Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ལ་དྭགས་ཀྱི་གནས་སྟངས་དེ་རྫ་དྲག་ཆགས་ཡོད་སྟབས་ཕྱོགས་གཉིས་དབར་ཆབ་སྲིད་ཀྱི་གྲོས་མོལ་གཏིང་ཟབ་གནང་དགོས་པ་གསུངས་འདུག

འདས་པའི་ཟླ་ཤས་ནས་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་དམག་མི་དབར་གདོང་ཐུག་བྱུང་རྐྱེན་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ S Jaishankar མཆོག་གིས་ལ་དྭགས་ཀྱི་གནས་སྟངས་དེ་ཧ་ཅང་རྫ་དྲག་ཏུ་གྱུར་ཡོད་པར་འགྲེལ་བརྗོད་གནང་སྟེ་ཕྱོགས་གཉིས་དབར་ཆབ་སྲིད་ཀྱི་གྲོས་མོལ་གཏིང་ཟབ་གནང་དགོས་པ་གསུངས་འདུགདེ་རིང་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལ་གཞིགས་ན། རྒྱ་དཀར་ནག་གཉིས་དབར་འཕགས་བོད་ས་མཚམས་དང་འབྲེལ་བའི་རྩོད་རྙོག་ཁྲོད་ཁ་སང་ཕྱི་སྲིད་བློན་ཆེན་སྐུ་ཞབས་ S Jaishankar མཆོག་གིས་ལ་དྭགས་ཤར་ཕྱོགས་ཀྱི་གནས་སྟངས་དེ་ཧ་ཅང་རྫ་དྲག་ཏུ་གྱུར་ཡོད་པར་འགྲེལ་བརྗོད་གནང་བ་དང་སྦྲགས། རྒྱ་གར་ནས་རྒྱ་ནག་དང་ལྷན་དུ་ཆབ་སྲིད་ཀྱི་གྲོས་མོལ་གཏིང་ཟབ་གནང་དགོས་པར་གསུངས་འདུག་པ་མ་ཟད། ད་ལྟའི་ཆར་འཕྲད་བཞིན་པའི་མཐའ་མཚམས་ཀྱི་རྩོད་རྙོག་དེ་རྒྱ་དཀར་ནག་གཉིས་ཀྱི་སྤྱི་ཡོངས་འབྲེལ་ལམ་གྱི་གནས་བབ་དང་ཐ་དད་དུ་འཇོག་རྒྱུ་མེད་པར་གསུངས་འདུགགཞི་རྩའི་ཕྱི་སྲིད་བློན་ཆེན་མཆོག་ནས་གནངས་ཕྱི་ཚེས་ ༡༠ ཉིན་ཨུ་རུ་སུའི་རྒྱལ་ས་ Moscow ནང་རྒྱལ་ཁབ་ཁག་ཅིག་གི་ཕྱི་སྲིད་བློན་ཆེན་གྱི་ཚོགས་འདུར་ཕེབས་རྒྱུ་ཡིན་པ་དང་། སྐབས་དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དང་ལྷན་དུ་ཐུག་འཕྲད་གནང་རྒྱུ་རེད་འདུག དེའི་བར་ན་རྒྱ་ནག་དམར་ཤོག་ཚོགས་པས་ཁ་སང་རེས་གཟའ་ཟླ་བའི་ཕྱི་དྲོར་རྒྱ་གར་གྱི་དམག་མིས་འཕགས་བོད་ཀྱི་ས་མཚམས་བརྒལ་བ་མ་ཟད་པང་གྷོང་གཡས་གཡོན་དུ་ཡོད་པའི་རྒྱ་ནག་གི་དམག་མིར་འཇིགས་སྐུལ་སོགས་བྱས་ཡོད་པར་བརྗོད་ཡོད་ཀྱང་། དེ་རིང་རྒྱ་གར་གྱི་དམག་མིས་གནད་དོན་དེ་བདེན་པ་མིན་པ་དང་རྒྱ་གར་གྱི་ངོས་ནས་དེ་འབྲེལ་བྱ་སྤྱོད་གང་ཡང་སྤེལ་མེད་པའི་ལན་འདེབས་གནང་འདུག ལྷག་པར་དུ་རྒྱ་ནག་གིས་རྫུན་བསྒྲགས་བྱས་པའི་གནད་དོན་རྣམས་རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པའི་ China Daily དང་། Global Times སོགས་ཀྱིས་གནས་ཚུལ་སྤེལ་ཡོད་སྟབས།  རྒྱ་གར་གྱི་དམག་མིས་རྒྱ་གཞུང་གི་ངོས་ནས་བྱེད་བབས་དེ་ནི་རྒྱ་རིགས་དང་རྒྱལ་སྤྱིའི་མང་ཚོགས་ལ་ལོག་ཁྲིད་བྱེད་བཞིན་པའི་བྱ་སྤྱོད་ཅིག་ཡིན་པར་གསུངས་འདུག སྤྱིར་ལ་དྭགས་སུ་ཡོད་པའི་རྒྱ་དཀར་ནག་གཉིས་ཀྱི་དམག་མི་དབར་གདོང་ཐུག་རིམ་པ་བྱུང་ཡོད་པ་དང་། དེའི་ཁྲོད་ཉེ་ལམ་བོད་པའི་དྭང་སློབ་རུ་ཤོག་ཨང་བདུན་པའི་མེ་ཏོག་གཉིས་ཅན་གྱི་བརྒྱ་དཔོན་སྐུ་ཞབས་ཉི་མ་བསྟན་འཛིན་ལགས་འབར་རྫས་གས་འཐོར་དོན་རྐྱེན་ཁྲོད་འདས་གྲོངས་སུ་གྱུར་བ་དང་དེ་བཞིན་བོད་མི་དྭང་ཞབས་པ་བསྟན་འཛིན་བློ་ལྡན་ལགས་སུ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་སྨན་བཅོས་གནང་མུས་ཡིན་པ་རེད།

རྒྱ་ནག་གིས་ཨ་རིའི་གསར་འགོད་པའི་ལག་འཁྱེར་འཕར་འགྱངས་ཞུ་རྒྱུར་བཀག་སྡོམ།

དེང་སྐབས་ཨ་རྒྱ་གཉིས་ཀྱི་ཕྱི་འབྲེལ་གྱི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྐབས་འདིར། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་གསར་འགོད་པ་རྣམས་ཀྱི་ལག་འཁྱེར་འཕར་འགྱངས་བྱེད་རྒྱུར་དམ་དྲག་བྱེད་བཞིན་པ་མངོན་གསལ་གནང་འདུག

གུས་འདུད་དང་ཆེ་མཐོང་ལྡན་པའི་ཐོག་ནས་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་ཞུགས་འབུལ།

