Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོ་ལགས་ལོ་དགུའི་བཙོན་དུས་གཙང་ནས་གློད་བཀྲོལ་ཐོབ་འདུག

མདོ་སྨད་རྔ་བ་ཨ་མཆོག་མཚན་ཉིད་དགོན་པའི་སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོ་ལགས་ཕྱི་ལོ་ ༢༠༠༨ ལོར་ཨ་མཆོག་མཚན་ཉིད་དགོན་གྱི་ངོ་རྒོལ་ལས་འགུལ་སྤེལ་མཁན་གཙོ་གྲས་ཡིན་པར་ངོས་འཛིན་གྱིས་ལོ་ངོ་དགུའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ནས་ཟི་ཁྲོན་མེན་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད། ཁ་ཉིན་ཟླ་ ༤ ཚེས་ ༡ ཉིན་ཕྱི་དྲོ་ས་རུབ་རྗེས་བཙོན་འཇུག་དུས་ཡུན་རྫོགས་ཏེ་བཙོན་གྲོལ་བཏང་དོན་ལྟར་ཕྱིར་ཕ་ཡུལ་དུ་འབྱོར་ཡོད་པ་དང་ཨ་མཆོག་མཚན་ཉིད་དགོན་དུ་གྲྭ་བ་མང་གིས་དགའ་དད་སྤྲོ་གསུམ་ངང་བསུ་བ་དང་བཅས་བདེ་བར་འབྱོར་ཡོད་འདུག འདི་ག་རླུང་འཕྲིན་ཁང་ལ་དེ་འབྲེལ་ཤེས་རྟོགས་ཡོད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འགྲེལ་བརྗོད་གནང་དོན། རྒྱ་གཞུང་གིས་ཁོང་བཙོན་གྲོལ་བཏང་ཉིན་ཕ་ཡུལ་དུ་འབྱོར་སྐབས་ས་རུབ་ཟིན་པ་དང་དེ་ཡང་རྒྱ་གཞུང་གིས་ཆེད་དུ་ས་རུབ་ནས་མ་གཏོགས་བསྐྱོད་མི་ཆོག་པ་བཟོས་ཡོད་སྐོར་གསུངས་སོང་བ་དང་། ད་ལྟའི་ཆར་ཁོང་གི་གཟུགས་གཞིའི་གནས་སྟངས་ཇི་ལྟར་ཡོད་མེད་དང་བཙོན་ཁང་ནང་སྡུག་སྦྱོང་ཇི་ལྟར་མྱངས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད། འོན་ཀྱང་ཁོང་བཙོན་གྲོལ་ཐོབ་སྐབས་དགུང་ལོ་ ༥༢ ལ་ཕེབས་ཡོད་སྐོར་གསུངས་སོང་། གཞི་རྩའི་ཕྱིི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༦ དང་ ༡༧ ཉིན་ཨ་མཆོག་དགོན་གྱི་དགེ་འདུན་པ་དང་མི་མང་ ཆིག་སྟོང་ཙམ་གྱིས་ས་གནས་མི་དམངས་སྲིད་གཞུང་ཟེར་བའི་སྒོ་འགྲམ་དུ་འཛོམས་ཏེ་བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མྱུར་དུ་གློད་བཀྲོལ་གཏོང་དགོས། དབུ་མའི་ལམ་གྱི་ཐོབ་ཐང་གཙང་མ་སྤྲོད་དགོས་ཞེས་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་ཤུགས་ཆེ་བྱས་པ་མ་ཟད། རྒྱ་ནག་གི་རྒྱལ་དར་མར་ཕབ་པ་དང་བོད་ཀྱི་རྒྱལ་དར་སྒྲེང་པ་སོགས་གནང་པར་བརྟེན་ཟླ་བ་དེའི་ཕྱི་ཚེས་ ༡༨ ཉིན་ནས་རྒྱ་གཞུང་དམག་མིས་ཨ་མཆོག་མཚན་ཉིད་དགོན་པར་ཁྱོན་ཡོངས་ནས་དམ་བསྒྲགས་ཀྱིས་དགེ་འདུན་པ་ཚོར་ཉིན་མོ་འདྲི་རྩད་དང་མཚན་མོ་འཛིན་བཟུང་བྱས་པའི་ཁོངས་ལས་ལ་ལ་བཙོན་གྲོལ་བཏང་ཡང་སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་། སྐྱོར་དཔོན་བསྟན་དར་། སྐྱོར་དཔོན་ཕུན་ཚོགས། བསོད་ནམས་་ཀླུ་སྒྲུབ་བཅས་འཛིན་བཟུང་བྱས་པ་དང་། ཚུལ་ཁྲིམས་རྒྱ་མཚོ་ལགས་ལ་ངོ་རྒོལ་གྱི་སྣེ་ཁྲིད་མཁན་ཡིན་པའི་ཉེས་མིང་འོག་ལོ་དགུའི་བཙོན་འཇུག་ཁྲིམས་ཐད་བཅད་ཡོད་པ་རེད། འོན་ཀྱང་ཉེ་ཆར་ཁོང་གི་བཙོན་འཇུག་དུས་ཡུན་རྫོགས་ཏེ་གློད་བཀྲོལ་བཏང་ཡོདཔ་རེད།

