Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

༸གོང་ས་མཆོག་གིས་ཁ་སང་རྟ་དབང་ཁུལ་དུ་མཛད་འཕྲིན་མི་འདྲ་བ་ཁག་ལྔ་ལྷག་བསྐྱངས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་རེས་གཟའ་ཉིན་མའི་ཉིན་མོན་རྟ་དབང་ཁུལ་དུ་ལག་ལེན་སོ་བདུན་མའི་ཆོས་འབྲེལ་སྐབས་མང་ཚོགས་ལ་དོལ་རྒྱལ་བསྟེན་སྲོལ་དང་སྤྲུལ་སྐུའིཡང་སྲིད་ངོས་འཛིན་གནང་ཕྱོགས་སྐོར་བླང་དོར་བཀའ་སློབ་བཀྲིན་བསྩལ་བ། སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀྲིན་བསྩལ་བ། ༸རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་གི་འཁྲུངས་ཁང་གནས་གཟིགས། མངའ་སྡེ་བློན་ཆེན་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་གི་རྗེས་དྲན་སྐྱེད་ཚལ་དང་འགྲེམ་སྟོན་ཁང་དབུ་འབྱེད་གནང་པ་མ་ཟད། རྟ་དབང་དགོན་པའི་མཁན་བླ་འདུས་མང་ཡོངས་ལ་བླང་དོར་བཀའ་སློབ་བཀྲིན་བསྩལ་བ་སོགས་ཀྱི་མཛད་འཕྲིན་ཁག་ལྔ་ལྷག་བསྐྱངས་གནང་མཛད་འདུག ཁ་སང་ཟླ་ ༤ ཚེས་ ༩ ཉིན་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡིད་དགའ་ཆོས་འཛིན་གསུང་ཆོས་ར་བར་མོན་པ་དང་བོད་མི། འབྲུག་པ་སོགས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཁྲི་བཞི་ལྷག་ལ་རྒྱལ་སྲས་ཐོག་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་ཆོས་འབྲེལ་བཀྲིན་བསྐྱངས་གནང་པ་དང་འབྲེལ། མགོན་པོ་མཆོག་གིས་མང་ཚོགས་ལ་དོལ་རྒྱལ་བསྟེན་སྲོལ་བྱེད་མི་རུང་བ་དང་། དེ་བཞིན་བླ་མ་ངོས་འཛིན་ཞུ་ཕྱོགས་སྐོར་ལ་བཀའ་བསྩལ་སྐབས་བླ་མ་ཚད་ལྡན་ཞིག་ནི་སྐུ་གོང་མའི་ལུང་རྟོགས་ཀྱི་བསྟན་པའི་བྱ་བ་མཛད་ཐུབ་མཁན་ཁྱད་ཆོས་བཅུ་ལྡན་ཞིག་དགོས་ཀྱི་རེད་ཅེས་བཀའ་གནང་འདུག རྩ་བའི་མགོན་པོ་༸གང་ཉིད་མཆོག་གིས་ཐུགས་རྗེ་ཆེན་པོའི་བཀའ་དབང་གི་སྒྲུབ་བཞག་དབུ་འཛུགས་མ་མཛད་གོང་དུ་རྟ་དབང་གི་ཉེ་འབྲེལ་འབྲུག་གི་ས་མཚམས་ཁུལ་དུ་ཡོད་པའི་རླུང་ལྷར་གསར་བཞེངས་ལེགས་གྲུབ་བྱུང་བའི་སྒྲོལ་མ་ལྷ་ཁང་གི་མཚན་བྱང་དང་། བོད་དང་འབྲུག་གི་ས་མཚམས་སུ་རྒྱལ་བ་བྱམས་པའི་སྐུ་བརྙན་གསར་བཞེངས་གནང་རྒྱུའི་རྨང་རྡོ། དེ་བཞིན་འབྲུག་གི་ས་མཚམས་ཉེ་འཁྲིས་སུ་ལྷུན་པོ་ཛེ་མ་ཐང་དུ་གུ་རུའི་སྐུ་བརྙན་གསར་བཞེངས་ལེགས་གྲུབ་བྱུང་བ་བཅས་ལ་རབ་གནས་བཀྲིན་བསྐྱངས་གནང་ཡོད་པ་རེད། མང་ཚོགས་ལ་ཆོས་འབྲེལ་དང་བཀའ་དབང་གྲུབ་པའི་རྗེས་༸གོང་ས་མཆོག་ནས་ཡིད་དགའ་ཆོས་གླིང་གི་གསུང་ཆོས་ར་བ་ནས་རྒྱང་ཐག་སྤྱི་ལེ་གཉིས་སར་རྟེན་གཞི་བྱས་པའི་༸རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཁང་ཨུ་རྒྱན་གླིང་དུ་ཆིབས་བསྒྱུར་བསྐྱངས་པ་དང་འབྲེལ། མ་ཧཱ་གུ་རུའི་ཚོགས་མགོན་དུ་དབུ་བཞུགས་ཀྱིས་ལྷ་ཁང་ལ་གནས་གཟིགས་དང་དེ་བཞིན་ཁུལ་དེར་ཉིན་གུང་ལྗགས་སྨིན་བཞེས་གནང་ཡོད་པ་རེད། མགོན་པོ་མཆོག་གིས་དེ་རྗེས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཁང་ནས་རྒྱང་ཐག་སྤྱི་ལེ་གཅིག་སར་ཉེ་འཆར་གསར་བཞེངས་བྱུང་བའི་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་གི་དྲན་རྟེན་སྐྱེད་ཚལ་དུ་ཆིབས་བསྒྱུར་གནང་སྟེ་སྐྱེད་ཚལ་དང་རྡོ་རྗེ་མཁའ་འགྲོ་དྲན་རྟེན་གྱི་འགྲེམས་སྟོན་ཁང་གཉིས་ལ་དབུ་འབྱེད་ཀྱི་རབ་གནས་བཀྲིན་བསྐྱངས་འདུག དེའི་རྗེས་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པར་ཆིབས་ཞལ་བསྒྱུར་ཏེ་རྟ་དབང་དགོན་པའི་གཙུག་ལག་ཁང་དུ་དགོན་པའི་མཁན་པོ་བླ་སྤྲུལ་དང་དགེ་འདུན་པ་བཅས་ལ་བླང་དོར་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། རྩ་བའི་ཁ་སང་རེས་གཟའ་ཉིན་མའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་གནས་ཁག་ཏུ་ཆིབས་བསྒྱུར་དང་མཛད་འཕྲིན་སྐྱོང་སྐབས་ཕེབས་ལམ་གཡས་གཡོན་ཕྱོགས་གང་སར་ས་གནས་མང་ཚོགས་ཚོས་དཀར་གཙང་གི་མཇལ་དར་སོགས་བསྣམས་ནས་དགའ་དད་སྤྲོ་གསུམ་གྱི་ངང་ཕེབས་བསུ་དང་ཆིབས་བསྒྱུར་མཛད་ཡུལ་ས་གནས་དེ་དག་ལ་འཚང་ཁ་ཤིག་ཤིག་གིས་མཇལ་བཅར་ཞུས་བ་མ་ཟད། ལྷག་པར་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ཀྱང་ཆེད་བཅར་ཞུས་ཡོད་པ་རེད།

