Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཁྲོད་ནས་རུ་ཁག་དགུ་ཕྱིར་བུད་ཟིན་པ།

ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ནང་དུ་འཚོགས་བཞིན་པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༣ པ་དེའི་ནང་ཁ་ཉིན་ཕྱི་ཚེས་ ༡༥ ཉིན་རྩེད་འགྲན་རུ་ཁག་བཅོ་ལྔ་ནས་རུ་ཁག་བདུན་རྩེད་འགྲན་ནས་ཕྱིར་བུད་ཟིན་ཡོད་པ་རེད། གཞན་རྣམས་ལས་རུ་ཁག་བརྒྱད་མཐའ་མའི་རྩེ་ཕུད་འདེམས་སྒྲུག་ནང་ཚུད་པའི་ཆེད་དུ་མུ་མཐུད་འགྲན་རྩོད་རིམ་པ་གཉིས་གནང་རྗེས་མཐར་འགྲན་བསྡུར་ནང་ཞུགས་མཁན་རྩེ་ཕུད་རུ་ཁག་བཞི་འདེམས་སྒྲུག་གནང་གི་ཡོད་པ་རེད། ཁ་ས་ཚེས་ ༡༦ ཉིན་འགྲན་རྩོད་རིམ་པ་དང་པོའི་ནང་སྦེང་ལོར་ཏཱ་ལའི་བླ་མ་རུ་ཁག་དང་། ཧི་མཱ་ལ་ཡ་རུ་ཁག་དབར་འགྲན་བསྡུར་གནང་སྟེ་སྤོ་ལོ་གཅིག་དང་གཉིས་ཀྱི་ཁྱད་པར་ལས་ཧི་མཱ་ལ་ཡ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། དེ་བཞིན་ཀོ་ལི་གྷལ་རུ་ཁག་ཀ་པ་དང་སྦེལ་ཀོབ་བདེ་སྐྱིད་སླར་གསོ་རུ་ཁག་གཉིས་དབར་རྩེད་འགྲན་གནང་མཐར་བདེ་སླར་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་སྟབས་ཁ་ས་བར་ཁྱོན་རུ་ཁག་དགུ་རྩེད་འགྲན་ནས་ཕྱིར་བུད་ཟིན་ཡོད། དེ་རིང་ཟླ་ ༤ ཚེས་ ༡༧ ཉིན་འགྲན་རྩོད་རིམ་པ་གཉིས་པའི་ནང་དང་པོ་ཧུན་སུར་རབ་རྒྱས་གླིང་དང་གྷོ་བ་རུ་ཁག་དབར་རྩེད་འགྲན་གནང་རྒྱུ་དང་གཉིས་པ་ Clement Town དོན་གྲུབ་གླིང་རུ་ཁག་དང་མོན་གྷོ་རུ་ཁག་གཉིས་དབར་རྩེད་འགྲན་གནང་གི་ཡོད་པ་རེད། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་པ་སངས་རྡོ་རྗེ་ལགས་ཀྱིས་ད་བར་གྱི་རྩེད་འགྲན་གྱི་བརྒྱུད་རིམ་ནང་དམིགས་བསལ་དཀའ་ངལ་ཆེ་བ་རིགས་གང་ཡང་བྱུང་མེད་པ་དང་། རྩེད་འགྲན་པ་ཚང་མས་ཕྱར་གྲུ་མཉམ་འདེགས་ལེགས་པོ་གནང་སྐོར་གསུངས་སོང་། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་བོད་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་མཐའ་མིའི་ནང་དར་ཆེ་གླིང་རུ་ཁག ཧུན་སུར་རུ་ཁག་དང་སྦེལ་ཀོབ་བདེ་སླར་རུ་ཁག་བཅས་ཚུད་ཡོད་པ་རེད་འདུག

བོད་དཀར་མཛེས་རྫོང་ཐོག་ཏུ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་འདུག