ཕྱིའི་དངོས་པོ་ཡར་རྒྱས་དང་ནང་སེམས་ཀྱི་ཞི་བདེ་གཉིས་བཟུང་འབྲེལ་ཐོག་ནས་བསྐྱོད་ཐུབ་པའི་རྒྱལ་ཁབ་དེ་རྒྱ་གར་ཁོ་ན་རེད་ཅེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་ཨ་སམ་གྲོང་ཁྱེར་ཆེ་གྲས་གྷོ་ཧ་ཊི་ནང་༸ཞབས་སོར་བདེ་བར་འཁོད་གནང་མཛད་པ་དང་འབྲེལ། ཉིན་རྒྱབ་ཁུལ་འདིར་རྟེན་གཞི་བྱས་པའི་ཨ་སམ་གྱི་ Tribune གསར་ཁང་དབུ་བརྙེས་ནས་མི་ལོ་ ༧༩ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་དབུ་བཞུགས་ཀྱིས་དེང་གི་འཛམ་གླིང་འདིར་ཕྱིའི་དངོས་པོ་ཡར་རྒྱས་དང་ནང་སེམས་ཀྱི་ཞི་བདེ་གཉིས་བཟུང་འབྲེལ་ཐོག་ནས་བསྐྱོད་ཐུབ་པའི་རྒྱལ་ ཁབ་དེ་རྒྱ་གར་ཁོ་ན་རེད་ཅེས་བཀའ་བསྩལ་སོང། དེ་ཡང་ཨ་སམ་ Tribune གསར་ཁང་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། དེ་རིང་ཉིན་རྒྱབ་གྲོང་ཁྱེར་དེའི་ནང་རྟེན་གཞི་བྱས་པའི་ ITA ཚོགས་ཁང་ཆེན་མོའི་ནང་དུ་མགོན་པོ་༸གང་ཉིད་མཆོག་གིས་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Sarbananda Sonowal མཆོག་དང། མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Banwarilal Purohit དེ་བཞིན་ཨ་སམ་ Tribune གསར་འགན་འཛིན་ལྕམ་ Bobita Rajkanal ལགས་ཀྱིས་གཙོས་མང་ཚོགས་སྟོང་ཁྲག་བརྒལ་བར་འཛམ་གླིང་ཞེ་བདེའི་ཆེད་དུ་འགྲོ་བ་མིའི་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀྲིན་བསྩལ་གནང་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་དེའི་སྟེང་གི་མི་དུང་ཕྱུར་ ༧༠ ཡོད་པ་དེ་དག་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། དེར་བརྟེན་ཚང་མས་འགྲོ་བ་མི་ཚང་མ་ཕན་ཚུན་དབར་གཅིག་འགྱུར་གྱི་འདུ་ཤེས་འཛིན་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་ཡིན་པ་དང། ལྷག་པར་དུ་འགྲོ་བ་མིའི་གཞི་རྩའི་རང་བཞིན་དེ་ཡང་བྱམས་བརྩེ་ཡིན་སྟབས། འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་བསྐྲུན་ཐུབ་རྒྱུར་རེ་བ་ཡོད་ཅེས་བཀའ་བསྩལ་སོང་། འགྲོ་བ་མི་ཚོར་སེམས་ཅན་དུད་འགྲོ་དང་མི་འདྲ་བར་བླང་དོར་དབྱེ་བ་འབྱེད་པའི་རྣམ་དཔྱོད་དམིགས་བསལ་བ་ཞིག་ཡོད་པས་རྣམ་དཔྱོད་ཀྱི་ནུས་པ་དེའི་བརྒྱུད་ནས་འགྲོ་བ་མིའི་སྤྱི་ཚོགས་གཙོས་པའི་སེམས་ཅན་མཐའ་དག་ལ་བྱམས་སྙིང་རྗེའི་ཁོར་ཡུག་ཞིག་བསྐྲུན་དགོས་ཞེས་བཀའ་བསྩལ་སོང། ༸གོང་ས་མཆོག་གིས་དེ་སྔ་ཕྱི་ལོ་ ༡༩༧༣ ནང་དུ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཐོག་མར་ཆིབས་བསྒྱུར་མཛད་སྐབས་སུ་བོད་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་བརྒྱུད་ནས་དེང་རབས་ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་དེ་དག་ལ་ཞབས་འདེགས་ཞུ་ཐུབ་པའི་ཐུགས་ཚོར་ཞིག་བྱུང་ཞེས་སྐབས་དེའི་དུས་ཚོད་ཁག་ཅིག་དྲན་གསོ་དང་འབྲེལ། རྒྱ་གར་ལ་ལོ་ངོ་སྟོང་ཕྲག་ལྷག་ནས་ཡོད་པའི་བྱམས་བརྩེ་དང་འཚེ་མེད་ཞི་བ། དེ་བཞིན་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ཀྱི་ལྟ་གྲུབ་དེ་དག་ནི་དེང་གི་འཛམ་གླིང་འདིའི་གནས་སྟངས་དང་ཧ་ཅང་འཚམ་པོ་དང་དགོས་མཁོ་ཆེ་བ་ཞིག་རེད་ཅེས་བཀའ་བསྩལ་སོང་། ལྷག་པར་དུ་ཕྱིའི་དངོས་པོ་ཁོ་ནས་འགྲོ་བ་མིར་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐུབ་ཐབས་མེད་པ་དང། དེང་གི་འཛམ་གླིང་འདིའི་སྟེང་རྒྱ་ཁབ་ ༢༠༠ ལྷག་ཙམ་ཡོད་པའི་ཁོངས་ནས་ཕྱིའི་དངོས་པོ་ཡར་རྒྱས་དང་ནང་སེམས་ཀྱི་ཞི་བདེ་གཉིས་བཟུང་འབྲེལ་ཐོག་ནས་བསྐྱོད་ཐུབ་པའི་རྒྱལ་ཁབ་དེ་རྒྱ་གར་ཁོ་ན་རེད་ཅེས་བཀའ་ནན་མཛད་ཡོད་པ་རེད། མགོན་པོ་མཆོག་གིས་རྒྱ་གར་གྱི་གཞོན་སྐྱེས་ཚོས་རང་ཉིད་ཀྱི་རྒྱལ་ཁབ་དེའི་གནའ་བོའི་རིག་གཞུང་ཕྱུག་པོ་དེ་དག་སྣང་མེད་དུ་མ་བཞག་པར་དོ་སྣང་བྱེད་དགོས་པ་མ་ཟད། དེ་ཡང་ཆོས་ཕྱོགས་ཀྱི་འདུ་ཤེས་ཁོ་ན་མིན་པར་ཤེས་བྱའི་ངོ་བོར་གཙོ་བཟུང་གིས་སློབ་གཉེར་བྱ་དགོས་ཞེས་སྐུལ་མ་ནན་པོ་གནང་སོང། རྩ་བའི་ད་རེས༸གོང་ས་མཆོག་ཨ་སམ་གྲོང་ཁྱེར་ Guwahati ནང་ཆིབས་བསྒྱུར་གསོལ་འདེབས་ཞུ་མཁན་ Tribune གསར་ཁང་དེ་ནི་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་གིས་གཙོས་པའི་སྐུ་འཁོར་ལྷན་རྒྱས་བཙན་བྱོལ་དུ་ཕེབས་སྐབས་རྒྱ་གར་གྱི་ས་གནས་ཐོག་མ་ཨ་སམ་ས་གནས་ཏི་ཛི་པུར་༸ཞབས་སོར་འཁོད་པའི་གནས་ཚུལ་སྤེལ་མཁན་རྒྱ་གར་གྱི་གསར་ཁང་རྙིང་གྲས་ཤིག་ཡིན་པ་རེད། དེ་རིང་མགོན་པོ་མཆོག་གིས་མཛད་སྒོའི་ཐོག་བཀའ་སློབ་སྩལ་སྐབས་དེ་སྔ་མགོན་པོ་༸གང་ཉིད་མཆོག་བོད་ནས་བཙན་བྱོལ་དུ་ཕེབས་པའི་སྐབས་སུ་ལམ་བར་སྐུ་ངལ་དུ་མ་འཕྲད་ཡོད་རུང། མཐར་རྒྱ་གར་གྱི་ས་མཚམས་སུ་འབྱོར་སྐབས་༸གང་ཉིད་མཆོག་གི་མཛའ་གྲོགས་རྒྱ་གར་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་གིས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང། སྐབས་དེར་མགོན་པོ་མཆོག་དང་ཨ་སམ་དང་རྟ་དབང་ས་ཁུལ་དུ་འབྱོར་སྐབས་སྐུ་ཉིད་ཀྱི་སྐུ་ཚེ་ནང་གི་ཆེས་ཐོག་མའི་རང་དབང་གི་ཚོར་སྣང་ཞིག་བྱུང་སོང་བ་དང་། དུས་དེ་ནས་བཟུང་༸གང་ཉིད་མཆོག་གི་སྐུ་ཚེའི་ལམ་བུ་གསར་པ་ཞིག་དབུ་བཙུགས་སྐོར་གསུངས་པ་དང་འབྲེལ། ད་ལྟའི་ཆར་མགོན་པོ་༸གང་ཉིད་མཆོག་རྒྱ་གར་གཞུང་གི་ཕྱིའི་སྐུ་མགྲོན་གང་ཞིག་རྒྱ་གར་ནང་དུ་བཞུགས་ཡུན་རིང་ཤོས་དེ་ཆགས་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད། གཞན་ཡང་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Sarbananda Sonowal མཆོག་གིས་༸གོང་ས་མཆོག་གི་ནི་འཛམ་གླིང་འདིའི་ཞི་བདེའི་ཕོ་ཉ་དང་མཚོན་རྟགས་ཤིག་ཡིན་པར་བརྟེན་༸གང་ཉིད་མཆོག་ཁུལ་དེར་ཆིབས་བསྒྱུར་མཛད་པ་ནི་བསྐལ་པ་བཟང་པོ་ཞིག་རེད་ཅེས་གསུངས་སོང་བ་མ་ཟད། མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་Banwarilal Purohit མཆོག་གིས་ཀྱང་ད་རེས་༸གོང་ས་མཆོག་དབུ་བཞུགས་ཀྱིས་མཛད་རིམ་དེ་ཨ་སམ་མངའ་སྡེ་ཙམ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་སྤེལ་བྱ་རྒྱུ་ནི་ཤིན་ཏུ་གནད་ཆེ་རེད་ཅེས་གསུངས་སོང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་ཚོུད་ ༡༠། ༣༠ ཡོལ་ཙམ་ལ་ཨ་སམ་གྱི་གྲོང་ཁྱེར་གྷོ་ཧ་ཊིར་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང། སྐབས་དེར་གནམ་ཐང་དུ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང། ཨ་སམ་གྱི་འགྲིམ་འགྲུལ་བློན་ཆེན་མཆོག་གིས་དབུས་པའི་ཕྱོགས་བཞུགས་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས། དེ་བཞིན་ཤི་ལོངས་ས་གནས་འགོ་འཛིན་དང། དེ་བཞིན་བོད་མི་བཅས་ཀྱིས་སྲོལ་རྒྱུན་ལྟར་གྲོ་སོ་ཕྱེ་མར་འདེགས་འབུལ་སོགས་ཀྱིས་ཐོག་ནས་མགོན་པོ་ལ་ཕེབས་བསུ་གཟབ་རྒྱས་ཞུས་སོང་། ཤེས་རྟོགས་བྱུང་བར་གཞིགས་ན། སང་ཉིན་མགོན་པོ་༸གང་ཉིད་མཆོག་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཧ་ཊིའི་གཙུག་ལག་སློབ་གྲྭ་ཆེན་མོར་དེང་གི་དུས་སུ་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་གྱི་དགོས་མཁོ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ། དེ་བཞིན་གྷོ་ཧ་ཊིའི་ནང་འཚོགས་བཞིན་པའི་ཡར་ཀླུངས་གཙང་པོའི་དུས་སྟོན་ཐོག་ཆིབས་བསྒྱུར་མཛད་རྒྱུ་སོགས་ཀྱི་མཛད་འཆར་བསྐྱང་རྒྱུ་ཡིན་པ་རེད།  

རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་བཙོན་འཇུག་དུས་ཡུན་རྫོགས་ཏེ་གློད་བཀྲོལ་བཏང་འདུག

ཕྱི་ལོ ༢༠༡༡ ལོར་རྔ་བ་རྫོང་ཐོག་ཁྲོམ་གཞུང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དཀོན་མཆོག་ལགས་ཉེ་ཆར་ཟླ་ ༣ ཚེས་ ༢༨ ཉིན་གྱི་མཚན་མོ་རྒྱ་གཞུང་གིས་རྒྱ་ནག་ཟི་ཁྲོན་དན་ཡང་བཙོན་ཁང་ནས་གློད་བཀྲོལ་བཏང་འདུག་པ་དང་། དེའང་དམག་མིས་གསང་བའི་སྒོ་ནས་རང་ཁྱིམ་དུ་བསྐྱལ་ཡོད་པ་རེད་འདུག ཁོང་བཙོན་གྲོལ་ཐོབ་སྐབས་ཁོང་གི་རྐང་པ་གཡས་པ་བཏུབ་ཡོད་པ་དང་གཟུགས་གཞིའི་གནས་སྟངས་ཧ་ཅང་ཞན་པོ་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ལ་བོད་ནང་གི་བོད་མི་ཞིག་གིས་དེ་འབྲེལ་གནས་ཚུལ་ཤེས་རྟོགས་ཡོད་པ་འགྲེལ་བརྗོད་གནང་དོན། ཁོང་འདི་ལོ་ཕྱི་ཟླ་གཉིས་པའི་ཟླ་མཇུག་ལ་བཙོན་དུས་ཚང་ཡོད་ཀྱང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སོགས་བསླེབ་ལ་ཉེ་བ་ཡིན་སྟབས་དུས་ཚོད་ཕྱིར་འགྱངས་ཀྱིས་བཙོན་གྲོལ་བཏང་ཡོད་པ་དང་། ཁོང་བཙོན་གྲོལ་མ་བཏང་སྔོན་ནང་མི་ཉེ་འབྲེལ་ཚོར་གློད་བཀྲོལ་གཏོང་བའི་དུས་ཚོད་སོགས་གསལ་པོ་མ་བཤད་པར་ཡུལ་མི་ཚོས་ཕེབས་བསུ་སྣེ་ལེན་ཞུ་རྒྱུར་འགོག་རྐྱེན་བཟོས་ཡོད་འདུག འོན་ཀྱང་ཟླ་བ་འདིའི་ཚེས་ ༢༩ ཉིན་ཁོང་གི་འཛིན་གྲྭ་གཅིག་པའི་དགེ་འདུན་པ་ཚོས་འཚམས་འདྲི་ཞུ་བར་བཅར་ཡོད་པ་རེད་འདུག གྲྭ་བློ་བཟང་དཀོན་མཆོག་ལགས་བཙོན་གྲོལ་བཏང་ཡོད་ཀྱང་ཀིརྟི་དགོན་པ་དང་རྫོང་ཐོག་བཅས་ལ་འགྲོ་བསྐྱོད་མི་ཆོག་པར་རང་གི་ཁྱིམ་དུ་ཆེས་དམ་བསྒྲགས་འོག་བཞག་ཡོད་པ་རེད་འདུག གཞི་རྩའི་རྔ་བ་ཀི་རྟི་དགོན་པའི་གྲྭ་བློ་བཟང་དཀོན་མཆོག་ལགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༦ ཉིན་རྔ་བ་རྫོང་ཐོག་ཁྲོམ་གཞུང་དུ་རང་ལུས་མེར་བསྲེགས་ཀྱིས་༸རྒྱལ་བ་རིན་པོ་ཆེ་༸སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག  བོད་ལ་ཆོས་དད་རང་དབང་དགོས་ཞེས་པ་སོགས་ཀྱི་ངོ་རྒོལ་གནང་སྐབས་རྒྱ་གཞུང་ཉེན་རྟོག་དམག་མིས་མེ་བསད་ནས་བཙན་ཁྲིད་ཀྱིས་སྐབས་དེར་སྨན་ཁང་དུ་བསྐྱལ་ཡོད་ཀྱང་། ཁོང་གིས་ལུས་ལ་མེ་འབར་ཤུགས་ཆེ་བས་སྨན་ཁང་ནས་རྐང་པ་གཡས་པ་བཏུབ་ཡོད་པ་རེད། གཞན་ཡང་གནས་ཚུལ་ཤེས་རྟོགས་བྱུང་བར། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་ལ་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་སུ་བོད་མིའི་ཞི་རྒོལ་ནང་མཉམ་ཞུགས་གནང་པ་དང་འབྲེལ་བའི་ཉེས་མིང་འོག་འཛིན་བཟུང་གིས་ལོ་ ༩ རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་འཕྲིན་ཚེའམ་འཕྲིན་ལས་ཚེ་རིང་ལགས་ལོ་དགུའི་བཙོན་འཇུག་གི་དུས་ཡུན་རྫོགས་ནས་ཟི་ཁྲོན་ཞིང་ཆེན་མེན་ཡང་བཙོན་ཁང་ནས་ཁ་སང་ཟླ་ ༣ ཚེས་ ༣༠ ཉིན་གློད་བཀྲོལ་བཏང་ཡོད་འདུག