དེ་རིང་སྔ་དྲོ་ཚོུད་ ༦ ཙམ་ལ་འཕགས་བོད་གཉིས་ཀྱི་ས་མཚམས་སུ་འབར་རྫས་གས་འཐོར་དོན་རྐྱེན་ཁྲོད་འདས་གྲོངས་སུ་གྱུར་བའི་བོད་པའི་དྭང་སློབ་རུ་ཤོག་ཨང་བདུན་པའི་མེ་ཏོག་གཉིས་ཅན་གྱི་བརྒྱ་དཔོན་སྐུ་གཤེགས་དམ་པ་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་སོང་།དམ་པ་ཁོང་གི་སྐུ་ཕུང་ཞུགས་འབུལ་སྐབས་ཁོང་གི་ཤུལ་ལུས་ནང་མི་དང་སྤུན་མཆེད་གཙོས་པའི་འབྲེལ་ཡོད་དམག་སྒར་དང་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་གཞོན་སྐྱེས་བཅས་གཞིས་མི་ཡོངས་ཀྱིས་རྐང་འགན་བཞེས་ཐོག་དམ་པ་ཁོང་གི་སྐུ་ཕུང་བསོད་ནམས་གླིང་བོད་མིའི་གཞིས་སྒར་བརྒྱ་ཤོག་ཡོངས་རྫོགས་ལ་གཞིས་མི་ཚོས་གཟི་བརྗིད་དང་ལྡན་པའི་ངང་ནས་གདན་ཞུ་གནང་བ་དང་དེ་རྗེས་བརྒྱ་ཤོག་དང་པོའི་ཉེ་འདབས་སུ་ཆགས་པའི་དུར་ཁྲོད་བསིལ་བའི་ཚལ་དུ་སྐུ་ཕུང་ཞུགས་འབུལ་གནང་ཡོད།སྐབས་དེར་གཞིས་མི་ཚོའི་ལུས་ལ་བོད་ཆས་ལེགས་པར་སྤྲས་ནས་ཕྱག་ལ་མཇལ་དར་དང་བོད་ཀྱི་རྒྱལ་དར་བསྣམས་པ་སོགས་ཀྱི་གནང་སྒོ་གང་རྒྱས་གནང་སྟེ་གཞིས་མི་ཚོས་གཟི་བརྗིད་དང་ལྡན་པའི་ངང་ནས་བརྒྱ་ཤོག་དང་པོའི་ཉེ་འདབས་སུ་ཆགས་པའི་དུར་ཁྲོད་བསིལ་བའི་ཚལ་དུ་སྐུ་ཕུང་ཞུགས་འབུལ་གནང་ཡོད་པ་རེད།སྐབས་དེར་དགེ་འདུན་འདུས་པ་རྒྱ་མཚོས་དབུས་པའི་རྒྱ་གར་གཞུང་འཛིན་ཚོགས་པ་ BJP རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་ Ram Madhav ལགས་ཀྱིས་གཙོས་པའི་ལ་དྭགས་གླེའི་ཉེན་རྟོག་རུ་དཔོན། གྲོས་ཚོགས་འཐུས་མི་དང་ལ་དྭགས་ཁུལ་གྱི་གནད་ཡོད་དཔོན་རིགས་ཁག་ཅིག ས་གནས་བོད་མི་མང་སྤྱི་འཐུས་དང་ས་གནས་འགོ་འཛིན། དེ་བཞིན་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། གཞིས་མི་བཅས་ཁྱོན་མི་མང་བརྒྱ་ཕྲག་ལྷག་འདུ་འཛོམས་གནང་ཐོག་རུ་ཤོག་ཨང་ ༢༢ པའི་དྭང་ཞབས་པ་ཚོའི་ལུས་ལ་དམག་ཆས་ལེགས་པར་སྤྲས་ཏེ་རུ་སྒྲིག་གཏོང་བཞིན་ཕྱི་ནང་གི་དཔོན་རིགས་རྣམས་ནས་གདུང་སེམས་མཉམ་བསྐྱེད་དང་ཆེ་བསྟོད་མཚོན་ཕྱིར་སྐུ་ཕུང་ལ་མེ་ཏོག་དང་མཇལ་དར་སྒྲོན་ནས་ཞུགས་འབུལ་གནང་ཡོད།རླུང་འཕྲིན་ཁང་ལ་དམ་ཁོང་གི་གཅེན་པོ་བསྟན་འཛིན་སྙན་གྲགས་ལགས་ཀྱིས་ལ་དྭགས་གླེའི་བསིལ་བའི་ཚལ་དུར་ཁྲོད་ནས་གཅུང་པོས་རྒྱལ་ཁབ་ཀྱི་སླད་དུ་འདས་གྲོངས་སུ་གྱུར་བར་སྤོབས་པ་ཡོད་ཅེས་གསུངས་སོང་བ་དང་། བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་བརྒྱ་ཤོག་བཅིུས་ཀྱི་སྐུ་ཚབ་བརྒྱ་ཤོག་བརྒྱད་པའི་བརྒྱ་དཔོན་ཚེ་རིང་ལྷ་སྐྱབས་ལགས་ཀྱིས་གཞོན་སྐྱེས་ཚོས་དང་བླངས་ཐོག་ནས་སྐུ་ཕུང་ཞུགས་འབུལ་གནང་སྒོ་ཁག་འཐུས་ཚང་དང་གཟི་བརྗིད་ལྡན་པ་ཞིག་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད།དམ་པ་ཁོང་ལ་མྱ་ངན་གུས་འདུད་སླད་ལ་དྭགས་གླེའི་ཚོང་པ་ཚོགས་པའི་བཀོད་ཁྱབ་དང་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་ཀྱིས་འབོད་སྐུལ་གནང་དོན་བཞིན་དེ་རིང་ཉིན་རྒྱབ་ཚོུད་གཉིས་པ་ནས་གླེ་ཡོངས་རྫོགས་ཀྱི་ཚོང་ཁང་སྒོ་བརྒྱབ་འདུག་པ་མ་ཟད། དེ་བཞིན་བོད་མིའི་ཁྱིམ་ཚང་ཚང་མར་སྔ་དྲོ་ཚོུད་ ༦ ནས་དགོང་མོ་ཚོུད་ ༧ བར་དམ་པ་ཁོང་ལ་སྨན་པའི་མཆོད་མེ་ཞལ་ཕྱེ་དང་མ་ཎི་གསོག་སྒྲུབ་གནང་ཡོད་པ་རེད།དམ་པ་ཁོང་དམག་སར་འདས་གྲོངས་སུ་གྱུར་བར་བཙན་བྱོལ་བོད་མི་དང་རྒྱ་གར་བ། དེ་བཞིན་དེ་སྔ་དམག་སྤྱི་གནང་མྱོང་མཁན་རྒྱ་གར་གྱི་ཆེས་མཐོའི་མི་སྣ་དང་རྒྱ་གར་གྱི་གསར་ཁང་ཁག་གིས་ཀྱང་ཁོང་དང་ཤུལ་ལུས་ནང་མིར་གདུང་སེམས་མཉམ་བསྐྱེད་དང་ཡི་རང་བསྔགས་བརྗོད། ཆེ་བསྟོད་བཅས་ཞུ་མུས་ཡིན་པའི་ཁྲོད་འདིར་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་གོ་སྒྲིག་གནང་ཡོད།གཞན་ཡང་འཕགས་བོད་གཉིས་ཀྱི་ས་མཚམས་སུ་འབར་རྫས་གས་འཐོར་བྱུང་བའི་དོན་རྐྱེན་ཁྲོད་རྨས་སྐྱོན་ཕོག་པའི་དྭང་ཞབས་པ་བསྟན་འཛིན་བློ་ལྡན་ལགས་ཀྱི་ད་ལྟའི་གནས་སྟངས་ཇི་ཆགས་སྐོར་ལ་ཁོང་གི་པཱ་ལགས་སུ་བཅར་འདྲི་ཞུས་པར་བསྟན་འཛིན་བློ་ལྡན་ལགས་ཀྱི་ད་ཆར་སྨན་ཁང་དུ་སྨན་བཅོས་གནང་མུས་ཡིན་པ་དང་། ཁོང་གི་བུ་དམག་སར་རྒྱལ་ཁབ་ཀྱི་བདེ་འཇགས་ཕྱིར་རྨས་སྐྱོན་ཕོག་པར་གཟི་བརྗིད་དང་སྤོབས་པ་ཆེན་པོ་ཡོད་ཅེས་གསུངས་སོང་།