དེ་རིང་ཟླ་ ༤ ཚེས་ ༡༥ ཉིན་རྒྱབ་ཏུ་གནས་ཚུལ་ཐོན་པར་གཞིགས་ན། བོད་ཁམས་དཀར་མཛེས་རྫོང་ཐོག་ཏུ་བོད་མི་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་འདུག་པ་དང། ཁོང་གིས་རང་བསྲེགས་གནང་ནས་དུས་ཚོད་རིང་པོ་མ་སོང་བར་རྒྱ་གཞུང་ཉེན་རྟོག་མི་སྣ་ཡོང་ནས་ཁོང་གི་ལུས་པོའི་སྟེང་གི་མེ་བསད་ནས་སྐུ་ཕུང་བཙན་ཁྱེར་བྱས་ཡོད་པ་རེད་འདུག སྤྱི་ཚོགས་ཀྱི་བརྒྱུད་ལམ་ངོ་དེབ་སོགས་ཀྱི་དྲ་བའི་ཐོག་བྱང་ཆུབ་སེམས་དཔའ་ཞུ་བའི་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་པའི་བརྙ་པར་ཐུང་ངུ་ཞིག་བཞག་པའི་ནང་དུ་བོད་མི་དེས་རང་བསྲེགས་གནང་རྗེས་ཉེན་རྟོག་པས་མེ་བསད་ཐབས་བྱེད་བཞིན་པ་མངོན་རྒྱུ་འདུག རྩ་བའི་ཉེ་ཆར་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་བོད་མི་པདྨ་རྒྱལ་མཚན་ལགས་ཀྱིས་དཀར་མཛེས་རྫོག་ཏུ་རང་ལུས་མེར་བསྲེགས་གནང་པའི་དོན་རྐྱེན་བྱུང་མ་ཐག་ཡིན་པ་དང་། ཁུལ་དེར་དམ་བསྒྲགས་ཆེན་པོ་བྱེད་བཞིན་པའི་གནས་སྟངས་ཆགས་ཡོད་སྟབས། ད་ལྟའི་ཆར་རང་ལུས་མེར་སྲེག་གནང་མཁན་ཁོང་གི་མཚན་དང་ས་གནས་སོགས་གང་ཡིན་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག བོད་ནང་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་རྒྱ་གཞུང་ནས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་ཆེད་བོད་མི་ ༡༤༦ ཙམ་ནས་རང་ལུས་མེར་བསྲེགས་གནང་ཟིན་ཡོད་པ་དང། དེ་རིང་བར་བོད་མིས་རང་སྲེག་གནང་མཁན་གྲངས་འབོར་དེ་ ༡༤༧ ཆགས་ཡོད་པ་རེད།

རྒྱ་གར་གཞུང་ཕྱོགས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་ཕྱིན་མེད་པར་ནན་བརྗོད།