༸གོང་ས་མཆོག་གིས་རྒྱ་ནག་ནང་དུ་བྱམས་བརྩེའི་གསར་བརྗེ་ཞིག་དགོས་ཀྱི་འདུག་ཅེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མོན་རྟ་དབང་དུ་ཚོགས་པའི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ནང་དུ་སླར་ཡང་གསར་བརྗེ་ཞིག་དགོས་པ་དང་། དེ་ཡང་གཙོ་བོ་བྱམས་བརྩེ་ལ་གཞི་བཞག་པའི་གསར་བརྗེ་ཞིག་དགོས་ཀྱི་འདུག་ཅེས་བཀའ་བསྩལ་གནང་སོང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་མོན་རྟ་དབང་ཁུལ་གྱི་ཉིན་དང་པོའི་ཆོས་འབྲེལ་ལེགས་གྲུབ་ཟིན་རྗེས། མགོན་པོ་མཆོག་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་ཚོགས་གནང་པ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོའི་ངོས་ནས་རྒྱ་ནག་མི་མང་དང་རྒྱ་ནག་གཞུང་དབར་ལ་དབྱེ་བ་འབྱེད་དགོས་པ་རེད། རྒྱ་ནག་གཙོས་པའི་འཛམ་གླིང་འདིའི་ཐོག་རྒྱལ་ཁབ་གང་ཞིག་ཡིན་རུང་མཐར་དེ་མང་ཚོགས་ལ་བདག་ཡོད་པ་དང་། གཞུང་གང་འདྲ་ཡིན་རུང་བརྗེ་པོ་ཐེབས་འགྲོ་གི་ཡོད་ཀྱང་། མང་ཚོགས་ནི་རང་འཇགས་གནས་ཀྱི་རེད། རྒྱ་ནག་ལ་ཆ་མཚོན་པ་ན་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་དང་རིག་གཞུང་ཡོད་པའི་མི་རིགས་ཤིག་དང་དཀའ་ལས་བརྒྱབ་ཐུབ་མཁན་གྱི་མི་རིགས་ཤིག་རེད། འོན་ཀྱང་ད་ལྟའི་རྒྱ་གཞུང་གི་སྒྲོམ་གཞི་འདི་ནི་དབང་ཆ་གཅིག་བསྡུས་རིང་ལུགས་དང་བསམ་བློ་གུ་དོག་པོ་ཞིག་ཡིན་པ་བརྟེན། སྒྲོམ་གཞི་དེའི་འོག་རྒྱ་ནག་གི་ལོ་རྒྱུས་ལྡན་པའི་རིག་གཞུང་དག་ལ་དོག་ཕོག་ཧ་ཅང་ཆེན་པོ་ཐེབས་ཡོད་པ་རེད་ཅེས་བཀའ་བསྩལ་བ་དང་འབྲེལ། རྒྱ་ནག་ནང་ལ་ཆ་མཚོན་ན་ད་ལྟའི་འགྱུར་བ་འགྲོ་གི་ཡོད་པ་དང་། ངོས་ཀྱི་རེ་བ་ལ་ད་ལྟའི་རྒྱ་ནག་དམར་པོའི་གཞུང་དེའི་སྣེ་ཁྲིད་པའི་འོག་སླར་གསར་བརྗེ་ཞིག་བྱེད་དགོས་པ་དང་། དེའང་གཙོ་བོ་བྱམས་བརྩེ་ལ་གཞི་བཞག་པའི་གསར་བརྗེ་ཞིག་དགོས་ཀྱི་འདུག་ཅེས་བཀའ་བསྩལ་གནང་སོང་། རྒྱ་ནག་ནང་ཡོད་པའི་མི་མང་ཚོར་དངོས་ཡོད་ཀྱི་གནས་ཚུལ་གང་ཡིན་ཤེས་རྒྱུར་ཐོབ་ཐང་ཡོད་པ་རེད། རྒྱ་ནག་གཞུང་གིས་དམ་བསྒྲགས་འོག་རྒྱ་རིགས་མང་ཚོགས་ཚོར་ཕྱོགས་གཅིག་པོའི་གནས་ཚུལ་བཤད་ནས་མང་ཚོ་རྣམས་ལྐུག་པ་བཟོ་ཡི་ཡོད་རེད། དེ་ནི་བཟང་ཕྱོགས་ཀྱི་ཆ་ནས་ཧ་ཅང་ནོར་འཁྲུལ་ཆེན་པོ་རེད། གནས་ཚུལ་གང་འདྲ་ཞིག་ཡིན་རུང་མང་ཚོགས་ལ་ཕྱི་གསལ་ནང་གསལ་བྱེད་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་གསུངས་སོང་། ད་ལྟའི་རྒྱ་ནག་ནང་ཡོད་པའི་ཁྲིམས་ཞིབ་ལྷན་ཁང་དེ་རྒྱལ་སྤྱིའི་གནས་ཚད་དང་མཐུན་པ་ཞིག་དང་རང་དབང་ལྡན་པ་བཟོ་དགོས་ཀྱི་འདུག་ཅེས་ལམ་སྟོན་བསྩལ་ཡོད། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་སྲིད་མིན་ཐད་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་དུས་ཚོད་རིང་མིན་ཞིག་རེད། བོད་ནང་ལ་དཀའ་ངལ་ཐོག་གནས་ཡོད་སྟབས་ཏཱ་ལའི་བླ་མ་ཞེས་པ་དེ་ཚོར་བ་རྣོ་བའི་གནད་དོན་ཞིག་ཆགས་ཡོད་པ་རེད། གལ་ཏེ་བོད་ནང་ལ་དཀའ་ངལ་མེད་པ་ཡིན་ན། ཏཱ་ལའི་བླ་མའི་མིང་དེ་ཚོར་བ་རྣོ་པོ་དེ་འདྲ་ཞིག་ཡོང་གི་མ་རེད། རྒྱ་ནག་གཞུང་གིས་ད་ལྟའི་བོད་ནང་གི་དོན་དངོས་དཀའ་ངལ་དེ་དག་སེལ་ཐབས་བྱེད་རྒྱུ་ལས་ལྡོག་ཏེ་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་ལ་མང་ཚོགས་ཐོག་དྲག་པོའི་ཐབས་བྱུས་བེད་སྤྱོད་བྱས་པ་དང་དེ་བཞིན་དམར་ཤོག་ཀྱི་ལྟ་བའི་སློབ་གསོ་སྤྲོད་པ་མ་ཟད། དངུལ་གྱི་མང་ཚོགས་ཀྱི་བསམ་བློ་བསླུ་ཐབས་སོགས་ཀྱི་ཐབས་ཤེས་འདྲ་མིན་བརྒྱུད་ཞི་འཇམ་ཡོང་ཐབས་བྱེད་ཀྱི་ཡོད་པ་རེད། རྒྱ་གཞུང་གིས་བོད་ནང་ལ་ཕྱི་དངོས་པོའི་མཐུན་རྐྱེན་ཡར་རྒྱས་གང་ཚོད་བཏང་ཡོད་ཀྱང་། དོན་དངོས་ཐོག་བོད་ནང་གི་བོད་མི་ཚོའི་སེམས་གཏིང་ལ་མ་སྐྱིད་པ་དང་དཀའ་ངལ་རག་འཇགས་གནས་ཡོད་པ་རེད། དེས་ན་བོད་རྒྱ་ཕྱོགས་གཉིས་པོའི་ཁེ་ཕན་ཆེད་དུ་རྒྱ་གཞུང་གིས་བོད་ནང་ལ་དཀའ་ངལ་དེ་སེལ་དགོས་ཀྱི་རེད། དཀའ་ངལ་དེ་སེལ་རྒྱུ་ཞིག་ཡོད་པ་དང་། དེའང་དོན་དངོས་དང་མཐུན་པའི་ཐོག་ནས་སེལ་དགོས་ཞེས་བཀའ་བསྩལ་ནན་པོ་གནང་ཡོད་པ་རེད། གཞན་ཡང་སྐབས་དེར་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ཏཱ་ལའི་བླ་མམེད་པའི་སྐབས་སུ་ཡང་སྲིད་དགོས་དང་མི་དགོས་དེ་ནི་མཐར་བོད་མི་མང་ཚོགས་ལ་རག་ལུས་ཡོད་པ་རེད་ཅེས་བཀའ་བསྩལ་བ་མ་ཟད།ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་ཚོགས་འདུ་ཞིག་ཚོགས་ངེས་ཡིན་སྐོར་ཡང་བཀའ་བསྩལ་མཛད་ཡོད།

