Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ལྡི་ལི་སྐུ་ཚབ་དོན་གཅོད་དང་མཇལ་འཕྲད་གནང་བ།

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་རྒྱ་གར་ནང་གི་གཞུང་འབྲེལ་འཚམས་གཟིགས་ཁྲོད་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་མཇལ་འཕྲད་གནང་འདུགཁ་སང་ཕྱི་དྲོ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་རྒྱ་གར་ནང་དུ་གཞུང་འབྲེལ་མཚམས་གཟིགས་སུ་ཕེབས་ཡོད་པ་དང་། དེ་རིང་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་གར་གྱི་གནད་ཡོད་དབུ་ཁྲིད་ཚོ་དང་མཇལ་འཕྲད་མ་གནང་བའི་གོང་དུ་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་ཟུར་དུ་དམིགས་བསལ་མཇལ་འཕྲད་གནང་བ་མ་ཟད་དེའི་རྗེས་སུ་རྒྱ་གར་གྱི་གཞི་རིམ་མི་མང་དང་ཆོས་ལུགས་ཀྱི་སྐུ་ཚབ་ཁག་ཅིག་དང་མཇལ་མོལ་གནང་སྐབས་སུ་ལྡི་ལི་བོད་ཁང་གི་ངེས་སྟོན་པ་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་དངོས་སུ་མཉམ་ཞུགས་གནང་འདུགཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་ལྡི་ལི་སྐུ་ཚབ་དོན་གཅོད་དང་མཇལ་འཕྲད་གནང་བ་དེ་ནི་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ Barack Obama མཆོག་གིས་ཕྱི་ལོ་ ༢༠༡༦ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་བའི་རྗེས་སུ་ཨ་རིའི་ཆེས་མཐོའི་དབུ་ཁྲིད་ཅིག་གིས་བོད་མིའི་དབུ་ཁྲིད་དང་དངོས་སུ་མཇལ་འཕྲད་གནང་བའི་གནད་དོན་དེ་གལ་འགངས་ཅན་ཞིག་ཆགས་ཀྱི་ཡོད་སྟབས། འདི་ག་རླུང་འཕྲིན་ཁང་གིས་ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་ལ་ཐེངས་འདིའི་མཇལ་མོལ་དང་འབྲེལ་བའི་བཀའ་འདྲི་ཞུ་ཐབས་ཞུས་ཀྱང་དོན་གཅོད་མཆོག་གིས་ད་ལྟའི་ཆར་བརྒྱུད་ལམ་ཁག་ཏུ་ཐེངས་འདིའི་མཇལ་མོལ་སྐོར་གསུང་འཆར་མེད་ཅེས་གསུངས་སོང་།ཤེས་རྟོགས་བྱུང་བར་སྐུ་ཞབས་ Antony Blinken མཆོག་དང་མཇལ་མོལ་གནང་སྐབས་སྐུ་ཚབ་དོན་གཅོད་མཆོག་དང་ལྷན་དུ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེའང་ཆེད་བཅར་ཞུས་ཡོད་པ་དང་ཕྱོགས་གཉིས་དབར་གྱི་མཇལ་འཕྲད་ཀྱི་དུས་ཚོད་དེ་དེ་ཙམ་རིང་པོ་བྱུང་མི་འདུགདེ་བཞིན་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་གར་གྱི་གཞི་རིམ་མི་མང་དང་ཆོས་ལུགས་ཀྱི་སྐུ་ཚབ་ཁག་ཅིག་དང་མཇལ་མོལ་གནང་སྐབས་སུ་ལྡི་ལི་བོད་ཁང་གི་ངེས་སྟོན་པ་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ལྷན་ཞུགས་གནང་ཡོད་པ་ལྟར་རླུང་འཕྲིན་ཁང་གིས་དགེ་བཤེས་ལགས་སུ་སྐབས་དེའི་མཇལ་མོལ་ཁྲོད་བཀའ་བསྡུར་གཙོ་བོ་གང་དང་གང་བྱུང་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ཁོང་གིས་མཛད་རིམ་ཐོག་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་དང་ལྷན་དུ་ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་སྐུ་ཞབས་ Atul Keshap ལགས་ཆེད་ཕེབས་གནང་ཡོད་པ་དང་ཕྱི་སྲིད་དྲུང་ཆེ་མཆོག་གིས་སྤྱི་ཚོགས་འཆམ་མཐུན་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་བབ་ཡར་རྒྱས་གཏོང་ཐབས་སོགས་ཀྱི་སྐོར་གསུངས་ཡོད་པ་དང་། སྐབས་དེར་དགེ་བཤེས་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་ལས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞིའི་ཐོག་ལ་ཨ་རི་དང་རྒྱ་གར་རྒྱལ་ཁབ་གཉིས་པོ་ཟུང་འབྲེལ་གྱིས་ཤུགས་སྣོན་རྒྱ་གང་ཆེ་གནང་གལ་ཡིན་པའི་གཞེན་སྐུལ་ཞུས་ཡོད་པ་རེད།ཕྱི་སྲིད་དྲུང་ཆེ་མཆོག་གིས་སྐུ་སྒེར་གྱི་འཕྲུལ་སྒྲའི་དྲ་གནས་ཐོག་ཐེངས་འདིའི་མཇལ་འཕྲད་དང་འབྲེལ་ཏེ་རྒྱ་གར་དང་ཨ་རི་གཉིས་ཀྱི་མི་སེར་རྣམས་འགྲོ་བ་མིའི་རིན་ཐང་དང་འདྲ་མཉམ། ཁྲིམས་ལུགས་དབང་འཛིན། ཆོས་དད་རང་དབང་གཙོས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་ཡིད་ཆེས་དང་བརྩི་བཀུར་ཞུ་མཁན་གཅིག་མཚུངས་ཡིན་པ་དང་། གཞི་རྩའི་རིན་ཐང་དེ་དག་ནི་རྒྱ་གར་དང་ཨ་རི་ལྟ་བུའི་མང་གཙོའི་རྒྱལ་ཁབ་ཅིག་གི་རྨང་གཞིའི་ལྟ་གྲུབ་གལ་ཆེ་ཤོས་དེ་རེད་ཅེས་གསུངས་འདུག དེ་བཞིན་དེ་རིང་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་ནས་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་དང་། དེ་ཡང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Jaishankar མཆོག་དང་མཇལ་འཕྲད་གནང་སྐབས་ད་བར་རྒྱ་གར་དང་ཨ་རི་གཉིས་ཟུང་འབྲེལ་ཐོག་ལས་དོན་མང་དག་ཅིག་གནང་ཐུབ་ཡོད་པ་དང་། མ་འོངས་པར་མུ་མཐུད་མཉམ་འབྲེལ་ཐོག་ལས་གཞི་གང་མང་སྤེལ་རྒྱུའི་འདུན་པ་ཡོད་པ་མ་ཟད་ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བྷ་ཌན་མཆོག་གིས་ཀྱང་རྒྱ་གར་དང་འབྲེལ་བ་དམ་ཟབ་གནང་རྒྱུ་དེ་གལ་འགངས་ཆེན་པོར་དགོངས་བཞིན་པ་སོགས་གསུངས་འདུག རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Jaishankar མཆོག་གིས་ཨ་རི་དང་རྒྱ་གར་གཉིས་ཟུང་འབྲེལ་ཐོག་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ལ་གདོང་ལེན་དང་ལྷག་པར་དུ་ Quad ཞེས་ཨ་རི་དང་ཉི་ཧོང། ཨོ་སི་ཊོ་ལི་ཡ། དེ་བཞིན་རྒྱ་གར་བཅས་ལས་གྲུབ་པའི་གནའ་འབྲེལ་སྒྲིག་འཛུགས་དེའི་ལས་གཞི་རྒྱ་སྐྱེད་གཏོང་རྒྱུར་འདུན་པ་ཡོད་སྐོར་སོགས་གསུངས་ཡོད། རྒྱ་གར་གཞུང་གི་རྒྱལ་སྲུང་སློབ་སྟོན་པ་སྐུ་ཞབས་ Arjit Doval ལགས་དང་མཇལ་འཕྲད་གནང་སྐབས་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་ཐོག་ཨ་རི་དང་རྒྱ་གར་གཉིས་ཟུང་འབྲེལ་གྱིས་ནུས་པ་སྔར་འདོན་རྒྱུ་དང་ཉེ་ཆར་ Afghanistan རྒྱལ་ཁབ་ནས་ཨ་རིའི་དམག་མི་ཕྱིར་འཐེན་བྱས་པ་དེས་བདེ་འཇགས་ཀྱི་གནས་བབ་ལ་བཟང་ངན་གྱི་ཤུགས་རྐྱེན་གང་ཞིག་ཐེབས་ཀྱི་ཡོད་མེད་སོགས་ཀྱི་གནད་དོན་ཐོག་གྲོས་བསྡུར་གནང་འདུགཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་དེ་རིང་རྒྱ་གར་ནང་གི་གཞུང་འབྲེལ་འཚམས་གཟིགས་མཇུག་སྒྲིལ་མ་གནང་བའི་གོང་དུ་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་རྒྱ་གར་གྱི་མཛད་རིམ་ཁག་ལེགས་པར་གྲུབ་རྗེས་ Kuwait རྒྱལ་ཁབ་ཏུ་ཕེབས་རྒྱུ་ཡིན་པ་རེད། གཞི་རྩའི་ད་རེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་རྒྱལ་དོན་འཚམས་གཟིགས་འདི་ནི་སྐུ་ཞབས་ Joe Biden མཆོག་གིས་ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་གར་ལ་ཕེབས་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་དེ་རིང་ཕྱི་སྲིད་དྲུང་ཆེ་མཆོག་གིས་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་དང་མཇལ་འཕྲད་གནང་བ་དེས་རྒྱ་ནག་ལ་ཁོང་ཁྲོ་སློང་ངེས་ཡིན་པ་སོགས་བཀོད་འདུག་ཀྱང་ད་ལྟའི་ཆར་རྒྱ་ནག་ཕྱོགས་ནས་གནད་དོན་དེའི་ཐོག་ལན་འདེབས་གང་ཡང་བྱས་མི་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ད་རེས་རྒྱ་གར་དུ་མ་ཕེབས་པའི་གོང་ལ་ཕྱི་སྲིད་དྲུང་ཆེ་གཞོན་པ་ལྕམ་ Wendy Sherman མཆོག་གིས་རྒྱ་ནག་གི་གྲོང་ཁྱེར་ཐེན་ཅིན་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་དང་ཕྱི་སྲིད་བློན་ཆེན་གཞོན་པ་ Xie Feng གཙོས་པའི་དཔོན་རིགས་ཁག་ཅིག་དང་ཐུག་འཕྲད་ཀྱིས་ཨ་རི་དང་རྒྱ་ནག་དབར་གྱི་ཆབ་སྲིད་དང་ཚོང་འབྲེལ་སོགས་ཀྱི་གནད་དོན་ཐོག་གྲོས་བསྡུར་གནང་ཡོད་པ་རེད། སྐབས་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་ལྕམ་ Wendy Sherman མཆོག་གིས་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཁྲོད་རྣོ་ངར་ལྡན་པའི་འགྲན་བསྡུར་གྱི་རྣམ་པ་མུ་མཐུད་ཡོང་རྒྱུར་དགའ་བསུ་ཡོད་ཀྱང་འགྲན་བསྡུར་གྱི་རྣམ་པ་དེ་དག་ཕྱོགས་གཉིས་ཀྱི་དབར་ལ་འགལ་ཟླ་བཟོ་རྒྱུའི་འདུན་པ་རྩ་བ་ནས་མེད་སྐོར་སོགས་གསུངས་འདུག་པ་མ་ཟད། ལྷག་པར་དུ་ལྕམ་ Wendy Sherman མཆོག་གིས་བོད་ནང་གདུག་རྩུབ་ཅན་གྱི་བྱ་སྤྱོད་སྤེལ་བཞིན་པ་སོགས་ཀྱི་ཐོག་སེམས་འཚབ་ཆེན་པོ་ཡོད་པ་གསུངས་ཡོད་པ་རེད།ཕྱི་སྲིད་དྲུང་ཆེ་སྐུ་གཞོན་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་དང་ལྷན་དུ་བོད་དོན་གླེང་གནང་བའི་གནད་དོན་དང་འབྲེལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཕྲུལ་སྒྲའི་དྲྭ་གནས་ཐོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་ལྕམ་Wendy Sherman མཆོག་གིས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་དུ་རྒྱ་གཞུང་གིས་བོད་ནང་ལ་ལག་བསྟར་བྱེད་བཞིན་པའི་གཉའ་གནོན་དང་གདུག་རྩུབ་ཅན་གྱི་བྱ་སྤྱོད་སྤེལ་དང་སྤེལ་མུས་ལ་ཐུགས་འཚབ་ཆེན་པོས་གླེང་སློང་གནང་བར་དགའ་བསུ་ཞུས་པ་དང་སྦྲགས། རྒྱ་ནག་གི་འགོ་ཁྲིད་ཚོས་ཐུགས་འཚབ་ཀྱི་རྣམ་པ་དེ་དག་ཤེས་པའི་ཐོག་ནས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་ནང་གི་བོད་མི་ཚོར་དྲག་གནོན་དང་མནར་གཅོད་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་རྣམས་འཕྲལ་མར་མཚམས་འཇོག་བྱེད་དགོས་པར་གསུངས་འདུག