རྒྱ་གར་གཞུང་ཕྱོགས་ནས་བོད་ཀྱི་གནད་དོན་དང་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་འབྲེལ་ལམ་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་ཕྱིན་མེད་པར་ནན་བརྗོད་གནང་འདུག དེ་ཡང་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་ཁུལ་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་པ་དང་འབྲེལ། རྒྱ་གཞུང་གིས་རྒྱ་གར་གཞུང་ལ་བོད་ཀྱི་གནད་དོན་ཐོག་དེ་སྔ་ཁས་ལེན་པའི་འབྲུ་དོན་དང་ཡོངས་སུ་རྒྱབ་འགལ་ཡོད་སྐོར་བརྗོད་ནས་སྐྱོན་བརྗོད་མང་དག་ཞིག་བྱས་པ་དང་། གནད་དོན་དེས་རྒྱལ་ཁབ་ཕྱོགས་གཉིས་པའི་འབྲེལ་ལམ་ལ་དོ་ཕོག་འགྲོ་ངེས་ཡིན་པའི་ཉེན་རྡ་ཤུགས་ཆེ་བཏང་ཡོད་པ་རེད། ཁ་སང་ཟླ་ ༤ ཚེས་ ༡༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ Gopal Baglay ལགས་ཀྱིས་ད་རེས་ཀྱི་གནད་དོན་དེའི་རྐྱེན་པས་རྒྱ་གར་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་ཡོད་མེད་ཀྱི་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་གར་གཞུང་ཕྱོགས་ནས་བོད་རང་སྐྱོང་ལྗོངས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་ངོས་འཛིན་ཞུས་པ་དེ་ནི་སྔར་བཞིན་སྲིད་བྱུས་ལ་འགྱུར་བ་གང་ཡང་ཕྱིན་མེད་ཅེས་གསུངས་འདུག་པ་དང་། རྒྱ་གར་གི་ངོས་ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གནད་དོན་ཐད་དྲང་བདེན་དང་ཕྱོགས་གཉིས་ཀྱིས་ཁས་བླངས་པའི་དོན་དམ་གྱི་ཐབས་ལམ་ཚོལ་རྒྱུའི་སྲིད་བྱུས་ལའང་འགྱུར་བ་རྩ་བ་ནས་ཕྱིན་མེད་ཅེས་ནན་བརྗོད་གནང་ཡོད་པ་རེད། རྩ་བའི་གནད་དོན་དེའི་ཐོག་ཉེས་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་རྒྱ་གར་གྱི་ཨེན་ཌི་ཊི་ཝི་ NDTV