༸གོང་ས་མཆོག་བཞུགས་སྒར་ནས་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་གནང་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་ཕྱི་ཟླ་ ༤ ཚེས་ ༡ ནས་བདུན་ཕྲག་གཉིས་མན་ཙམ་རིང་ལ། རྒྱ་གར་བྱང་ཤར་ Assam དང་ Arunachal མངའ་སྡེ་གཉིས་སུ་མཛད་འཆར་ཐུགས་གཏན་འཁེལ་གསལ་དེ་རིང་སྔ་ཐོག་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་གནང་སོང་བ་དང། དེ་རིང་ལྡི་ལིར་ཉིན་གཅིག་རིང་བཞུགས་ཞག་གྲུབ་ནས་སང་ཉིན་༸གང་ཉིད་མཆོག་ Assam མངའ་སྡེའི་གྲོང་ཁྱེར་ Guwahati ཆིབས་བསྒྱུར་གནང་གི་འདུག མཛད་འཆར་ལྟར་ན་༸གོང་ས་མཆོག་ནས་སང་ཉིན་ཁུལ་དེར་༸ཞབས་སོར་འཁོད་བསྟུན། The Assam Tribune ཞེས་པའི་ཁུལ་དེའི་གསར་ཁང་ཞིག་ལོ་ ༧༩ འཁོར་བའི་མཛད་སྒོའི་སྟེང་ཆིབས་བསྒྱུར་གྱིས་འགྲོ་བ་མི་ཞིག་གིས་འཛམ་གླིང་ཞི་བདེ་སྐྲུན་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༢ སྔ་དྲོ་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཧ་ཊི་རུ་དེང་གི་དུས་སུ་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་གྱི་དགོས་མཁོ་ཞེས་པའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་དང་། དེ་རྗེས་ཨ་སམ་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་པའི་༸སྐུའི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པ་དབུ་འབྱེད་མཛད་རྒྱུ་མ་ཟད། ཕྱི་ཉིན་ཚེས་ ༣ ཉིན་ཨ་སམ་ Diburugarh གཙུག་ལག་སློབ་གཉེར་ཁང་དུ་བཀའ་སློབ་སྩལ་རྒྱུའི་མཛད་འཆར་འདུག ཚེས་ ༤ སྔ་དྲོ་ཨ་རུ་ནཱ་ཅལ་མངའ་སྡེའི་ལུམ་ལ་ས་གནས་སུ་གསར་བཞེངས་གནང་པའི་སྒྲོལ་མ་ལྷ་ཁང་ལ་རབ་གནས་མཛད་རྒྱུ་དང་དེ་རྗེས་ཚེས་ ༥ ནས་ ༧ བར་ཡིད་དགའ་ཆོས་འཛིན་ས་གནས་སུ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་བ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་ཚེ་དབང་སོགས་ཀྱི་ཆོས་འབྲེལ་སྩལ་རྒྱུ་དང་དེ་བཞིན་ཚེས་ ༧ གྱི་ཞོགས་པ་རིག་འཛིན་གདུང་སྒྲུབ་ཀྱི་བཀའ་དབང་སྩལ་རྒྱུ་་རེད་འདུག ཕྱི་ཚེས་ ༡༠ ཉིན་ཨ་རུ་ནཱ་ཅལ་མངའ་སྡེའི་ཐུབ་གསུང་དར་རྒྱས་གླིང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། བླ་མའི་རྣལ་འབྱོར། སྤྱན་རས་གཟིགས་ཀྱི་རྗེས་གནང་སོགས་ཀྱི་ཆོས་འབྲེལ་མཛད་རྒྱུ། དེ་རྗེས་ཚེས་ ༡༡ ཉིན་ཨ་རུ་ནཱ་ཅལ་མངའ་སྡེའི་འབུམ་སྡེ་ལའི་སངས་རྒྱས་ཀྱི་སྐྱེད་ཚལ་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་བཀྲིན་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཐུགས་གཏན་འཁེལ་ཡོད་པ་རེད།

བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཆེད་སུད་སི་གཞུང་དམངས་གཉིས་ལ་དེ་འབྲེལ་ལས་འགན་ཡོད་པ་གསུངས་སོང་།

སུད་སི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ Maya Garf མཆོག་གིས་གཙོས་པའི་ཁུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་ཆུང་ནས་དེ་རིང་བཞུགས་སྒར་ཕྱི་དྲིལ་ལས་ཁུངས་སུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་པ་དང་འབྲེལ། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཆེད་སུད་སི་གཞུང་དམངས་གཉིས་ལ་དེ་འབྲེལ་ལས་འགན་ཡོད་པ་གསུངས་སོང་། གསར་འགོད་ལྷན་ཚོགས་དེ་ནི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དབུ་བཞུགས་ཐོག སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་གཙོ་ཟུར་པ་ད་ལྟ་གྲོས་ཚོགས་འཐུས་མི་གནང་བཞིན་པ་ལྕམ་ Maya Garf མཆོག་དང་གྲོས་ཚོགས་འཐུས་མི་ལྕམ་ Barbara Gysi ལགས་སོགས་ཆེད་ཕེབས་གནང་སོང་བ་དང་། ཐོག་མར་གསར་འགོད་པ་རྣམས་ལ་ད་རེས་ཁོང་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མགྲོན་འབོད་འོག བོད་མིའི་སྒྲིག་འཛུགས་དང་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་ཤེས་རྟོགས་རྒྱུས་ལོན་བྱུང་བའི་སྐོར་ལ་ངོ་སྤྲོད་སྙིང་ཤིག་གནང་པ་དང་སྦྲགས། འདས་པའི་ཉིན་གྲངས་གསུམ་ནང་བོད་མིའི་སྒྲིག་འཛུགས་ཙམ་མ་ཟད་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་དང་སློབ་གྲྭ་སོགས་སུ་འཚམས་གཟིགས་གནང་ཡོད་སྐོར་གསུངས་སོང་། ལྷག་པར་དུ་ལྕམ་ Maya Graf མཆོག་དང་ལྕམ་ Barbara Gysi ལགས་ཀྱིས་ཐེངས་འདིའི་འཚམས་གཟིགས་གྲུབ་ནས་ད་ཆ་ཁོང་རྣམ་པ་ཕར་སུད་སི་ལ་ལོག་མཚམས་འདིར། བོད་ཀྱི་གནད་དོན་སྐོར་ལ་གོ་རྟོགས་ཟབ་པོ་ཞིག་དང་། དེ་བཞིན་བོད་མི་རྣམས་ལ་སུད་ཀྱི་རྒྱབ་སྐྱོར་སྔར་ལྷག་དགོས་ཀྱི་ཡོད་པ་ངེས་ཤེས་བྱུང་ཞེས་གསུངས་ཡོད། སྒོས་སུ་ཁོང་གིས་སུད་སི་ལ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དང་འབྲེལ་བའི་ལས་དོན་སྤྱིའི་ནུས་པ་ཇེ་མཐོར་གཏོང་རྒྱུའི་ལས་འགན་ཡོད་པ་མ་ཟད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཕྲལ་དུ་ཞུ་གཏུག་བྱ་གལ་དུ་གཟིགས་ཀྱི་ཡོད་པ་གསུངས་གནང་སོང་། གསར་འགོད་པས་ལྕམ་ Maya Graf མཆོག་ལ་དེ་སྔ་ ༢༠༡༥ ལོར་ཁོང་ཚོགས་གཙོ་གནང་སྐབས་༸གོང་ས་མཆོག་སུད་སི་གྲོས་ཚོགས་སུ་གདན་ཞུ་ཕུལ་ཡོད་སྟབས། མ་འོངས་པ་༸གོང་ས་མཆོག་སླར་ཡང་གྲོས་ཚོགས་སུ་ཆིབས་བསྒྱུར་བསྐྱང་ཐུབ་རྒྱུར་རེ་བ་གཟིགས་ཀྱི་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་ ཁོང་གིས་༸གོང་ས་མཆོག་སུད་སིར་ནམ་ཕེབས་རུང་སུད་སི་གཞུང་དམངས་གཉིས་ནས་དགའ་བསུ་ཞུ་བཞིན་ཡོད་པ་རེད་ཅེས་གསུངས་སོང་བ་དང་། ཁོང་ལ་མུ་མཐུད་འཚམས་གཟིགས་འདིའི་སྐབས་༸གོང་ས་མཆོག་དང་མཇལ་འཕྲད་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་ད་རེས་སྐུ་ཚབ་རྣམ་པ་༸གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་བ་འདི་ནི་གོ་སྐབས་ཧ་ཅང་གི་བཟང་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་དང་། ༸གོང་ས་མཆོག་ལ་སུད་སི་སྐོར་མཁྱེན་རྟོགས་ཡག་པོ་ཡོད་སྟབས་མཇལ་འཕྲད་སྐབས་ཕན་ཚུན་དབར་བཀའ་མོལ་ཧ་ཅང་ཡག་པོ་བྱུང་སོང་ཞེས་གསུངས་ཀྱི་འདུག། གཞི་རྩའི་ད་རེས་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དྲུག་དང་ལྷན་དུ་སྐུ་ཚབ་ཚོགས་ཆུང་ཁོངས་སུ་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཟམ་མདོ་བྱམས་པ་ཚེ་རིང་ལགས་རྣམ་གཉིས་དང་། སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས། གཞན་ཡང་ Swiss དང་ Liechtenstein བོད་རིགས་མི་མང་གི་སྐུ་ཚབ་སོགས་སྐུ་ཚབ་ ༡༤ ཕེབས་འདུག