བོད་མི་ཚོ་ཁ་བྲལ་རིང་ལུགས་ཀྱི་དྲག་ཤུགས་ལས་རྒྱང་རིང་སྡོད་དགོས་ཞེས་བཤད་འདུག

རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་གྱི་དཀར་མཛེས་ཁུལ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། དེ་བཞིན་བསང་ཆུ་རྫོང་བཅས་སུ་འཚམས་གཟིགས་གནང་སྟེ་ས་གནས་བོད་མིར་ཁ་བྲལ་རིང་ལུགས་ཀྱི་དྲག་ཤུགས་ལས་ཐག་རིང་བསྡད་ནས་བོད་བརྒྱུད་ནང་བསྟན་འདི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཤིག་བཟོ་ཐབས་སུ་འབད་དགོས་ཞེས་བརྗོད་འདུགརྒྱལ་མཚན་ནོར་བུ་ཟི་ཁྲོན་གྱི་དཀར་མཛེས་ཁུལ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། དེ་བཞིན་བསམ་ཆུ་རྫོང་གི་བླ་བྲང་བཀྲིས་འཁྱིལ་དགོན་པ་བཅས་སུ་བསྐྱོད་པའི་གནས་ཚུལ་དེ་ནི་ཉེ་ཆར་སྲིད་འཛིན་ཞི་ཅིན་ཕིང་བོད་ཞི་བས་བཅིངས་གྲོལ་ཟེར་བ་དེ་བཏང་ནས་ལོ་ ༧༠ འཁོར་བའི་དུས་ཚིགས་སྲུང་བརྩི་དང་འབྲེལ་ཏེ་བོད་ཀྱི་རྒྱལ་ས་ལྷ་ས་དང་ཀོང་པོ་ཁུལ་དུ་སྐྱོད་པའི་རྗེས་སུ་ཐོན་པ་ཞིག་ཆགས་ཀྱི་འདུག་པ་དང་། ཁོང་གིས་ཟླ་ ༧ ཚེས་ ༡༣ ནས་ཕྱི་ཚེས་ ༢༢ བར་ཉིན་གྲངས་བཅིུག་རིང་སྐོར་སྐྱོད་གནང་སྟེ་བོད་པའི་དགེ་འདུན་པ་རྣམ་པར་གཙོ་བོ་ང་ཚོས་བློ་རྩ་བརྟན་པོའི་ཐོག་ཁ་བྲལ་རིང་ལུགས་པའི་དྲག་ཤུགས་ནས་འབྲེལ་ཐག་རིང་པོ་བཞག་དགོས་པ་དང་ལྷག་དོན་ནང་ཆོས་འདི་ནུབ་ཕྱོགས་པའི་རྒྱ་ནག་ལ་ངོ་རྒོལ་དཔུང་ཤུགས་བྱ་རྒྱུའི་ལག་ཆ་ལྟ་བུར་གྱུར་ནས་ཆབ་སྲིད་ཀྱི་ལྐོག་བྱུས་ནང་ཚུད་རྒྱུ་མེད་པར་ནན་བརྗོད་བྱས་པ་མ་ཟད་བོད་བརྒྱུད་ནང་བསྟན་འདི་བཞིན་རྒྱ་ནག་གི་རིག་གཞུང་དང་སྐད་ཡིག་གི་འོག་ལ་གཅིག་ཏུ་སྒྲིལ་ཏེ་ཀྲུང་གོ་ཅན་དུ་བཟོ་དགོས་པའི་སྐུལ་འདེད་བཏང་འདུགརྒྱ་ནག་གི་སྤྱི་ཚོགས་ཚན་རིག་ལྟེ་གནས་ཁང་གི་ཉམས་ཞིབ་པས་རྒྱའི་པཎ་ཆེན་གྱི་ངོས་ནས་ནང་པའི་ཆོས་བརྒྱུད་པ་དག་གི་བློ་འགུགས་ཐབས་བྱེད་དགོས་པ་དང་ཐེངས་འདིའི་སྐོར་སྐྱོད་ནི་རྒྱ་ནག་དབུས་གཞུང་གིས་ཆོས་ལུགས་དོ་དམ་དང་འབྲེལ་བའི་སྲིད་བྱུས་བརྒྱུད་སྤེལ་ཆེད་དུ་གནད་ཆེན་པོ་ཆགས་ཀྱི་ཡོད་པར་གསུངས་འདུགཔཎ་ཆེན་རྒྱལ་མཚན་ནོར་བུ་ད་རེས་བོད་ཀྱི་ས་ཁུལ་ཁག་ཏུ་གཅིག་རྗེས་གཉིས་མཐུད་ཀྱིས་སྐོར་སྐྱོད་གནང་བ་ཐེངས་གཉིས་པ་དེ་ཆགས་ཀྱི་འདུག་པ་དང་དེ་འབྲེལ་ཉམས་ཞིབ་པ་ཁག་ཅིག་གིས་ཁོང་གི་འཚམས་གཟིགས་དེ་ནི་རང་ཉིད་ཀྱི་མཚན་མཐོང་ མཐོ་རུ་གཏོང་རྒྱུ་དང་ཆབས་ཅིག་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་བྱུས་གོང་སྤེལ་གཏོང་ཆེད་ཡིན་པར་ཚོད་དཔག་གནང་བཞིན་འདུག