བརྒྱུད་ལམ་གྱི་བཅར་འདྲིའི་ལས་རིམ་ཐོག་དེང་སྐབས་རྒྱ་གར་གཞུང་གི་ངོས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་མེད་པ་དང་། ད་ལྟའི་སྐུ་ཞབས་མོ་དི་གཞུང་འཛིན་གྱི་ངོས་ནས་༸གོང་ས་མཆོག་གི་གནད་དོན་ཐད་དེ་སྔ་མངོན་གསལ་མ་ཡིན་པའི་ལས་དོན་གནང་ཕྱོགས་དེ་དེང་སྐབས་མངོན་གསལ་དོད་རུ་ཕྱིན་ཡོད་སྐོར་གསུངས་ཡོད་པ་རེད།

ས་གནས་ ༡༧༤ ནང་རྒྱ་དམར་གྱི་བཟོས་པའི་ཚོང་ཟོག་འཚོང་རྒྱུ་མིན་པའི་གྲོས་ཆོད་བཞག་པ།

རྒྱ་གར་བྱང་ཕྱོགས་ Punjab གྱི་གྲོང་ཁྱེར་ Ludhiana ནང་ཚོགས་པའི་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་ཐོག་བོད་མི་སུད་ཚོང་བ་ས་གནས་ ༡༧༤ ནང་དུ་རྒྱ་དམར་གྱི་བཟོས་པའི་ཚོང་ཟོག་འཚོང་རྒྱུ་མིན་པའི་གྲོས་ཆོད་བཞག་འདུག དམིགས་བསལ་ཚོགས་ཆེན་དེ་ནི་ཟླ་ ༤ ཕྱི་ཚེས་ ༡༡ ཉིན་ནས་ཁ་སང་བར་ཁྱོན་ཉིན་གྲངས་བཞིའི་རིང་ལ་ཚོགས་ཡོད་པ་དང་། སྐབས་དེར་རྒྱ་གར་རྒྱལ་ཡོངས་བོད་མིའི་ཚོང་པ་ཚོགས་པའི་ཁྱབ་ཁོངས་ས་གནས་ ༡༧༤ ནས་ ༡༥༤ ཡི་ཚོགས་མི་སྐུ་ཚབ་ ༥༠༠ མན་ཙམ་བཅར་བ་དང། རྒྱ་གར་ཚོང་བདག་ལཱ་ལཱ་ ༦༠ ཙམ་ཕེབས་ཡོད་འདུག ཐེངས་འདིའི་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་དམིགས་བསལ་ཚོགས་ཆེན་ འདིའི་ཐོག་ལ་བོད་མི་སུད་ཚོང་བ་ནང་ཁུལ་གྱི་དཀའ་ངལ་ཁག་ཅིག་དང་ཚོང་བདག་རྒྱ་གར་ལཱ་ལཱ་དང་འབྲེལབའི་གནད་དོན། གཞན་ཡང་རྒྱ་གར་གཞུང་ལ་ཁྲལ་འབུལ་ཕྱོགས་སོགས་ཀྱི་ཐད་ལ་གོ་བསྡུར་སྦྱང་བཤད་ལྷུག་པོ་བྱུང་འདུག་པ་མ་ཟད། ལྷག་པར་དུ་རྒྱ་དམར་གྱི་བཟོས་པའི་ཚོང་ཟོག་འཚོང་རྒྱུ་མིན་པའི་གྲོས་ཆོད་ཁག་ཅིག་བཞག་འདུག འདི་ག་རླུང་འཕྲིན་ཁང་གིས་ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་སོགས་དང་འབྲེལ་བའི་སྐོར་ལ་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་སུ་བཅར་འདྲི་ཁག་ཅིག་ཞུས་པ་ཡིན།