ཆབ་སྲིད་བཙོན་པ་འཕགས་པ་སྐྱབས་ལགས་གློད་བཀྲོལ།

བོད་མདོ་སྨད་བླ་བྲང་ཨ་མཆོག་སྡེ་བ་ནས་ཡིན་པའི་ཆབ་སྲིད་བཙོན་པ་འཕགས་པ་སྐྱབས་ལགས་ཟླ་འདིའི་ཟླ་འགོར་གློད་བཀྲོལ་བཏང་འདུག ཕྱི་ལོ་ ༢༠༡༢་ལོའི་ཟླ་བ་ ༡༠ བའི་ཚེས་༢༦ ཉིན་བོད་བླ་བྲང་ཨ་མཆོག་སྡེ་བའི་ལྷ་མོ་ཚེ་བརྟན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དང་འབྲེལ་ནས།  འཕགས་པ་སྐྱབས་ལགས་ཀྱིས་ལྷ་མོ་ཚེ་བརྟེན་ལགས་ཀྱི་རང་ལུས་མེར་བསྲེགས་ལ་རོགས་འདེགས་བྱས་ཡོད་པའི་ཉེས་འཛུགས་འོག་ཁོང་སྤྱི་ལོ་ ༢༠༡༢ ལོའི་ཟླ་བ་ ༡༢ ལོའི་ཚེས་ ༤ ཉིན་འཛིན་བཟུང་བྱས་ཏེ་ལོ་ ༨ ཀྱི་ཁྲིམས་ཐག་བཅད་ཡོད་པ་ཞིག་རེད་འདུག དེ་རིང་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་བྱས་པ་ལྟར་ན། བདུན་ཕྲག་སྔོན་པའི་ནང་དུ་འཕགས་པ་སྐྱབས་ལགས་གསང་བའི་ངང་ནས་གློད་གྲོལ་བཏང་ཡོདཔར་གསུངས་སོང་། དེ་བཞིན་ཁོང་གིས་ད་ལྟའི་ཆར་བོད་ཁུལ་དུ་དམ་དྲག་ཤུགས་ཆེར་ཡོད་པར་བརྟེན་ཆབ་སྲིད་བཙོན་ཟུར་འཕགས་པ་སྐྱབས་ལགས་གློད་བཀྲོལ་ཐོབ་པ་ཙམ་ལས། ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་སོགས་ཀྱི་ཐད་ནས་གནས་ཚུལ་རག་ཁག་ནའང་། སྤྱི་ཡོངས་ཀྱི་ཆ་ནས་ཁོང་བཙོན་ནས་ལོ་བརྒྱད་ལ་བསྡད་པར་བརྟེན་འཕྲོད་བསྟེན་གྱི་ཆ་ནས་དཀའ་ངལ་ཆེན་པོ་ཡོད་ཤག་རེད་ཅེས་ངོ་སྤྲོད་གནང་སོང་།

ཀུ་ཤུ་བཟོ་ཚོང་ཁང་གིས་འགྲོ་བ་མིའི་ཐོབ་ཐང་གི་སྲིད་བྱུས་གཏན་འབེབས།

བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་དང་རྒྱ་ནག་གི་མང་གཙོ་དོན་གཉེར་བ་སོགས་ཀྱིས་ཀུ་ཤུ་བཟོ་ཚོང་ཁང་གིས་གནས་ཚུལ་འཁོར་རྒྱུག་ལ་བཀག་སྡོམ་དང་དྲ་ལམ་ནས་གསང་བའི་མྱུལ་ཞིབ་སོགས་བྱེད་ཀྱི་ཡོད་པར་དྲིལ་བསྒྲགས་རིམ་པ་བྱས་པར་བརྟེན། ཀུ་ཤུ་བཟོ་ཚོང་ཁང་གིས་ད་ཆ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྲིད་བྱུས་ཤིག་ཡོངས་གྲགས་གནང་སྟེ། རང་དབང་གི་གནས་ཚུལ་འཁོར་རྒྱུག་དང་སྨྲ་བརྗོད་རང་དབང་བརྩི་བཀུར་ཞུ་རྒྱུ་ཡིན་སྐོར་གསུངས་འདུག དེའང་གནས་ཚུལ་ཐོན་པ་ཁག་ལ་གཞིགས་ན། ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་དང་ལག་འབྲེལ་གྱིས་བོད་མི་དང་ཧོང་ཀོང་སོགས་དང་འབྲེལ་བའིི་མཉེན་ཆས་རིགས་མང་པོ་ཞིག་ནག་གསུབ་བཏང་བར་རྟེན། འདི་ལོའི་ཕྱི་ཟླ་ ༢ པའི་ནང་ཚོགས་པའི་ཚོང་ལས་ཁང་གི་ལོ་འཁོར་ཚོགས་ཆེན་སྐབས་སུ། ཤེར་བདག་བརྒྱ་ཆ་ ༤༠ ལྷག་ཙམ་གྱིས་གྲོས་ཆོད་གྲོས་འཆར་ཞིག་གི་ལམ་ནས་ཚོང་ལས་ཁང་གི་ལས་དོན་བྱེད་ཕྱོགས་ལ་སྐྱོན་བརྗོད་ཤུགས་ཆེར་གནང་བ་དང་ཆབས་ཅིག