རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༩ པ་གནངས་ཉིན་ནས་དབུ་འཛུགས་གནང་རྒྱུ།

Tibetan News Headlines

  • In conversation with Asanga Vajra Rinpoche of the Khön Family of Sakya Phuntsok Phodrang

ཪེས་གཟའ་སྤེན་པ། ༢༠༢༦།༡༡།༠༧

  • དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་༸སྐྱབས་མཆོག་ཨ་སངྒ་བཛྲ་རིན་པོ་ཆེ་དང་གླེང་མོལ།

འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༩ དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་གནངས་ཕྱི་ཚེས་ ༡༥ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༨ བར་དུས་ཡུན་ཉིན་གྲངས་ ༡༣ རིང་རྩེད་འགྲན་གནང་རྒྱུ་རེད་འདུག

GCM 2024
Source: TibetTV/TNSA

དེའང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་སུ་དེབ་སྐྱེལ་བྱས་ཡོད་པའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་འདི་ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༩ པ་དེ། རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བོད་མིའི་གཞིས་སྒར་ཧུན་སུར་རབ་རྒྱས་གླིང་དུ་གནངས་ཕྱི་ཚེས་ ༡༥ ནས་དབུ་འཛུགས་གནང་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་ལྟར། ཐེངས་འདིའི་རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་གྱི་རྩེད་འགྲན་པ་རྣམས་རང་ཁུལ་ནས་ཧུན་སུར་རབ་རྒྱས་གླིང་དུ་འདུ་འཛོམས་གནང་དང་གནང་མུས་ཡིན་པ་དང་ཆབས་ཅིག མཐའ་མའི་ཐོ་འགོད་དང་རུ་ཁག་འཆར་འགོད་བཅས་ཀྱི་ལས་རིམ་ཁག་སྐྱོང་མུས་ཡིན་པ་རེད་འདུག

འདི་གའི་གསར་འགོད་པས་ཧུན་སུར་ན་གཞོན་རྩེད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་སུ་འདི་ལོའི་རྐང་སྤོལ་འགྲན་བསྡུར་དང་འབྲེལ་ནས་བཀའ་འདྲི་ཁག་གཅིག་ཞུས་པར། ཁོང་གིས་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གྱི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༩ པའི་གྲ་སྒྲིག་ཆ་ཚང་བསྒྲུབས་ཟིན་ཡོད་པ་དང་། ཐེངས་འདིའི་རྩེད་འགྲན་ནང་བོད་མི་གནས་ཡུལ་རྒྱ་གར་གྱི་ས་གནས་ཁག་མི་འདྲ་བ་ནས་རུ་ཁག་ ༡༤ དང་། ཨོ་གླིང་ནས་བོད་པའི་རྐང་སྤོལ་རུ་ཁག་གཅིག དེ་བཞིན་བལ་ཡུལ་ Katmandu ནས་རུ་ཁག་གཅིག་བཅས་ཁྱོན་བོད་པའི་རྐང་སྤོལ་རུ་ཁག་ ༡༦ ནས་མཉམ་ཞུགས་གནང་ཡོད་པ་ཙམ་མ་ཟད། འདི་ལོའི་རྩེད་འགྲན་ཁྲོད་ཨང་རིམ་དང་པོར་སོན་པར་ཧིན་སྒོར་འབུམ་གཉིས་དང་། ཨང་རིམ་གཉིས་པ་སོན་པར་ཧིན་སྒོར་འབུམ་གཅིག་དང་ཕྱེད་ཀ་བཅས་ཀྱི་བྱ་དགའ་གཏན་འབེབས་བྱུང་ཡོད་པ་འགྲེལ་བརྗོད་གནང་སོང་།

GCM 2024
ScreenShot: TNSA/TibetTV

རྩ་བའི་སྔ་ལོའི་ ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༨ པ་དེ་༸བཞུགས་སྒར་དུ་འཚོགས་ཡོད་པ་དང་། སྐབས་དེར་རྡ་ས་ཆིག་སྒྲིལ་རུ་ཁག་ལ་ཨང་དང་པོའི་རྒྱལ་ཁ་ཐོབ་ཡོད།

ཁ་སང་ཕྱི་དྲོར་རྡ་ས་རུ་ཁག་གི་རྩེད་འགྲན་པ་རྣམས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་ཧུན་སུར་དུ་ཐོན་ཡོད་པ་ལྟར། གསར་འགོད་པས་རྡ་ས་རུ་ཁག་གི་རུ་དཔོན་ཟླ་བ་བཀྲ་ཤིས་ལགས་སུ་བཀའ་འདྲི་ཁག་གཅིག་ཞུས་པར་ཁོང་གིས། ད་ཐེངས་རྡ་ས་རུ་ཁག་གི་རྩེད་འགྲན་པ་རྣམས་ནས་ཟླ་བ་གཅིག་ཙམ་རིང་དཀའ་ལས་རྒྱག་ཡོད་པ་དང་། རྩེད་འགྲན་པ་མང་པོ་ཞིག་གཞོན་སྐྱེས་ཆགས་ཡོད་སྟབས། འདི་ལོའི་རྩེད་འགྲན་ཁྲོད་རྒྱལ་ཁ་བླངས་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་ཙམ་མ་ཟད། རྡ་ས་རུ་ཁག་དེ་བཞིན་རུ་ཁག་གཞན་དང་མི་འདྲ་བར་སྔ་ལོའི་རྒྱལ་ཁ་སྲུང་སྐྱོབ་བྱ་རྒྱུའི་འགན་འཕར་མ་ཡོད་པར་བརྟེན་རྩེད་འགྲན་པ་རྣམ་པས་གང་ཡོང་གནང་གི་ཡིན་ཞེས་གསུངས་སོང་།

GCM 2024
Photo: TNSA Dharamshala

མ་ཟད་རྩེད་འགྲན་པ་མགོན་པོ་རྡོ་རྗེ་ལགས་ཀྱིས་འདི་ལོ་ཐེངས་དང་པོ་རྡ་ས་རུ་ཁག་ལྷོ་ཕྱོགས་ཁུལ་དུ་ ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་མཉམ་ཞུགས་གནང་གི་ཡོད་སྟབས། རྩེད་འགྲན་པ་རྣམས་ནས་ནུས་པ་ཇི་ཡོད་ཀྱིས་དཀའ་ལས་རྒྱག་ཡོད་པ་དང། རྡ་ས་རུ་ཁག་ལ་གཟེངས་ཐོན་གྱི་ཕོར་པ་ཐོབ་རྒྱུའི་རེ་བ་ཆེན་པོ་ཡོད་སྐོར་གསུངས་སོང་།   

གཞི་རྩའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནི་ཐོག་མར་ཕྱི་ལོ་ ༡༩༨༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸རྒྱལ་ཡུམ་ཆེན་མོ་བདེ་སྐྱིད་ཚེ་རིང་མཆོག་དམ་པའི་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་དབུ་འཛུགས་གནང་དོན་ལྟར། འདི་ལོ་ལོ་ངོ་ ༢༩ འཁོར་གྱི་ཡོད་པ་དང་། གནངས་ཉིན་ནས་རྩེད་འགྲན་དེ་ཉིད་དངོས་སུ་དབུ་འཛུགས་གནང་གི་ཡོད་པ་མ་ཟད། འགྲན་བསྡུར་སྐབས་རུ་ཁག་རེར་ཉུང་མཐར་ཐེངས་གསུམ་རེ་རྩེད་འགྲན་གནང་རྒྱུའི་གོ་སྐབས་ཡོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།