Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རྩེད་འགྲན་མཐའ་མའི་རྒྱལ་ཕམ་གྱི་འགྲན་བསྡུར་གནང་བཞིན་པ།

བོད་མིའི་གཞིགས་སྒར་ཀོ་ལི་གྷལ་དོན་ལྡན་གླིང་དུ་ཚོགས་བཞིན་པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་བོད་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་ཐེངས་ ༢༣ པའི་རྩེད་འགྲན་མཐའ་མའི་འགྲན་སྡུར་དེ་དེ་རིང་ཚེས་ ༡༩ ཉིན་རྒྱབ་ཚོུད་ ༣། ནས་དབུ་འཛུགས་གནང་ཡོད་པ་དང་། རྩེད་འགྲན་གནང་མཁན་ནི་རྡོར་གླིང་ཧི་མཱ་ལ་ཡ་རུ་ཁག་དང་དོན་གྲུབ་གླིང་རུ་ཁག་གཉིས་དབར་ཨང་དང་པོའི་རྒྱལ་ཁའི་ཆེད་འགྲན་བསྡུར་གནང་བཞིན་འདུག བོད་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་ཐེངས་ ༢༣ པའི་རྩེད་འགྲན་མཐའ་མའི་སྐུ་མགྲོན་གཙོ་བོ་ཀོ་ལི་གྷལ་རྒྱ་གར་ས་གནས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ན་རེན་དྷྲ་ R. Narendra མཆོག་དང་ཆེ་བསྟོད་དམིགས་བསལ་སྐུ་མགྲོན་སྦེང་ལོར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་དབུས་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ། གཞན་ཡང་སྦེལ་ཀོབ་དང་ཧུན་སུར། མོན་གྷོ་འདོད་རྒུ་གླིང་སོགས་ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་མི་དང་ས་གནས་བོད་མི་བཅས་སྟོང་གསུམ་ལ་ཉེ་བ་ཕེབས་འདུག བོད་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་མཐའ་མ་དེ་དབུ་འཛུགས་མ་གནང་གོང་དུ་ཉིན་རྒྱབ་ཚོུད་ ༢། ཐོག་སྦེལ་ཀོབ་བོད་ཁྱིམ་བུ་མོའི་རུ་ཁག་དང་སྦེང་ལོར་དུ་ཡོད་པའི་རྒྱ་གར་ཀ་ན་ཊ་ཀ་བུ་མོའི་རུ་ཁག་དབར་དུས་ཡུན་སྐར་མ་ ༢༠ རིང་རྩེད་འགྲན་གནང་ཏེ་སྤོ་ལོ་ ༡ དང་ ༠ གྱི་ཁྱད་པར་ཐོག་ནས་རྒྱ་གར་ཀ་ན་ཊ་ཀ་བུ་མོའི་རུ་ཁག་ལ་རྒྱལ་ཁ་ཐོབ་སོང་། རྩ་བའི་དེ་རིང་གི་རྩེད་འགྲན་མཐའ་མ་དེ་དབུ་འཛུགས་མ་གནང་གོང་དུ་རུ་ཁག་གཉིས་ཀྱི་རུ་དཔོན་ལ་རྩེད་འགྲན་མཐའ་མའི་རྒྱལ་ཕམ་དང་འབྲེལ་བའི་དགོངས་ཚུལ་ཁག་ཅིག་གི་ཐོག་ལ་བཅར་འདྲི་ཞུས་ཡོད།

སྐུ་ཞབས་གྷེ་རི་ལགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་རྐྱེན་རྒྱལ་སྤྱིའི་གློག་བརྙན་སྡེ་ཚོགས་ནས་ཁོང་ལ་འཛེམས་ཟོན་བྱེད་བཞིན་པ་གསུངས་འདུག

སྤྱིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་ཀྱིས་ཁོང་ནས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སོགས་ཀྱི་ཐོག་བོད་དོན་ལ་རྒྱབ་སྐྱོར་གྱིས་བོད་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གཏམ་བཤད་བྱས་པ་དེས་དེང་སྐབས་རྒྱལ་སྤྱིའི་གློག་བརྙན་བཟོ་བསྐྲུན་ཁང་དང་། ལྷག་པར་དུ་དབྱིན་ཇིའི་གློག་བརྙན་སྡེ་ཚོགས་ Hollywood སོགས་ནས་ཁོང་གློག་བརྙན་འཁྲབ་སྟོན་པའི་ཁོངས་སུ་འདེམས་སྒྲུག་བྱ་རྒྱུར་ཐེ་ཚོམ་དང་འཛེམས་ཟོན་ཆེན་པོ་བྱེད་བཞིན་འདུག་ཅེས་གསུངས་འདུག ཁ་སང་ཟླ་ ༤ ཚེས་ ༡༨ ཉིན་ཨ་རིའི་གློག་བརྙན་དང་འབྲེལ་བའི་གནས་ཚུལ་དང་གསར་ཤོག་རིགས་འདོན་སྤེལ་གནང་མཁན་ The Hollywood Reporter ཞེས་པའི་དྲ་གནས་ཐོག་སྐུ་ཞབས་རི་ཆརྡྲ་གྷེ་རི་ལགས་ལ་དམིགས་བསལ་བཅར་འདྲི་ཞུས་པའི་ལེ་ཚན་ཞིག་འདོན་སྤེལ་གནང་འདུག དེའི་ནང་ཁོང་ནས་ཉེ་དུས་སུ་རྒྱལ་སྤྱིའི་ཁྲོད་ཁོང་གི་གློག་བརྙན་གསར་པ་རིགས་གང་ཡང་ཐོན་མེད་པའི་རྒྱུ་མཚན་གཙོ་བོ་དེ་ནི་དེ་སྔ་སྤྱི་ལོ་ ༡༩༩༣ ལོའི་ Academy Award ཞེས་རྒྱལ་སྤྱིའི་གློག་བརྙན་རྩེ་ཕུད་ཀྱི་གཟེངས་རྟགས་འདུ་འཛོམས་ཐོག་རྒྱ་གཞུང་གིས་བོད་ནང་ལ་བཙན་འཛུལ་བྱས་པ་དེས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡ་ང་བ་ཞིག་ཏུ་གྱུར་ཡོད་པར་འགྲེལ་བརྗོད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་རྗེས་སྐབས་དེའི་ Academy Award གཙོས་པའི་རྒྱལ་སྤྱིའི་གློག་བརྙན་རྩེ་ཕུད་ཀྱི་གཟེངས་རྟགས་འདུ་འཛོམས་གོ་སྒྲིག་ཞུ་མཁན་ཁག་ཅིག་ནས་ཁོང་དུས་སྟོན་ཐོག་མཉམ་ཞུགས་གནང་རྒྱུར་བཀག་སྡོམ་གནང་པ་ནས་བཟུང་ད་ལྟའི་ཆར་ཨ་རིའི་གློག་བརྙན་བཟོ་བསྐྲུན་ཁང་ Hollywood སོགས་ནས་ཀྱང་ཁོང་གློག་བརྙན་འཁྲབ་སྟོན་པའི་ནང་དུ་འདེམས་སྒྲུག་བྱ་རྒྱུར་ཐེ་ཚོམ་དང་འཛེམས་ཟོན་ཆེན་པོ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག དེ་བཞིན་ཁོང་གིས་སྤྱི་ལོ་ ༡༩༩༧ ལོར་འདོན་སྤེལ་གནང་པའི་ཁོང་གི་གློག་བརྙན་ Red Corner ཞེས་པ་དེར་ཨ་རི་མང་ཚོགས་ནས་དགའ་མོས་ཆེན་པོ་ཞུས་ཡོད་ཀྱང་གློག་བརྙན་དེ་རྒྱ་གཞུང་དང་འབྲེལ་བ་ཡོད་པའི་རྒྱུ་མཚན་དུ་བྱས་ནས་རྒྱ་གཞུང་གིས་རྒྱ་ནག་ཁྱོན་ཡོངས་སུ་བཀག་སྡོམ་བྱས་པའི་གནས་ཚུལ་ཐོན་པ་ལུང་འདྲེན་གྱིས་དེང་སྐབས་རྒྱལ་སྤྱིའི་གློག་བརྙན་བཟོ་བསྐྲུན་པ་རྣམས་ཀྱིས་ཀྱང་ཁོང་དང་འདྲ་བ་རྒྱ་གཞུང་ནས་ལྟ་ཚུལ་ཡག་པོ་མེད་པའི་གློག་བརྙན་འཁྲབ་སྟོན་པ་རྣམས་ལ་གོ་སྐབས་དེ་ཙམ་སྤྲོད་ཀྱི་མེད་པ་ཡང་གསུངས་ཡོད། ལྷག་པར་དུ་ཁོང་ནས་དེང་སང་རྒྱལ་སྤྱིའི་གློག་བརྙན་བཟོ་བསྐྲུན་པ་རྣམ་པའི་དམིགས་ཡུལ་གཙོ་བོ་དེ་དཔལ་འབྱོར་གྱི་ཁེ་ཕན་བཟོ་རྒྱུ་དེ་ཡིན་སྟབས། ཁོང་རྣམས་ནས་རྒྱལ་སྤྱིའི་ཚོང་གི་ཁྲོམ་ར་ཆེ་ཤོས་གཉིས་པར་བརྗོད་བཞིན་པའི་རྒྱ་ནག་གི་ཁྲོམ་རར་དོ་ཕོག་མི་ཡོང་ཆེད་དུ་ང་ལྟ་བུ་རྒྱ་གཞུང་གིས་དགག་པ་ཡོད་པའི་གློག་བརྙན་འཁྲབ་སྟོན་པ་རྣམས་འདེམས་སྒྲུག་གནང་གི་མེད་པ་རེད། གལ་སྲིད་འདེམས་སྒྲུག་གནང་ཡང་རྒྱ་གཞུང་གིས་གནོན་ཤུགས་སྤྲོད་པའི་དབང་གིས་གློག་བརྙན་གྱི་མ་དངུལ་གཏོང་མཁན་རྣམས་ཕྱིར་ཐེན་བྱས་པ་སོགས་ཀྱི་རྐྱེན་པས་མཐར་རང་ཉིད་ཀྱང་གློག་བརྙན་འཁྲབ་སྟོན་པའི་གྲས་ནས་ཕྱིར་ཕུད་གཏང་ངེས་ཡིན་པ་སོགས་གསུངས་པ་མ་ཟད། མ་འོངས་པར་ཨ་རིའི་གློག་བརྙན་བཟོ་བསྐྲུན་ཁང་ Hollywood སོགས་ནས་ཁོང་ལ་གློག་བརྙན་ཁྲབ་རྒྱུའི་གོ་སྐབས་གནང་ཀྱང་གོ་སྐབས་དེ་བླང་རྒྱུ་མིན་པ་གསུངས་འདུག ཐེངས་འདིའི་སྐུ་ཞབས་ Richard Gere ལགས་ཀྱི་བཅར་འདྲི་དང་འབྲེལ་ཁོང་གི་གློག་བརྙན་ Arbitrage ནང་གི་འཁྲབ་རོགས་ Susan Sarandon ལགས་ནས་ད་བར་སྐུ་ཞབས་ Gere ལགས་ཀྱི་གློག་བརྙན་དུས་སྟོན་ཐོག་གང་གསུང་པ་དེ་བདེན་པ་ཞིག་ཡིན་པ་དང་། ཁོང་གི་གསུང་པ་དེ་ཚོ་ང་ཚོས་ཤེས་བཞིན་དུ་སྣང་མེད་དུ་བཞག་བཞིན་པའི་གནད་དོན་ཁོ་ན་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་ཡོད། གཞི་རྩའི་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་ཆེན་པོ་མཆོག་དང་ཐུགས་ཤིན་ཏུ་ཉེ་བའི་རྒྱལ་སྤྱིའི་ཐོག་ཡུན་རིང་ནས་མངོན་གསལ་དོད་པོས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Richard Gere ལགས་དང་ཁོང་གི་གློག་བརྙན་ཁག་རྒྱ་ནག་གི་ཁྲོམ་རའི་ནང་བཀག་སྡོམ་བྱེད་བཞིན་ཡོད་པ་དང་། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ཙམ་གྱི་རིང་ལ་རྒྱལ་སྤྱི་ཐོག་ཁོང་གི་གློག་བརྙན་གྲགས་ཅན་རིགས་ཐོན་ཐུབ་ཀྱི་མེད་པ་རེད། འོང་ཀྱང་ཉེ་ཆར་ཕྱི་ཚེས་ ༡༤  ཉིན་ཁོང་གི་གློག་བརྙན་གསར་པ་ Norman ཞེས་པ་ཞིག་ཐོན་ཡོད་པ་དང་། གློག་བརྙན་དེ་འགྲེམས་སྤེལ་གནང་མཁན་ Sony Pictures Classic ཞེས་པའི་ངོས་ནས་ཁོང་གི་གློག་བརྙན་དེ་སྐད་གྲགས་ཆེ་བའི་འདི་ལོའི་ Oscar གཟེངས་སྟོད་ཁུངས་སུ་ཡང་ཚུད་ཐབས་གནང་རྒྱུ་ཡིན་ཅེས་གསུངས་འདུག་པ་མ་ཟད།  རིང་མིན་ཟླ་བ་རྗེས་མའི་ཕྱི་ཚེས་ ༥ ཉིན་སླར་ཡང་སྐུ་ཞབས་ Gere ལགས་ཀྱི་གློག་བརྙན་གསར་པ་ The Dinner ཞེས་པ་ཞིག་ཐོན་གྱི་ཡོད་པ་རེད།