ལྷོ་ཕྱོགས་གཞིས་ཆགས་ནང་གཉན་རིམས་ཕོག་མཁན་ཇེ་ཉུང་དུ་ཕྱིན་པ།

རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་གི་ནང་དུ་ཏོག་དབྱིབས་ནད་པའི་ཁ་གྲངས་དེ་ཇེ་ཉུང་དུ་སོང་བ་མ་ཟད་ཉེ་ལམ་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་ནད་པ་ ༡༨༠ ལྷག་འཕར་ཏེ་བོད་མི་མང་ཚོགས་ཁྲོད་སེམས་འཚབ་ཆེན་པོ་གནང་ཡུལ་ཞིག་ཏུ་གྱུར་ཡོད་ཀྱང་ད་ཆ་གཞིས་ཆགས་ནང་གཉན་རིམས་ཕོག་མཁན་ ༢༢ ལས་མི་འདུགགསར་འགོད་པས་ཞལ་པར་བརྒྱུད་གཞིས་ཆགས་ཁག་གི་སྨན་པ་དང་ས་གནས་འགོ་འཛིན་ཁག་ཅིག་ལས་གནས་ཚུལ་རྒྱུས་ལོན་ཞུས་པར་ཧོན་སུར་རབ་རྒྱས་གླིང་གི་ཕན་བདེ་སྨན་ཁང་གི་སྨན་ཞབས་པ་སྒྲོལ་དཀར་ལགས་ཀྱིས་ད་ལྟའི་ཆར་གཞིས་ཆགས་ནང་ནད་པ་གཅིག་ཀྱང་མེད་པར་གསུངས་སོང་། དེ་བཞིན་སྦེལ་ཀོབ་བོད་མིའི་གཞིས་ཆགས་ལྟ་བུར་མཚོན་ན་ད་ལྟ་ནད་དེ་ཕོག་མཁན་མི་ ༢༢ འདུག་ཀྱང་ཁོང་རྣམ་པའི་གནས་སྟངས་ཛ་དྲག་གང་ཡང་མེད་པ་དང་། མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ལ་ནད་པའི་ཁ་གྲངས་ ༡༥ དང་ཀོ་ལེ་གྷལ་གཞིས་ཆགས་ལ་ནད་ ༧ མ་གཏོགས་མི་འདུགགཞི་རྩའི་རྒྱ་གར་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་ཁ་གྲངས་དེ་ཉིན་རེ་བཞིན་ཆག་བཞིན་པའི་སྐབས་འདིར་ཀ་ན་ཊ་ཀ་མངའ་སྡེའི་བློན་ཆེན་གྱི་བཀའ་འཁྲོལ་འོག་མཐོ་སློབ་ཕྱིར་བཤོལ་གནང་བ་རྣམས་སླར་ཡང་འཚོགས་རྒྱུ་དང་། སློབ་ཕྲུག་སྔོན་ཁབ་དང་པོ་ཐོབ་མཁན་རྣམས་མཐོ་སློབ་ཏུ་ཕེབས་ཆོག་གི་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་གྱིས་རྒྱ་ནག་གི་དཔོན་རིགས་དང་ལྷན་བོད་དོན་གླེང་བ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་ལྕམ་ Wendy Sherman མཆོག་རྒྱ་ནག་ལ་གཞུང་འབྲེལ་འཚམས་གཟིགས་གནང་བ་དང་སྦྲགས་ཏེ་རྒྱ་ནག་ནག་གི་དཔོན་རིགས་ཚོ་དང་ཕྱོགས་གཉིས་ཀྱི་ཆབ་སྲིད་དང་ཚོང་འབྲེལ་སོགས་ཀྱི་གནད་དོན་ཙམ་མིན་པར་བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཀྱི་ནང་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་ཁག་གི་ཐོག་གླེང་སློང་གནང་འདུགཕྱི་སྲིད་དྲུང་ཆེ་སྐུ་གཞོན་ Wendy Sherman མཆོག་ཁ་ཉིན་དང་ཁ་སང་བཅས་ཉིན་གྲངས་གཉིས་ཀྱི་རིང་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་ཡོད་པ་དང་ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཐེངས་འདིའི་འཚམས་གཟིགས་དང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་ཡོངས་ཁྱབ་གནང་བར་གཞིགས་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ Wendy Sherman མཆོག་གིས་རྒྱ་ནག་གི་གྲོང་ཁྱེར་ཐེན་ཅིན་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་དང་ཕྱི་སྲིད་བློན་ཆེན་གཞོན་པ་ Xie Feng གཙོས་པའི་དཔོན་རིགས་ཁག་ཅིག་དང་ཐུག་འཕྲད་ཀྱིས་ཨ་རི་དང་རྒྱ་ནག་དབར་གྱི་ཆབ་སྲིད་དང་ཚོང་འབྲེལ་སོགས་ཀྱི་གནད་དོན་ཐོག་གྲོས་བསྡུར་གནང་ཡོད་པ་རེད། སྐབས་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་ལྕམ་ Wendy Sherman མཆོག་གིས་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཁྲོད་རྣོ་ངར་ལྡན་པའི་འགྲན་བསྡུར་གྱི་རྣམ་པ་མུ་མཐུད་ཡོང་རྒྱུར་དགའ་བསུ་ཡོད་ཀྱང་འགྲན་བསྡུར་གྱི་རྣམ་པ་དེ་དག་ཕྱོགས་གཉིས་ཀྱི་དབར་ལ་འགལ་ཟླ་བཟོ་རྒྱུའི་འདུན་པ་རྩ་བ་ནས་མེད་སྐོར་སོགས་གསུངས་འདུགཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་ལྕམ་ Wendy Sherman མཆོག་གིས་རྒྱ་ནག་གཞུང་ནས་ཨ་རིའི་རིན་ཐང་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ལ་རྒོལ་ལན་བྱེད་ཀྱི་ཡོད་པའི་བྱ་སྤྱོད་དང་། ལྷག་པར་དུ་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་བཀུར་མ་ཞུས་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་མང་གཙོའི་ལས་འགུལ་བར་དྲག་གནོན་དང་ཤིན་ཅང་ནང་ཡུ་གུར་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་པ། དེ་བཞིན་བོད་ནང་གདུག་རྩུབ་ཅན་གྱི་བྱ་སྤྱོད་སྤེལ་བཞིན་པ་སོགས་ཀྱི་ཐོག་སེམས་འཚབ་ཆེན་པོ་ཡོད་པ་གསུངས་འདུག སྐབས་དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ Xie Feng ནས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་བཟང་དུ་གཏང་རྒྱུར་འདོད་པ་ཡོད་ཀྱང་། ཨ་རིའི་ངོས་ནས་རྒྱ་ནག་འདི་དགྲ་བོ་ལྟ་བུར་ངོས་འཛིན་བྱེད་བཞིན་པའི་སྣང་བརྙན་དེ་མེད་པ་བཟོ་དགོས་པ་མ་ཟད་ད་བར་ཨ་རིས་རྒྱ་ནག་ཐོག་འཛིན་བཞིན་པའི་ཉེན་ཁ་ཅན་གྱི་སྲིད་བྱུས་ཁག་ཀྱང་ཕྱིར་འཐེན་དགོས་པ་སོགས་བཤད་འདུག  