ཚོང་ལས་ཁང་དེའི་ངོས་ནས་ཡོངས་གྲགས་ཐོག་སྨྲ་བརྗོད་རང་དབང་འགྲོ་བ་མིའི་ཐོབ་ཐང་ལ་ངོས་འཛིན་ཞུས་ཏེ་ལོ་ལྟར་སྨྲ་བརྗོད་རང་དབང་དང་འབྲེལ་བའི་སྲིད་བྱུས་འཛིན་ཕྱོགས་ཐད་སྙན་ཐོ་འདོན་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། དེ་འབྲེལ་ཀུ་ཤུ་བཟོ་ཚོང་ཁང་གིས་ཉེ་ལམ་ཚོང་ལས་ཁང་དེའི་འགན་འཛིན་ལྷན་ཚོགས་ཐོག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྲིད་བྱུས་ཀྱི་རག་ཟིན་གཏན་འབེབས་གནང་ཡོད་པ་དང་། བོད་དོན་ལས་འགུལ་བ་རྣམས་ཀྱིས་ཁྲིམས་གཞི་དེ་དག་ལག་བསྟར་དོན་འཁྱོལ་ཡོང་ཐབས་སུ་ལོ་རྗེས་མའི་ཀུ་ཤུ་བཟོ་ཚོང་ཁང་གི་མ་འཛུགས་ཀྱི་ཚོགས་ཆེན་ཐོག་ཏུ་ཡང་བསྐྱར་ཞུ་སྐུལ་རིམ་པ་གནང་རྒྱུ་རེད་འདུག དེའང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་སྤྱིའི་དྲིལ་བསྒྲགས་འགན་འཛིན། པདྨ་སྒྲོལ་མ་ལགས་ཀྱིས། ཁོང་ཉིད་ཨ་རིར་སྐྱེས་བའི་བོད་མི་ཞིག་ཡིན་བརྟེན། བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་བ་སོགས་ཀྱི་མི་མང་མཉམ་དུ་ཁྲིད་པའི་ཐོག   བཟོ་ཚོང་གི་བྱེད་ལས་ཀྱི་རྐྱེན་གྱིས་ཤུགས་རྐྱེན་ཐེབས་པའི་སྤྱི་ཚོགས་ཀྱི་འབོད་སྒྲ་དྲིལ་བསྒྲགས་བྱས་ཏེ།  བཟོ་ཚོང་ཁང་གི་ཚོགས་ཆེན་གྱི་ཐོག་ཏུ་གནད་དོན་དེ་དག་གླེང་སློང་ཡོང་བར་ཤུགས་སྣོད་བྱེད་རྒྱུ་ཡིན་པར་བསྒྲགས་འདུགགཞན་ཡང་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན། སྲི་ཐར་བློ་བཟང་རྒྱ་མཚོ་ལགས་ཀྱིས། ཐེངས་འདིར་ཀུ་ཤུ་བཟོ་ཚོང་ཁང་གིས་འགྲོ་བ་མིའི་ཐོབ་དང་འབྲེལ་བའི་སྲིད་བྱུས་གཏན་འབེབས་ཀྱིས་ལག་བསྟར་བྱེད་བཞིན་པ་དེ་ནི་བཟོ་ཚོང་ཁང་ལེགས་ལམ་དུ་ཕྱོགས་པའི་མདུན་སྐྱོད་ཀྱི་ལམ་ཁ་གལ་ཆེན་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས། བཟོ་ཚོང་ཁང་གིས་རྒྱལ་ཁབ་མང་པོའི་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་གྱི་བྱེད་ལས་ལག་བསྟར་བྱེད་བཞིན་པར་བརྟེན། བོད་དོན་ལས་འགུལ་བསྟི་གནས་ཁང་གིས་ཐེངས་འདིར་གཏན་འབེབས་བྱུང་བའི་ཁྲིམས་གཞི་དེ་ལག་བསྟར་ཡོང་བར་ཤུགས་སྣོན་བྱེད་རྒྱུ་ཡིན་པར་གསུངས་འདུག དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ལས་བྱེད། ལྕམ་ Mandie McKeown ལགས་ཀྱིས་ཀྱང་ལས་འགུལ་བ་རྣམས་ཀྱིས་ངལ་བ་དང་དུ་བླངས་ནས་ཀུ་ཤུ་བཟོ་ཚོང་ཁང་གི་ཁྲིམས་གཞི་འདི་གཏན་འབེབས་ཀྱི་ཐད་ནས་ཕྱག་ལས་གནང་ཡོད་པར་མངོན་གསལ་གྱིས། བོད་ནང་གི་བོད་མི་རྣམས་ཀྱི་ཐོབ་ཐང་གི་ཕྱིར་ཏུ།  བཟོ་ཚོང་ཁང་གིས་ཁྲིམས་གཞི་འདི་ལག་བསྟར་དོ་ནན་གནང་རྒྱུར་རྟོག་ཞིབ་གནང་དགོས་ལུགས་གསུངས་འདུགརྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་མི། ལྕམ་ Zumretay Arkin ལགས་ཀྱིས་ཀྱང་བཟོ་ཚོང་ཁང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་གཏན་འབེབས་བྱས་པ་དེ་ནི་རླབས་ཆེན་གྱི་འགྱུར་བ་ཞིག་ཡིན་པར་ངོ་སྤྲོད་དང་སྦྲགས། བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་གི་ལས་འགུལ་བ་རྣམས་ཀྱིས་མཉམ་འབྲེལ་གྱིས་བཟོ་ཚོང་ཁང་གི་ཁྲིམས་གཞི་དེ་ལག་བསྟར་དོན་འཁྱོལ་ཡོང་བར་འབད་བརྩོན་གནང་དགོས་བའི་འབོད་སྐུལ་གནང་འདུག

