་ལྟར་ད་ཆ་མེའི་འཇིགས་པ་ཡོང་གི་ཡོད་པ་ལྟ་བུ་ཞིག་འདུག་ཅེས་བཀའ་སྩལ་མཛད་དེ་ཆོས་ལུགས་དང་རྒྱལ་ཁབ་ཀྱི་དོན་དུ་རྩོད་ཚེ་དེ་ནི་ཕན་མེད་རེད་ཅེས་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་ཡོད།གཞི་རྩའི་སེམས་དང་སྲོག་གི་བསྟི་གནས་ཁང་ནི་ཕྱི་ལོ་ ༡༩༨༧ ལོར་གསར་འཛུགས་གནང་བ་ནས་བཟུང་རྒྱལ་སྤྱིའི་ཚན་རིག་མཁས་པ་དང་ཤེས་ལྡན་མི་སྣ། དེ་བཞིན་ནང་པའི་ལྟ་གྲུབ་མཁས་པ་ཚོའི་དབར་ཕྱི་ནང་གི་ཤེས་ཡོད་བརྗེ་ལེན་གནང་སྟེ་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་གོང་མཐོར་གནང་བའི་ཐོག་ནས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བསྐྲུན་ཐབས་སོགས་ལ་ཆེད་དམིགས་ཀྱིས་ལྷན་ཚོགས་ཚོགས་ཀྱི་ཡོད།

༸གོང་ས་མཆོག་གིས་ཕྱི་ཟླ་ ༡༢ ཚེས་ ༢༩ ནས་ ༣༡ བར་རྡོ་རྗེ་གདན་དུ་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ།

ཉེ་ལམ་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བི་ཧཱར་མངའ་སྡེ་ནང་ཆགས་པའི་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གསུམ་རིང་གི་བཀའ་ཆོས་བཀའ་དྲིན་སྩལ་གཏན་ཁེལ་བའི་གསལ་བསྒྲགས་ཤིག་གནང་བ་ལྟར་དེ་རིང་བོད་ཡིག་དྲ་རྒྱར་བཀའ་ཆོས་ཀྱི་དུས་ཚེས་ཁ་གསལ་བཀོད་གནང་འདུག༸གོང་ས་མཆོག་གི་མཛད་འཆར་ལ་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༩ དང་ ༣༠ ཉིན་གཉིས་རིང་གི་སྔ་དྲོ་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དང་། དེ་བཞིན་ཚེས་ ༣༡ ཉིན་གྱི་སྔ་དྲོ་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བཀའ་དྲིན་སྩལ་རྒྱུ། ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༡ ཚེས་ ༡ སྟེ་ཕྱི་ལོ་གསར་ཚེས་ཉིན་དགེ་ལུགས་ཆོས་བརྒྱུད་འཛིན་པ་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཐུགས་གཏན་ཁེལ་འདུག ཐེངས་འདིའི་གནས་མཆོག་རྡོ་རྗེས་གདན་གྱི་ཆིབས་བསྒྱུར་དང་ཆོས་འབྲེལ་དེ་ནི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་གནས་སྟངས་རྗེས་མགོན་པོ་༸གང་ཉིད་མཆོག་ནས་གནས་མཆོག་དེའི་ནང་ཆིབས་བསྒྱུར་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

བོད་མིའི་ཐོག་མི་རིགས་དབྱེ་འབྱེད་མཚམས་འཇོག་དགོས་པའི་འབོད་སྐུལ།