ལྷག་པར་དུ་ད་རེས་ཐེངས་དང་པོ་རྒྱ་ནག་གི་ངོས་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་ཡོང་ཐབས་སུ་ཨ་རིའི་ངོས་ནས་གནང་དགོས་པའི་དགོས་འདུན་དོན་ཚན་ཁག་ཅིག་ཆེད་བཏོན་བྱས་ཡོད་པ་དང་། དོན་ཚན་དེ་དག་ཁོངས་སུ་ཨ་རིའི་ངོས་ནས་ད་བར་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་དེ་དག་གི་ནང་མི། དེ་བཞིན་རྒྱ་ནག་གི་སློབ་ཕྲུག་སོགས་ལ་མཐོང་མཆན་བཀག་སྡོམ་གྱི་ཉེས་ཆད་འགེལ་བ་དེ་ཕྱིར་འཐེན་བྱེད་དགོས་པ། ད་བར་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཁག་ལ་ཆབ་སྲིད་ཀྱི་ཉེས་ཆད་བཏང་བ་དེ་ཕྱིན་འཐེན་དགོས་པ། ཨ་རི་གཞུང་ནས་རྒྱ་ནག་གི་ཚོང་ལས་སྡེ་ཚན་དང་གསར་འགྱུར་བརྒྱུད་ལམ། ཁུང་ཙི་སློབ་གླིང་སོགས་ལ་དམ་དྲག་རིགས་གནང་བཞིན་ཡོད་པ་ཁག་ཕྱིར་འཐེན་དགོས་པ་མ་ཟད། ད་ཆ་ཁེ་ན་ཌ་ནང་བཀག་སྐྱིལ་བྱེད་བཞིན་ཡོད་པའི་རྒྱ་ནག་གི་འཕྲུལ་ལས་བཟོ་གྲྭ་ཆེ་ཤོས་ Huawei བཟོ་ཚོང་ཁང་གི་འགན་འཛིན་གཙོ་གྲས་ Meng Wanzhou རྒྱ་ནག་ལ་ཕྱིར་ལོག་ཐུབ་པ་བྱེད་དགོས་སྐོར་སོགས་འཁོད་འདུགགནད་དོན་དེ་དག་དང་འབྲེལ་ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ Jen Psaki ལགས་ནས་གསར་འགོད་པ་ཁག་གི་དྲི་བར་བཀའ་ལན་གནང་སྐབས་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་རྒྱ་ནག་ཏུ་ཕེབས་ཏེ་ཨ་རི་གཞུང་གི་ལངས་ཕྱོགས་དང་ང་ཚོར་སེམས་འཚབ་ཡོད་པའི་གནད་དོན་ཁག་གསལ་འདོན་བྱ་རྒྱུ་ནི་ང་ཚོས་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། ལྷག་པར་དུ་རྒྱ་ནག་གཞུང་གིས་ཧོང་ཀོང་དང་ཤིན་ཅང་། དེ་བཞིན་བོད་བཅས་ཀྱི་ནང་ལ་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་ཁག་ཐེར་འདོན་བྱེད་རྒྱུ་ནི་ང་ཚོའི་ཕྱི་འབྲེལ་སྲིད་བྱུས་ཀྱི་ལྟ་གྲུབ་རེད་ཅེས་གསུངས་འདུག གཞི་རྩའི་ཨ་རིའི་སྲིད་འཛིན་གོང་མ་སྐུ་ཞབས་ Donald Trump མཆོག་གི་སྐབས་སུ་རྒྱ་ནག་དང་ཨ་རི་དབར་ལ་ཚོང་དང་ཆབ་སྲིད་ཀྱི་གནད་དོན་མང་དག་ཅིག་གི་ཐོག་གདོང་ཐུག་ཆེན་པོ་བྱུང་བ་མ་ཟད་ཨ་རིའི་ངོས་ནས་རྒྱ་ནག་གི་ཚོང་ལས་སྡེ་ཚན་ ༢༨ ཙམ་ཐོ་གཞུང་ནག་པོ་ནང་བཅུག་པ་དང་། རྒྱ་ནག་གི་འགོ་ཁྲིད་མི་ཉུང་བ་ཞིག་ལ་ཆབ་སྲིད་ཀྱི་ཉེས་ཆད་བཏང་ཡོད་པ་རེད། དེ་རྗེས་སྐུ་ཞབས་ Joe Biden མཆོག་གིས་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་སུའང་རྒྱ་ནག་ཐོག་སྲིད་བྱུས་དམ་པོ་བཟུང་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་དང་འབྲེལ་རྒྱ་ནག་གི་ཚོང་ལས་སྡེ་ཚན་གཞན་ ༢༤ ཐོ་གཞུང་ནག་པོའི་ནང་བཅུག་སྟེ་ཉེས་ཆད་འགེལ་རྒྱུ་ཡིན་པར་གསུངས་ཡོད།སྤྱིར་ལྕམ་ Wendy Sherman མཆོག་གི་ཐེངས་འདིའི་རྒྱལ་དོན་འཚམས་གཟིགས་ནི་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་སུ་རྒྱ་ནག་ནང་ཨ་རིའི་གནད་ཡོད་དཔོན་རིགས་མཐོ་གྲས་ཕེབས་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་སྐུ་ཞབས་ཇོ་བྷ་ཌན་མཆོག་གིས་སྲིད་འཛིན་གྱི་ཐུགས་འགན་བཞེས་རྗེས་ཨ་རི་དང་རྒྱ་ནག་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་དངོས་སུ་གདོང་ཐུག་གི་མཇལ་འཕྲད་ཐོག་མ་དེ་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ཨ་རིའི་ནུབ་ཕྱོགས་མངའ་སྡེ་ Alaska ནང་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Tony Blinken མཆོག་དང་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་སྐུ་ཞབས་ Jake Sullivan ལགས་རྣམ་གཉིས་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དང་རྒྱ་ནག་དབུས་ཕྱི་འབྲེལ་ལས་ཁང་གི་འགན་འཛིན་ Yang Jiechi བཅས་ཀྱི་དབར་གནང་ཡོད་པ་རེད།སྐབས་དེར་ཨ་རིའི་ངོས་ནས་རྒྱ་གཞུང་གིས་སྲིད་བྱུས་འདྲ་མིན་ལག་བསྟར་བརྒྱུད་མང་ཚོགས་ཐོག་ཆེས་དྲག་གནོན་བྱེད་བཞིན་པར་ཨ་རིའི་ངོས་ནས་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་ལས་ཀྱིས་ཁ་གཏད་གཅོག་རྒྱུ་དང་། རྒྱ་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་ལ་འགན་འཁུར་དགོས་པ་སོགས་ཚོར་ཤུགས་ཆེན་པོས་གསུངས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་འགོ་ཁྲིད་གཉིས་ནས་ཨ་རིའི་དགོས་འདུན་དེ་དག་ལ་ངོས་ལེན་མེད་སྐོར་སོགས་བཤད་པའི་གནས་སྟངས་བྱུང་ཡོད།ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Tony Blinken མཆོག་དེ་རིང་རྒྱ་གར་ནང་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཀྱི་ཡོད་པ་དང་། འཚམས་གཟིགས་འདིའི་ཁྲོད་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འགོ་ཁྲིད་དབར་ལ་བདེ་སྲུང་དང་དྲྭ་རྒྱའི་བདེ་འཇགས། དེ་བཞིན་འཇིགས་སྐུལ་འགོག་ཐབས་དང་མཐོང་མཆན་དང་འབྲེལ་བའི་གནད་དོན་སོགས་ཀྱི་ཐོག་གྲོས་བསྡུར་གནང་རྒྱུ་རེད་འདུག