ལ་དྭགས་དང་འདོད་རྒྱུ་གླིང་གཉིས་སུ་ཏོག་དབྱིབས་རིམས་ནད་ཕོག་མཁན་མང་དུ་འགྲོ་བཞིན་པ།

རྒྱལ་སྤྱིའི་ཁྱོན་ཡོངས་སུ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ཕོག་མཁན་གྱི་གྲངས་འབོར་མང་ཉུང་ལ་མ་བལྟོས་པར་ཉིན་རེ་བཞིན་འཕར་བཞིན་ཡོད་པ་ལྟར། བོད་མི་གནས་ཡུལ་གྱི་གཞིས་ཆགས་ཁོངས་ནས་ལ་དྭགས་དང་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་གཉིས་སུ་ཏོག་དབྱིབས་རིམས་ནད་ཕོག་མཁན་མང་དུ་འགྲོ་བཞིན་འདུགཉེ་བའི་དུས་སུ་ལ་དྭགས་བོད་ཁྱིམ་རྒས་གསོ་ཁང་ནས་འཕྲོད་ལས་པ་གཉིས་གཙོས་མི་རབས་རྒན་པ་ ༣༠ ལ་ཏོག་དབྱིབས་རིམས་ནད་ཕོག་པ་དང་། དེ་དག་ཁོངས་ནས་སྐྱེས་པ་རང་ལོ་ ༩༥  དང་ ༨༤ ཅན་གཉིས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་པ་མ་ཟད། ཉེ་ཆར་གཟའ་འཁོར་སྔོན་མའི་རེས་གཟའ་པ་སངས་ཉིན་བརྟག་དཔྱད་གནང་བའི་ཁྲོད་བོད་ཁྱིམ་རྒས་གསོ་ཁང་གི་རྒན་འཁོགས་དང་ལས་བྱེད། དེ་བཞིན་གཞིས་མི་བཅས་ཀྱི་ཁོངས་ནས་གཉན་རིམས་ཕོག་མཁན་ ༤༡ ཐོན་པ་ལྟར་ད་ཆར་ལ་དྭགས་སུ་ཁྱོན་བོད་ ༨༠ ཙམ་ལ་ནད་གཞི་དེ་ཕོག་ཡོད་པ་དང་། ཁོང་རྣམ་པ་བོད་ཁྱོམ་གྱི་སྡོད་ཁང་དང་ས་གནས་ཀྱི་མ་ཧཱ་བྷོ་དྷི་ཟུར་འཇོག་ཁང་སོགས་སུ་ཟུར་བཀག་ཐོག་བཞུགས་མུས་ཡིན་ཀྱང་དམིགས་བསལ་ཛ་དྲག་གི་ངལ་བ་གང་ཡང་མེད་པ་རེད་འདུག ལ་སྤྱིས་ཁ་སང་བོད་ཁྱིམ་རྒས་གསོ་ཁང་གི་ལས་བྱེད་གཞན་ཁག་དང་ཉེ་འཁོར་གྱི་གཞིས་མི་བཅས་ཁྱོན་མི་ ༢༠༨ བརྟག་དཔྱད་གནང་མུས་ཡིན་པ་དང་། ཁོང་རྣམ་པའི་བརྟག་དཔྱད་གྲུབ་དོན་ཉིན་གྲངས་གཉིས་ཙམ་ནང་འཐོན་ངེས་ཡིན་པར་གསུངས་སོང་།   དེ་བཞིན་བོད་མིའི་གཞིས་ཆགས་གྲས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་དུ་ད་བར་རིམས་ནད་དང་འབྲེལ་ནས་ཚེ་སྲོག་ཤོར་བ་གཅིག་ལས་བྱུང་མེད་ཀྱང་། ད་ལྟའི་ཆར་ས་གནས་སུ་རིམས་ནད་དེ་ཕོག་པའི་མི་སྣ་ ༣༨ ཡོད་པ་དང་། དེའི་ནང་ནས་ ༡༧ ས་གནས་འཕྲོད་བསྟེན་སྨན་ཁང་དང་། ༢༡ ཤར་རྩེ་གྲྭ་ཚང་གི་མགྲོན་ཁང་གཉིས་སུ་ཟུར་འཇོག་ཐོག་སྨན་བཅོས་གནང་མུས་རེད་འདུག དེའི་སྐོར་མོན་གྷོ་ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་ངག་དབང་ཐུབ་བསྟན་ལགས་སུ་བཀའ་འདྲི་ཞུས་པར་བར་སྐབས་ནས་ཐེམ་སྤང་གི་བཀའ་རྒྱ་གྲོལ་རྗེས་ཕྱི་ཕྱོགས་ནས་ཕེབས་མཁན་གྱི་མི་སྣ་དང་། དེ་བཞིན་འགྲུལ་བཞུད་སོགས་ཀྱི་རྒྱབ་ལྗོངས་མེད་པའི་དགེ་འདུན་པ་ཁག་ཅིག་རིམས་ནད་དེ་ཐོན་པའི་རྗེས་སུ་ས་གནས་ཀྱི་མང་ཚོགས་ ༨༠༠ ཙམ་ལ་བརྟག་དཔྱད་གནང་དོན་ལྟར་ཤེས་རྟོགས་བྱུང་ཡོད་པར་གསུངས་སོང་།    གཞི་རྩའི་རིམས་ནད་ཕོག་མཁན་གྱི་གྲངས་འབོར་ཇེ་མང་དུ་སོང་མིན་ལ་ལྟོས་མེད་རྒྱལ་ཁབ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་སོགས་ལ་གཞིགས་ཏེ་ཉེ་ཆར་ཕྱི་ཚེས་ ༢༩ ཉིན་རྒྱ་གར་དབུས་གཞུང་ནས་རིམས་ནད་དང་འབྲེལ་བའི་ཐེམ་སྤང་གི་བཀའ་རྒྱ་རིམ་བཞིན་ལྷོད་ཡངས་སུ་བཏང་སྟེ་མངའ་སྡེ་གཞུང་ནས་མངའ་སྡེ་ཕན་ཚུན་དབར་ཚོང་ཟོག་དང་མི་སྣ་འགྲུལ་སྐྱོད་ལ་དམ་དྲག་གནང་མི་ཆོག་པ་མ་ཟད། གྲོང་ཁྱེར་ཁག་གི་ས་འོག་གི་མེ་འཁོར་འགྲོ་རྒྱུ་དང་། ཕྱི་ཚེས་ ༢༠ ནས་སྤྱི་ཚོགས་དང་ཆོས་ཕྱོགས། དེ་བཞིན་ཆབ་སྲིད་དང་འབྲེལ་བའི་འདུ་འཛོམས་ཁག་མི་ ༥༠ ལས་མི་མང་བ་ འཛོམས་ཆོག་པར་གསུངས་ཡོད། དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་རིག་གཞུང་ལྷན་ཁང་ནས་ཁ་ཉིན་ཆོས་ཕྱོགས་ཀྱི་ལྟེ་གནས་ཁག་དང་འབྲེལ་བའི་རྩ་འཛིན་ལམ་སྟོན་ཞིག་གནང་བར་མངའ་སྡེ་ནང་ཡོད་པའི་དགོན་སྡེ་དང་ལྷ་ཁང་སོགས་ཆོས་ཕྱོགས་ཀྱི་ལྟེ་གནས་ཁག་ཕྱི་ཚེས་ ༡༠ ནས་སྒོ་ཕྱེ་ཆོག་ཀྱང་། ལྷ་ཁང་དང་དགོན་སྡེར་རང་ལོ་ ༦༥ ཡན་དང་སྦྲུམ་མ། དེ་བཞིན་ལོ་བཅུ་མན་གྱི་ཕྲུ་གུ་བཅས་འགྲོ་མི་ཆོག་པ་མ་ཟད། མང་ཚོགས་ནས་སྐུ་འདྲ་དང་དཔེ་ཆ་སོགས་ལ་ཕྱག་འཆང་བ་དང་། འབུལ་རྫས་ཕུལ་བ། དེ་བཞིན་བླ་མས་མར་དབང་གནང་བ་སོགས་མི་ཆོག་པ་གསུངས་འདུག གཞི་རྩའི་ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཕོག་པའི་གྲངས་འབོར་དེ་ ༤༢༠༤༦༡༤ དང་འདས་གྲོངས་སུ་གྱུར་བ་ ༧༡༠༠༠ དེ་བཞིན་དྲག་སྐྱེད་སོང་བ་ ༣༢༥༠༤༢༩ ཆགས་ཀྱི་ཡོད་པ་རེད།