རྡོ་གདན་བྱང་ཆུབ་ལྗོན་ཤིང་གི་འདབ་མ་དུས་ཐོག་ཏུ་མ་འཁྲུངས་པའི་ཐད་ཚན་རིག་པས་ཞིབ་འཇུག་གནང་རྒྱུ།

ནང་པའི་གནས་ཆེན་གཙོ་གྲས་སྟོན་པ་བཅོམ་ལྡན་འདས་སངས་རྒྱས་ཡུལ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་གི་འདབ་མ་དུས་ཐོག་ཏུ་མ་འཁྲུངས་པའི་ཐད་ཚན་རིག་པས་བརྟག་དཔྱད་ཞིབ་འཇུག་གནང་རྒྱུ་རེད་འདུག རྡོ་རྗེ་གདན་མཆོད་རྟེན་རིན་པོ་ཆེའི་འཛིན་སྐྱོང་ཚོགས་ཆུང་གི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨེན་རྡོ་རྗེ་ལགས་ནས་དེ་དོན་གསར་ཁང་ཁག་ལ་འགྲེལ་བརྗོད་གནང་པར་ད་ལྟའི་ཆར་བྱང་ཆུབ་ལྗོན་ཤིང་སྤྱིའི་གནས་སྟངས་ལེགས་པོ་ཡོད་ཀྱང་། ད་ལོ་འདམ་མ་དུས་ཐོག་ཏུ་མ་འཁྲུངས་པ་འདི་ནི་རྣམ་ཀུན་དང་མི་འདྲ་ཞིག་ཆགས་ཡོད་སྟབས། ཟླ་ ༤ པའི་མཇུག་ཏུ་ལྡེ་ར་རྡུན་ནང་ཡོད་པའི་ནགས་ཚལ་ཞིབ་འཇུག་ལྟེ་གནས་ཁང་གི་ཚན་རིག་པ་ཁག་ཅིག་གིས་དེ་དོན་བརྟག་དཔྱད་ཞིབ་འཇུག་གནང་གི་ཡོད་པ་གསུངས་འདུག ལོ་ཤས་གོང་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༦ ནང་བྱང་ཆུབ་ལྗོན་ཤིང་ལ་འབུའི་གནོད་པ་བྱུང་པས་སྐབས་དེར་འདམ་མ་མང་པོ་ས་ལ་ལྷུང་པའི་གནས་ཚུལ་བྱུང་བར་བརྟེན་རྗེས་སུ་འབུ་སྨན་རྒྱག་ནས་ད་བར་སྐྱེས་འཕེལ་ཐད་དཀའ་ངལ་བྱུང་མི་འདུག རྩ་བའི་ད་ལྟའི་མཆོད་རྟེན་རིན་པོ་ཆེ་དྲུང་གི་བྱང་ཆུབ་ལྗོན་ཤིང་དེ་དེ་སྔ་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་སྐབས་ཀྱི་ལྗོན་པ་དེ་རང་གི་རྒྱུན་གཅིག་ཡིན་སྟབས་དེ་ནི་ཧ་ཅང་གི་རྩ་ཆེ་ཞིག་ཆགས་ཀྱི་ཡོད་པ་རེད། རྡོ་རྗེ་གདན་མཆོད་རྟེན་རིན་པོ་ཆེའི་འཛིན་སྐྱོང་ཚོགས་ཆུང་ནས་ལྗོན་ཤིང་དེའི་བདག་གཅེས་ཆེད་ལོ་རེར་འགྲོ་གྲོན་ཧིན་སྒོར་འབུམ་ལྔ་བཞག་ནས་ཟླ་བ་གསུམ་བཞིའི་མཚམས་སུ་ཚན་རིག་པས་བརྟག་དཔྱད་ཞིབ་འཇུག་སོགས་གནང་ནས་གཙང་སྦྲ་སོགས་དགོས་མཁོའི་རིགས་གནང་རྒྱུ་ཡིན་པ་རེད་འདུག རྡོ་རྗེ་གདན་མཆོད་རྟེན་རིན་པོ་ཆེའི་འཛིན་སྐྱོང་ཚོགས་ཆུང་གི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་རྡོ་རྗེ་ལགས་ནས་གསར་ཁང་ཁག་ལ་ད་རེས་བྱང་ཆུབ་ལྗོན་ཤིང་གི་འདབ་མ་དུས་ཐོག་ཏུ་མ་འཁྲུངས་པ་འདི་ནི་ཚ་དྲོད་ཆེ་བའི་གནམ་གཤིས་རྐྱེན་གྱིས་ཡིན་པ་འགྲེལ་བརྗོད་དང་སྦྲགས། ཉིན་ཤས་རྗེས་ཚན་རིག་པས་བརྟག་དཔྱད་གྲུབ་བསྟུན་མ་འོངས་པར་འགན་འཛིན་ལྷན་ཚོགས་ནས་ལྗོན་ཤིང་དེའི་ལོ་རེའི་གནས་སྟངས་ཁག་དེབ་འགོད་ཉར་ཚགས་གནང་འཆར་ཡོད་པ་ཡང་གསུངས་འདུག