ཉེ་ལམ་སྤྱི་ཚོགས་དྲྭ་རྒྱའི་ཐོག་རྒྱ་རིགས་བེུད་ཅིག་གིས་བོད་ནང་གི་བོད་མི་རྣམས་རྩ་མེད་གཏོང་དགོས་པའི་སྐད་ཆ་བཤད་པར་བོད་མི་རྣམས་ཀྱིས་ཚོར་ཤུགས་ཆེན་པོས་སྐྱོན་བརྗོད་ཁྲོད་ལ་ཁོ་མོས་དེར་དགོངས་སེལ་ཞུས་དགོས་བྱུང་ཡོད་ནའང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་རིགས་བེུད་དེས་རྒྱ་གཞུང་དང་སྤྱི་དམངས་ལ་དགོངས་སེལ་ཞུས་པ་མ་གཏོགས་བོད་མིར་ཐད་ཀར་དགོངས་སེལ་ཞུས་མེད་པ་འགྲེལ་བརྗོད་དང་སྦྲགས།  རྒྱ་གཞུང་གིས་བོད་མིར་དབྱེ་འབྱེད་བྱ་རྒྱུ་ལས་ལྡོག་སྟེ་རང་མི་རིགས་ཀྱི་སྤྱི་ཚོགས་རང་གི་སྐྱོང་ཆོག་པའི་ཐོབ་ཐང་ཆ་ཚང་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག དེ་ཡང་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་གང་སར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་འབོར་མུ་མཐུད་དུ་འཕར་བཞིན་པའི་ཁྲོད་འདིར་ཟླ་བ་འདིའི་ཚེས་ ༨ ཉིན་རྒྱ་རིགས་བེུད་ཅིག་གིས་རང་གི་སྐད་འཕྲིན་ཐོག་རྒྱ་ནག་གཞུང་ངོས་ནས་ལྷ་ས་ནང་གི་བོད་རིགས་ཡོངས་རྫོགས་ངེས་པར་རྩ་མེད་བཏང་ནས་ལྷ་ས་དེ་བཞིན་རྒྱ་ནག་ཧན་མི་རིགས་ལ་བཙན་བཟུང་བྱེད་བཅུག་དགོས་པའི་སྐད་ཆ་བཤད་པ་ཞིག་སྤྱི་ཚོགས་དྲྭ་ལམ་ཐོག་ཁྱབ་གདལ་ཤུགས་ཆེ་འགྲོ་བར་བརྟེན་བོད་ནང་གི་བོད་མི་རྣམས་ཀྱིས་དེར་ཚོར་ཤུགས་དྲག་པོས་སྐྱོན་བརྗོད་དང་ཁོང་ཁྲོའི་རྣམ་པ་ཤུགས་ཆེ་བཏོན་ཡོད་པ་དང་དེའི་ཁོངས་ནས་བོད་མི་ཞིག་གིས་ད་རེས་རྒྱ་རིགས་བེུད་ཅིག་གིས་བོད་མིར་མི་རིགས་དབྱེ་འབྱེད་ཐོག་ནས་རྩ་མེད་གཏོང་དགོས་པའི་སྐད་ཆ་བཤད་ཡོད་པར་བརྟེན་ནས་ཁོང་གིས་གནད་དོན་དེའི་སྐོར་མ་བཤད་ཀ་མེད་བྱུང་སོང་ཞེས་དང་ཁོ་མོས་སྐད་ཆ་དེས་ནི་ཁོང་གི་སྙིང་ལ་གྲི་སྣུན་པ་ལྟ་བུའི་ཚོར་བ་ཞིག་སྤྲད་ཡོད་པ་འགྲེལ་བརྗོད་དང་སྦྲགས། ཁོང་གིས་རེ་འདུན་ལ་བོད་མི་གཞན་ཚང་མས་གནད་དོན་འདིའི་ཐུགས་སྣང་གནང་སྟེ་རྒྱ་ནག་གི་གོང་རིམ་སྲིད་གཞུང་ལ་རྒྱ་རིགས་བེུད་དེའི་བྱ་སྤྱོད་ཐོག་དོ་དན་གྱིས་ཁྲིམས་གཅོད་བྱ་དགོས་པའི་ཐད་ལ་སྐུལ་མ་གནང་དགོས་པའི་འབོད་སྐུལ་ཞུས་འདུག གོང་ཞུས་གནད་དོན་དེ་དང་འབྲེལ་ནས་ཟླ་བ་འདིའི་ཚེས་ ༨ ཉིན་ལྷ་ས་སྤྱི་བདེ་ལས་ཁུངས་ཀྱིས་གོང་ཞུས་རྒྱ་རིགས་བེུད་དེའི་མིང་ལ་Liu ཞུས་ཀྱི་ཡོད་པ་གསལ་བཏོན་གནང་བ་དང་འབྲེལ་ཏེ་ཡོངས་གྲགས་ཀྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། ཉེ་ཆར་ལྷ་ས་ནང་གི་རྒྱ་རིགས་བེུད་ Liu ཞུས་མཁན་ཞིག་གིས་སྤྱི་ཚོགས་དྲྭ་ལམ་ཐོག་ཚུལ་མིན་གྱི་སྐད་ཆ་བཤད་ཡོད་པ་དེས་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་ཁྱད་གསོད་བྱེད་པ་མཚོན་གྱི་ཡོད་པས་ཁོང་གི་ཐོག་ལ་རྟོག་ཞིབ་བྱས་བཞིན་པ་ཆབས་ཅིག  གནད་དོན་འདིའི་ཐད་ཁོང་རང་ཉིད་ཀྱིས་འགན་ཁུར་ཐབས་ཤིག་བཟོ་རྒྱུ་ཡིན་ཚུལ་བཤད་པའི་རྗེས་སུ་ཉིན་དེའི་ཉིན་རྒྱབ་ཚོུད་ ༣ ཙམ་ལ་རྒྱ་རིགས་བེུད་དེས་བསྐྱར་དུ་རང་ཉིད་ཀྱི་སྐད་འཕྲིན་ཐོག་ཁོ་མོས་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་གནོད་པའི་སྐད་ཆ་བཤད་པ་དེས་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་པ་འགྲེལ་བརྗོད་དང་འབྲེལ་ནས་རྒྱ་ནག་གཞུང་དང་མང་མང་ཡོངས་ལ་དགོངས་སེལ་ཞུས་ཀྱི་ཡོད་ཅེས་བརྗོད་དེ་མ་འོངས་པར་དེ་ལྟ་བུའི་བྱ་སྤྱོད་སྤེལ་རྒྱུ་མིན་ཞེས་བཤད་འདུག ད་རེས་རྒྱ་རིགས་བེུད་ Liu ཡིས་བོད་མིར་མི་རིགས་དབྱེ་འབྱེད་ཀྱིས་རྩ་མེད་གཏོང་དགོས་པའི་སྐད་ཆ་བཤད་ཡོད་པ་དེར་བོད་ཕྱི་ནང་གཉིས་སུ་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་པའི་ཁྲོད་འདིར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཀྱང་གོང་ཞུས་གནད་དོན་དེར་ལྷ་ས་སྤྱི་བདེ་ལས་ཁུངས་ཀྱིས་མི་རིགས་དབྱེ་འབྱེད་ཀྱི་འགྲེལ་བརྗོད་དེ་ཚུལ་མིན་གྱི་འགྲེལ་བརྗོད་ཙམ་ཞིག་དང་དེས་རྒྱ་ནག་ཆིག་སྒྲིལ་གྱི་སྲིད་བྱུས་ལ་གནོད་ཀྱི་ཡོད་པའི་ཡོངས་གྲགས་གསལ་བསྒྲགས་ཤིག་སྤེལ་བ་ཙམ་མ་གཏོགས་དོན་དངོས་ཐོག་རྒྱ་མི་རིགས་ཀྱི་བོད་མིར་མི་རིགས་དབྱེ་འབྱེད་བྱས་བཞིན་པའི་གནད་དོན་ལ་གླེང་སློང་བྱས་མེད་པར་རྒྱ་གཞུང་ལ་སྐྱོན་བརྗོད་གནང་བ་མ་ཟད། རྒྱ་རིགས་བེུད་དེས་དགོངས་སེལ་ཞུས་པ་དེའང་འཁྲབ་སྟོན་གྱི་ངོ་བོ་ཙམ་ཞིག་དང་དགོངས་སེལ་ཞུས་ཡུལ་དེའང་རྒྱ་གཞུང་དང་སྤྱི་མང་ལ་ཞུས་པ་མ་གཏོགས་བོད་མིར་ཐད་ཀར་ཞུས་མེད་པ་དང་ཆབས་ཅིག དགོངས་སེལ་གྱི་བསྒྲགས་གཏམ་དེ་བཞིན་བོད་ཡིག་ནང་བསྒྱུར་མེད་སྐོར་མངོན་གསལ་གནང་འདུག དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ནང་གི་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་དང་འབྲེལ་ཏེ་བོད་དེ་བཞིན་ད་ལྟའི་འཛམ་གླིང་ནང་ལ་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་ཤུགས་ཆེ་བྱས་ཡུལ་གྱི་རྒྱལ་ཁབ་མངོན་གསལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་ནའང་། རྒྱ་གཞུང་གིས་བོད་དེ་བཞིན་དེ་སྔ་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་ཡིན་པས་ད་ཆ་རྒྱ་ནག་གི་དབང་བསྒྱུར་གྱི་འོག་ཏུ་སྤྱི་ཚོགས་རིང་ལུགས་དང་ཡར་རྒྱས་ཕྱོགས་སུ་བསྐྱོད་ཡོད་ཚུལ་བརྗོད་དེ་བོད་ནང་འབྲོག་པ་གཞིས་སྤོས་སོགས་ཀྱི་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བརྒྱུད་བོད་མི་རྣམས་རང་རྒྱལ་ཁབ་ནང་མི་སེར་གཉིས་པའི་ངོ་བོའི་ཐོག་ནས་འཚོ་བཞིན་པ་མ་ཟད། ཁོང་རྣམས་ཀྱི་ཉིན་རེའི་ལས་དོན་ཐོག་ལྟ་སྲུང་དང་སུན་གཙེར་སོགས་བྱས་ཏེ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་རྒྱུར་འགོག་རྐྱེན་སྣ་ཚོགས་བཟོ་བཞིན་ཡོད་པ་སོགས་ཐེར་འདོན་གནང་འདུག ལྷག་དོན་རྒྱ་གཞུང་གིས་དབང་བསྒྱུར་འོག་བོད་ནང་གི་བོད་མི་རྣམས་ལ་ལས་ཀ་དང་ཁང་ལས། དེ་བཞིན་འགྲུལ་བཞུད་སོགས་ཀྱི་ཐད་ནས་དབྱེ་འབྱེད་ཀྱི་ངལ་བ་མང་དག་ཞིག་འཕྲད་བཞིན་པའི་ཁོངས་སུ། མང་པོ་ཞིག་བོད་སྐད་ཡིག་སྲུང་སྐྱོབ་གོང་སྤེལ་དང་འབྲེལ་ནས་འཛིན་བཟུང་བཙོན་འཇུག་བྱས་པ་དང་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་དམ་དྲག འབྲོག་པ་རྣམས་བཙན་དབང་གིས་གཞི་སྤོས་བཅུག་བཞིན་པའི་གནས་སྟངས་ཁག་ལ་བརྟེན་ནས་བོད་མི་རང་ལུས་མེར་བསྲེགས་ཀྱི་གནད་དོན་བྱུང་གི་ཡོད་པ་འགྲེལ་བརྗོད་གནང་སྟེ་རྒྱ་གཞུང་གིས་བོད་མིར་དབྱེ་འབྱེད་བྱ་རྒྱུ་ལས་ལྡོག་སྟེ་རང་མི་རིགས་ཀྱི་སྤྱི་ཚོགས་དེ་རང་ཉིད་ཀྱི་སྐྱོང་ཆོག་པའི་ཐོབ་ཐང་ཆ་ཚང་སྤྲོད་དགོས་པ་དང་ཆབས་ཅིག རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ཀྱང་རྒྱ་གཞུང་གིས་བོད་མིའི་ཐོག་མི་རིགས་དབྱེ་འབྱེད་བྱས་བཞིན་པ་མཚམས་འཇོག་ཡོང་སླད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག

G7 འགོ་ཁྲིད་རྣམས་ཀྱིས་བོད་ནང་མི་རིགས་རྩ་གཏོར་གྱི་ལས་གཞི་མཚམས་འཇོག་དགོས་པར་གནོན་ཤུགས་སྤྲོད་དགོས་པའི་ལས་འགུལ་དབུ་འཛུགས།