རྒྱ་ནག་གིས་རྒྱ་གར་གྱི་གྲུ་བ་རྣམས་ཟུར་ཕུད་ཀྱིས་ལས་གནས་ཤོར་བཞིན་པར་ཞུ་གཏུགས།

རྒྱ་ནག་གིས་རྒྱ་གར་གྱི་གྲུ་བ་ཡོད་པའི་མཚོ་གྲུ་ཁག་ཡུལ་དེའི་གྲུ་ཁར་འབབ་ཏུ་འཇུག་གི་མེད་པ་ལྟར། རྒྱ་གར་གྱི་གྲུ་བའི་མཉམ་ལས་མཐུན་ཚོགས་ངོས་ནས་འབྲེལ་ཡོད་བློན་ཆེན་ལས་ཁུངས་ལ་དེར་འབྲེལ་གྱི་ཞུ་གཏུགས་ཀྱི་སྙན་ཞུ་ཞིག་ཕུལ་ཏེ་རྒྱ་གར་གྱི་གྲུ་བ་རྣམས་ཀྱི་ལས་ཀར་སྲུང་སྐྱོབ་དགོས་བར་སྐུལ་མ་ཞུས་འདུགདེ་ཡང་དེ་རིང་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་གྲུ་བའི་མཉམ་ལས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Abhijeet Sangle ལགས་ཀྱིས་རྒྱ་གར་གྱི་མཚོ་གྲུ་འབབ་ཚུགས་དང་མཚོ་འགྲུལ་གྱི་བློན་ཆེན་ Sarbananda Sonowal གྱི་མཚན་ཐོག་ཏུ་ཞུ་ཡིག་ཅིག་ཕུལ་ཏེ། རྒྱ་ནག་གིས་རྒྱ་གར་གྱི་གྲུ་བ་ཡོད་པའི་མཚོ་གྲུ་རྣམས་རྒྱ་ནག་གི་མཚོ་འགག་ཏུ་འགྲོ་རུ་འཇུག་གི་མེད་པའི་གནས་ཚུལ་ལུང་འདྲེན་དང་འབྲེལ། གནད་དོན་དེས་རྐྱེན་ད་སྐབས་མཚོ་གྲུ་ཁག་ཅིག་གིས་རྒྱ་གར་གྱི་གྲུ་བ་རྣམས་ལ་ལས་ཀ་སྤྲོད་ཀྱི་མེད་པ་དེ་ནི་རྒྱ་ནག་གིས་རྒྱ་གར་གྱི་གྲུ་བ་རྣམས་ཟུར་ཕུད་བྱེད་རྒྱུའི་འཐབ་བྱུས་ཤིག་ཡིན་པར་བསྒྲགས་འདུགསྐུ་ཞབས་ Abhijeet Sangle ལགས་ཀྱིས་རྒྱ་གར་གྱིས་ཕྱི་སྲིད་བློན་ཆེན་ Jaishankar མཆོག་ལ་ཡང་དམིགས་བསལ་གྱིས་ཞུ་ཡིག་ཅིག་ཕུལ་ནས། བློན་ཆེན་མཆོག་གིས་རྒྱ་ནག་གིས་རྒྱ་གར་གྱི་གྲུ་བ་རྣམས་ཟུར་ཕུད་བྱེད་བཞིན་པའི་གནད་དོན་དང་འབྲེལ་ནས་རྟོག་ཞིབ་གནང་སྟེ་འཕྲལ་དུ་ཐག་གཅོད་ནན་མོ་ལེན་དགོས་བར་སྐུལ་མ་གནང་འདུགདེ་བཞིན་ཞུ་ཡིག་དེའི་ནང་དུ་རྒྱ་ནག་གི་གཞུང་འབྲེལ་མ་ཡིན་པའི་རྒྱ་གར་གྱི་གྲུ་བ་བཀག་སྡོམ་གྱི་བཀའ་རྒྱ་དེའི་ཁྲོད་དུ། རྒྱ་གར་གྱི་གྲུ་བ་ ༢༠༠༠༠ ལྷག་གིས་སྔར་གྱི་ལས་གནས་ཤོར་བཞིན་པ་མ་ཟད། གྲུ་བ་རྣམས་ཀྱིས་རང་ཉིད་ཀྱི་ལས་གནས་ཤོར་བཞིན་པར་སེམས་འཚབ་ཆེན་པོ་བྱེད་བཞིན་པར་མངོན་གསལ་གྱིས། རྒྱ་གར་གྱི་འབྲེལ་ཡོད་དཔོན་རིགས་ཀྱིས་གནད་དོན་དེར་ཞིབ་ཚགས་ཀྱིས་གཟིགས་ཞིབ་གནང་ནས། རྒྱ་གར་གྱི་གྲུ་བ་རྣམས་ཀྱི་ལས་གནས་སྲུང་སྐྱོབ་བྱེད་རྒྱུའི་འབོད་སྐུལ་གནང་འདུག རྒྱ་གར་གྱི་ Times of India གསར་ཁང་གིས་འབྲེལ་ཡོད་ཀྱི་གྲུ་བ་རྣམས་ལ་གནད་དོན་དེར་བཅར་འདྲི་ཞུས་པའི་ནང་དུ། རྒྱ་ནག་གིས་གཞུང་འབྲེལ་མིན་པའི་ཐོག་ནས་རྒྱ་གར་གྱི་གྲུ་བ་རྣམས་མཚོ་འགག་གང་ས་ནས་ཟུར་ཕུད་བྱེད་བཞིན་པ་དང་། གནད་དོན་དེ་ནི་རྒྱ་ནག་གིས་རྒྱ་གར་གྱི་གྲུ་བ་རྣམས་ལས་རྒྱ་ནག་གི་གྲུ་བ་རྣམས་ཀྱི་ལས་གནས་ལ་ཁེ་བཟང་སྤྲོད་བཞིན་པའི་གནད་དོན་ཞིག་ཡིན་པར་བསྒྲགས་འདུགགསར་ཁང་གིས་རྒྱ་གར་གྱི་མཚོ་འགྲུལ་གྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Amitabh Kumar ལགས་སུ་དེར་འབྲེལ་གྱི་བཅར་འདྲི་ཞུས་པར་ཁོང་གིས་ད་ལྟའི་བར་དུ་རྒྱ་ནག་གཞུང་འབྲེལ་གྱིས་རྒྱ་གར་གྱི་གྲུ་བ་རྣམས་ཟུར་ཕུད་དང་འབྲེལ་བའི་ཐག་བཅད་བྱས་ཡོད་པའི་བཀའ་མོལ་གང་ཡང་བྱུང་མེད་པ་དང་། དེ་བཞིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལས་ཁུངས་ནས་ཀྱང་དེར་འབྲེལ་གྱི་གནད་དོན་གང་ཡང་གླེང་སློང་མ་བྱུང་བར་ལུང་འདྲེན་གྱིས། གཅིག་བྱས་ན་གནད་དོན་དེ་ནི་རྒྱ་གར་གྱི་གྲུ་བ་སྒེར་བ་རེ་ཟུང་གི་དགོངས་ཚུལ་ཡིན་སྲིད་པས་ཁོང་གི་ངོས་ནས་མི་སྒེར་རེ་རེའི་དགོངས་ཚུལ་ལ་བདག་པོ་རྒྱག་ཐབས་མེད་པར་གསུངས་འདུག གཞི་རྩའི་རྒྱ་ནག་གིས་རྒྱ་གར་གྱི་གྲུ་བ་རྣམས་ཟུར་ཕུད་བྱེད་བཞིན་པའི་གནད་དོན་དེ་ནི་འདི་ལོའི་ལོ་འགོ་ནས་འཕྲད་ཡོད་པ་དང་། གནད་དོན་དེ་དང་འབྲེལ་ནས་རྒྱ་གར་གྱི་གྲུ་བ་ ༤༠ ལྷག་གིས་རྒྱ་ནག་གི་བྱེད་བབ་དེར་གདོང་ཐུག་བྱེད་དགོས་བྱུང་ཡོད་འདུག