གྲྭ་ཤག་གཏོར་བཤིག་དང་ཕྱིར་ཕུད་ཟིན་པའི་གྲྭ་བཙུན་ཚོར་ཆབ་སྲིད་ཀྱི་སློབ་གསོ་སྤེལ་མཚམས་འཇོག་དགོས་པ་གསུངས་འདུག

ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་གིས་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་དང་ཕྱིར་ཕུད་ཟིན་པའི་གྲྭ་བཙུན་ཚོར་བཙན་དབང་གིས་ཆབ་སྲིད་ཀྱི་སློབ་གསོ་སྤེལ་མཚམས་འཇོག་དགོས་པ་གསུངས་འདུག རྩ་བའི་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་དེ་བོད་ནང་དུས་འགྱུར་བྱུང་རྗེས་ནང་པའི་སློབ་གཉེར་ཁང་ཆེ་ཤོས་ཤིག་ཆགས་ཡོད་པ་དང། རྒྱ་ནག་གཞུང་གིས་སྔ་ལོའི་ཕྱི་ཟླ་ ༧ ཚེས་ ༢༠ ནས་བཟུང་བླ་རུང་སྒར་དུ་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་ལས་གཞི་བརྩམས་པའི་ཁྲོད། ད་བར་བཙུན་མ་གསུམ་གྱིས་རང་དགོན་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་སྡུག་བསྔལ་བཟོད་མ་ཐུབ་པར་རང་སྲོག་བཅད་པའི་གནད་ཚུལ་བྱུང་ཡོད་པ་རེད། ལྷག་དོན་ཕྱིར་ཕུད་ཟིན་པའི་གྲྭ་བཙུན་རྣམས་རང་གི་ཕ་ཡུལ་དུ་ལོག་རྗེས་རང་ཁྱིམ་དུ་འགྲོ་མ་བཅུག་པར་གཀག་སྐྱིལ་འོག ཁོང་རྣམས་ལ་ཟླ་བ་མང་པོའི་རིང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བའི་ཁྲོད། སྔ་ལོ་བོད་ནང་ནས་བརྙན་འཕྲིན་ཁག་ཅིག་ཕྱིར་གྱར་བྱུང་བའི་ནང་དུ་བཙུན་མ་ ༢༥ སྐོར་ཞིག་ལ་རྒྱ་གཞུང་གི་དམག་ཆས་གྱོན་བཅུག་པ་དང་ཁོང་རྣམས་ལ་བོད་སྐད་ཐོག་བོད་རྒྱ་གཉིས་ཨ་མ་གཅིག་གི་ཕྲུ་གུ་ཡིན་ཅེས་པའི་གླུ་གཞས་བཏང་བཅུག་པ་མངོན་རྒྱུ་འདུག་པ་དང་འདི་བཞིན་བཙུན་མ་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་པའི་བརྒྱུད་དམག་གི་སྦྱོང་བརྡར་གནང་བཅུག་པ་སོགས་མངོན་རྒྱུ་འདུག ཉེ་ཆར་ཕྱི་ཚེས་ ༢༣ ཉིན་བླ་རུང་སྒར་གྱི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་མང་ཚོགས་ལ་བཀའ་སློབ་གནང་དོན་ཟླ་བ་འདིའི་ཚེས་ ༡༣ ཉིན་རྒྱ་གཞུང་གིས་བརྡ་ཁྱབ་ཞིག་བཏང་འབྱོར་ནང་དུ་བླ་རུང་སྒར་དུ་ད་བར་གྲྭ་ཤག་གཏོར་བཤིག་བཏང་ཟིན་པའི་ཐོག་ལ་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༣༠ བར་གྲྭ་ཤག་ ༣༢༢༥ གཏོར་བཤིག་བཏང་རྒྱུ་ཡིན་པ་གསལ་བཏོན་གནང་ཡོད་པ་རེད། ཁ་སང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གཞུང་གིས་བླ་རུང་སྒར་དང་ཡ་ཆེན་སྒར་ནས་ཕྱིར་ཕུད་བཏང་པའི་གྲྭ་བཙུན་མང་པོ་ཞིག་བོད་རང་སྐྱོང་ལྗོངས་ནང་དུ་ཕྱིར་ལོར་བྱེད་བཅུག་སྟེ་ཁོང་རྣམས་ཀྱི་ཆོས་དད་རང་དབང་ལ་དམ་བསྒྲགས་བྱས་པ་མ་ཟད། ཆེ་མཐོང་ལ་གནོད་པའི་བྱ་སྤྱོད་ཀྱང་སྤེལ་ཡོད་པ་རེད། འགྲོ་བ་མིའི་ལྟ་ཞིབ་ཚོགས་པར་ཁ་གསལ་ཤེས་རྟོགས་བྱུང་དོན་ལྟར་སྔ་ལོའི་ཕྱི་ཟླ་ ༡༡ ནང་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་གྱི་ལྷོ་ཤར་ས་ཁུལ་ཉིང་ཁྲི་ཁུལ་དུ་གྲྭ་བཙུན་གྱི་རུ་ཁག་གཅིག་ལ་བཙན་དབང་གིས་ཆབ་སྲིད་ཀྱི་སློབ་གསོའི་ལས་འགུལ་ནང་མཉམ་ཞུགས་གནང་བཅུག་ཡོད་པ་ཐེར་བཏོན་གནང་འདུག དེ་བཞིན་སྔ་ལོ་བླ་རུང་སྒར་དང་ཡ་ཆེན་སྒར་ནས་ཕྱིར་ཕུད་བཏང་པའི་བཙུན་མ་རྣམས་ལ་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བའི་འོག་དམག་ཆས་གྱོན་བཅུག་པ་དང་ཁོང་རྣམས་ལ་བོད་སྐད་ཐོག་བོད་རྒྱ་གཉིས་ཨ་མ་གཅིག་གི་ཕྲུ་གུ་ཡིན་ཅེས་པའི་གླུ་གཞས་བཏང་བཅུག་སྐོར་ལུང་འདྲེན་གྱིས་རྒྱ་གཞུང་གིས་བཙུན་མའི་ཐོག་མི་སྤྱོད་ལས་འདས་པའི་ཆོས་དད་རང་དབང་ལ་བརྩི་མེད་བཏང་པ་དེས་རྒྱ་ནག་གིས་རྒྱབ་སྐྱོར་ས་རྟགས་ཡོད་པའི་རྒྱལ་སྤྱིའི་མནར་གཅོད་ཀྱི་ཁྲིམས་ལུགས་དང་ཡོངས་སུ་འགལ་ཡོད་པ་ནན་བརྗོད་གནང་འདུག ཚོགས་པ་དེའི་ཤེས་རྟོགས་ཡོད་པའི་བཙུན་མ་གཉིས་བླ་རུང་སྒར་ནས་ཕྱིར་ཕུད་བཏང་རྗེས་བོད་རང་སྐྱོང་ལྗོངས་སུ་ཕྱིར་ལོག་བྱེད་དགོས་པ་བཟོས་ནས་ལྷ་སར་བསྡད་མ་བཅུག་པར་རང་གི་སྐྱེས་ཡུལ་གྲོང་གསེབ་ཁུལ་དུ་ལོག་བཅུག་པ་མ་ཟད། ཁུལ་དེར་རྟེན་གཞི་བྱས་པའི་བཙུན་དགོན་དང་བཙུན་དགོན་གཞན་གང་དུའང་བཞུགས་མི་ཆོག་པ་བཟོས་ཡོད་འདུག ལྷག་དོན་ཁོང་རྣམས་ལ་དུས་ནས་དུས་སུ་ཉེན་རྟོག་ལས་ཁུངས་ལ་ཡོང་དགོས་པ་སོགས་ཀྱི་བྱ་སྤྱོད་སྤེལ་བར་བརྟེན་ཁོང་རྣམ་པའི་ཚོ་བར་ངལ་བ་ཆེན་པོ་འཕྲད་བཞིན་ཡོད་པ་མངོན་གསལ་གནང་འདུག ལྟ་ཞིབ་ཚོགས་པ་དེའི་ངོས་ནས་སྔ་ལོའི་ཕྱི་ཟླ་ ༡༡ ནང་རྒྱལ་ཚོགས་ཀྱི་མི་སྣ་བདུན་ནས་བླ་རུང་སྒར་དུ་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་བཏང་དོན་གང་ཡིན་དང་། དེ་དག་ཁྲིམས་དང་མཐུན་མིན། དེ་བཞིན་བླ་རུང་སྒར་དུ་ལས་དོན་དེ་དག་སྤེལ་སྐབས་བླ་རུང་སྒར་གྱི་འཛིན་སྐྱོང་སྡེ་ཚན་དང་འབྲེལ་བ་ཞུ་མི་དགོས་པའི་རྒྱུ་མཚན། དགོན་པའི་གནད་དོན་ཐོག་ལ་གཞུང་གི་ལས་བྱེད་པས་ཐེ་བྱུས་ཅི་ཕྱིར་བྱེད་སྐོར་སོགས་གསལ་བཤད་དགོས་པའི་བསྒྲགས་གཏམ་ཞིག་རྒྱ་ནག་གཞུང་ལ་བཏང་ཡོད་པ་རེད། རྒྱ་གཞུང་གིས་དེའི་ལན་འདེབས་ཡོངས་བསྒྲགས་འདོན་སྤེལ་བྱེད་དགོས་པའི་རྒྱལ་ཚོགས་ལ་དགོས་འདུན་བཏོན་པ་དང་ཆབས་ཅིག ལྟ་ཞིབ་ཚོགས་པའི་ངེས་སྟོན་པ་ལྕམ་ Sophie Richardson ལགས་ཀྱིས་རྒྱ་ནག་གཞུང་གིས་བླ་རུང་སྒར་ནས་ཕྱིར་ཕུད་བཏང་པའི་གྲྭ་བཙུན་རྣམས་ལ་བཙན་དབང་གིས་ཆབ་སྲིད་སློབ་གསོ་སྤེལ་བ་དེས་བོད་མི་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་བཙན་བཤད་ཀྱིས་བརྩི་མེད་གཏོང་བཞིན་སྐོར་གསུངས་པ་དང་འབྲེལ། རྒྱ་གཞུང་གིས་བྱ་སྤྱོད་དེ་དག་འཕྲལ་དུ་མེད་པ་བཟོ་ནས་ཁོང་རྣམས་ལ་རང་གི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་དང། སློབ་གཉེར་སོགས་ཀྱི་རང་དབང་ཕུལ་དགོས་སྐོར་གསུངས་ཡོད།