རྒྱལ་གཅེས་པ་དབང་ཕྱུག་ཚེ་བརྟན་ལགས་འདས་གྲོངས་སུ་གྱུར་འདུག

འདས་པའི་ཉིན་གྲངས་གསུམ་ནས་ཁམས་དཀར་མཛེས་དང་ཉེ་འཁྲིས་ས་གནས་ཁག་ཅིག་ཏུ་དམ་བསྒྲགས་ཧ་ཅང་ཤུགས་ཆེ་བྱེད་བཞིན་པའི་རྐྱེན་གྱིས་ད་བར་ཟླ་ ༤ ཚེས་ ༡༥ཉིན་དཀར་མཛེས་རྫོང་ཐོག་ཏུ་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་དེ་སུ་ཡིན་མིན་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་ཐུབ་མེད་པ་རེད། འོན་ཀྱང་དེ་རིང་༼  གནས་ཚུལ་ཐོན་རིམ་གསར་ཤོས། ༽  འདི་གར་སུད་སི་ནང་དུ་བཅའ་བཞུགས་ཚེ་རིང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་པར་ཁོང་གི་མིང་ལ་དབང་ཕྱུག་ཚེ་བརྟན་ཡིན་པ་དང་རང་ལོ་ ༣༩ རེད་འདུག་པ་མ་ཟད། ཁོང་ནི་དཀར་མཛེས་ཁུལ་ཉག་རོང་རྫོང་ཨ་བསེ་འབྲོག་པ་དགེ་ཆགས་གྲོང་སྡེ་ནས་ཡིན་པ་དང་། ཁོང་གི་བཟའ་ཟླ་ལ་ཕྲུ་གུ་ལྔ་དང་མ་ལོ་རྒན་ཞིག་བཅས་ཡོད་འདུག ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་པར་རྒྱལ་གཅེས་པ་དེ་ཉིད་ཚེས་ ༡༥ ཉིན་རང་ལུས་མེར་བསྲེགས་གནང་རྗེས་ས་གནས་ཉེན་རྟོག་པས་བཙན་འཁྲིད་བྱས་ཡོད་པ་ལྟར་ད་ཆ་ཁོང་དགོངས་པ་རྫོགས་ཚར་འདུག་ཅེས་གསུངས་སོང་། གནས་ཚུལ་མཁོ་སྤྲོད་པས་ད་དུང་ས་གནས་ཀྱི་གནས་ཚུལ་མུ་མཐུད་གསུངས་པར་ཟླ་ ༤ ཚེས་ ༡༥ ཉིན་རྒྱལ་གཅེས་པ་དེ་ཉིད་ཀྱིས་རང་ལུས་མེར་བསྲེགས་གནང་རྗེས་ནས་ཉག་སྟོད་༼  ཨ་བསེ་འབྲོག་པ་ ༽ དང་༼  ཀླུ་མོ་རོ ༽ དེ་བཞིན་༼  ཧོ་ར་མ ༽ གྲོང་སྡེ་གསུམ་ནང་དམ་དྲག་ཤུགས་ཆེ་འོག་མང་ཚོགས་རྣམས་ཉིན་གཉིས་རིང་ལ་བཀག་ཉར་བྱས་ཡོད་པ་མ་ཟད། དུས་ད་ལྟའང་བརྒྱུད་ལམ་ཚང་མ་བཀག་སྡོམ་བྱས་འདུག རྩ་བའི་ལོ་འདིའི་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་པདྨ་རྒྱལ་མཚན་ལགས་དང་དེ་བཞིན་ཟླ་ ༤ ཚེས་ ༡༥ ཉིན་མེར་སྲེག་གནང་མཁན་ཁོང་རྣམ་པ་གཉིས་བསྡོ མས་པས་ཁྱོན་ ༢༠༠༩ ནས་ད་བར་གཞིས་ལུས་བོད་མི་རང་ལུས་མེར་སྲེག་གནང་མཁན་ ༡༤༧ བྱུང་ཡོད་པ་རེད།