ཀེ་པི་ཊལ་གྱོན་ཆས་བཟོ་ཚོང་ཁང་གིས་བོད་ལ་རང་དབང་དགོས་ཞེས་པའི་གྱོན་ཆས་གསར་བཏོན་ལ་རྒྱ་རིགས་ཚོས་སྐྱོན་བརྗོད།

ཉི་ཧོང་གི་ Kapital ཞེས་པའི་གྱོན་ཆས་བཟོ་ཚོང་ཁང་གིས་ཉེ་ལམ་ Free Tibet འམ་བོད་ལ་རང་དབང་དགོས་ཞེས་པའི་གྱོན་ཆས་ཀྱི་ཚན་པ་གསར་པ་བཏོན་གནང་བ་དང་སྦྲགས་ཏེ་རྒྱ་རིགས་མང་ཚོགས་ཁག་ཅིག་གིས་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་འདུགཉིན་ཤས་གོང་ལ་བརྒྱུད་ལམ་ཁག་ཏུ་ Kapital བཟོ་ཚོང་ཁང་གིས་ཉེ་ལམ་ཟླ་ ༦ ཚེས་ ༢༣ ཉིན་ freewheelin’ KAPITAL ism ཞེས་གྱོན་ཆས་ཀྱི་ཚན་པ་གསར་པ་ཆེད་བཏོན་གནང་བ་དང་དེའི་ནང་སྟོད་ཐུང་སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དང་དེ་བཞིན་སྟོད་ཐུང་དང་རྐང་སུག་སོགས་ཀྱི་སྟེང་ Free Tibet འམ་བོད་ལ་རང་དབང་དགོས་ཞེས་པའི་ཡིག་འབྲུ་ཆེད་བཀོད་གནང་ཡོད་སྟབས་དྲྭ་རྒྱའི་ཐོག་རྒྱ་རིགས་ཚོས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་ཉི་ཧོང་ལ་ཁ་རྡུང་བཏང་ནས་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་བཏོན་འདུགབཟོ་ཚོང་ཁང་གི་གྱོན་ཆས་ཚན་པ་དེ་ཆབ་སྲིད་ཀྱི་ལངས་ཕྱོགས་མིན་པར་དེ་སྔ་ཚོགས་པའི་ Tibetan Freedom Concerts བོད་ཀྱི་རང་དབང་མཚན་ཚོགས་དང་བསྟུན་ནས་ཆེད་དུ་བཟོས་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུགགཞི་རྩའི་བཟོ་ཚོང་ཁང་དེས་དུས་རྒྱུན་དྲྭ་རྒྱའི་ཐོག་སྐྱོན་འཛུགས་འདྲ་མིན་བྱེད་སྐབས་དེར་སྣང་མེད་ལྟ་བུར་བཞག་གི་ཡོད་ཀྱང་། ད་ལན་སྐྱོན་འཛུགས་དང་ངོ་རྒོལ་བྱེད་སྐབས་བཟོ་ཚོང་ཁང་གིས་རང་ཉིད་ཀྱི་དྲྭ་གནས་ཐོག་འདྲ་པར་རྣམས་རང་སོར་བཞག་ཡོད་ཀྱང་། Instagram ཐོག་འདྲ་པར་དེ་དག་བསུབས་ཡོད་པ་མ་ཟད་དྲྭ་ངོས་སུ་ཡོད་པའི་འདྲ་པར་རྣམས་ཕྱིར་འཐེན་གནང་འདུགད་ཆ་རྒྱ་ནག་དང་ཉི་ཧོང་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཁར་ད་རེས་ཀྱི་གནད་དོན་དེས་དཀའ་རྙོག་བཟོ་རྒྱུ་ཡིན་པར་བརྗོད་མཁན་འདུག སྤྱིར་རྒྱ་ནག་གིས་དུས་ཀུན་ཏུ་རྒྱ་ནག་གཅིག་གི་སྲིད་བྱུས་དང་འབྲེལ་རྒྱལ་སྤྱིའི་བཟོ་ཚོང་ཁང་ནས་བོད་གཙོས་ཧོང་ཀོང་དང་ཐེ་ཝན་སོགས་ཀྱི་མིང་འབོད་དང་དེ་འབྲེལ་གྱི་གནད་དོན་ལ་རྒྱབ་སྐྱོར་གནང་ཚེ་བཟོ་ཚོང་ཁང་དེ་དག་གི་ངོས་ནས་རྒྱ་ནག་ནང་མ་འཛུགས་གནང་མི་ཆོག་པར་བཀག་སྡོམ་གྱི་སྡིགས་ར་སོགས་སྐུལ་གྱི་ཡོད་པ་རེད།