༸གོང་ས་མཆོག་མོན་རྟ་དབང་ཁུལ་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ནས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་ཐོག་དེ་རིང་ཉིན་རྒྱབ་མོན་རྟ་དབང་ཁུལ་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང། ༸གོང་ས་མཆོག་གིས་སྡི་རང་ཁུལ་གྱི་ཆོས་འབྲེལ་ཁག་ལེགས་པར་གྲུབ་ཀྱིས་དེ་རིང་སྔ་དྲོ་ཚོུད་ ༧།༠༠ སྟེང་མགོན་པོ་༸གང་ཉིད་མཆོག་སྡི་རང་ནས་མོན་རྟ་དབང་ཁུལ་དུ་ཆིལས་ཞལ་བསྒྱུར་གནང་ཡོད་པ་དང། ཕྱི་དྲོ་ཚོུད་ ༤།༠༠ མན་ཙམ་ལ་མགོན་པོ་༸གང་ཉིད་མཆོག་རྟ་དབང་དགོན་པ་དགའ་ལྡན་རྣམ་རྒྱལ་གླིང་དུ་༸ཞབས་སོར་བདེ་བར་འཁོད་བསྟུན་ཕེབས་བསུར་རྟ་དབང་དགོན་པའི་མཁན་པོ་གཙོས་པའི་ས་གནས་ཀྱི་གྲོས་ཚོགས་འཐུས་མི་སོགས་གཞུང་འབྲེལ་གྱི་གནད་ཡོད་མི་སྣ་ཁག་ཆེད་བཅར་གནང་འདུག རྩ་བའི་ད་ལན་༸གང་ཉིད་མཆོག་གི་ཆིབས་བསྒྱུར་གནང་ཡུལ་གྱི་མོན་རྟ་དབང་ས་ཁུལ་དེ་སྡི་རང་ནས་ཕེབས་གྲུ་ནང་ཚོུད་དྲུག་མན་ཙམ་གྱི་རྒྱང་ཐང་ཡིན་ཞིང་། སྔ་དྲོ་མགོན་པོ་མཆོག་སྡི་རང་ནས་རྟ་དབང་ཕྱོགས་སུ་ཆིབས་བསྒྱུར་གནང་པའི་སྐབས་སུ་ཉེ་སྔོན་ལྟར་མི་འདྲ་བ་ལམ་བར་ལ་གནམ་གཤིས་ཧ་ཅང་ཡག་པོ་འདུག་པ་དང་། ཕེབས་ལམ་དུ་བཀྲིས་རྟགས་བརྒྱད་དང་ཆོས་མཛད་སོགས་བཤམ་པ་དང་། ས་གནས་མི་མང་ཚོགས་ཚོའི་ཕྱག་ཏུ་དཀར་གཙང་གི་མཇལ་དར་དང་བདུག་སྤོས་སོགས་བསྣམས་ཏེ་དགའ་དད་སྤྲོ་གསུམ་འཁོད་པའི་ཐོག་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། རྩ་བའི་མོན་རྟ་དབང་ཁུལ་གྱི་མཛད་འཆར་ལྟར་ན། མགོན་པོ་མཆོག་ནས་སང་ཉིན་ཟླ་ ༤ ཚེས་ ༨ ནས་ ༡༠ བར་རྟ་དབང་གཙོ་བོར་འགྱུར་པའི་དད་ལྡན་མང་ཚོགས་ལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་བ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་ཚེ་དབང་སོགས་ཀྱི་ཆོས་འབྲེལ་བསྩལ་རྒྱུའི་མཛད་ཐུགས་གཏན་འཁེལ་འདུག

རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྐད་གཉིས་སློབ་གསོའི་སྲིད་བྱུས་ཞེས་པ་དེ་ནི་སྐད་གཅིག་གི་སྲིད་བྱུས་ཡིན་པ་གསུངས་སོང་།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དེ་རིང་སྔ་ཐོག་བཞུགས་སྒར་ནོར་བུ་གསོལ་མགྲོན་ཁང་དུ་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྐད་གཉིས་སློབ་གསོའི་སྲིད་བྱུས་སྐོར་ལ་སྙན་ཐོ་ཞིག་འདོན་གནང་སོང་བ་དང་ཆབས་ཅིག རྒྱ་གཞུང་གིས་སྐད་གཉིས་སློབ་གསོའི་སྲིད་བྱུས་ཞེས་པའི་མིང་བྱང་འོག་བོད་ནང་གི་སློབ་གྲྭ་མང་ཆེ་བའི་སྐད་ཡིག་སློབ་ཚན་གཅིག་པོ་མ་གཏོགས་གཞན་སློབ་ཚན་ཁག རྒྱའི་སྐད་ཡིག་ཐོག་སློབ་འཁྲིད་བྱེད་བཞིན་པ་དེ་ནི་སྐད་གཅིག་སྲིད་བྱུས་ཡིན་པ་གསུངས་གནང་སོང་། བོད་ཀྱི་འགྲོ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་སྙན་ཐོ་དབུ་འབྱེད་ཐོག་ལ་རྒྱ་གཞང་གི་སྐད་གཉིས་སློབ་གསོའི་སྲིད་བྱུས་ཞེས་པ་དེ་ཁྲིམས་མཐུན་གཅིག་མཚུངས་ཤིག་ཏན་ནས་མ་ཡིན་པར་རྒྱ་ནག་རྒྱལ་ཡོངས་དང་ས་གནས་ཀྱི་ཁྲིམས་དབར་ཁྱད་པར་ཡོད་པ་དེ་ཡང་དེ་རིང་སང་ཉིན་མཚོ་སྔོན་ཞིང་ཆེན་མངའ་ཁོངས་ལ་ཁྲིམས་གཞི་དམ་དུ་གཏོང་མུས་ཡིན་པའི་སྐོར་འབུར་བཏོན་གནང་སོང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་འདོན་སྤེལ་གནང་པའི་བོད་ནང་གི་སྐད་གཉིས་སློབ་གསོའི་སྲིད་བྱུས་ཞེས་པའི་སྙན་ཐོ་དེར་ཤོག་གྲངས་ ༥༠ མན་ཙམ་འདུག་པ་དེའི་ནང་གཙོ་བོ་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྐད་གཉིས་སློབ་གསོའི་སྲིད་བྱུས་ཀྱི་འདས་མ་ད་གསུམ་གྱི་རྒྱབ་ལྗོངས་གནས་ཚུལ་བཀོད་ནས་སྲིད་བྱུས་དེ་བཞིན་ཁྲིམས་མཐུན་གཅིག་མཚུངས་ཤིག་ཆགས་ཀྱི་མེད་པའི་གྲུབ་བྱེད་དང། ལྷག་པར་དུ་ཁྲིམས་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རང་དབང་དང་ཐོབ་ཐང་ཁག་ལུང་འདྲེན་གྱིས་སྐད་གཉིས་སློབ་གསོའི་སྲིད་བྱུས་དེས་བོད་མི་རིགས་དང་ངོ་བོ་རྩ་མེད་གཏང་བའི་ཉེན་ཚབས་ཆེ་བའི་མཇུག་འབྲས་སོགས་ཀྱི་སྐོར་ལ་གནས་ཚུལ་ཞིབ་ཚགས་བཀོད་གནང་འདུག