དགེ་བཤེས་དང་མཁན་པོ་ཁག་ཅིག་ལ་ནང་ཆོས་སློབ་སྟོན་གནང་སྟངས་ཀྱི་ཟབ་སྦྱོང་ཐེངས་དང་པོ་གནང་བཞིན་པ།

དྷ་རྨ་ས་ལར་རྟེན་གཞི་བྱས་པའི་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་དང་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱིས་ད་རེས་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་རྒྱ་གར་ནང་གི་དགོན་སྡེ་ཁག་མི་འདྲ་བ་བཅུ་ཙམ་ནས་ཕེབས་པའི་མཁན་པོ་དགེ་བཤེས་ ༣༡ ལ་ནང་ཆོས་སློབ་སྟོན་གནང་ཕྱོགས་དང་འབྲེལ་བའི་ཉིན་ཉི་ཤུའི་ཟབ་སྦྱོང་ཞིག་ཕུལ་བཞིན་འདུག དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཡང་སྟེང་རིན་པོ་ཆེ་མཆོག་གིས་གསུངས་པར་ཟབ་སྦྱོང་འདི་ནི་རྐང་སྔ་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་ལྟར། མང་ཚོགས་ཁྲོད་ནང་ཆོས་སློབ་འཁྲིད་གནང་མཁན་ཆོས་སྡེ་ཁག་གི་མཁན་པོ་དགེ་བཤེས་རྣམས་ལ་ནང་ཆོས་སློབ་སྟོན་གནང་ཕྱོགས་སྐོར་མཁས་པ་དང་ཉམས་མྱོང་ཅན་གྱི་ལམ་སྟོན་དང་བསམ་བློ་བརྗེ་རེས་གནང་སླད་དུ་དམིགས་འདུག་པ་དང་། ཟབ་འཁྲིད་གནང་མཁན་ནི་སྐུའི་དབྱིན་སྐད་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་། གསུང་སྒྱུར་ཟུར་པ་དགེ་བཤེས་ལྷག་དོར་ལགས། ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་སློབ་དཔོན་དགེ་བཤེས་ཡེ་ཤེས་ཐབས་མཁས་ལགས་སོགས་ནང་ཆོས་སློབ་སྟོན་ཐོག་ལོ་ངོ་༣༠ ཡས་མས་ཉམས་མྱོང་ཡོད་མཁན་མཁས་པ་ཤ་སྟག་གདན་འདྲེན་ཞུས་འདུག འདི་ག་རླུང་འཕྲིན་ཁང་གིས་ཐེངས་འདིའི་ཟབ་སྦྱོང་དང་འབྲེལ་བའི་ཐོག་ལ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཡང་སྟེང་རིན་པོ་ཆེ་མཆོག་ལ་ཉིན་ཉི་ཤུ་དེའི་ནང་རྐང་སློབ་འཁྲིད་ཇི་ལྟར་གནང་གི་ཡོད་པ་དང་། འདས་པའི་ཉིན་གྲངས་གཉིས་ནང་མཁས་པའི་གསུང་བཤད་གཙོ་བོ་གང་གནང་ཡོད་པ་སོགས་ཀྱི་ཐད་ལ་བཀའ་འདྲི་ཁག་ཅིག་ཞུས་པ་ཡིན།