སླེ་ཁུལ་གྱི་འབྲོག་སར་ནད་ཡམས་ཁྱབ་གདལ་གྱིས་སྒོ་ཕྱུགས་ཕོན་ཆེ་འཆི་སྐྱོན།  

ལ་དྭགས་སླེ་ཉེ་འདབས་སུ་ཆགས་པའི་འདུད་གཅིག་ཟེར་བའི་བོད་མིའི་འབྲོག་སར་ཉེ་ལམ་ཟླ ༧ ཚེས་ ༤ ནས་བཟུང་ནད་ཡམས་ཁྱབ་གདལ་གྱིས་སྒོ་ཕྱུགས་སྲོག་ཆགས་ཕོན་ཆེ་འཆི་སྐྱོན་བྱུང་འདུགཉེ་ལམ་འདུད་གཅིག་ཁུལ་གྱི་འབྲོག་མི་ཁག་ཅིག་ནས་ལ་དྭགས་གནས་བཞུགས་དྲ་བརྙན་བཟོ་མཁན་དེ་སྔ་ལ་དྭགས་བྱང་ཐང་ཁུལ་གྱི་བོད་མི་ཚོར་སྒོ་ཕྱུགས་སེམས་ཅན་དང་སློབ་ཕྲུག་ཚོའི་ཤེས་ཡོན་དང་འབྲེལ་ཕྱག་རོགས་གནང་མྱོང་མཁན་སྒྲོལ་མ་ལྷ་མོ་ལགས་ལ་འབྲེལ་བ་གནང་སྟེ་འདུད་གཅིག་ཁུལ་གྱི་སྒོ་ཕྱུགས་སེམས་ཅན་འཆི་སྐྱོན་གྱི་གནད་དོན་འགྲེལ་བརྗོད་དང་སྦྲགས་དེ་འབྲེལ་ཐད་ཕྱག་རོགས་གནང་རོགས་ཞེས་འབོད་སྐུལ་གནང་འདུག་པ་དང་། ཁོང་ཕྱིས་སུ་ས་གནས་དེར་ཕེབས་ནས་གནས་སྟངས་རྣམས་རྒྱུས་ལོན་གནང་སྟེ་དེའི་ཐད་བརྙན་བཟོས་ཡོད་པ་ལྟར། མང་ཚོགས་རྣམས་ནས་དེར་རྒྱབ་སྐྱོར་གྱིས་ད་ཆ་སྤྱི་ཚོགས་དྲྭ་ལམ་ཐོག་འདུད་གཅིག་གི་བརྙན་དེ་བརྒྱུད་སྤེལ་གང་མང་གནང་བཞིན་འདུགརླུང་འཕྲིན་ཁང་གིས་འདུད་གཅིག་ཁུལ་གྱི་གནད་དོན་ཐད་སྒྲོལ་མ་ལྷ་མོ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས་ད་ཆ་ས་གནས་ནས་གནས་ཚུལ་འབྱོར་བར་གཞིགས་ན་འདུད་གཅིག་ཁུལ་དུ་ཉིན་རེར་སྒོ་ཕྱུགས་རིགས་འཆི་བའི་གྲངས་འབོར་དེ་བཞིན་དེ་སྔ་ལས་ཉུང་དུ་ཕྱིན་ཡོད་པ་དང་། ལ་དྭགས་ཀྱི་ Sheep department  ཞེས་པའི་སྡེ་ཚན་གིས་ས་གནས་སུ་ལས་བྱེད་ཆེད་གཏོང་གནང་ནས་སྒོ་ཕྱུགས་ཚོར་སྨན་བཅོས་སོགས་གནང་མུས་ཡིན་སྐོར་གསུངས་སོང་།སྤྱིར་སྒོ་ཕྱུགས་སེམས་ཅན་དེ་དག་ནི་འབྲོག་པ་རྣམས་པའི་འཚོ་རྟེན་གཙོ་བོ་ཆགས་ཀྱི་ཡོད་པ་དང་། ད་ཆ་སེམས་ཅན་འཆི་སྐྱོན་བྱུང་སྐབས་འབྲོག་པ་ཚོར་ཡོང་ཁུངས་ཀྱི་ཆ་ནས་དཀའ་ངལ་འཕྲད་བཞིན་ཡོད་སྟབས། ཁོང་གིས་དེང་ཆར་རོགས་པ་གནང་མཁན་ཁག་ཅིག་བྱུང་སོང་བ་དང་རང་ཉིད་ཀྱི་ངོས་ནས་རེ་བར་ད་ཆ་སྲོག་ཆགས་ནད་ཀྱིས་མནར་བཞིན་པ་ཚོ་སྐྱོབ་པར་འབད་བརྩོན་གནང་རྒྱུ་དང་། དེ་བཞིན་རིམ་པས་འབྲོག་མི་ཚོར་གུན་གསབ་གནང་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད།  དེ་བཞིན་གནད་དོན་དེའི་ཐད་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་སུ་བཀའ་འདྲི་ཞུས་པར་དྲུང་ཆེ་མཆོག་གིས་གནས་ཚུལ་དེ་ཟླ་ ༧ ཚེས་ ༤ ཉིན་མོར་མཁྱེན་རྟོགས་བྱུང་སྐོར་དང་། ལྷག་པར་དུ་ས་གནས་འགོ་འཛིན་གྱི་ངོས་ནས་འབྲེལ་གཏུག་གནང་དགོས་ས་ཚང་མར་འབྲེལ་བ་གནང་ཡོད་པ་མ་ཟད། དུད་འགྲོའི་སྨན་པ་རུ་ཁག་ཅིག་ས་གནས་སུ་བཞུགས་ཡོད་པ་དང་། ནང་སྲིད་ལས་ཁུངས་ཀྱི་ངོས་ནས་ཛ་དྲག་ངལ་སེལ་ཆེད་འབུམ་གཉིས་ཀྱི་བཀའ་འཁྲོལ་ཞུས་དོན་ལྟར་ཐོབ་ཡོད་སྐོར་སོགས་གསུངས་སོང་།གཞི་རྩའི་འདུད་གཅིག་དུ་བོད་མི་འབྲོག་པ་བརྒྱད་དང་ལ་དྭགས་འབྲོག་པ་གཅིག་བཅས་ཁྱོན་འབྲོག་ཁྱིམ་ ༩ ཡོད་པ་དང་། ད་ཆ་ནད་ཡམས་དེའི་རྐྱེན་གྱིས་ར་ལུག་རྣམས་ཀྱི་ཁ་དང་རྐང་པར་འབུ་བརྒྱབས་ཏེ་འཆི་བའི་གནས་སྟངས་བྱུང་འདུག ཉེ་ལམ་ཚེས་ ༢༠ བར་སྒོ་ཕྱུགས་ ༧༠༠ ལྷག་འཆི་ཡོད་པ་དང་། འཆི་སྐྱོན་བྱུང་བའི་སྒོ་ཕྱུགས་དེ་དག་གི་ཤི་རོ་སྦས་ཐབས་སུ་ལ་དྭགས་བསོད་ནམས་གླིང་གི་ས་གནས་འགོ་འཛིན་གྱིས་ས་གཞོང་འཕྲུལ་འཁོར་བཏང་ཡོད་པ་རེད།