དུས་སང་ཐེ་ཝན་དང་སིངྒ་པུར་ལ་ཆིབས་བསྒྱུར་མཛད་རྒྱུའི་ཐུགས་རེ་ཡོད་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཉིན་ནས་བཞུགས་སྒར་༸རྒྱལ་བའི་གཟིམ་ཁང་ནས་དྲྭ་ཐོག་བརྒྱུད་ལྷོ་ཨེ་ཤ་ཡའི་དད་ལྡན་མང་ཚོགས་དག་ལ་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་བཀའ་དྲིན་སྩོལ་བཞིན་པ་ལྟར། དེ་རིང་ཉིན་གྲངས་གསུམ་རིང་གི་བཀའ་ཆོས་མཇུག་སྒྲིལ་དང་བསྟུན་༸གོང་ས་མཆོག་གི་མཛའ་གྲོགས་ཁག་ཅིག་གིས་ཐེ་ཝན་ནང་དུ་གདན་ཞུའི་མགྲོན་ཤོག་ཕུལ་འབྱོར་བྱུང་དོན་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་ཆོག་མཆན་ཕུལ་ཚེ་དང་པོ་ཐེ་ཝན་དང་དེ་རྗེས་སིངྒ་པུར་ལ་ཆིབས་བསྒྱུར་མཛད་ཐུབ་རྒྱུའི་ཐུགས་རེ་ཡོད་པ་བཀའ་བསྩལ་སོང་།སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་དེ་རིང་གི་ཆེད་དུ་བྱ་བའི་གདུལ་བྱ་དེ་ཨིན་ཌོ་ནེ་ཤ་ཡའི་དད་ལྡན་ཚོ་ཆགས་ཡོད་པར་བརྟེན་འཛམ་གླིང་འདིའི་ཐོག་ཆོས་ལུགས་འདྲ་མིན་ཡོད་པ་དེ་དག་ལས་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་ཡོད་པར་ལྟོས་མེད་བྱམས་བརྩེ་དང་བཟོད་པ་སོགས་ཉམས་བཞེས་གནང་མཁན་གཅིག་གྱུར་ཡིན་སྟབས། ཨིན་ཌོ་ནེ་ཤ་ཡའི་དད་ལྡན་ཚོས་ནང་པ་དང་ཁ་ཆེའི་ཆོས་ལུགས་དབར་ལ་མཐུན་སྒྲིལ་ཡོང་བར་འོས་འགན་བཞེས་གནད་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་སོང་།༸གོང་ས་མཆོག་གིས་ད་དུང་རང་ཉིད་ཀྱི་སེམས་རྒྱུད་འདུལ་བར་ཉིན་དང་མཚན། དེ་བཞིན་ཟླ་བ་དང་ལོ་བཅས་བྱས་ནས་འབད་དེ་ཆོས་པ་རྣལ་མ་ཞིག་བྱེད་དགོས་པ་དང་། ནང་ཆོས་ཉམས་ལེན་པ་ཚོའི་ཕུགས་ཀྱི་དམིགས་ཡུལ་དེ་འཁོར་བའི་སྡུག་བསྔལ་ལས་གྲོལ་ནས་མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པ་བྱ་རྒྱུ་དེ་ཡིན་པ་བཞིན་འབད་བརྩོན་གནང་གནད་ཡིན་པར་བཀའ་བསྩལ་སོང་།ལྷག་དོན་༸གོང་ས་མཆོག་གིས་ད་ལྟ་མགོན་པོ་༸གང་ཉིད་མཆོག་དགུང་གྲངས་ ༨༦ ལ་ཕེབས་པ་བར་དུ་བྱང་ཆུབ་ཀྱི་སེམས་ལ་ཉམས་བཞེས་གནང་བར་བརྟེན་དེ་སྔའི་སྐུ་གཟུགས་དང་ད་ལྟའི་སྐུ་གཟུགས་ལ་འགྱུར་བ་ངེས་ཅན་ཞིག་བྱུང་ཡོད་ཅེས་སྐུ་དངོས་ཀྱི་མྱོང་བ་ཇི་བྱུང་བཀའ་བསྩལ་དང་སྦྲགས། དད་ལྡན་མང་ཚོགས་ཚོས་ཀྱང་བྱང་ཆུབ་ཀྱི་སེམས་ལ་འབད་དགོས་པ་དང་དེ་ལྟར་ཡིན་མིན་བློས་ཞིབ་དཔྱད་གནང་དགོས་པར་ལམ་སྟོན་མཛད་སོང་།དེ་སྔ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་དུ་ཕེབས་པ་རྒྱ་གར་གྱི་མཁས་པ་བོ་དྷི་སཏྭ་འམ་མཁན་ཆེན་ཞི་བ་འཚོས་སེམས་ཁམས་རིག་པའི་རྣམ་གཞག་ཐུན་མིན་སོགས་གསུངས་པ་དེ་དག་དང་འབྲེལ་ནས་མགོན་པོ་༸གང་ཉིད་མཆོག་གིས་ཚན་རིག་པ་རྣམས་དང་ལྷན་དུ་དམིགས་བསལ་གྱིས་བཀའ་བསྡུར་རབ་དང་རིམ་པ་མཛད་པར་བརྟེན་ཚན་རིག་པ་ཚོས་ནང་པའི་གཞུང་ནས་གསུངས་པའི་སེམས་ཁམས་རིག་པར་དོ་སྣང་ཆེན་པོ་གནང་བཞིན་ཡོད་སྟབས་ཕན་ཚུན་དབར་ལ་ཕན་ཐོགས་རྒྱ་ཆེ་བྱུང་ཡོད་པར་བཀའ་བསྩལ་སོང་།༸གོང་ས་མཆོག་གིས་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་པ་དང་སྦྲགས། ལམ་གཙོ་རྣམ་གསུམ་གྱི་གཞུང་དེ་གནད་བསྡུས་དང་གོ་བདེ་ཞིང་། ཚིག་ཉུང་བ་ཡོད་སྟབས་བློ་འཛིན་གནང་བ་བདེ་ཡོད་པར་བཀའ་བསྩལ་བ་དང་སྒོས་ཨིན་ཌོ་ནེ་ཤ་ཡ་ཚོས་རང་སྐད་དུ་སྒྱུར་དགོས་ཞེས་ལམ་སྟོན་མཛད་ཡོད། ༸གོང་ས་མཆོག་གིས་ཐེངས་འདིའི་བཀའ་ཆོས་མཇུག་སྒྲིལ་དང་སྦྲགས་ཏེ་མཇུག་ཏུ་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་དགོས་པ་དང། དེའང་རང་གཞན་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་འདོད་དོན་ཐམས་ཅད་ཀྱི་བདེ་སྐྱིད་ཀྱི་རྩ་བ་ནི་བྱང་ཆུབ་སེམས་ཡིན་སྟབས། རང་རྒྱུད་ལ་བྱང་ཆུབ་སེམས་བསྐྱེད་ཐབས་བྱེད་དགོས་སྐོར་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད།དེ་རིང་ཉིན་མཐའ་མའི་བཀའ་ཆོས་བསྩལ་གྲུབ་མཚམས་སུ་ཚོགས་པའི་ཚོགས་མི་རྣམ་པས་བཀའ་འདྲི་དགོངས་སྐོར་ཞུ་ཁག་ལ་བཀའ་ལན་སྩལ་རྒྱུའི་གོ་སྐབས་གནང་དོན་ལྟར་དྲ་ལམ་ཐོག་མཉམ་ཞུགས་གནང་བའི་དད་ལྡན་ཆོས་ཞུ་བ་ཁག་ཅིག་གིས་བཀའ་འདྲི་ཁག་ཞུས་ཡོད་པ་བཞིན་ཆོས་ཞུ་བ་ཅིག་ནས་རྣམ་ཀུན་ང་རང་ཚོའི་མི་ཚེ་ནང་ལ་ངལ་བ་འཕྲད་པ་དང་ལས་དོན་མང་པོ་གཉེར་སྐབས་སེམས་ལ་ཞི་བདེ་ཡོང་བར་གང་བྱེད་དགོས་སམ་ཞེས་ལམ་སྟོན་ཞུ་སྐབས་མགོན་པོ་༸གང་ཉིད་མཆོག་གིས་རང་ཉིད་ཀྱི་སེམས་ལ་ཞི་བདེ་བག་ཕེབས་ཡོང་བར་སེམས་རྩེ་གཅིག་པའི་ཞི་གནས་དང༌། སོ་སོར་རྟོག་པའི་ལྷག་མཐོང་ཟུང་དུ་འབྲེལ་བའི་ཐོག་ནས་ཉམས་ལེན་གནང་དགོས་གལ་ཡིན་པར་བཀའ་སློབ་བཀྲིན་ཆེ་བ་བསྩལ་སོང་།གཞི་རྩའི་ཕྱི་ཟླ་ ༡༠ ཚེས་ ༢ ནས་ ༤ ཉིན་གྲངས་གསུམ་རིང་གི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་ཐེ་ཝན་གྱི་དད་ལྡན་མང་ཚོགས་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸གོང་ས་མཆོག་གིས་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་བཀའ་ཆོས་དང་དེ་བཞིན་བཀའ་འདྲི་དགོངས་སྐོར་ཞུ་ཁག་ལ་བཀའ་ལན་བསྩལ་རྒྱུ་ཡིན་པ་རེད། དེ་མཚུངས་སུ་ཕྱི་ཚེས་ ༡༥ ཉིན་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་གཤེགས་ཨེ་པི་ཇེ་ཨབ་དུལ་ཀ་ལཱམ་མཆོག་གི་རྒྱལ་སྤྱིའི་ཐེབས་རྩ་ལས་ཁང་ནས་གོ་བསྒྲིགས་ཞུས་པ་ལྟར་སྲིད་ཟུར་ཨབ་དུལ་ཀཱ་ལམ་མཆོག་འཁྲུངས་ནས་ལོ་ངོ་ ༨༩ འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་འདུའི་སྐུ་མགྲོན་གཙོ་བོར་གདན་ཞུ་མགྲོན་འབོད་ཀྱིས་བཀའ་སློབ་དང་བཀའ་འདྲི་དགོངས་སྐོར་ཞུ་ཁག་ལ་བཀའ་ལན་བསྩལ་རྒྱུ་དང་། ཕྱི་ཟླ་ ༡༡ ཚེས་ ༥ ནས་ ༧ ཉིན་གྲངས་གསུམ་རིང་གི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་ཨུ་རུ་སུའི་ཁྱབ་ཁོངས་སོག་རིགས་དད་ལྡན་མང་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་ཆོས་དང་དེ་བཞིན་བཀའ་འདྲི་དགོངས་སྐོར་ཞུ་ཁག་ལ་བཀའ་ལན་བསྩལ་རྒྱུ་ཐུགས་གཏན་འཁེལ་ཡོད་པ་རེད།