རིང་མིན་ཟླ་བ་རྗེས་མའི་ཚེས་ ༣ དང་ ༤ བཅས་གཉིས་རིང་འཇར་མི་ནིར་འཛམ་གླིང་ཁྲོད་སྟོབས་ཆེན་རྒྱལ་ཁབ་ ༧ དང་ཡུ་རོབ་མཐུན་ཚོགས་ལས་གྲུབ་པའི་ G7 ལྷན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རིམ་པའི་ཚོགས་འདུ་འཚོགས་གཏན་ཁེལ་བ་དང་བསྟུན། དེ་རིང་བཞུགས་སྒར་དུ་ G7 འགོ་ཁྲིད་རྣམས་ལ་བོད་ནང་རྒྱ་ནག་གཞུང་གིས་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་མང་དག་ཅིག་གསར་རྒྱག་བརྒྱུད་བོད་མི་རིགས་རྩ་མེད་བཟོ་རྒྱུའི་བྱ་སྤྱོད་སྤེལ་བཞིན་པ་དེ་འཕྲལ་མར་མཚམས་འཇོག་ཐད་ལ་གནོན་ཤུགས་སྤྲོད་དགོས་ཞེས་དང་དེ་འབྲེལ་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་སོང་། བཞུགས་སྒར་དྷརྨ་སཱ་ལཱར་རྟེན་གཞི་བྱས་པའི་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གཉིས་མཉམ་འབྲེལ་ཐོག་དེ་རིང་སྔ་དྲོ་ཚོུད་  ༡༠ སྟེང་མེག་གྷན་བཞི་མདོར་ G7 འགོ་ཁྲིད་རྣམས་ལ་བོད་དོན་ཞུ་གཏུག་ཐོག་མཚན་རྟགས་བསྡུ་རུབ་གནང་རྒྱུའི་བདུན་ཕྲག་གསུམ་གྱི་ལས་འགུལ་དབུ་འཛུགས་གནང་སོང་།ལས་འགུལ་འདིའི་ཁྲོད་ G7 འགོ་ཁྲིད་རྣམས་ལ་འབུལ་ལམ་ཞུ་རྒྱུའི་ཞུ་ཡིག་ནང་ད་ལྟའི་ཆར་བོད་ནང་བོད་ཕྲུག་ས་ཡ་གཅིག་ལ་ཉེ་བ་རྣམས་རང་ཉིད་ཀྱི་ནང་མི་དང་སྤྱི་ཚོགས་སོགས་དང་ཁ་བྲལ་གཏོང་བཞིན་པ་དེས་རྒྱ་ནག་གི་གཞི་རྒྱ་ཆེ་བའི་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་དང་སྔོན་འགྲོའི་སློབ་གྲྭ་ཁག་གི་ནང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོས་ཏེ་རྒྱ་སྒྱུར་སློབ་གསོའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་། ཕྱོགས་གཞན་ཞིག་ནས་བོད་ནང་བོད་ཡིག་སློབ་ཁྲིད་གཙོ་བོ་བྱེད་མཁན་གྱི་སློབ་གྲྭ་མང་དག་ཅིག་བཙན་དབང་གིས་སྒོ་བརྒྱབ་པ་སོགས་བོད་ནང་གི་བོད་མི་དང་དམིགས་བསལ་བོད་པའི་བུ་ཕྲུག་ཚོར་ལུས་སེམས་གཉིས་ཀར་མནར་གཅོད་ཆེས་ཆེར་གཏོང་བཞིན་ཡོད་པ། རྒྱ་ནག་གི་ཤེས་ཡོན་སྲིད་བྱུས་དེ་དག་གིས་མ་འོངས་པར་སོ་སོའི་སྐད་ཡིག་དང་རིག་གནས། སྤྱི་ཚོགས་སོགས་གང་ལའང་ཆ་རྒྱུས་མེད་པའི་བོད་པའི་མི་རབས་གསར་པ་ཞིག་སྐྱེད་སྲིང་ཐོག་ནས་མཐར་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏང་རྒྱུ་དང་། བོད་ནང་རྒྱ་གཞུང་གི་དབང་བསྒྱུར་སྲ་བརྟན་བཟོ་ཐབས་སོགས་ཀྱི་སྲིད་བྱུས་སྤེལ་དང་སྤེལ་བཞིན་པ་བཅས་མངོན་གསལ་གནང་ཡོད། རྒྱ་ནག་གཞུང་ལ་བོད་ཁུལ་དུ་མི་སེར་སྤེལ་ཡུལ་གྱི་བྱ་སྤྱོད་དང་སྲིད་བྱུས་དེ་དག་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས་ཞེས་འབོད་སྐུལ་བསྐྱར་ནན་གནང་འདུགརྩ་བའི་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༣ ནས་ ༥ བར་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ཚོགས་པའི་ G7 ལྷན་ཚོགས་ཐོག་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ལྷག་པར་དུ་རྒྱ་གཞུང་གིས་ཤིན་ཅང་ཡུ་གུར་དང་བོད་མི་བཅས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད། G7 ལྷན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པས་རྒྱ་ནག་གཞུང་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་གཙོས་རང་དབང་ཅན་གྱི་རྟོག་ཞིབ་པ་རྣམས་འཕྲལ་མར་ཁུལ་དེ་དག་ཏུ་བཀག་སྡོམ་གང་ཡང་མེད་པར་ཕེབས་འཐུས་ཆོག་མཆན་སྤྲོད་དགོས་པའི་རེ་སྐུལ་གནང་མྱོང་ཡོད་པ་ལྟར་སྐབས་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དེ་དག་ལ་ངོས་ལེན་མེད་སྐོར་དང་སྦྲགས་ཏེ་ G7 ལྷན་ཚོགས་ལ་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་གནང་རྒྱུ་མེད་པའི་ཉེན་བརྡ་བཏང་ཡོད།

ཆོས་བརྒྱུད་ལུང་ཚན་ནང་ཁུལ་དམ་ཚིག་གཙང་མ་ཞིག་བྱུང་ན། ངོས་ནས་ཀྱང་རིང་དུ་འཚོ་བའི་འཕེན་པ་ཤུགས་དྲག་བྱེད།

བལ་ཡུལ་ནང་དུ་རྟེན་གཞི་བྱས་པའི་ཤྲི་ཆུ་བཟང་གྲྭ་ཚང་དུ་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཆོས་བརྒྱུད་རིས་མེད་ཀྱི་དགོས་སྡེ་ཁག་གི་གྲྭ་བཙུན་རྣམས་ལྷན་ཞུགས་ཐོག་འཇང་དགུན་ཆོས་ཆོས་ཐོག་ཆེན་མོ་ཐེངས་ ༡༢ པ་དེ་ཁ་ཉིན་ཕྱི་ཚེས་ ༩ ཉིན་དབུ་འཛུགས་གནང་ཡོད་པ་ལྟར་སྤྱི་ནོར་༸གང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་ཆོས་ཐོག་ཐོག་བཀའ་ཡིག་སྩལ་བའི་ནང་ཆོས་ཐོག་ལ་ཡི་རང་བསྔགས་བརྗོད་མཛད་པ་དང་ཆབས་ཅིག་ཆོས་བརྒྱུད་ལུང་ཚན་ནང་ཁུལ་དམ་ཚིག་གཙང་མ་ཞིག་བྱུང་ན། མགོན་པོ་༸གང་ཉིད་མཆོག་ནས་ཀྱང་བསྟན་འགྲོའི་ཕན་བདེར་དམིགས་ཏེ་སྐུ་ཚེ་ཡུན་རིང་མཛད་པའི་འཕེན་པ་ཤུགས་དྲག་མཛད་ཀྱི་ཡོད་ཅེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་འདུགབལ་ཡུལ་དགེ་ལྡན་ལྷན་ཚོགས་ནི། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོན་པའི་ནང་བསླབ་པ་སློབ་གཉེར་གནང་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་མཛད་པའི་འོག་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཁུལ་དེའི་ནང་ལྷན་ཚོགས་དེའི་ཁྱབ་ཁོངས་དགོན་སྡེ་ཁག་གི་སློབ་གཉེར་བ་རྣམས་འདུ་འཛོམས་ཀྱིས་ཚད་མའི་གཞུང་ལ་སློབ་གཉེར་གནང་ཕྱིར་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་དེ་ལོ་ལྟར་ཚོགས་སྲོལ་ཡོད་པ་ལྟར་འདི་ལོའི་ཆོས་ཐོག་འདི་ཕྱི་ཚེས་ ༩ ནས་དབུ་འཛུགས་ཀྱིས་ཚེས་ ༢༣ བར་འཚོགས་རྒྱུ་ཡིན་པ་རེད།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་བཀའ་ཡིག་ནང་བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་དངོས་སུ་བཙུགས་པ་ནས་བཟུང་དགེ་བཤེས་རབ་འབྱམས་པའི་བར་སློབ་གཉེར་བྱ་རྒྱུའི་གོ་སྐབས་བསྐྲུན་ཏེ་ལོ་རེ་བཞིན་ཡར་རྒྱས་ཀྱི་རྣམ་པ་གསལ་ཐོན་ཐོག རྣམ་འགྲེལ་དགུན་ཆོས་རིང་ཆོས་བརྒྱུད་གཞན་ནས་ཀྱང་མཉམ་ཞུགས་གནང་མུས་བཅས་ཀྱི་གཏམ་བཟང་ལ་མགོན་པོ་༸གང་ཉིད་མཆོག་གིས་བསྔགས་བརྗོད་མཛད་བཞིན་ཡོད་སྐོར་བཀའ་གནང་བ་དང་འབྲེལ། རྒྱལ་བའི་གསུང་རབ་ལ་ཐོས་བསམ་སློབ་གཉེར་གྱིས་ཐོས་དོན་རྣམས་རང་ཉིད་ཀྱི་རྒྱུད་ལ་སྦྱར་ཏེ་སྒོ་གསུམ་གྱི་སྤྱོད་ཚུལ་ཐོག་ཉམས་རྟོགས་ཀྱི་མཚན་མ་ཐོན་པ་ཞིག་ཡོང་ཐབས་འབད་འབུངས་ཧུར་བསྐྱེད་གནང་དགོས་གལ་ཡིན་པའི་ལམ་སྟོན་སྩལ་ཡོད། གཙོ་ཆེ་ཆོས་བརྒྱུད་ལུང་ཚན་ཐོག་ཅོལ་ཆུང་རྨོངས་ཞེན་གྱི་ཕྱོགས་རིས་ཕྱི་བའི་གཏམ་གླེང་རིགས་མངོན་ལྐོག་གང་ལའང་མེད་པར། ནང་ཁུལ་དམ་ཚིག་གཙང་མ་ཞིག་བྱུང་ན། ངོས་ནས་ཀྱང་བསྟན་འགྲོའི་ཕན་བདེར་དམིགས་ཏེ་རིང་དུ་འཚོ་བའི་འཕེན་པ་ཤུགས་དྲག་བྱེད་ཅེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་འདུག བལ་ཡུལ་ཤྲི་ཆུ་བཟང་གྲྭ་ཚང་དུ་ཕྱི་ཚེས་ ༩ ཉིན་ཚོགས་པའི་འཇང་དགུན་ཆོས་ཀྱི་དབུ་འབྱེད་མཛད་སྒོ་ཐོག་སྐུ་མགྲོན་གྱི་གཙོ་བོ་བལ་ཡུལ་སྐུ་ཚབ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་མཆོག་དང་། ༸སྐྱབས་རྗེ་ཆུ་བཟང་རིན་པོ་ཆེ་མཆོག བལ་ཡུལ་ནང་པའི་ཚོགས་ཆེན། བལ་ཡུལ་གཞུང་གི་དགོན་པ་ཡར་རྒྱས་ཚོགས་པ་བཅས་ཀྱི་ལས་ཀྱི་སྣེ་མོ་བ་གཙོས་དགོན་སྡེ་ཁག་གི་མཁན་བླ་སྤྲུལ་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྒེར་ཁག་གི་སྐུ་ཚབ། དེ་བཞིན་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་གཅིག་ལྷག་ལྷན་འཛོམས་གནང་ཡོད།    

སྐུ་ཞབས་ Mulayam Singh Yadav མཆོག་དགོངས་པ་རྫོགས་པར་ཐུགས་གསོ་གནང་བ།

རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ Mulayam Singh Yadav མཆོག་ཁ་སང་སྙུང་གཞིའི་རྐྱེན་གྱིས་དགུང་གྲངས་ ༨༢ ཐོག་དགོངས་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་རྣམ་གཉིས་ཀྱིས་དམ་པ་ཁོང་གི་བུའི་མཚན་ཐོག་ཏུ་ཤུལ་ལུས་སྐུ་འཁོར་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་འདུགབོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་དམ་པ་ཁོང་གི་བུ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Akhilesh Yadav ལགས་ཀྱི་མཚན་ཐོག་ཏུ་ཕུལ་བའི་གསུང་འཕྲིན་ནང་དམ་པ་ཁོང་ནི་དུས་རྒྱུན་ནས་ཁྱད་དུ་འཕགས་པའི་རྒྱ་གར་གྱི་སྲིད་དོན་པ་དང་བོད་མིའི་བློ་ཐུབ་ཀྱི་གྲོགས་པོ་ཞིག་ཡིན་པར་མ་ཟད། དེ་སྔ་སྐུ་འཚོ་བཞུགས་སྐབས་བོད་དོན་ལ་རྒྱབ་སྐྱོར་དང་རྒྱ་གར་གྱི་གྲོས་ཚོགས་ནང་བོད་དོན་ཆེད་གསུང་བཤད་ཤུགས་ཆེར་གནང་ཡོད་སྟབས་དམ་པ་ཁོང་ནི་བོད་མིར་ཆེས་བཀའ་དྲིན་ཆེན་པོ་ཆགས་ཡོད་སྐོར་གསུངས་ཏེ་བོད་མིའི་སྒྲིག་འཛུགས་དང་བོད་མི་སྤྱི་ཡོངས་ཀྱི་ཚབ་ཞུས་ནས་དམ་པ་དེ་ཉིད་ཀྱི་བུ་གཙོས་ཤུལ་ལུས་ནང་མི་སྐུ་འཁོར་ལ་ཐུགས་གསོ་སྩལ་བ་དང་སྦྲགས། ང་ཚོས་གདུང་ཤུགས་དྲག་པོས་བསྔོ་སྨོན་གསོལ་འདེབས་ཞུ་བཞིན་ཡོད་ཅེས་གསུངས་འདུགདེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དམ་པ་དེ་ཉིད་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་འཕྲལ་བློ་ཕམ་ཆེན་པོ་བྱུང་ཞེས་དང་དམ་པ་ཁོང་སྐུ་འཚོ་བཞུགས་སྐབས་རྒྱ་གར་གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་བ་སོགས་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྟག་ཏུ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་གནང་མཁན་ཞིག་ཡིན་པར་མ་ཟད། ༢༠༡༧ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་དམ་པ་ཁོང་དང་ལྷན་མཇལ་མོལ་གནང་རྒྱུའི་གོ་སྐབས་བྱུང་ཡོད་པ་གསུངས་ཏེ། དམ་པ་ཁོང་གི་ལྟ་གྲུབ་དང་མཛད་རྗེས་རྣམས་ཚང་མས་རྒྱུན་འཁྱོངས་གནང་རྒྱུ་ནི་གལ་ཆེ་ཤོས་ཆགས་ཡོད་ཅེས་ནན་སྐུལ་གནང་འདུག སྐུ་ཞབས་ Mulayam Singh Yadav མཆོག་གིས་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་དང་། UttarPradesh མངའ་སྡེའི་སྤྱི་ཁྱབ་བློན་ཆེན། དེ་བཞིན་རྒྱ་གར་གྱི་  Samajwadi ཆབ་སྲིད་ཚོགས་པ་ཐོག་མ་གསར་འཛུགས་གནང་མཁན་གྱི་དབུ་ཁྲིད་ཡིན་པ་རེད། པར་གྱི་བདག་དབང་ CTA དང་། abplive

Latest news