མ་ཧཱ་རཤ་ཊི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཐུགས་གསོ་མཛད་པ།

རྒྱ་གར་མ་ཧཱ་རཤ་ཊི་མངའ་སྡེར་ཆར་ཞོད་ཆེ་བའི་རྐྱེན་གྱིས་ཆུའི་འཇིག་པའི་འོག་མི་རྒྱུ་གཉིས་ཀར་གོད་ཆག་ཚབས་ཆེན་ཕོག་པའི་བཟོད་གླགས་དཀའ་བའི་ངལ་བ་འཕྲད་བཞིན་ཡོད་པའི་ཡོད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་༸བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་མ་ཧཱ་རཤ་ཊི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨུ་བྷབ་བཱ་ལཱ་སཱ་ཧེབ་ཊཱཀ་རེ་ (Uddhav Balasaheb Thackeray) མཆོག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་སྩལ་བ་དང་སྦྲགས། མང་ཚོགས་ཀྱི་ངལ་སེལ་རོགས་རམ་ལ་སྨན་ཕྱིར་ཏཱ་ལའི་བླ་མའི་ཡིད་ཆེས་དགེ་རྩ་བརྒྱུད་མ་དངུལ་གསོལ་སྩལ་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་འདུགཁ་སང་ཕྱི་ཚེས་ ༢༥ རེས་གཟའ་ཉི་མའི་ཉིན་སྩལ་བའི་གསུང་འཕྲིན་དེའི་ནང་མགོན་པོ་༸གང་ཉིད་མཆོག་གིས་མ་ཧཱ་ར་ཤ་ཊའི་མངའ་སྡེ་གཞུང་དང་འབྲེལ་ཡོད་དབུ་ཁྲིད་རྣམ་པས་ཆུའི་འཇིག་པའི་གོད་ཆག་དབང་གིས་གནོད་འཚེ་ཕོག་པ་དག་ལ་ངལ་སེལ་སླད་གང་ཐུབ་ཅི་ཐུབ་ཀྱི་འབད་བརྩོན་ཆེན་པོས་རོགས་རམ་གནང་མུས་ཡིན་པ་མཁྱེན་རྟོགས་བྱུང་ཞེས་བཀའ་སྩལ་འདུགལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་མངའ་སྡེའི་གཞུང་མང་གཉིས་ལ་གདུང་སེམས་མཉམ་བསྐྱེད་དང་མང་ཚོགས་ཀྱི་ངལ་སེལ་རོགས་རམ་ལ་སྨན་པའི་ཏཱ་ལའི་བླ་མའི་ཡིད་ཆེས་དགེ་རྩ་བརྒྱུད་མ་དངུལ་གསོལ་བསྩལ་མཛད་རྒྱུ་ཡིན་པར་བཀའ་སྩལ་མཛད་འདུགགཞི་རྩའི་ཐེངས་འདིའི་མ་ཧཱ་རཤ་ཊི་མངའ་སྡེར་ནང་ཆར་ཞོད་ཆེ་བའི་རྐྱེན་གྱིས་ཆུ་རུད་རྒྱུག་པ་དང་ས་རུད་བྱུང་བ་བཅས་ལ་གཞིགས་ཏེ་ངལ་སེལ་དང་ཉམས་གསོའི་ལས་ཁུངས་ཀྱིས་མངའ་སྡེའི་ནང་མང་ཚོགས་ ༡༣༨ ལྷག་གི་ཚེ་སྲོག་ཤོར་བ་དང་ཉེན་གཡོལ་ཆེད་མང་ཚོགས་འབུམ་གཅིག་དང་སྟོང་ཕྲག་སུམ་ཅུ་སོ་ལྔ་ལྷག་ས་གནས་གཞན་ལ་གནས་སྤོས་འདུག་པ་མ་ཟད། དེ་བཞིན་མང་ཚོགས་ ༩༩ འབོར་བརླག་དང་ ༥༣ ལ་རྨས་སྐྱོན་ཕོག་ཡོད་པར་གསུངས་འདུགརྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi མཆོག་གིས་ཀྱང་ཆར་ཞོད་ཆེ་བའི་དབང་གིས་མ་ཧཱ་ར་ཤ་ཊའི་མའང་སྡེའི་མང་ཚོགས་དུ་མའི་ཚེ་སྲོག་ཤོར་བར་ཆེས་ཐུགས་ཕམ་གནང་བ་དང་སྦྲགས་ཏེ་གོད་ཆག་ཕོག་ཡུལ་གྱི་ས་གནས་ལ་ཉེར་མཁོའི་མཐུན་འགྱུར་གང་ལེགས་གནང་དགོས་སྐོར་གསུངས་འདུག  

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀྲིན་རྗེས་དྲན་ཞུས་པ།

འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་ཚོས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ད་བར་འཛམ་གླིང་སྤྱི་དང་སྒོས་བོད་འབངས་རྣམས་ལ་བསྐྱངས་པའི་བླ་ན་མེད་པའི་མཛད་རྗེས་དག་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བཀྲིན་རྗེས་དྲན་ཞུ་རྒྱུའི་གནང་སྒོ་འདྲ་མིན་སྤེལ་བཞིན་པའི་ཁྲོད་འདིར་སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་མི་མང་ཡོངས་གིས་༸རྒྱལ་མཆོག་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བཀྲིན་རྗེས་དྲན་མཚོན་ཆེད་དུ་གསེར་ཟངས་ལས་གྲུབ་པའི་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་བརྙན་ཞིག་ཕུལ་འདུགལས་རིམ་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་གོང་མས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་ལས་འཆར་ཞིག་ཡོངས་གྲགས་གནང་དོན་ལྟར་དེའི་ཆ་ཤས་སུ་འདི་ག་སྐབས་ ༡༧ པའི་སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་མི་མང་གིས་མགོན་པོ་མཆོག་ལ་བཀྲིན་རྗེས་དྲན་ཞུ་ཆེད་གསེར་ཟངས་ལ་གྲུབ་པའི་༸རྒྱལ་བའི་༸སྐུ་བརྙན་ཞིག་འབུལ་ལམ་ཞུ་རྒྱུར་ཐག་གཅོད་བྱུང་བ་ཞིག་ཆགས་ཀྱི་འདུགསྐབས་ ༡༨ པའི་སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་མི་མང་གི་ཚོགས་གཙོ་སྐར་མ་ཆོས་སྐྱིད་ལགས་ཀྱིས་ད་ལན་སྐབས་ ༡༨ པའི་ངོས་ནས་སྐབས་གོང་ལས་དོན་མཇུག་སྐྱོང་གིས་སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་མི་མང་ཡོངས་ནས་མགོན་པོ་མཆོག་༸སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་ཆེད་དུ་གསོག་སྒྲུབ་ཞུས་པའི་༸རྒྱལ་བའི་མཚན་སྔགས་དང་ལྷན་དུ་གསེར་ཟངས་ལས་གྲུབ་མགོན་པོ་མཆོག་གི་༸སྐུ་བརྙན་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་དང་བསྟུན་མགོན་པོ་༸གང་ཉིད་མཆོག་ལ་ཕུལ་རྒྱུ་བྱུང་བ་ནི་སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་མི་མང་ཡོངས་ཀྱི་ངོས་ནས་སྐལ་བ་བཟང་པོར་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་སོང་།དེ་བཞིན་སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་མི་མང་ཡོངས་ཀྱིས་༸རྒྱལ་མཆོག་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ད་བར་འཛམ་གླིང་སྤྱི་དང་སྒོས་བོད་མིའི་བདེ་རྩ་ཁོ་ནར་སྨན་པའི་རླབས་ཆེན་གྱི་མཛད་རྗེས་བསྐྱངས་དང་བསྐྱོང་བཞིན་པ་དང།  ཁྱད་པར་དུ་གོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་སྟེ་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་ཆོས་རིག་གཞུང་། སྣོད་བཅུད་དང་བཅས་པ་སྲུང་སྐྱོབ་གནང་རྒྱུ་དང། དེ་བཞིན་རྒྱ་གར་གྱི་གནའ་བོའི་དཔལ་ནཱ་ལེནྡཱའི་རིག་གནས་གོང་མཐོར་བཅས་མཛད་བཞིན་པ་སོགས་ལ་བཀའ་དྲིན་རྗེས་དྲན་མཚོན་བྱེད་དང། ༸རྒྱལ་མཆོག་༸སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་དང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་གྲུབ་པའི་གསོལ་འདེབས་ཀྱང་ཞུས་འདུག

Latest news