གཞི་རྩའི་དེ་རིང་སྔ་ཐོག་ནོར་བུ་གསོལ་མགྲོན་ཁང་དུ་སྙན་ཐོ་དེ་འདོན་སྤེལ་མ་གནང་གོང་ལ་བོད་ཀྱི་འགྲོ་བ་མའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་གཉིས་ཀྱིས་གོ་སྒྲིག་འོག་སྐད་ཡིག་དང་རིག་གཞུང་། ངོ་བོ་བཅས་ཀྱི་འབྲེལ་བ་ཅེས་པའི་བརྗོད་གཞིའི་ཐོག་ལ་མཁས་པ་དང་ཆེད་ལས་མི་སྣའི་གསུང་བཤད་ཀྱི་ལས་རིམ་ཞིག་ཀྱང་ཚོགས་ཡོད་པ་རེད། གསུང་བཤད་གནང་མཁན་ཁོངས་སུ་བོད་ཀྱི་ལོ་རྒྱུས་ལ་མཁས་པ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲིས་ཚེ་རིང་ལགས་དང་དབྱིན་ཡུལ་གྱི་ཨོས་ཕོརྜ་གཙུག་ལག་སློབ་གཉེར་གྱི་སློབ་དཔོན་འབུམ་རམས་པ་བླ་མ་སྐྱབས་ལགས། དེ་བཞིན་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བརྡ་སྤྲོད་སློབ་དཔོན་རྒན་ལྷག་པ་ཚེ་རིང་ལགས་སོགས་སྐུ་མགྲོན་བདུན་གདན་ཞུ་ཕུལ་ཡོད་པ་ལྟར་ཁོང་རྣམ་པས་བོད་ཀྱི་སྐད་ཡིག་དང་རིག་གཞུང། ངོ་བོ་བཅས་ཀྱི་འབྲེལ་བའི་སྐོར་སྐར་ ༡༥ རེའི་གསུང་བཤད་གནང་ཡོད་པ་རེད། རྩ་བའི་བོད་ཀྱི་འགྲོ་བ་མའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་གཉིས་ནས་དེ་རིང་ཉིན་འཁྱོངས་རིང་གོ་སྒྲིག་གནང་པའི་མཁས་པའི་གསུང་བཤད་ཀྱི་ལས་རིམ་འདི་ནི་རྐང་ད་ལྟ་གཉན་འཕྲང་ཅན་དུ་འགྱུར་བཞིན་པའི་བོད་སྐད་ཡིག་སྲུང་སྐྱོབ་གནང་ཆེད་དུ་དམིགས་འདུག

ཆབ་མདོ་ཐང་སྐྱ་དགོན་པའི་གྲྭ་ཚེ་དབང་ཡེ་ཤེས་ལགས་ལོ་དགུའི་བཙོན་འཇུག་དུས་ཡུན་རྫོགས་ཏེ་གློད་བཀྲོལ་ཐོབ་པ།

རྒྱ་གཞུང་གིས་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༢༣ ཉིན་གྱི་འགོ་འཇོ་རྫོང་སྐྱ་འབོར་ཡུལ་མཚོ་སྲིད་གཞུང་ལས་ཁུངས་ཉེ་འགྲམ་དུ་འབར་གས་དོན་རྐྱེན་དང་འབྲེལ་ཡོད་ཉེས་མིང་འོག་བོད་ཆབ་མདོ་ས་ཁུལ་འགོ་འཇོ་རྫོང་སྐྱ་འབོར་ཡུལ་ཚོ་ཐང་སྐྱ་དགོན་པའི་དགེ་འདུན་པ་བརྒྱད་ལ་ལོ་ལྔ་ནས་ཚེ་བཙོན་བར་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་པའི་ཁོངས་ནས་གྲྭ་ཚེ་དབང་ཡེ་ཤེས་ལགས་ཟླ་བ་འདིའི་ཚེས་ ༤ ཉིན་ལོ་དགུའི་བཙོན་དུས་གཙང་སྟེ་གློད་བཀྲོལ་བཏང་ཡོད་པ་དང་། ཁོང་ཕ་ཡུལ་དུ་འབྱོར་སྐབས་དགོན་གྲོང་གཉིས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་དུ་དེ་འབྲེལ་ཤེས་རྟོགས་ཡོད་པའི་བོད་མི་ཞིག་གིས་འགྲེལ་བརྗོད་དོན་གནང་དོན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ཟླ་ ༤ པའི་ནང་གྲྭ་ཚེ་དབང་ཡེ་ཤེས་ལགས་ཀྱིས་གཙོས་པའི་དགེ་འདུན་པ་བརྒྱད་ལ་འབར་གས་དོན་རྐྱེན་དང་འབྲེལ་བའི་ཉེས་འཛུགས་ཀྱིས་སྔ་རྗེས་སུ་འཛིན་བཟུང་བྱས་པ་མ་ཟད། དགེ་འདུན་པ་དེ་དག་གིས་ཁོ་ཚོ་འབར་གས་དོན་རྐྱེན་དང་འབྲེལ་བ་རྩ་བ་ནས་མེད་ལུགས་དང་སྲིད་གཞུང་ནས་རྟག་དཔྱད་ཞིབ་འཇུག་ནན་པོ་ཡོང་བའི་འབོད་སྐུལ་ཞུས་ཀྱང་དོན་འབྲས་གང་ཡང་མ་སོན་པར་མཐར་ཆབ་མདོ་ས་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་དེས་ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༢༣ ཉིན་ཁོར་ཚོར་དུས་ཡུན་ལོ་ལྔ་ནས་ཚེ་བཙོན་བར་སོ་སོར་ཁྲིམས་ཐག་བཅད་ཡོད་པ་དང་། དགུང་ལོ་ ༢༨ ལ་སོན་པའི་གྲྭ་འཇིགས་མེད་དོན་གྲུབ་ལགས་ལ་ཚེ་བཙོན་ཁྲིམས་ཐག་བཅད་པ་དང་དགུང་ལོ་ ༣༡ ལ་སོན་པ་རྡོ་རྗེ་དབང་རྒྱལ་ལགས་དང་དགུང་ལོ་ ༢༠ ལ་སོན་པའི་གྲྭ་ཀུན་བཟང་བསྟན་འཛིན་རྣམ་གཉིས་ལ་དགུང་ལོ་ ༡༥ དང་། དགུང་ལོ་ ༡༧ ལ་སོན་པའི་གྲྭ་ཚེ་རིང་ཉི་མ་ལགས་དང་དགུང་ལོ་ ༡༩ ལ་སོན་པའི་གྲྭ་ཀུན་དགའ་ཕུན་ཚོགས་ལགས། དགུང་ལོ་ ༢༨ ལ་སོན་པའི་གྲྭ་རིན་ཆེན་རྒྱལ་མཚན་ལགས་བཅས་ལ་དུས་ཡུན་ལོ་བཅུ་རེའི་བཙོན་འཇུག་ཁྲིམས་ཐད་བཅད་པ་མ་ཟད། དེ་བཞིན་དགུང་ལོ་ ༢༡ ལ་སོན་པའི་གྲྭ་འཕྲིན་ལས་དབང་རྒྱས་ལགས་ལ་དུས་ཡུན་ལོ་ ༥འི་ཁྲིམས་ཐག་བཅད་ཡོད་པ་རེད། དགུང་ལོ་ ༢༠ ལ་སོན་པའི་གྲྭ་ཚེ་དབང་ཡེ་ཤེས་ལགས་ལ་ལོ་ ༩ རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་ཅེས་གསུངས་སོང་། བོད་མི་དེ་དག་གི་ཁྲོད་ནས་ད་ལན་གྲྭ་ཚེ་དབང་ཡེ་ཤེས་ལགས་ལོ་དགུའི་བཙོན་འཇུག་གི་ཉེས་ཆད་གཙང་པར་བརྟེན་ཉེ་ལམ་ཟླ་ ༤ ཚེས་ ༤ ཉིན་གློད་བཀྲོལ་ཐོབ་ཡོད་པ་དང་། ཁོང་ཕ་ཡུལ་དུ་འབྱོར་སྐབས་དགོན་གྲོང་གཉིས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད་འདུག རྩ་བའི་གྲྭ་ཚེ་དབང་ཡེ་ཤེས་ལགས་རྒྱ་གཞུང་གི་བཙོན་ཁང་ནས་གློད་བཀྲོལ་ཐོབ་ཡོད་ཀྱང་ཁོང་དང་དུས་མཉམ་འཛིན་བཟུང་བྱས་པའི་བཙོན་གྲོགས་དགེ་འདུན་པ་གཞན་ཚོ་ད་དུང་བཙོན་ཁང་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་སྦྱོང་མྱང་བཞིན་ཡོད་པ་རེད་འདུག