རྡོ་རྗེ་གླིང་ཧི་མཱ་ལ་ཡ་རུ་ཁག་འདི་ལོའི་རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་སྤོལ་རྩེད་འགྲན་མཐའ་མའི་ནང་ཚུད་སོང་།

འདི་ལོའི་རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༣ པའི་འགྲན་བསྡུར་རིམ་པ་མཐའ་མ་གཉིས་པ་འམ་ Semi Final དེ་དེ་རིང་དབུ་འཛུགས་སྐབས་རྩེད་འགྲན་དང་པོའི་ཐོག་སྦེལ་ཀོབ་བདེ་སྐྱིད་སླར་གསོ་རུ་ཁག་དང་རྡོར་གླིང་ཧི་མཱ་ལ་ཡ་རུ་ཁག་གཉིས་དབར་རྩེད་འགྲན་གནང་ཡོད་པ་དང་། རུ་ཁག་དེ་གཉིས་ཀྱི་དབར་ཐོག་མར་སྐར་མ་ ༩༠ དང་དེ་རྗེས་སྐར་མ་ ༢༠ བཅས་དུས་ཚོད་འཕར་མ་ཕུལ་ནས་རྩེད་འགྲན་གནང་པ་ལས་རུ་ཁག་གཉིས་ནས་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་སྟབས། མཐར་ Penalty འམ་ཐད་ཀར་སྤོ་ལོ་བླུགས་རྒྱུའི་གོ་སྐབས་ཕུལ་བ་དང་སྐབས་དེར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་རུ་ཁག་རུ་ཁག་གིས་སྤོ་ལོ་ ༢ དང་། རྡོར་གླིང་ཧི་མཱ་ལ་ཡ་རུ་ཁག་གིས་སྤོ་ལོ་ ༣ བླུགས་སྟབས་རྡོ་རྗེ་གླིང་ཧི་མཱ་ལ་ཡ་རུ་ཁག་ལ་རྒྱལ་ཁ་ཐོབ་སོང་། དེ་རིང་ཟླ་ ༤ ཚེས་ ༡༨ ཉིན་རྩེད་འགྲན་གཉིས་པའི་ཐོག་ Clement Town དོན་གྲུབ་གླིང་རུ་ཁག་དང་ཧུན་སུར་རབ་རྒྱས་གླིང་རུ་ཁག་གཉིས་དབར་རྩེད་འགྲན་གནང་བཞིན་ཡོད་པ་དང་རྒྱལ་ཁ་སུ་ལ་ཐོབ་ཀྱང་། དེ་སང་ཚེས་ ༡༩ ཉིན་རྡོ་རྗེ་གླིང་ཧི་མཱ་ལ་ཡ་རུ་ཁག་མཉམ་དུ་ཆེས་མཐའ་མའི་རྩེད་འགྲན་གནང་གི་ཡོད་པ་རེད།