༸གོང་ས་མཆོག་གིས་གསར་འགོད་པ་རྣམས་ལ་དྲང་བདེན་གྱི་གནས་ཚུལ་བཀོད་སྤེལ་དགོས་གལ་ཡིན་པའི་ལམ་སྟོན་མཛད་པ།

བཞུགས་སྒར་ཁུལ་གྱི་རྒྱ་གར་གསར་འགོད་པ་ཁག་ཅིག་ནས་ཇི་ལྟར་མཇལ་ཁའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་སྟེ། ཁ་སང་ཚེས་ ༢༩ སྔ་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པ་ ༣༧ ལ་མཇལ་ཁ་དང་བླང་དོར་བཀའ་སློབ་བཀྲིན་བསྩལ་འདུག གསར་འགོད་པའི་ཁོངས་སུ་རྒྱ་གར་གྱི་གྲགས་ཆེ་བའི་ Hindustan Times དང་ Tribune དེ་བཞིན་ ANI སོགས་ཚགས་ཤོག་དང་དྲ་རྒྱ། གཞན་ཡང་བརྙན་འཕྲིན་བརྒྱུད་ལམ་ཐོག་ནས་བརྒྱུད་བསྒྲགས་གནང་བཞིན་པའི་གསར་ཁང་མི་འདྲ་བ་ཁག་ཅིག་གི་ཆེད་ལས་གསར་འགོད་པ་དང་པར་པ་བཅས་ཕེབས་འདུག བོད་མིའི་སྒྲིག་འཛུགས་ནས་དེ་དོན་གནས་ཚུལ་སྤེལ་བའི་ནང་། མཇལ་ཁའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པ་རྣམས་ལ་ཆེད་ལས་འདིའི་ཐོག་རྒྱབ་མདུན་ངོ་ལྐོག་མེད་པར་དྲང་བདེན་གྱི་གནས་ཚུལ་བཀོད་སྤེལ་གནང་རྒྱུ་ཤིན་ཏུ་ནས་གལ་ཆེ་ཡིན་སྐོར་གསུངས་འདུག་པ་དང་འདི་བཞིན་དམིགས་བསལ་དེ་རིང་སང་ཉིན་འགྲོ་བ་མིའི་རིགས་ལ་དཀའ་ངལ་འཕྲད་མཚམས་སུ་གསར་འགྱུར་བརྒྱུད་ལམ་ཁག་ནས་མིའི་བཟང་སྤྱོད་ཀྱི་ཡོན་ཏན་གོང་སྤེལ་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་སྤེལ་རྒྱུའི་ལས་འགན་ཡོད་པ་རེད་ཅེས་ལམ་སྟོན་མཛད་འདུག ད་དུང་༸གོང་ས་མཆོག་གིས་མང་གཙོའི་སྤྱི་ཚོགས་ནང་མི་དམངས་ལ་དངོས་ཡོད་གནས་ཚུལ་ཇི་ཡིན་ཤེས་རྒྱུའི་ཐོབ་ཐང་ཡོད་སྟབས། གསར་འགོད་པ་རྣམས་ནས་དངོས་ཡོད་གནས་ཚུལ་ཁག་བརྒྱུད་བསྒྲགས་གནང་དགོས་གལ་ཡིན་པ་ཡང་གསུངས་འདུག ཁྱད་པར་དུ་༸གོང་ས་མཆོག་གིས་ཁ་སང་མཇལ་བཅར་ཞུ་མཁན་རྒྱ་གར་བ་རྣམས་ལ་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་དང་མིའི་བཟང་སྤྱོད་ཀྱི་རིན་ཐང་། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་གྱི་བསླབ་བྱ་བསྟན་པའི་རང་གི་གནའ་བོའི་རིག་གཞུང་དེ་རྒྱལ་སྤྱིའི་ཐོག་ཁྱབ་འཕེལ་ཡོང་ཆེད་ལས་འགན་གང་ཆེ་བཞེས་དགོས་ཀྱི་ཡོད་པ་བཀའ་སློབ་བསྩལ་འདུག