ལག་ལེན་སོ་བདུན་མ་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་ཐད་གཏོང་བརྒྱུད་དེ་རིང་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་། ༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་དབུ་འཛུགས་བཀའ་དྲིན་བསྐྱངས་སོང་།དེ་རིང་ནས་དབུས་འཛུགས་ནས་གནངས་ཕྱི་ཚེས་ ༦ བར་ཁྱོན་ཉིན་གྲངས་གསུམ་གྱི་རིང་བསྩལ་རྒྱུའི་བཀའ་ཆོས་འདི་ལྷོ་ཨེ་ཤ་ཡའི་དད་ལྡན་མང་ཚོགས་རྣམས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་གསོལ་བ་བཏབ་པ་ཞིག་ཡིན་པ་དང་། བཀའ་ཆོས་ཀྱི་ཐོག་མར་མགོན་པོ་༸གང་ཉིད་མཆོག་གིས་སྔོན་འགྲོའི་ནང་ཆོས་ངོ་སྤྲོད་དང་འབྲེལ། ཨེ་ཤ་ཡའི་ཡུལ་གྲུ་དེ་དག་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་གཅིག་མཚུངས་ཡིན་སྟབས། གླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དེ་དག་ལ་ངེས་པར་དུ་སློབ་གཉེར་གནང་དགོས་པ་དང་། ལྷག་པར་དུ་ནང་ཆོས་ལས་གསུངས་པའི་ལྟ་གྲུ་ཀྱི་རྣམ་གཞག་ལ་སློབ་གཉེར་གནང་བར་ངེས་པར་དུ་རབ་ཏུ་བྱུང་བ་དང་ནང་པ་ཞིག་དགོས་ཀྱི་མེད་སྟབས་ཚང་མས་ཐུགས་སྣང་གནང་གལ་ཡིན་པའི་ལམ་སྟོན་བསྩལ་སོང་།དེ་རིང་ཉིན་དང་པོའི་བཀའ་ཆོས་བསྩལ་གྲུབ་མཚམས་སུ་ཚོགས་པའི་ཚོགས་མི་རྣམ་པས་བཀའ་འདྲི་དགོངས་སྐོར་ཞུ་ཁག་ལ་བཀའ་ལན་སྩལ་རྒྱུའི་གོ་སྐབས་གནང་དོན་ལྟར་དྲ་ལམ་ཐོག་མཉམ་ཞུགས་གནང་བའི་དད་ལྡན་ཆོས་ཞུ་བས་༸གོང་ས་མཆོག་ལ་མི་ལུས་རིན་པོ་ཆེ་འདི་རྙེད་པར་དཀའ་བ་ཡིན་སྟབས། ད་ལྟའི་ལུས་རྟེན་འདིའི་ཐོག་ནས་ཚེ་འདི་ཕྱི་གཉིས་ཀར་ཕན་པའི་དགེ་བའི་ལས་ཇི་ལྟར་གཉེར་དགོས་པའི་ལམ་སྟོན་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་གཙོ་ཆེ་ཤོས་དེ་གཞན་གཅེས་འཛིན་གྱི་དགོངས་པ་བཞེས་ཏེ་བྱང་ཆུབ་ཀྱི་སེམས་བསྒོམ་དགོས་པར་བཀའ་བསྩལ་སོང་། དེ་བཞིན་ཐེ་ལན་ཌི་ནས་ཡིན་པའི་བེུད་ཅིག་ནས་མི་གཞན་གྱི་དགོངས་ཚུལ་ལ་ཉན་འཇོག་རྩ་བ་ནས་མ་གནང་མཁན་རང་གཅེས་འཛིན་གྱི་བློ་ཤུགས་ཆེན་པོ་ཡོད་མཁན་ཚོར་རོགས་རམ་ཇི་ལྟར་གནང་དགོས་པའི་ལམ་སྟོན་ཞུས་པར་འཛམ་གླིང་ཐོག་ཡོད་པའི་མི་ཙམ་མ་ཟད་འགྲོ་བ་ཡོངས་ལ་ཆེ་ཆུང་ལ་མ་ལྟོས་པར་ང་ཞེས་པའི་ང་འཛིན་གྱི་བསམ་བློ་དེ་ཡོད་པ་གཅིག་མཚུངས་ཡིན་པ་དེ་ལྟར་ཡང་། ང་འཛིན་གྱི་བསམ་བློ་ཇི་ཙམ་ཆེ་བ་དེ་ཚོད་ཀྱིས་རང་ཞེན་གྱི་བསམ་བློ་ཆེ་བ་ཡོད་པ་རེད། དེས་ན་གཞན་གཅེས་འཛིན་གྱི་བསམ་བློར་འབད་གནད་ཡིན་པ་ལམ་སྟོན་བཀའ་དྲིན་ཆེ་བ་བསྩལ་ཡོད།ད་ལྟའི་རིམས་ནད་ཀྱི་དཀའ་ངལ་ཁྲོད་ལས་གནས་ཤོར་བ་སོགས་ཀྱི་དཀའ་ངལ་དང་འབྲེལ་བའི་བཀའ་འདྲིར་སྤྱི་ཡོངས་ནས་འཛམ་གླིང་འདིའི་ཐོག་དབུལ་ཕྱུག་གི་བར་ཁྱད་ཆེན་པོ་ཡོད་པ་དེ་ཆ་སྙོམས་བཟོ་རྒྱུའི་ཐད་དགོངས་པ་བཞེས་དགོས་པ་དང་ལྷག་པར་དུ་ད་ལྟའི་ཛ་དྲག་དུས་སྐབས་འདིར་འབྱོར་ལྡན་མི་སྣ་ཚོས་དབུལ་པོ་ངལ་བ་འཕྲད་བཞིན་པ་ཚོར་ཟས་གོས་ཙམ་མིན་པར་ཤེས་ཡོན་ཐོག་ལའང་རོགས་རམ་གནང་རྒྱུ་གལ་ཆེན་པོ་ཡིན་པར་ལམ་སྟོན་མཛད་ཡོད།ཤེས་ཡོན་དང་འབྲེལ་ཚད་མ་རིག་པ་དང་ལྟ་གྲུབ་ཀྱི་རྣམ་གཞག་དེ་དག་ཆོས་ཀྱི་སྐད་ཆ་མིན་པར་ཤེས་ཡོན་རང་གི་ངོ་བོ་ཐོག་ནས་སློབ་ཁྲིད་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པར་བཀའ་བསྩལ་བ་མ་ཟད། ཧོང་ཀོང་ནས་ཡིན་པའི་ཆོས་ཞུ་བ་ཅིག་གིས་ད་ལྟའི་ཆར་ཧོང་ཀོང་སྤྱིའི་མདུན་ལམ་བརླག་བཞིན་པའི་སྐབས་སུ་ནང་པ་ཞིག་ཡིན་པའི་ཆ་ནས་ཆོས་ཉམས་ལེན་ཇི་ལྟར་གནང་དགོས་པ་ལམ་སྟོན་ཞུས་པར་འཛམ་གླིང་ཐོག་དཀའ་ངལ་འཕྲད་མུས་ཐོག་ཆབ་སྲིད་ཀྱི་ཐད་ནས་དཀའ་ངལ་འཕར་མ་བཟོ་བཞིན་ཡོད་པ་དང་།ད་ལྟའི་ཧོང་ཀོང་གི་གནས་སྟངས་ཐད་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་ཆེ་རུ་འགྲོ་བཞིན་ཡོད་སྟབས་དཀའ་ངལ་དེ་དག་ཁྲོད་སོ་སོའི་སེམས་པ་འཁྲུགས་རྒྱུ་མེད་པ་དང་། དོན་དངོས་ཐོག་ངལ་བ་དེ་དག་ཞི་ཐབས་ཡོད་མེད་ལ་དཔྱད་ཞིབ་གནང་གལ་ཡིན་པ་སོགས་ཀྱི་ལམ་སྟོན་མཛད་སོང་།