༸པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་ཆོས་ཕྱོགས་ཀྱི་མི་སྣ་རྣམས་གློད་བཀྲོལ་ཡོང་ཐབས་ཀྱི་ལས་གཞི་གསར་པ་དབུ་འཛུགས།

བཙོན་ཁང་ནང་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་ཆོས་ཕྱོགས་ཀྱི་མི་སྣ་ཁག་ཅིག་གློད་བཀྲོལ་ཡོང་ཐབས་ཀྱི་ལས་འཆར་གསར་པ་ཞིག་དབུ་འཛུགས་གནང་ཡོད་པའི་ཁོངས་༸ཀུན་གཟིགས་པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་མཚན་མངོན་གསལ་གནང་འདུག དེ་ཡང་ཁ་སང་ཟླ་ ༤ ཚེས་ ༦ ཉིན་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་ཁང་དུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་དང་གྲོས་ཚོགས་འཐུས་མི་ཁག་ཅིག་ལྷན་འཛོམས་ཀྱིས་ལས་གཞི་དེ་དབུ་འབྱེད་གནང་འདུག་པ་དང་། སྐབས་དེར་ཚོགས་པ་དེའི་ཚོགས་གཙོ་སྐུ་ཞབས་ Thomas Reese ལགས་ཀྱིས་ལས་འཆར་དེ་ནི་རྐང་འཛམ་གླིང་ཁྲོད་དུ་ཆོས་དད་རང་དབང་གི་གནད་དོན་འོག་འཛིན་བཟུང་བྱས་པའི་བཙོན་པ་རྣམས་ཀྱི་གནས་སྟངས་གསལ་བཏོན་བརྒྱུད་ཁོང་རྣམས་གང་མགྱོགས་བཙོན་གྲོལ་ཐུབ་ཐབས་སུ་འབད་བརྩོན་གནང་ཆེད་ཡིན་སྐོར་གསུངས་འདུག ད་རེས་ཚོགས་པ་དེས་བཙོན་གྲོལ་ཐུབ་ཐབས་སུ་ཞུ་གཏུག་གནང་པའི་ཁོངས་སུ་བྷར་མ་དང་རྒྱ་ནག ཨི་རན། ལྷོ་ཨ་རབ་བྷི་ཡ། དེ་བཞིན་ཝི་ཏི་ནམ་དང་ཨུ་རུ་སུ་སོགས་ཀྱི་མི་སྣ་མང་དག་ཅིག་ཡོད་པ་ལས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་མཚན་མངོན་གསལ་གནང་འདུག ཁ་སང་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་གཙོས་པའི་བཙོན་པ་ཁག་ཅིག་གི་ལོ་རྒྱུས་སྐོར་འབྲེལ་ཡོད་སྐུ་ཚབ་སོ་སོ་ནས་ངོ་སྤྲོད་ཀྱང་གནང་འདུག དབུ་འབྱེད་མཛད་སྒོ་དེའི་ཐོག་ཉེ་ཆར་གསར་སུ་བསྐོ་གཞག་བྱུང་བའི་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་ལ་ངོ་སྤྲོད་གནང་པ་དང་འབྲེལ། ཁོང་དགུང་གྲངས་ ༦ སྐབས་ནས་རྒྱ་གཞུང་གིས་བཙན་འཁྲིད་བྱས་ཏེ་ད་བར་གར་ཡོད་ཤེས་རྟོགས་མེད་པར་འགྱུར་བཞིན་ཡོད་པ་མ་ཟད། རིང་མིན་ཟླ་ ༤ ཚེས་ ༢༥ ཉིན་རིན་པོ་ཆེ་མཆོག་དགུང་ལོ་ ༢༨ ལ་ཕེབས་ཀྱི་ཡོད་སྟབས། རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ངོས་ནས་ཐེངས་འདིའི་ལས་གཞི་བརྒྱུད་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་གཟུགས་གསལ་ཐང་ཡོད་མེད་ཀྱི་ཁ་གསལ་བཤད་བྱེད་དགོས་པ་དང་། དེ་བཞིན་རིན་པོ་ཆེ་མཆོག་གང་མགྱོགས་གློད་བཀྲོལ་ཐོངས་དགོས་ཞེས་འབོད་སྐུལ་ཞུས་འདུག གཞན་ཡང་དེ་རིང་༸པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་དང་འབྲེལ་བཞུགས་སྒར་དུ་བོད་མི་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལགས་ཀྱིས་རིན་པོ་ཆེ་རྒྱ་དམར་གྱི་བཙོན་ནས་གློད་བཀྲོལ་ཡོང་ཆེད་ཞུ་གཏུག་གི་ལས་འགུལ་སྤེལ་ངེས་ཡིན་པའི་གསར་འགོད་ལྷན་ཚོགས་ཤིག་གནང་སོང་བ་དང་། སྐབས་དེར་ཁོང་གིས་རིང་མིན་ཟླ་ ༤ ཚེས་ ༡༠ ཉིན་ནས་དབུ་འཛུགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་དང་། ཕྱི་རྒྱལ་ཁག་གི་གཞུང་ཚབ་ཁག་ ༥༠ ཙམ་གྱི་ནང་དུ་ཆེད་བསྐྱོད་ཀྱིས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུ་ཚེའི་བདེ་འཇགས་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཕྱི་རྒྱལ་གཞུང་ཚབ་ཁག་ནས་རོགས་རམ་ཡོང་ཐབས་ཀྱི་ཞུ་སྙན་ཕུལ་རྒྱུ་དང་། ༸པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཀྱི་གནད་དོན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གང་མང་འཇོག་ཐུབ་པར་ནུས་པ་མཉམ་སྤུངས་ཡོང་བའི་རེ་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན་ཅེས་གསུངས་ཡོད།

༸གོང་ས་མཆོག་གིས་ཐེངས་འདིའི་ཨ་རུ་ནཱ་ཅལ་ཁུལ་གྱི་ཆིབས་བསྒྱུར་དེ་ཆོས་ཕྱོགས་རང་གི་ཆིབས་བསྒྱུར་ཞིག་ཡིན་ཅེས་བཀའ་བསྩལ་བ།