བཞུགས་སྒར་དུ་བོད་ས་བཟུང་བ་ཅེས་པའི་པར་རིས་འགྲེམས་སྟོན་ཞིག་དབུ་འཛུགས།

དེ་རིང་ཟླ་ ༤ ཚེས་ ༡༤ ཉིན་སྔ་དྲོ་ཚོུད་ ༡༠། ཐོག་བཞུག་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་དེ་སྔ་རྒྱ་གར་དབྱིན་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་དྲག་པོའི་དོན་གཅོད་བཏང་སྟེ་བོད་བཙན་འཛུལ་བྱེད་སྐབས་ཀྱི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་ Capturing Tibet འམ་བོད་ས་བཟུང་བ་ཅེས་པའི་པར་རིས་འགྲེམས་སྟོན་ཞིག་དབུ་འཛུགས་གནང་སོང་། འགྲེམས་སྟོན་དེ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པ་དང་། དབྱིའི་ཇིའི་གྲོང་ཁྱེར་Liverpool ནང་རྟེན་གཞི་བྱས་པའི་ National Museums ཡི་མཁས་དབང་ Emma Martin ལགས་རྣམ་གཉིས་ཟུང་སྦྲེལ་གྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་གཉིས་དབུས་པའི་མཁས་དབང་ Emma Martin ལགས། གཞན་ཡང་ས་གནས་མི་མང་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཁྱོན་མང་ཚོགས་བརྒྱ་སྐོར་ཞིག་ནས་མཉམ་ཞུགས་གནང་འདུག སྐབས་དེར་མཁས་དབང་ Emma Martin མཆོག་གིས་ཐེངས་འདིའི་འགྲེམས་སྟོན་ཐོག་འགྲེམས་སྤེལ་གནང་བའི་པར་རིས་ཁག་དེ་སྔ་ནས་ Liverpool གྲོང་ཁྱེར་གྱི་འགྲེམས་སྟོན་ཁང་དུ་ཉར་ཚགས་གནང་མུས་ཡིན་ཀྱང་། མང་ཚོགས་ལ་འགྲེམས་སྟོན་ཞུས་པ་ད་རེས་ཐེངས་དང་པོ་ཆགས་སྐོར་སོགས་འགྲེལ་བརྗོད་དང་སྦྲགས། པར་རིས་འགྲེམས་སྟོན་དེ་མང་ཚོགས་ལ་སྐབས་དེའི་བོད་ཀྱི་གངས་རི་དང་ཆུ་སོགས་ཁོར་ཡུག་སྤྱིའི་གནས་སྟངས་ངོ་སྤྲོད་ཞུ་རྒྱུ་ཙམ་མིན་པར་རྐང་སྐབས་དེར་དབྱིན་གཞུང་གིས་བོད་ལ་བཙན་འཛུལ་བྱེད་སྐབས་ཀྱི་རྒྱལ་རབས་ལོ་རྒྱུས་ཁག་པར་རིས་ལམ་ནས་གོ་བརྡ་སྤྲོད་རྒྱུ་དེ་ཡིན་སྐོར་གསུངས་སོང་། གཞན་ཡང་སྐབས་དེར་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཕྱི་ལོ་ ༡༩༠༤ ལོར་དབྱིན་གཞུང་མདའ་དཔོན་ Francis Young husband ཡིས་སྣེ་ཁྲིད་འོག་བོད་ལ་བཙན་འཛུལ་བྱེད་སྐབས་ཀྱི་ལོ་རྒྱུས་ཁག་ཅིག་མང་ཚོགས་ལ་གསལ་བཤད་ཞུས་པ་དང་སྦྲགས། ད་ལྟ་ལོ་རྒྱུས་ཀྱི་ཐོག་ནས་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་པའི་བྱུང་གཞི་མང་པོ་ཞིག་དབྱིན་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་རག་ལུས་པ་ཞིག་ཡིན་སྐོར་སོགས་འགྲེལ་བརྗོད་གནང་ཡོད། གཞི་རྩའི་བོད་ས་བཟུང་བ་ཅེས་པའི་འགྲེམས་སྟོན་དེའི་ཐོག་ནས་དབྱིན་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱེད་སྐབས་དང་འབྲེལ་བའི་པར་རིས་ཁག་ཅིག་དང་། དེ་བཞིན་སྐབས་དེའི་བོད་ཀྱི་ས་ཆ་དང་མི་སྣ་ངོ་སྤྲོད་སོགས་དང་འབྲེལ་བའི་པར་དེབ་ཆེན་པོ་གཉིས་ཀྱང་དངོས་སུ་མཇལ་རྒྱུ་འདུག ཐེངས་འདིའི་འགྲེམས་སྟོན་དེ་དེ་རིང་ཟླ་ ༤ ཚེས་ ༡༤ ནས་ཟླ་ ༥ ཚེས་ ༢༤ བར་གནང་རྒྱུ་ཡིན་པ་རེད།

རྒྱ་གར་གྱིས་བོད་ཀྱི་གསོ་བ་རིག་པ་དེ་རྒྱལ་ཚོགས་ཀྱི་དངོས་མེད་གཅེས་ནོར་རིག་གཞུང་ཁོངས་སུ་ཚུད་ཐབས་གནང་བཞིན་པར་རྒྱ་གཞུང་གིས་སྐྱོན་བརྗོད།