༸གོང་ས་མཆོག་ནས་རྒྱ་ནག་ལ་གནོད་གཞི་རིགས་གསུང་མི་ཆོག་པའི་ཉེན་བརྡ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཕྱི་ཟླ་ ༤ ཚེས་ ༡ ནས་བདུན་ཕྲག་གཉིས་མན་ཙམ་རིང་ལ་རྒྱ་དཀར་ནག་གཉིས་དབར་ཚོར་བ་རྣོ་བའི་ས་མཚམས་ས་ཁུལ། རྒྱ་གར་བྱང་ཤར་ Assam དང་ Arunachal མངའ་སྡེ་གཉིས་ནང་དུ་ཆོས་འབྲེལ་གྱི་མཛད་འཆར་བཀྲིན་བསྐྱང་ལ་ཉེ་མཚམས་འདིར་ཁ་སང་ཚེས་ ༢༨ ཉིན་རྒྱ་གར་གཞུང་ནས་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་བྱེད་བཞིན་པ་ Assam གྱི་ ULFA ཚོགས་པས་༸གོང་ས་མཆོག་ལ་ཉེན་བརྡའི་ཡིེ་གེ་ཞིག་ཡོངས་ཁྱབ་སྤེལ་འདུག ༸གང་ཉིད་མཆོག་ནས་ Assam ནང་གི་མཛད་འཆར་ཁྲོད་རྒྱ་ནག་ལ་གནོན་གཞི་རིགས་རྩ་བ་ནས་གནང་མི་ཆོག་པ་ཞུས་འདུག རྩ་བའི་ ULFA འམ་ United Liberation Front of Asom ཞེས་པའི་ཚོགས་པ་དེ་ནི་ཨ་སམ་རང་སྐྱོང་ཐབས་རྩོད་སླད་དུ་ ༡༩༧༩ ལོར་ཆེད་བཙུགས་གནང་པ་ཞིག་ཆགས་ཀྱི་འདུག་ཅིང་། རྒྱ་གར་གཞུང་གི་ངོས་ནས་ ༡༩༩༠ ལོར་ཚོགས་པ་དེ་འཇིགས་སྐུལ་རིང་ལུགས་པའི་ཚོགས་སྡེ་ཞིག་ཏུ་ངོས་འཛིན་གནང་འདུག ད་ལྟའི་ཆར་རྒྱ་གར་དབུས་གཞུང་དང་ཨ་སམ་མངའ་སྡེའི་གཞུང་ནས་ཁ་སང་ ULFA ཚོགས་པས་༸གོང་ས་མཆོག་ལ་ཉེན་བརྡའི་ཡི་གེ་ཡོངས་ཁྱབ་སྤེལ་བའི་ཐད་ལན་འདེབས་གང་ཡང་གནང་མེད་ཀྱང་། བདུན་ཕྲག་ཁ་ཤས་སྔོན་དུ་རྒྱ་གར་གཞུང་གིས་གསལ་བཤད་ཅིག་གི་ནང་༸གོང་ས་མཆོག་ཨ་སམ་ནང་གི་ཆིབས་བསྒྱུར་འདི་ནི་ཆོས་ཕྱོགས་ཁོ་ན་ཡིན་པ་གསུངས་ཡོད་པ་རེད། ༸གོང་ས་མཆོག་ད་རེས་ས་མཚམས་མངའ་སྡེ་གཉིས་ནང་གི་ཆིབས་བསྒྱུར་འདིའི་ཐད་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་རྒྱ་གར་ལ་མཛད་འཆར་དེས་རྒྱ་དཀར་ནག་གཉིས་བར་གྱི་ས་མཚམས་བརྟན་ལྷིང་དང་། ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་ཧ་ཅང་ཆེན་པོ་ཡོང་རྒྱུ་ཡིན་པ་ཉེན་བརྡ་ཡང་བཏང་ཡོད་པ་རེད། ཚོགས་པ་དེའི་ཚོགས་གཙོ་ Dr Abhizeet Asom ཡིས་ཉེན་བརྡའི་ཡི་གེ་ནང་རྐང་༸གོང་ས་མཆོག་ལ་རྒྱ་ནག་ནི་ཨ་སམ་དང་འབྲེལ་བ་ཧ་ཅང་དམ་ཟབ་ཡོད་པའི་ཁྱིམ་མཚེས་འཆམ་པོ་ཞིག་ཆགས་ཡོད་སྟབས། ད་རེས་༸གང་ཉིད་མཆོག་ཨ་སམ་ས་ཐོག་ཏུ་ཆིབས་བསྒྱུར་མཛད་འཆར་སྐབས་མི་གཞན་སུ་གཅིག་དང་། དེ་བཞིན་མང་ཚོགས་ལ་བཀའ་སློབ་སོགས་གནང་སྐབས་རྒྱ་ནག་ལ་གནོད་གཞིའི་རིགས་དང། དེ་བཞིན་རྒྱ་གར་གཞུང་གི་ལངས་ཕྱོགས་རིགས་དྲིལ་བསྒྲགས་གནང་ཚེ་ཚོགས་པ་དེས་དེར་བཟོད་བསྲན་ཏན་ནས་ཞུ་ཐབས་མེད་ཅེས་ཞུས་འདུག་པ་དང་སྦྲགས།  གལ་ཏེ་༸གོང་ས་མཆོག་གིས་ཁུལ་དེའི་ནང་གི་མཛད་འཆར་ཁག་འཛམ་གླིང་ཞི་བདེ་དང་འབྲེལ་བའི་ཐོག་གོ་སྐབས་བཞེས་ཚེ་ཁོང་ཚོར་དཀའ་ངལ་གང་ཡང་མེད་ཚུལ་གྱི་དགོངས་ཚུལ་སྙན་གསེང་ཞུས་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༤ ཚེས་ ༡ ནས་ ༤ བར་ Assam མངའ་སྡེའི་རྒྱལ་ས་ Guwahati དང་ Dibrugarh བཅས་ཀྱི་མང་ཚོགས་དང་ས་གནས་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བཀའ་སློབ་དང་། དེའི་རྗེས་ཕྱི་ཚེས་ ༥ ནས་ ༡༢ བར་ Arunachal མངའ་སྡེར་ཆིབས་བསྒྱུར་མཛད་ནས་མང་ཚོགས་ལ་ཆོས་འབྲེལ་དང་བཀའ་སློབ་སྩལ་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་ཡོད་པ་རེད།

གསོ་རིག་དང་ཕྱི་ལུགས་ཀྱི་སྨན་བཅོས་གཉིས་ཟུང་འབྲེལ་གྱིས་ནད་རིགས་སྔོན་འགོག་ཤུགས་ཆེ་གནང་དགོས་གསུངས་པ།