ང་སྲིད་འཛིན་ཆགས་ཚེ་༸གོང་ས་མཆོག་ལ་མཇལ་འཕྲད་དང་བོད་རྒྱ་གྲོས་མོལ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན།

ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་དམིགས་སྐུ་ཞབས་ Joe Biden མཆོག་གིས་གལ་ཏེ་ཁོང་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་ཚེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་མཇལ་འཕྲད་ཞུ་རྒྱུ་མ་ཟད་ཁོང་གི་འཛིན་སྐྱོང་གི་ངོས་ནས་བོད་རྒྱ་གྲོས་མོལ་བསྐྱར་གསོ་སླད་རྒྱ་ནག་ལ་གནོན་ཤུགས་སྤྲད་ནས་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུའི་ཞལ་བཞེས་གནང་འདུགཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དང་བསྟུན་དེ་སྔ་ཡུལ་དེའི་སྲིད་འཛིན་གཞོན་པ་གནང་མྱོང་མཁན་དང་ད་ལྟའི་སྲིད་འཛིན་གྱི་འོས་དམིགས་སྐུ་ཞབས་ Biden མཆོག་གིས་ཁ་སང་ཚེས་ ༣ ཉིན་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཏེ་རྒྱ་ནག་གཞུང་གིས་ཉེ་ལམ་བོད་ནང་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་འཆར་གཞི་གསལ་བསྒྲགས་བརྒྱུད་བོད་མི་རིགས་ཀྱི་རིན་ཐང་དང་། མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ཆོས་དད་རང་དབང་བཅས་པར་མུ་མཐུད་རྡོག་རོལ་གཏོང་བཞིན་པའི་ངན་བྱུས་ལ་སྐྱོན་བརྗོད་གནང་བ་མ་ཟད། ཨ་རིའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ Donald Trump མཆོག་གིས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལའང་སྐྱོན་བརྗོད་ཤུགས་ཆེ་གནང་འདུག ཁོང་གིས་སྲིད་འཛིན་ཊམ་མཆོག་ནི་འདས་པའི་ལོ་ངོ་ ༣༠ ནང་༸གོང་ས་མཆོག་དང་མཇལ་འཕྲད་རྩ་བ་ནས་གནང་མྱོང་མེད་པའི་ཨ་རིའི་སྲིད་འཛིན་ཐོག་མ་དེ་ཆགས་ཡོད་པ་མ་ཟད། བོད་ཀྱི་གནད་དོན་ཐོག་ཧ་ཅང་གལ་གནད་ཆེ་བའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་ཐུབ་མེད་སྐོར་གསུངས་པ་དང་འབྲེལ་ཏེ་ཊམ་མཆོག་གི་གནང་ཕྱོགས་དེ་ཧང་གསང་དགོས་པ་ཞིག་མིན་ཡང་ཞབས་འདྲེན་གྱི་གནད་དོན་ཞིག་རེད་ཅེས་འགྲེལ་བརྗོད་གནང་འདུག ཁོང་ཐེངས་འདིའི་ཨ་རིའི་འོས་བསྡུ་ཆེན་མོ་ཁྲོད་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་ཚེ་ཁོང་ནས་༸གོང་ས་མཆོག་ལ་མཇལ་འཕྲད་ཞུ་རྒྱུ་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་རྒྱུ། དེ་བཞིན་ཕྱི་འབྲེལ་མི་སྣ་དང་གསར་འགོད་པ་གཙོ་བོར་གྱུར་པའི་ཨ་རིའི་མི་སེར་རྣམས་བོད་ནང་འདྲ་མཉམ་ཐོག་བསྐྱོད་ཐུབ་པར་ཤུགས་སྣོན་རྒྱག་རྒྱུ་མ་ཟད། ལྷག་དོན་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་ཐོག་ནུས་པ་སྤུངས་ཏེ་བོད་མིའི་ཐོུང་མ་ཡིན་པའི་ཆོས་རིག་དང་སྐད་ཡིག ཁོར་ཡུག་སྲུང་སྐྱོབ། མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཡོང་བ་དང་བོད་རྒྱ་གྲོས་མོལ་བསྐྱར་གསོ་སླད་རྒྱ་ནག་ལ་གནོན་ཤུགས་སྤྲད་ནས་འབད་བརྩོན་སྔར་ལྷག་གནང་རྒྱུ་ཡིན་པར་གསུངས་འདུགཁོང་གིས་དབུ་ཁྲིད་པའི་གཞུང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་རྣམས་ལ་སྲིད་དོན་གྱི་ཉེས་ཆད་གཅོད་རྒྱུ་དང་། ཨ་རི་དང་ཨེ་ཤ་ཡ་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་བཅས་རྒྱ་བསྐྱེད་གནང་སྟེ་བོད་མིར་སྔར་ལྷག་རོགས་འདེགས་གནང་རྒྱུ་ཡིན་སྐོར་གསུངས་པ་དང་ཆབས་ཅིག སྲིད་འཛིན་ཊམ་གྱི་གཞུང་ནས་བོད་ཀྱི་གནད་དོན་ཐོག་སྡིག་པ་མིག་བཙུམ་བྱས་ཀྱང་སྐུ་ཞབས་ Biden ལགས་དང་ལྕམ་ Haris ལགས་རྣམ་གཉིས་ལས་གྲུབ་པའི་གཞུང་གི་ངོས་ནས་བོད་མི་མང་ཚོགས་ཆེད་དུ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད། གཞི་རྩའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཉེ་ལམ་པེ་ཅིང་དུ་ཚོགས་པའི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ ཐོག་བོད་ནང་ཁ་བྲལ་རིང་ལུགས་ལ་གདོང་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། བོད་བརྒྱུད་ནང་བསྟན་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་ཞིག་བཟོ་དགོས་རྒྱུ། དེ་བཞིན་གཞི་རིམ་སློབ་གྲྭ་ཁག་ཏུ་སློབ་གསོ་སོགས་ཀྱི་ཐོག་ནས་རྒྱལ་ཞེན་གྱི་བསམ་བློ་ཆེ་རུ་གཏོང་དགོས་གལ་སོགས་ཀྱི་གཏམ་བཤད་བྱས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་དེར་ཞི་ཅིན་ཕིང་གི་གཏམ་བཤད་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་འབྲེལ། དེའང་བོད་མིའི་ཆོས་དད་དམ་འཛིན་དང་མ་འོངས་པའི་༸སྐུའི་ཡང་སྲིད་ཀྱི་བདག་དབང་རྩོད་ཐབས་བཅས་ཀྱི་ཐོག་ལོག་ཁྲིད་བྱེད་བཞིན་པའི་སྲིད་བྱུས་ཡིན་པ་དང་། རྒྱ་ནག་གཞུང་གིས་འདས་པའི་ཉམས་མྱོང་ལ་གཞིགས་ནས་བོད་མི་ཚོར་རང་གི་ཆོས་དད་ཐོག་ནས་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་གཉེར་བཅུག་དགོས་པ་གསུངས་ཡོད་པ་རེད། ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Pompeo མཆོག་གིས་ཀྱང་གནད་དོན་དེའི་ཐོག་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེར་བསྟན་པ་དང་སྦྲགས། རྒྱ་ནག་གཞུང་ནས་ཆ་རྐྱེན་གང་ཡང་མེད་པར༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་ཞི་བའི་གྲོས་མོལ་ཞུས་ནས་ཕྱོགས་གཉིས་ཀྱི་དཀའ་ངལ་སེལ་དགོས་སྐོར་གསུངས་ཡོད་པ་རེད།  

Latest news