༸གོང་ས་མཆོག་གིས་ Louisville གྲོང་ཁྱེར་ནང་གི་ཆོས་ལུགས་མཐུན་སྒྲིལ་གྱི་དུས་སྟོན་ལ་འཚམས་འདྲིའི་ཕྱག་ཡིག་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ Kentucky མངའ་སྡེའི་ Louisville གྲོང་ཁྱེར་ནང་དུ་ཉིན་གྲངས་བཞིའི་རིང་འཚོགས་གཏན་འཁེལ་བའི་ཆོས་ལུགས་མཐུན་སྒྲིལ་གྱི་དུས་སྟོན་ཐོག་ལ་འཚམས་འདྲིའི་ཕྱག་ཡིག་བསྩལ་འདུག ཁ་སང་ Insider ཞེས་པའི་ Louisville ས་གནས་གསར་ཁང་གི་གནས་ཚུལ་སྤེལ་བར་གཞིགས་ཚེ་ Louisville གྲོང་ཁྱེར་ནང་དུ་སང་ཉིན་ཚེས་ ༡༩ ཉིན་དབུ་འཛུགས་ཀྱིས་ཚེས་ ༢༢ བར་ཁུལ་དེར་ Festival of Faith ཞེས་ཆོས་ལུག་མཐུན་སྒྲིལ་གྱི་དུས་སྟོན་ཚོགས་ཀྱི་ཡོད་པ་དང་། ཁ་སང་ཚེས་ ༡༧ ཉིན་དུས་སྟོན་དེའི་སྔོན་འགྲོའི་མཛད་སྒོར་དུས་སྟོན་གོ་སྒྲིགས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Owsley Brown ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་གནང་མཛད་པའི་འཚམས་འདྲིའི་ཕྱག་ཡིག་དེ་སྒྲོག་ལྗང་གནང་འདུག དེའི་ནང་༸གོང་ས་མཆོག་གིས་ད་ལན་ Louisville གྲོང་ཁྱེར་ནང་དུ་ Compassion : Shining like the Sun ཞེས་བྱམས་བརྩེའི་བརྗོད་གཞིའི་གཙོ་བོར་བཞག་པའི་ཐོག་ནས་མི་མང་ཕོན་ཆེ་ཞིག་འདུ་འཛོམས་གནང་གི་ཡོད་སྟབས་མགོན་པོ་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་དུས་སྟོན་གོ་སྒྲིག་གནང་མཁན་ཚོར་འཚམས་འདྲི་གནང་པ་དང་འབྲེལ་ཏེ་༸གང་ཉིད་མཆོག་དུས་སྟོན་ཐོག་དངོས་སུ་དབུ་བཞུགས་མཛད་མ་ཐུབ་ཀྱང་། དུས་སྟོན་དེའི་བརྒྱུད་ནས་སྤྱི་ཚོགས་ཡར་རྒྱས་དང་ཕན་བདེ་སྒྲུབ་པའི་ཐབས་ཤེས་ཤིག་ཐུབ་པར་ཐུགས་སྨོན་མཛད་བཞིན་ཡོད་པ་བཀའ་བསྩལ་མཛད་འདུག ལྷག་པར་དུ་༸གོང་ས་མཆོག་གིས་ཆོས་ལུགས་ཚང་མའི་ནང་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་ཀྱི་བསླབ་བྱ་གཅིག་མཚུངས་གནང་གི་ཡོད་པ་དང་། འགྲོ་བ་མི་ཡོངས་ནས་བདེ་སྐྱིད་དང་ཞི་བདེ། དེ་བཞིན་འཆམ་མཐུན་སོགས་གཅིག་མཚུངས་འདོད་ཀྱི་ཡོད་པ་བཀའ་བསྩལ་དང་འབྲེལ། ༸གོང་ས་མཆོག་གིས་ Louisville གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Greg Fischer ལགས་ནས་བྱམས་བརྩེའི་གྲོང་ཁྱེར་ཞིག་བསྐྲུན་ཐབས་གནང་བཞིན་པར་བསྔགས་བརྗོད་ཡོད་པ་བཀའ་བསྩལ་ཡོད། རྩ་བའི་དུས་སྟོན་དེའི་ཐོག་ཡི་ཤུ་དང་ཁ་ཆེ། ཇིའུ། ནང་པ། དེ་བཞིན་ཆོས་ལུགས་ལས་དོན་དང་འབྲེལ་བའི་གཞུང་འབྲེལ་མི་སྣ་དང་ལོ་རྒྱུས་སྨྲ་བ། སྒྱུ་རྩལ་བ་དང་གྲོས་ཚོགས་འཐུས་མི་བཅས་བརྗོད་གཞི་འདྲ་མིན་ཐད་ལ་གསུང་བཤད་གནང་མཁན་ཁྱོན་མི་གྲངས་ ༣༣ གདན་ཞུས་གནང་པའི་ཁོངས་སུ་སྐུའི་དབྱིན་སྐད་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱང་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་དུས་སྟོན་གྱི་དབུ་འབྱེད་མཛད་སྒོར་དབུ་བཞུགས་མཛད་གཏན་འཁེལ་ཡོད་ཀྱང་། ༸སྐུའི་འཕྲོད་བཞེས་རྐྱེན་པས་མཛད་རིམ་དེས་གཙོས་པའི་ཨ་རི་ནང་གི་མཛད་འཆར་ཁག་ཅིག་དེ་སྔོན་ནས་ཕྱིར་ཐེན་གནང་དགོས་བྱུང་ཡོད་པ་རེད།