དེ་རིང་ཟླ་ ༣ ཚེས་ ༢༩ ཉིན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༡༠༡ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་འཕྲོད་བསྟེན་བཀའ་བློན་མཆོག་གིས་ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་གསོ་རིག་དང་ཕྱི་ལུག་ཀྱི་སྨན་བཅོས་གཉིས་ཟུང་འབྲེལ་གྱིས་ནད་རིགས་སྔོན་འགོག་ཤུགས་ཆེ་གནང་དགོས་ཀྱི་འདུག་ཅེས་གསུངས་སོང་། རྩ་བའི་ཕྱི་ལོ་ ༡༦༩༦ ལོར་༸རྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ལྕགས་པོ་རིར་སྨན་པ་གྲྭ་ཚང་ཆེས་ཐོག་མ་གསར་བཙུགས་བསྐྱངས་པ་དང་། དེ་ནས་ཕྱི་ལོ་ ༡༩༡༦ ལོར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་ཆེན་པོ་མཆོག་གིས་བསྐྱར་དུ་བོད་ཀྱི་རྒྱལ་ས་ལྷ་སར་གསོ་དཔྱད་སྨན་སྐར་དཔྱད་རྩིས་ཀྱི་རིག་པ་གཉིས་ཀྱི་སློབ་གཉེར་ཁང་གསར་བཙུགས་གནང་ནས་རིམ་པས་བོད་ཀྱི་ཆོལ་ཁ་གསུམ་གཙོས་པའི་འབྲུག་ཡུག་དང་འབྲས་ལྗོངས། དེ་བཞིན་ཁུ་ནུ་དང་ལ་དྭགས་བཅས་ནས་སློབ་ཕྲུག་བསྡུ་བཞེས་གནང་གི་ཡོད་པ་རེད། འོན་ཀྱང་ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་རྗེས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཐུགས་དགོངས་ཆེ་བཞེས་ཀྱིས་བོད་ཀྱི་གསོ་བ་རིག་པའི་སྨན་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གནང་ཕྱིར་ཕྱི་ལོ་ ༡༩༦༣ ལོར་རྒྱ་གར་གྱི་བྱང་ཕྱོགས་བཞུགས་སྒར་དྷ་རྨ་ས་ལར་བོད་ཀྱི་སྨན་རྩིས་ཁང་དངོས་སུ་དབུ་བརྙེས་པ་ནས་བཟུང་ད་བར་རྒྱ་གར་གཙོས་པའི་འཛམ་གླིང་ཡུལ་གྲུ་ཀུན་ལ་བོད་ཀྱི་གསོ་རིག་སྨན་པའི་ཞབས་ཞུ་གནང་དང་གནང་མུས་ཡིན་སྟབས། མང་ཚོགས་ཀྱི་ངོས་ནས་ཀྱང་གདེང་འཇོག་མི་དམན་པ་ཞིག་ཐོབ་བཞིན་ཡོད། དེ་རིང་བཞུགས་སྒར་དབུས་སྨན་རྩིས་ཁང་དུ་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༡༠༡ འཁོར་བ་དང་བཙན་བྱོལ་དུ་ཆེད་བཙུགས་གནང་ནས་ལོ་ངོ་ ༥༦ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་། མཛད་སྒོའི་མགྲོན་གྱི་གཙོ་བོར་བོད་མིིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གཙོས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ལས་ཀྱི་སྣེ་མོ་བ་སོགས་ཆེད་ཕེབས་བྱུང་འདུག མཛད་སྒོའི་ཐོག་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་འདས་པའི་ལོ་དུས་ནང་ལ་སྨན་རྩིས་ཁང་ནས་མང་ཚོགས་ཀྱི་འཕྲོད་བསྟེན་ཐོག་གནང་བཞིན་པའི་ཕྱག་ལས་ཁག་ལ་ཡི་རངས་བསྔགས་བརྗོད་དང་འབྲེལ། ད་ལྟའི་ཆར་བཙན་བྱོལ་བོད་མིའི་འདུ་འཛོམས་ཆེ་བའི་སྤྱི་ཚོགས་ཁྲོད་ཊི་སྦི་དང་མཆིན་པའི་གཉན་ཚད་ཀྱི་ནད་གཞི་གཉིས་པོའི་གནས་སྟངས་ནི་འཇིགས་སྣང་བྱ་དགོས་པའི་གནས་བབས་ཤིག་ཆགས་ཡོད་པ་གསུངས་སོང་།  སྨན་རྩིས་ཁང་གི་སྨན་པ་རྒན་གྲས་ཚོས་ནད་རིགས་དེའི་ཐོག་གོ་རྟོགས་ཀྱི་སྐོར་བསྐྱོད་གནང་རྒྱུ་གནད་ཆེ་འདུག་ཅེས་དང་། ལྷག་པར་དུ་ད་ལྟའི་དུས་སྐབས་འདིར་གསོ་རིག་དང་ཕྱི་ལུག་ཀྱི་སྨན་བཅོས་གཉིས་ཟུང་འབྲེལ་གྱིས་ནད་རིགས་སྔོན་འགོག་ཤུགས་ཆེ་གནང་དགོས་ཀྱི་འདུག་ཅེས་གསུངས་སོང་། སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་གསོ་རིག་སྨན་པ་ཚོས་ནང་ཆོས་ལས་གསུང་པའི་སེམས་ཁམས་རིག་པའི་ལྟ་གྲུབ་གཙོ་འཛིན་ཐོག་ནས་སྨན་བཅོས་གནང་དགོས་གལ་ཡིན་པ་དང་། ལྷག་པར་དུ་དེང་གི་སྤྱི་ཚོགས་ཁྲོད་བོད་ཀྱི་གསོ་རིག་སྨན་པ་མང་པོ་ཞིག་ཐོན་བཞིན་པར་བརྟེན་བོད་ཀྱི་སྨན་རྩིས་ཁང་གིས་བོད་སྨན་གྱི་སྤུས་ཚད་དང་སློབ་གསོ་གཉིས་ཀ་ཚད་མཐོ་ཤོས་ཤིག་གི་ཐོག་རྒྱུན་སྐྱོང་གནང་དགོས་གལ་ཡིན་པ་གསུངས་ཡོད། དབུས་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲིས་ལགས་ཀྱིས་སྨན་རྩིས་ཁང་གི་ལས་བསྡོམས་སྙན་སྒྲོན་ཞུས་པ་དང་འབྲེལ། འདས་པའི་ལོ་ལྔའི་ནང་བོད་ཀྱི་སྨན་རྩིས་ཁང་གི་དཔལ་འབྱོར་དང་ཐོན་རྫས་རྣམས་སྔར་ལྷག་ཡར་རྒྱས་ཕྱིན་ཡོད་པ་སོགས་གསུངས་སོང་། རྩ་བའི་དེ་རིང་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་ཉིན་མོ་དང་བསྟུན། སྨན་རྩིས་ཁང་གི་སྨན་པ་རྣམས་ཀྱིས་བརྩམས་པའི་ནད་རིགས་སྔོན་འགོག་དང་། ཉམས་ཞིབ་ལས་དོན་དང་འབྲེལ་བའི་དཔེ་དེབ་དང་གྲུབ་དོན་སྙན་ཐོ་དབུ་འབྱེད་གནང་སོང་། དེ་བཞིན་འདི་ལོ་སྨན་རྩིས་ཁང་གིས་༸གོང་ས་མཆོག་གི་བཀའ་དགོངས་ལྟར་དེང་དུས་དང་མཐུན་པའི་གསོ་རིག་སྨན་བཅུ་གསར་བཟོ་ཞུས་འདུག ཤེས་རྟོགས་བྱུང་བར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་སྨན་རྩིས་ཁང་དུ་སྨན་དང་རྩིས་གཉིས་ཀྱི་སྡེ་ཚན་ཡོད་པ་དང་། དེའི་ཁྱབ་ཁོངས་སུ་ཡན་ལག་སྨན་ཁང་ ༥༥ ལྷག་དང་། ད་བར་སྨན་པའི་གྲངས་ ༣༤༠ ལྷག་ཐོན་ཟིན་ཡོད་པ་རེད།

Latest news