རྒྱ་ནག་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐེངས་འདིའི་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེ་ནང་གི་ཆིབས་བསྒྱུར་དེ་དང་འབྲེལ་ཕྱོགས་གང་ས་ནས་རྒྱ་གར་གཞུང་ལ་སྐྱོན་བརྗོད་ཀྱིས་རྒྱལ་ཁབ་ཕྱོགས་གཉིས་པོའི་འབྲེལ་ལམ་ལ་དོ་ཕོག་འགྲོ་ཉེན་དང་། ལྷག་དོན་ཁ་སང་རྒྱ་ནག་གཞུང་གི་ངོས་ནས་པེ་ཅིང་དུ་ཡོད་པའི་རྒྱ་གར་གཞུང་ཚབ་ཆེན་མོ་ཆེད་བསྐོང་གིས་རྒྱ་གར་གཞུང་གིས་ཏཱ་ལའི་བླ་མ་བེད་སྤྱོད་བརྒྱུད་རྒྱ་ནག་ལ་གནོད་པའི་བྱ་སྤྱོད་རིགས་སྤེལ་རྒྱུ་འཕྲལ་མར་མཚམས་འཇོག་དགོས་ཞེས་ཉེན་བརྡ་བཏང་པའི་གནས་ཚུལ་ཐོན་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཨ་རུ་ནཱ་ཅལ་མངའ་ཁུལ་གྱི་ས་གནས་གང་དུ་ཆིབས་བསྒྱུར་མཛད་ཀྱང་དེར་གསར་འགོད་པ་ཚོས་མུ་མཐུད་རྗེས་དེད་གནང་བཞིན་ཡོད་པ་དང་། ཁ་སང་སྡི་རང་ཁུལ་གྱི་ཆོས་འབྲེལ་གྱི་མཛད་འཆར་དེའི་སྐབས་སུའང་རྒྱ་གར་གྱི་གསར་འགོད་པ་ཚོས་སླར་མགོན་པོ་༸གང་ཉིད་མཆོག་ལ་གནད་དོན་དེའི་ཐོག་ལ་བཀའ་འདྲི་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་ནས་དེ་སྔོན་ཨ་སམ་གྱི་གྲོང་ཁྱེར་གྷོ་ཧ་ཊི་ནང་ཞུས་ཟིན་པ་ལྟར་ད་རེས་ངོས་ཀྱི་སྐོར་བསྐྱོད་དེ་ཆོས་ཕྱོགས་ཁོ་ན་ལས་ཆབ་སྲིད་དང་འབྲེལ་བ་རྩ་བ་ནས་མེད། རྒྱ་ནག་གཞུང་ལ་ད་དུང་ཡིད་ཆེས་མེད་པ་ཡིན་ན་ཁོ་རང་ཚོའི་ལས་བྱེད་གཅིག་འདིར་དངོས་སུ་བཏང་ནས་ངོས་ཀྱི་ལས་ཀ་གང་ཞིག་བྱེད་ཀྱི་ཡོད་མེད་བལྟ་ན་འགྲིག་གི་རེད་ཅེས་བཀའ་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་རྒྱ་གར་དང་རྒྱ་ནག་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་ཡོང་ཐབས་སུ་རྒྱ་གར་གཞུང་གི་ངོས་ནས་ཁ་ཆེའི་ཆོས་ལུགས་པ་ཚོར་ Mecca གནས་མཇལ་ཆེད་ Hujj གནས་སྐོར་གྱི་མཐུན་རྐྱེན་བསྐྲུན་གྱི་ཡོད་པ་ལྟར་རྒྱ་རིགས་ནང་པ་ཚོར་ཡང་དེ་མཚུངས་ཀྱི་མཐུན་རྐྱེན་བསྐྲུན་ཐུབ་པ་ཡིན་ན་དགེ་མཚན་ཡོད་པ་སོགས་བཀའ་བསྩལ་མཛད་ཡོད་པ་རེད། གསར་འགོད་པ་ཞིག་གིས་སྐབས་དེར་རྒྱ་ནག་གཞུང་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་ཕྱོགས་ཀྱི་དབུ་ཁྲིད་གཅིག་ཏུ་ངོས་འཛིན་ཞུས་ནས་བོད་ནང་གི་བོད་མིའི་ཚོའི་མངོན་འདོད་ལྟར་བོད་ལ་ཕྱིར་ཕེབས་ཀྱི་གདན་ཞུ་ཕུལ་དགོས་པ་དགོངས་ཀྱི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་ཆེན་པོ་མཆོག་གིས་བོད་ནང་གི་བོད་མི་ཚོ་ལྟ་ཅི་སྨོས། དེང་སྐབས་རྒྱ་ནག་སྐམ་ས་ཆེན་པོ་ནས་རྒྱ་རིགས་ནང་པ་བདུན་ཕྲག་རེ་རེའི་ནང་མི་ཉི་ཤུ་སུམ་བཅུ་བྱས་ནས་ངོས་ལ་ཐུགས་འཕྲད་ཆེད་ཡོང་གི་འདུག ཁོང་ཚོ་ཕལ་ཆེ་བས་མིག་ནས་མིག་ཆུ་གཏོང་བཞིན་ང་ཚོ་མ་བརྗེད་པ་གནང་རོགས།  རྒྱ་ནག་ལ་ཕེབས་རོགས་ཞེས་བཤད་ཀྱི་འདུག།   ངོས་ནས་སྐབས་དེར་རྒྱ་ནག་གཞུང་གི་ངོས་ནས་བཟང་ཕྱོགས་ཀྱི་རྣམ་པ་ཞིག་བསྟན་པའི་ཉིན་མོ་དེའི་སྐབས་སུ་ངོས་རང་རྒྱ་ནག་ཏུ་འགྲོ་རྒྱུར་གྲ་སྒྲིག་ཨང་གསར་ཡིན་ཅེས་བཤད་ཀྱི་ཡོད། འོན་ཀྱང་ད་ལྟའི་གནས་སྟངས་འདིའི་འོག་ལ་ངོས་རང་ཕྱིན་པ་ཡིན་ན་གནམ་ཐང་རང་ལ་ལག་ལྕགས་བརྒྱབ་ཀྱི་རེད་ཅེས་སོགས་བཀའ་བསྩལ་འདུག

༸གོང་ས་མཆོག་གིས་སྡི་རང་ཐུབ་གསུང་དར་རྒྱས་གླིང་སློབ་གཉེར་ཁང་དབུ་འབྱེད་གནང་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབུམ་སྡེ་ལ་ནས་སྤྱི་ལེ་ ༤༠ ལྷག་སར་གསར་བཞེངས་བྱུང་བའི་ཐུབ་གསུང་དར་རྒྱས་གླིང་སློབ་གཉེར་ཁང་དབུ་འབྱེད་མཛད་སྒོའི་ཐོག་དབུ་བཞུགས་མཛད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་མོན་རྟ་དབང་ཁུལ་གྱི་དགོན་སྡེ་ཁག་ཚང་མ་སློབ་གཉེར་བྱ་ཡུལ་གྱི་ལྟེ་གནས་ཁང་ཞིག་ཏུ་བསྒྱུར་དགོས་ཞེས་བཀའ་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་འབུམ་སྡེ་ལ་ནང་གི་ཆོས་འབྲེལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་དེ་ཉིན་ཕྱི་དྲོ་འབུམ་ལ་ནས་ ༤༠ ལྷག་སར་ཡོད་པའི་སྡི་རང་ས་གནས་སུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང་། དེ་རིང་ཟླ་ ༤ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་སྡི་རང་ས་གནས་སུ་རྟེན་གཞི་བྱས་པའི་ཐུབ་གསུང་དར་རྒྱས་གླིང་གཙུག་ལག་ཁང་རྟན་དང་བརྟེན་པ་བཅས་པ་གསར་བཞེངས་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་མཛད་སོང་། མཛད་སྒོའི་ཐོག་ཨ་རུ་ན་ཅལ་མངའ་སྡེའི་སྲིད་སྐྱོང་པདྨ་ན་བྷ་ཨཙཱརྱ་མཆོག་དང་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ T.N Thongdok མཆོག དེ་བཞིན་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་གཙོས། ས་གནས་ཀྱི་གཞུང་འབྲེལ་གནད་ཡོད་མིི་སྣ་དང་ཉེ་འཁོར་གྱི་ས་གནས་མང་ཚོགས་གསུམ་ཁྲི་ལྷག་ཙམ་འདུ་འཛོམས་བྱུང་འདུག