བོད་པའི་སློབ་གྲྭ་ཁག་གི་ནང་དུ་བོད་ཡིག་ཉམས་རྒུད་འགྲོ་བཞིན་འདུག་ཅེས་གསུངས་སོང་།

བཙན་བྱོལ་བོད་མིིའི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ད་སྐབས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་དུ་བོད་ཡིག་ཉམས་རྒུད་འགྲོ་བཞིན་འདུག་ཅེས་གསུངས་སོང་། ཁ་སང་ཟླ་ ༤ ཚེས་ ༡༧ ཉིན་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་། ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་ལྔ་པ་དེ་ཚོགས་ཡོད་པ་དང་། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གཞོན་པ་ཚེ་དབང་ནོར་བུ་ལགས། རྡ་སྟེང་བོད་ཁྱིམ་ནས་རྣམ་གྲོལ་བཀྲ་ཤིས་ལགས། མ་སུ་རི་བོད་ཁྱིམ་གྱི་ཤེས་ཡོན་འགན་འཛིན་པ་སངས་དོན་གྲུབ་ལགས། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭའི་སློབ་སྤྱི་ཟུར་པ་ཐར་ལམ་སྒྲོལ་མ་ལགས། བལ་ཡུལ་གངས་ཅན་བདེ་རྩའི་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱས་ལགས་བཅས་ཚང་འཛོམས་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་ཁ་སང་ཉིན་གཅིག་རིང་ཚོགས་པའི་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་ལྔ་པ་དང་འབྲེལ་བའི་ཐོག་ལ་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ད་ལྟའི་ཆར་བཙན་བྱོལ་བོད་མིའི་སློབ་གྲྭ་སྤྱི་ཡོངས་ནང་དུ་ཕྲུ་གུའི་ཤེས་ཡོན་གྱི་སྤུས་ཚད་འབྲིང་ཙམ་ལས་ཐོན་ཐུབ་ཀྱི་མེད་པ་དང་། ལྷག་པར་དུ་སློབ་གྲྭ་ཁག་གི་ནང་དུ་བོད་ཡིག་ཉམས་རྒུད་འགྲོ་བཞིན་འདུག་ཅེས་གསུངས་སོང་། རྩ་བའི་ཁ་སང་ལྷན་ཚོགས་ཀྱི་དབུ་འབྱེད་ཐོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཁྲིད་ཐབས་ལམ་ལ་བསྐྱར་ཞིབ་གནང་དགོས་པ་དང་། སློབ་གྲྭ་ཁག་གི་བསླབ་གཞིའི་ནང་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་གྱི་སློབ་ཚན་ཁྲིད་ཐབས་གནང་དགོས་གལ་ཡིན་པ དང་། ལྷག་པར་དུ་གཞི་རིམ་འོག་མའི་སློབ་ཕྲུག་ཚོའི་ཁྲོད་ནས་དམིགས་བསལ་སྐད་ཡིག་དང་རོལ་ཆ། འགོ་ཁྲིད་ཀྱི་ནུས་པ། ལུས་རྩལ་ལ་སོགས་པའི་སློབ་ཕྲུག་སོ་སོའི་དོ་དབྱིངས་ལ་གཞིར་བཞག་པའི་ཐོག་སློབ་གྲྭ་ཞིག་ལོགས་སུ་ཆེད་འཛུགས་ཐུབ་ཚེ་འབྱུང་འགྱུར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ལ་ཆེད་ལས་དང་མཁས་དབང་མང་པོ་ཐོན་ཐུབ་ཀྱི་རེད་ཅེས་གསུངས་ཡོད་པ་རེད། གཞི་རྩའི་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་ཞེས་པ་དེ་ནི། བཙན་བྱོལ་ནང་ཆེད་ལས་མི་སྣ་དང་། བོད་མིའི་སློབ་གྲྭ་ཁག་གི་འགན་འཛིན། ཤེས་ཡོན་དང་འབྲེལ་བའི་ལས་བྱེད་ཁག་ཅིག་ལས་གྲུབ་པའི་མཁས་པའི་ཚོགས་ཆུང་ཞིག་ཡིན་ཞིང་། ཚོགས་ཆུང་དེའི་ལས་དོན་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་དང་འབྲེལ་བའི་ལས་འཆར་ཁག་ལ་ལམ་སྟོན་དང་གཟིགས་ཞིབ། དེ་བཞིན་ཐུགས་ཐག་གཅོད་རྒྱུ་བཅས་ཡིན་པ་རེད།  

བཀའ་བློན་རྣམ་པ་ས་བགོས་ཀྱིས་བོད་མིའི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་གནང་བཞིན་འདུག

  བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་རྣམ་པ་ས་བགོས་ལྟར་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ། ས་གནས་བོད་རིགས་མང་ཚོགས་རྣམས་ལ་བཀའ་ཤག་གི་ངོས་ནས་བོད་མིའི་བདེ་དོན་སེལ་ཐབས་དང་ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར། དེ་བཞིན་བོད་མིའི་ངོ་བོ་དང་གཅིག་སྒྲིལ་གྱི་ནུས་པ་གོང་མཐོར་གཏོང་ཐབས་སོགས་ཀྱི་ལས་འཆར་སྐོར་ངོ་སྤྲོད་གནང་བཞིན་འདུག དེ་ཡང་ཟླ་བ་སྔོན་མའི་ཟླ་མཇུགས་ཙམ་ནས་འགོ་འཛུགས་ཀྱིས་བོད་མིའི་སྒྲིགས་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་རྒྱ་གར་དབུས་ཁུལ་གྱི་བོད་མིའི་གཞིས་ཆགས་ཨོ་ཌི་ཤ་ཕུན་ཚོགས་གླིང་དང་། བྷན་ད་ར་ནོར་རྒྱས་གླིང་། མན་སྤར་ཕན་བདེ་གླིང་བཅས་དང་། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག གཞན་ཡང་བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་ནས་ཧི་མཱ་ཅལ་མངའ་ཁོངས་སུ་ཡོད་པའི་ཀམ་རའོ་དང་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས། དེ་བཞིན་ཨུ་ཏྟར་ཁཎྜ་མངའ་སྡེའི་ནང་ཡོད་པའི་ཧ་སྤུར་དང་མ་སུ་རི། བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སོགས་སུ་འཚམས་གཟིགས་ཀྱིས་མང་ཚོགས་ལ་བཀའ་སློབ་ལམ་སྟོན་སོགས་གནང་ཟིན་ཡོད་པ་མ་ཟད། ད་ལྟའི་ཆར་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག དེ་བཞིན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་བཅས་ནས་ཀུ་ལུ་མ་ན་ལི་དང་སླེ་ལ་དྭགས། མེའོ་ཆོས་འཕེལ་གླིང་དང་། ཏི་ཛུ་དར་རྒྱས་གླིང་སོགས་ཨ་རུ་ནཱ་ཅལ་ཁུལ་གྱི་བོད་མིའི་གཞིས་ཆགས་སྤྱི་དང་ཀ་རྡོར་སྒང་གསུམ་བཅས་སུ་རིམ་བཞིན་ཕེབས་ཐོན་གྱིས་གཞུང་འབྲེལ་འཚམས་གཟིགས་གནང་གི་ཡོད་པ་རེད།