ཐོག་མར་ཐུབ་གསུང་དར་རྒྱས་གླིང་སློབ་གཉེར་ཁང་གསར་བཞེངས་གནང་མཁན་སྤྲུལ་སྐུ་ཐུབ་བསྟན་རིན་ཆེན་མཆོག་ནས་ད་ལན་མོན་རྟ་དབང་ཁུལ་གྱི་ཆིབས་བསྒྱུར་འདིར་གནམ་གཤིས་རྐྱེན་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕེབས་ལམ་ཐོག་སྐུ་ངལ་དུ་མ་ཡོད་པར་ལྟོས་མེད་༸གང་ཉིད་མཆོག་གིས་ཐུགས་བརྩེ་ཆེན་པོས་མོན་ཡུལ་ས་གནས་སྡི་རང་དུ་ཆིབས་བསྒྱུར་གནང་པ་མ་ཟད། གཙུག་ལག་སློབ་གཉེར་ཁང་གི་དབུ་འབྱེད་རབ་གནས་མཛད་སྒོར་དབུ་བཞུགས་མཛད་པ་འདི་ནི་བཀྲིན་གཞལ་དཀའ་བ་རེད་ཅེས་ཞུས་ནས་ཐུགས་ཚོར་ཆེན་པོས་སྤྱན་ཆབ་གཏོང་ཞིང་ལས་བསྡོམས་སྙན་སྒྲོན་ཞུས་སོང་། སློབ་གཉེར་ཁང་དེ་གཙོ་བོ་ས་གནས་ཀྱི་ཡུལ་མི་ཚོར་ནང་ཆོས་སློབ་གཉེར་གནང་སའི་ལྟེ་གནས་ཁང་ལ་གཙོ་དམིགས་ཀྱིས་གསར་བཞེངས་གནང་པ་ཞི ག་ཡིན་པ་དང་། སློབ་གཉེར་ཁང་དེའི་ནང་ལོ་ཤས་གོང་ནས་སྡི་རང་ས་ཁུལ་ནས་རིགས་ལམ་སློབ་གཉེར་གནང་མཁན་མོན་པའི་སྐྱེས་ཕོ་མོ་ཁག་ཅིག་གིས་མགོན་པོ་མཆོག་ལ་རིགས་ལམ་རྟགས་གསལ་གཟིགས་འབུལ་ཞུས་སོང་བ་དང་། དེའང་མོན་པའི་མི་རིགས་ཀྱི་ལོ་རྒྱུས་ཁྲོད་ཀྱི་མང་ཚོགས་ནས་རིགས་ལམ་སློབ་གཉེར་དང་རྟགས་གསལ་གཏོང་བ་ཆེས་ཐོག་མ་དེ་ཆགས་ཡོད་པ་རེད། སྐབས་དེར་༸གོང་སྐྱབས་མགོན་ཆེན་པ་མཆོག་གིས་ད་རེས་སྤྲུལ་སྐུ་ཐུབ་བསྟན་རིང་པོ་མཆོག་གིས་ད་ལྟའི་ཆར་བོད་པའི་གདན་ས་ཁག་ཏུ་ནང་ཆོས་སློབ་གཉེར་བྱེད་མཁན་མོན་པའི་དགེ་འདུན་པ་མང་དག་ཞིག་ཡོད་པ་དང་དེ་དག་ཁྲོད་ནས་སློབ་གཉེར་མཐར་ཕྱིན་རྗེས་ས་གནས་དགོན་སྡེ་ཁག་ཏུ་མཁན་པོ་བྱེད་བཞིན་ཡོད་པ་མ་ཟད། ལྷག་དོན་ནང་ཆོས་ལའང་དོ་སྣང་བྱེད་མཁན་མང་རུ་འགྲོ་བཞིན་འདུག་པ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་པ་རེད་ཅེས་བཀའ་བསྩལ་སོང་། ད་རེས་འདིར་མོན་པའི་མང་ཚོགས་ཁྲོད་ནས་ནང་པའི་རིགས་ལམ་སློབ་གཉེར་གྱི་རྟགས་གསལ་གཏོང་བ་དེས་༸གང་ཉིད་མཆོག་མཆོག་ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོ་བྱུང་ཞེས་བསྔགས་བརྗོད་མཛད་པ་དང་ཆབས་ཅིག སྐྱེས་ཕོ་མོ་ཚོས་ད་རེས་རིགས་ལམ་རྟགས་གསལ་མཚོན་པའི་ནང་ཆོས་ལ་སློབ་གཉེར་བྱེད་འགོ་བཙུགས་པར་བརྟེན་ཁྱེད་ཚོས་སློབ་གཉེར་དེ་དུས་ཐུང་མ་ཡིན་པར་ལོ་ཉི་ཤུ་སུམ་ཅུ་རིང་སློབ་གཉེར་རྒྱུན་སྐྱོང་བྱེད་དགོས་ཞེས་ལམ་སྟོན་བསྩལ་སོང་། ལྷག་པར་དུ་མགོན་པོ་མཆོག་གིས་སྤྲུལ་སྐུ་ཐུབ་བསྟན་རིན་པོ་མཆོག་ནས་ས་ཁུལ་འདིར་ནང་ཆོས་སློབ་གཉེར་ཁང་འདི་ལྟ་བུ་གསར་བཞེངས་གནང་ཐུབ་པར་ཡི་རང་བསྔགས་བརྗོད་གནང་པ་དང་འབྲེལ། རིན་པོ་མཆོག་གིས་ད་ལན་ཐུགས་ཚོར་ཆེན་པོས་ལས་བསྡོམས་སྙན་སྒྲོན་གནང་པ་དང་འདི་བཞིན་བཅོས་མིན་གྱིས་ཚོར་ཤུགས་ཆེ་བའི་རྣམ་པ་དེས་ངོས་རང་ཧ་ཅང་དགའ་ཚོར་ཆེན་པོ་དང་སེམས་ལ་ཐད་པོ་བྱུང་ཞེས་ཕྱག་ལས་གནང་པར་བསྔགས་བརྗོད་མཛད་ཡོད་པ་རེད། གསར་བཞེངས་གྲུབ་པའི་ལྟེ་གནས་ཁང་དེ་རིང་མིན་ནང་པའི་སློབ་གཉེར་བྱ་ཡུལ་གྱི་ལྟེ་གནས་ཁང་ཞིག་ཏུ་བསྒྱུར་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་ཡིན་པ་ལྟར་དེ་འདྲ་ཞིག་བྱུང་ཚེ། མ་འོངས་པར་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཡོང་གི་རེད་ཅེས་གསུངས་པ་དང་འབྲེལ།མོན་པའི་དགོན་སྡེ་ཁག་དང་མང་ཚོགས་ཚོའི་ངོས་ནས་ རྒྱུན་ལྡན་གྱི་ཆོ་ག་ཕྱག་ལེན་ཙམ་མ་ཡིན་པར། དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་མ་ཟད།དེའང་གཙོ་བོ་ནང་ཆོས་འདི་ཆོས་ཕྱོགས་ཙམ་མིན་པར་ཤེས་བྱའི་ངོ་བོའི་ཐོག་ནས་སློབ་གཉེར་བྱེད་དགོས་ཞེས་ལམ་སྟོན་སོགས་མཛད་སོང་། མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་སྔ་དྲོའི་མཛད་སྒོ་སྐབས་སུ་ཆོས་ལུགས་མཐུན་སྒྲིལ་དང་། དཔལ་ན་ལནྡྲའི་ལྟ་གྲུབ་དང་འབྲེལ་རིག་གཞུང་གི་གལ་གནད་དང་། བྱམས་བརྩེ་དང་འགྲོ་བ་མིའི་གཅིག་འགྱུར་གྱི་འདུ་ཤེས་སོགས་ཀྱི་གལ་གནད་སྐོར་ལམ་སྟོན་བསྩལ་སོང་བ་མ་ཟད། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ད་ལན་མོན་རྟ་དབང་ཁུལ་དུ་ཕེབས་ལམ་བརྒྱུད་ནས་ཕེབས་དགོས་བྱུང་ཡོད་ཀྱང་། ལམ་བར་ལ་ཧ་ཅང་གི་ཉམ་ཐག་པའི་ལམ་བཟོ་བ་གྲོང་གསེབ་ཁག་གི་མང་ཚོགས་དང་ཐུགས་འཕྲད་བྱེད་རྒྱུའི་གོ་སྐབས་བྱུང་པས་རྐྱེན་ངན་གྲོགས་ཤར་ལྟར་༸གང་ཉིད་མཆོག་ལ་བྱམས་སྙིང་རྗེ་ཉམས་ལེན་དང་དེ་གོང་མཐོར་གཏོང་རྒྱུའི་ནུས་པ་ཤུགས་ཆེ་རུ་འགྲོ་སོང་ཞེས་གསུངས་ཡོད་པ་རེད། དེ་བཞིན་མཛད་སྒོར་ཆེད་དུ་གདན་ཞུ་ཕུལ་བའི་ཨ་རུ་ན་ཅལ་མངའ་སྡེའི་སྲིད་སྐྱོང་པདྨ་ན་བྷ་ཨཙཱརྱ་མཆོག་གིས་རྒྱ་གར་རྒྱལ་ཁབ་འདི་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་དང་ས་འབྲེལ་ཆགས་ཀྱི་ཡོད་པ་དང་། ང་ཚོའི་རྒྱལ་ཁབ་ཕན་ཚུན་དབར་ལ་ཞི་བདེ་དང་དེ་གོང་འཕེལ་ཡོང་བར་མགོན་པོ་མཆོག་གི་ལམ་སྟོན་དགོས་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཆགས་འདུག་ཅེས་གསུངས་སོང་། དེ་བཞིན་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ T.N Thongdok མཆོག་གིས་མགོན་པོ་མཆོག་གིས་ཕྱི་ལོ་ ༢༠༠༩ ལོར་མོན་ས་ཁུལ་དུ་ཆིབས་བསྒྱུར་མཛད་པ་ནས་བཟུང་ས་གནས་སུ་ནང་པའི་དགོན་སྡེ་ཁག་དང་ནང་ཆོས་ཐོག་སློབ་གཉེར་སོགས་ཕྱོགས་གང་ས་ནས་ཡར་རྒྱས་ཧ་ཅང་ཕྱིན་ཡོད་སྐོར་གསུངས་པ་དང་སྦྲགས། མགོན་པོ་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་དང་ཐུགས་རྗེ་ཆེ་ཞེས་ཞུས་ཡོད། རྩ་བའི་ད་རེས་གསར་བཞེངས་བྱུང་བའི་ཐུབ་གསུང་དར་རྒྱས་གླིང་འདི་ནི་དེ་སྔ་ཕྱི་ལོ་ ༢༠༠༩ ལོར་མགོན་པོ་༸གང་ཉིད་མཆོག་མོན་སྡི་རང་ས་ཁུལ་དུ་ཆིབས་བསྒྱུར་མཛད་སྐབས་ས་གནས་སུ་ནང་ཆོས་སློབ་གཉེར་བྱ་ཡུལ་གྱི་ལྟེ་གནས་ཁང་ཞིག་གསར་བསྐྲུན་ཞུ་དགོས་པའི་བཀའ་སློབ་ཕེབས་དོན་བཞིན་གསར་བཞེངས་གནང་པ་ཞིག་ཆགས་ཡོད་པ་དང་། ལྟེ་གནས་ཁང་དེ་གཙོ་བོ་ས་གནས་མང་ཚོགས་དང་དགེ་འདུན་པ་ཚོའི་ངོས་ནས་ནང་ཆོས་རང་གི་ཐོག་ལ་སློབ་གཉེར་གནང་ཕྱིར་ཆེད་བཙུགས་གནང་པ་ཞིག་ཆགས་ཀྱི་ཡོད་པ་རེད། གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྡི་རང་གཙོ་བོར་འགྱུར་པའི་ཉེ་འཁོར་གྱི་ཆོས་ཞུ་གསུམ་ཁྲི་ལྷག་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། བླ་མའི་རྣལ་འབྱོར། སྤྱན་རས་གཟིགས་ཀྱི་རྗེས་གནང་སོགས་ཀྱི་བཀའ་ཆོས་བཀྲིན་བསྩལ་གནང་ཡོད་པ་རེད། མཛད་འཆར་ལྟར་ན། སང་ཚེས་ ༧ ཉིན་མགོན་པོ་༸གང་ཉིད་མཆོག་སྡི་རང་ནས་མོན་རྟ་དབང་ཁུལ་དུ་ཆིབས་ཞལ་བསྒྱུར་གནང་གི་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ནས་བོད་མི་སུད་ཚོང་བ་ལ་འབུམ་ཆིག་སྟོང་བུན་གཡར་གཏང་རྒྱུའི་གསལ་བསྒྲགས་གནང་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་པའི་ཐོག་བོད་མི་སུད་ཚོང་བ་ཆིག་སྟོང་ལ་ཧིན་སྒོར་འབུམ་རེ་རེའི་བུན་གཡར་གནང་རྒྱུ་ཡིན་པ་གསུངས་གནང་སོང་། གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གི་ལྷན་དུ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་བཅས་ཕེབས་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་ཐོག་མར་བུན་གཡར་མ་དངུལ་འབུམ་ཆིག་སྟོང་ཁོངས་ནས་ཨ་རིའི་ USAID ཚན་པས་འབུམ་ ༨༠༠ གནང་ཡོད་པ་དང་འབུམ་ ༢༠༠ ཐམ་པ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་མཁོ་སྒྲུབ་གནང་ཡོད་པ་ངོ་སྤྲོད་གནང་སོང་བ་མ་ཟད། ལྷག་པར་དུ་ལས་གཞི་དེའི་དགོས་དམིགས་སྐོར་དང་འབྲེལ་རྒྱ་གར་ནང་གི་བོད་མིའི་འཚོ་རྟེན་གཙོ་བོ་དེ་སུད་ཚོང་ཆགས་ཡོད་སྟབས། ད་རེས་སྒྲིག་འཛུགས་ཀྱི་ངོས་ནས་བོད་མི་སུད་ཚོང་བ་ལ་ཕན་པའི་ལས་གཞི་དེ་སྤེལ་ཡོད་པ་གསུངས་ཡོད། དེ་བཞིན་ཐེངས་འདིའི་བུན་གཡར་འདིའི་ལས་རིམ་དང་པོའི་སྐབས་བོད་མི་སུད་ཚོང་བ་ ༣༥༠༠ ཙམ་ཡོད་པ་ཚོད་དཔག་ཁྲོད་ཚོང་པའི་ཚོགས་པ་དང་སྐྱིད་སྡུག་ཁོངས་སུ་ཡོད་པའི་ཚོང་པ་ ༡༠༠༠ ལ་བུན་གཡར་གནང་གཏན་འཁེལ་ཡོད་པ་གསུངས་གནང་སོང་། འོན་ཀྱང་བུན་གཡར་གྱི་ལས་གཞི་འདིར་སྐྱེད་ཀ་དང་དུས་བཀག་ཏན་ནས་མེད་པ་མ་ཡིན་པར་དགུན་ཚོང་དང་དབྱར་ཚོང་བ་སོ་སོར་ཟླ་བ་དྲུག་གི་རིང་སྐྱེད་ཀ་བརྒྱ་ཆ་ ༣ མ་གཏོགས་ཕུལ་དགོས་ཀྱི་མི་འདུག ད་དུང་སྲིད་སྐྱོང་མཆོག་གིས་ད་རེས་བུན་གཡར་ལས་རིམ་དང་པོ་འདིའི་ཐོག་ནས་ཟླ་བ་དྲུག་རྗེས་ཚུར་སྒྲིག་འཛུགས་ལ་དངུལ་འབོར་ཇི་ཐོབ་ལ་གཞིགས་ནས་རིམ་པས་ཞིང་པ་དང་ཚོང་ལས་གཞན་གཉེར་མཁན་རྣམས་ལའང་བུན་གཡར་གནང་རྒྱུའི་ལས་གཞི་བང་སྒྲིག་ཡོད་པ་སོགས་གསུངས་ཡོད། གཞི་རྩའི་ཕྱི་ལོ་ ༢༠༠༨ ལོར་གསར་འཛུགས་གནང་པའི་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་འོག་ས་གནས་མི་འདྲ་བ་ ༡༡༠ ལྷག་དེབ་སྐྱེལ་ཐོག་ཚོགས་མི་ ༣༠༠༠ ཡས་མས་ཡོད་པ་རེད།

Latest news