བཙན་བྱོལ་བོད་མིའི་ལོ་རྒྱུས་འཁོད་པའི་པར་དེབ་ཅིག་དབུ་འབྱེད་གནང་པ།

བཞུགས་སྒར་དུ་ཕྱི་ལོ་ ༡༩༥༩་་༨༩ བར་གྱི་བོད་མིའི་གནས་སྟངས་ལོ་རྒྱུས་འཁོད་པའི་བཙན་བྱོལ་ཞེས་པའི་པར་དེབ་ཅིག་དབུ་འབྱེད་གནང་སོང་། དེའང་ཤོག་གྲངས་ ༡༥༠ ཅན་གྱི་བཙན་བྱོལ་ཞེས་པའི་པར་དེབ་དེ་ནི་གཙོ་བོ་ Tibet Documentation འམ་བོད་རིགས་པར་རིས་ཡིག་ཚགས་ཀྱི་འགན་འཛིན་བཀའ་ཟུར་བསྟན་འཛིན་རྣམ་རྒྱལ་བཀྲས་མཐོང་ལགས་ཀྱིས་ལམ་སྟོན་འོག་བོད་དོན་ལས་འགུལ་ཁང་གི་བློ་བཟང་རྒྱ་མཚོ་ལགས་དང་ཁོང་གི་བཟའ་ཟླ། དེ་བཞིན་བསྟན་འཛིན་འཇིགས་མེད་བཅས་ཀྱིས་དམིགས་བསལ་ཐུགས་འཁུར་བཞེས་ཐོག་ཕྱི་ལོ་ ༡༩༥༩་་༨༩ བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་དངོས་ཀྱི་འགྱུར་གྲོས་ལོ་རྒྱུས་ལ་མཁྱེན་རྟོགས་ཡོད་པའི་མི་རབས་རྒན་པ་ཁག་ཅིག་ནས་གནས་ཚུལ་མཁོ་སྒྲུབ་ཞུས་པ་དང་། དེ་མཚུངས་སུ་དེ་སྔའི་བོད་ཀྱི་ལོ་རྒྱུས་ཕྱག་དེབ་ཁག་གི་ནང་དུ་གསལ་བའི་པར་རིས་ཁག་ཕྱོགས་བསྡུས་གནང་པ་ཞིག་ཡིན་པ་མ་ཟད། དེའང་གཙོ་བོ་བོད་རིགས་གཞོན་སྐྱེས་ཁྲོད་བོད་ཀྱི་ལོ་རྒྱུས་ཐད་དམིགས་བསལ་ཚོར་བ་སྤྲོད་ཆེད་དུ་དམིགས་པ་ཞིག་རེད་འདུག དེ་རིང་ཟླ་ ༤ ཚེས་ ༡༧ ཉིན་སྔ་ཐོག་དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་ཚོགས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ཟུར་པ་བསྟན་འཛིན་དགེ་བྱེད་ལགས་དང་བོད་ཕྲུག་ཁྱིམ་སྡེ་ཐོག་མ་གསར་བསྐྲུན་གནང་སྐབས་ནས་ཡོད་པའི་རྒན་བསྟན་འཛིན་ལགས་རྣམ་གཉིས་གཙོས། བོད་ཀྱི་ལོ་རྒྱུས་སྨྲ་བ་མཁས་དབང་བཀྲིས་ཚེ་རིང་ལགས།  གཞན་ཡང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་བཅས་ལྷན་འཛོམས་གནང་འདུག སྐབས་དེར་དམིགས་བསལ་སྐུ་མགྲོན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་བཀའ་ཟུར་བསྟན་འཛིན་དགེ་བྱེད་ལགས་ཀྱིས་ད་ལན་བོད་རིགས་པར་རིས་ཡིག་ཚགས་ཀྱིས་དམིགས་བསལ་འགན་ཞིག་འཁུར་པའི་ཐོག་ནས་༸གོང་ས་མཆོག་གིས་དབུས་པའི་བོད་མི་རྣམས་ཐོག་མ་བཙན་བྱོལ་ལ་ཕེབས་པའི་གནས་སྟངས་དང་དེ་ནས་རིམ་བཞིན་དཀའ་ངལ་ཁག་ལ་གདོང་ལེན་གནང་པའི་བརྒྱུད་རྒྱ་གར་ནང་གཞིས་ཆགས་པའི་ལོ་རྒྱུས་ཁག་ཆ་ཚང་བ་འཁོད་པའི་པར་རིས་ཀྱི་ཕྱག་དེབ་དེ་འདྲ་ཞིག་འདོན་སྤེལ་གནང་ཐུབ་པར་ཁོང་སྐུ་སྒེར་ལ་དགའ་སྤོབས་ཆེན་པོ་བྱུང་སོང་ཞེས་གསུངས་པ་དང་ཆབས་ཅིག དམིགས་བསལ་ཁྱད་ཆོས་ལྡན་པའི་པར་རིས་ཀྱི་ཕྱག་དེབ་དེ་མ་འོངས་པར་བརྙན་པར་ཐོག་ནས་འགྲེམས་སྤེལ་གནང་ཐུབ་ཚེ་དགེ་མཚན་ཆེ་བར་གཟིགས་ཀྱི་ཡོད་ཅེས་དགོངས་འཆར་གནང་སོང་། ད་རེས་ཀྱི་མཛད་སྒོ་དེའི་ཐོག་བཙན་བྱོལ་ནང་གི་བོད་པའི་སློབ་གྲྭ་ཆེ་ཤོས་བོད་ཕྲུག་ནང་གཉེར་པ་དང་མ་བྱན། དེ་བཞིན་སློབ་སྤྱི་བཅས་ཀྱི་ཕྱག་ལས་གནང་མྱོང་ཡོད་པ་རྒན་བསྟན་འཛིན་ལགས་ཀྱིས་ཁོང་ཐོག་མ་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པའི་བརྒྱུད་རིམ་དང་ལྷག་དོན་བོད་ཕྲུག་ཁྱིམ་སྡེ་ནང་ལོ་མང་ཕྱག་ལས་གནང་པའི་མྱོང་བ་ཁག་གི་སྐོར་ལ་ངོ་སྤྲོད་གནང་ཡོད། དེ་བཞིན་བོད་ཀྱི་ལོ་རྒྱུས་སྨྲ་བ་མཁས་དབང་བཀྲིས་ཚེ་རིང་ལགས་ཀྱིས་བོད་དང་པར་གཉིས་དབར་གྱི་འབྲེལ་ལམ་བྱུང་ཚུལ་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་ཡོད་པ་རེད། རྩ་བའི་བཙན་བྱོལ་ཞེས་པའི་པར་དེབ་དེའི་ནང་ཕྱི་ལོ་ ༡༩༥༩ ནས་ ༡༩༨༩ བར་ལོ་ངོ་ ༣༠ རིང་གི་བཙན་བྱོལ་བོད་མིའི་གནས་སྟངས་དང་འགྱུར་གྲོས་སོགས་མངོན་གསལ་གནང་འདུག་པ་མ་ཟད། པར་དེབ་དེར་ National Geographic Society ཞེས་གོ་ལ་ཡོངས་ཀྱི་ས་བབ་གནས་སྟངས་ལ་རྟོག་ཞིབ་གནང་མཁན་གྱི་ཚན་རིག་དང་ཤེས་ཡོན་སྡེ་ཚན་ནས་མཐུན་འགྱུར་གནང་འདུག

བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཁྲོད་ནས་རུ་ཁག་དགུ་ཕྱིར་བུད་ཟིན་པ།

ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ནང་དུ་འཚོགས་བཞིན་པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༣ པ་དེའི་ནང་ཁ་ཉིན་ཕྱི་ཚེས་ ༡༥ ཉིན་རྩེད་འགྲན་རུ་ཁག་བཅོ་ལྔ་ནས་རུ་ཁག་བདུན་རྩེད་འགྲན་ནས་ཕྱིར་བུད་ཟིན་ཡོད་པ་རེད། གཞན་རྣམས་ལས་རུ་ཁག་བརྒྱད་མཐའ་མའི་རྩེ་ཕུད་འདེམས་སྒྲུག་ནང་ཚུད་པའི་ཆེད་དུ་མུ་མཐུད་འགྲན་རྩོད་རིམ་པ་གཉིས་གནང་རྗེས་མཐར་འགྲན་བསྡུར་ནང་ཞུགས་མཁན་རྩེ་ཕུད་རུ་ཁག་བཞི་འདེམས་སྒྲུག་གནང་གི་ཡོད་པ་རེད། ཁ་ས་ཚེས་ ༡༦ ཉིན་འགྲན་རྩོད་རིམ་པ་དང་པོའི་ནང་སྦེང་ལོར་ཏཱ་ལའི་བླ་མ་རུ་ཁག་དང་། ཧི་མཱ་ལ་ཡ་རུ་ཁག་དབར་འགྲན་བསྡུར་གནང་སྟེ་སྤོ་ལོ་གཅིག་དང་གཉིས་ཀྱི་ཁྱད་པར་ལས་ཧི་མཱ་ལ་ཡ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། དེ་བཞིན་ཀོ་ལི་གྷལ་རུ་ཁག་ཀ་པ་དང་སྦེལ་ཀོབ་བདེ་སྐྱིད་སླར་གསོ་རུ་ཁག་གཉིས་དབར་རྩེད་འགྲན་གནང་མཐར་བདེ་སླར་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་སྟབས་ཁ་ས་བར་ཁྱོན་རུ་ཁག་དགུ་རྩེད་འགྲན་ནས་ཕྱིར་བུད་ཟིན་ཡོད། དེ་རིང་ཟླ་ ༤ ཚེས་ ༡༧ ཉིན་འགྲན་རྩོད་རིམ་པ་གཉིས་པའི་ནང་དང་པོ་ཧུན་སུར་རབ་རྒྱས་གླིང་དང་གྷོ་བ་རུ་ཁག་དབར་རྩེད་འགྲན་གནང་རྒྱུ་དང་གཉིས་པ་ Clement Town དོན་གྲུབ་གླིང་རུ་ཁག་དང་མོན་གྷོ་རུ་ཁག་གཉིས་དབར་རྩེད་འགྲན་གནང་གི་ཡོད་པ་རེད། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་པ་སངས་རྡོ་རྗེ་ལགས་ཀྱིས་ད་བར་གྱི་རྩེད་འགྲན་གྱི་བརྒྱུད་རིམ་ནང་དམིགས་བསལ་དཀའ་ངལ་ཆེ་བ་རིགས་གང་ཡང་བྱུང་མེད་པ་དང་། རྩེད་འགྲན་པ་ཚང་མས་ཕྱར་གྲུ་མཉམ་འདེགས་ལེགས་པོ་གནང་སྐོར་གསུངས་སོང་། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་བོད་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་མཐའ་མིའི་ནང་དར་ཆེ་གླིང་རུ་ཁག ཧུན་སུར་རུ་ཁག་དང་སྦེལ་ཀོབ་བདེ་སླར་རུ་ཁག་བཅས་ཚུད་ཡོད་པ་རེད་འདུག

Latest news