ཉེ་ཆར་རྒྱ་གར་གྱིས་བོད་ཀྱི་གསོ་བ་རིག་པ་དེ་རྒྱལ་ཚོགས་ཀྱི་དངོས་མེད་གཅེས་ནོར་རིག་གཞུང་ཁོངས་སུ་ངོས་འཛིན་ཡོང་ཐབས་ཀྱི་གྲོས་འཆར་ཞིག་བཏོན་གནང་པ་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག དེ་ཡང་ཉེ་དུས་ཟླ་ ༣ པའི་ནང་རྒྱ་གར་གྱིས་བོད་ཀྱི་གསོ་བ་རིག་པ་དེ་ UNESCO འམ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་སྡེ་ཚན་གྱི་སྲུང་སྐྱོབ་འོག་ཏུ་ཡོད་པའི་ Intangible Cultural Heritage ཞེས་མངོན་མེད་གཅེས་ནོར་རིག་གནས་ཁོངས་སུ་ངོས་འཛིན་ཡོང་ཐབས་ཀྱི་གྲོས་འཆར་ཞིག་བཏོན་གནང་པ་ལྟར། ཁ་སང་རྒྱ་ནག་གཞུང་འབྲེལ་གྱི་ Global Times བརྒྱུད་ལམ་ཐོག་རྒྱ་རིགས་སྤྱི་ཚོགས་ཚན་རིག་ཉམས་ཞིབ་པ་ Qin Yongzhang ཡིས་རྒྱ་གར་ནང་ལ་ཡོད་པའི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱིས་བོད་ཀྱི་གསོ་རིག་དེ་དག་ལག་བསྟར་བྱེད་གནང་ནས་རྒྱ་གར་ལ་ཕན་ཐོགས་ཇི་ཙམ་བྱུང་ཡོད་ཀྱང་། དོན་དངོས་ཐོག་བོད་ཀྱི་གསོ་བ་རིག་པ་དེ་བོད་ནས་བྱུང་བ་དང་རིམ་བཞིན་རྒྱ་ནག་གི་ལྷོ་ནུབ་ཏུ་ཡོད་པའི་བོད་དང་མཚོ་བོད་མཐོ་སྒང་ནང་ཆེས་དར་སྲོལ་བྱུང་བ་ཅིག་རེད་ཅེས་ནན་བརྗོད་བྱས་འདུག ད་དུང་ཁོ་པས་རྒྱ་གར་གཞུང་གིས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཐད་ལ་བདག་དབང་ཡོད་ཚུལ་བཤད་ནས་དེ་རྒྱལ་ཚོགས་ཀྱི་དངོས་མེད་གཅེས་ནོར་རིག་གཞུང་ཁོངས་སུ་ཚུད་ཐབས་བྱེད་བཞིན་པ་ནི་གཙོ་བོ་རྒྱ་གར་གི་ནུས་པ་གོང་འཕེལ་གཏོང་ཐབས་བརྒྱུད་རྒྱལ་ཁབ་དེར་དཔལ་འབྱོར་གྱི་ཁེ་ཕན་བསྐྲུན་རྒྱུ་ཁོ་ནར་དམིགས་བཞིན་ཡོད་ཅེས་འགྲེལ་བརྗོད་བྱས་འདུག  བོད་སྨན་དེ་རྒྱ་ནག་ནས་བྱུང་བ་ཙམ་མ་ཡིན་པར་རྒྱལ་ཁབ་དེ་ཉིད་ནང་གོང་སྤེལ་ཕྱིན་ཡོད་ཅེས་ནན་བརྗོད་དང་ཆབས་ཅིག བོད་སྨན་གྱི་དབྱེ་བ་མང་པོ་ཞིག་བོད་མཚོ་སྔོན་དང་ཟི་ཁྲོན་དེ་བཞིན་ཡུ་ནན་ཞིང་ཆེན་བཅས་ནས་དར་སྲོལ་བྱུང་ཡོད་པ་དང་ཁྱད་པར་དུ་རྒྱ་ནག་རང་གི་ནང་དུ་བོད་ཀྱི་གསོ་བ་རིག་པའི་སྨན་ཁང་མང་པོ་མངོན་རྒྱུ་ཡོད་ཚུལ་སོགས་བརྗོད་ཡོད་པ་རེད། རྩ་བའི་རྒྱ་དཀར་ནག་གཉིས་ཀྱིས་བོད་ཀྱི་གསོ་བ་རིག་པ་དེ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་འོག་དངོས་མེད་གཅེས་ནོར་རིག་གཞུང་གི་ཁོངས་སུ་ངོས་འཛིན་ཡོང་བའི་གྲོས་འཆར་གྱི་ཞུ་སྙན་རེ་རེ་ཕུལ་ཟིན་ཡོད་པ་དང་། དེའི་ཐག་གཅོད་དེ་ཕྱི་ལོ་ ༢༠༡༨ ལོའི་ནང་ UNESCO ལྷན་ཚོགས་སྐབས་སུ་གནང་རྒྱུ་ཡིན་འདུག འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེ་དང་འབྲེལ་རྒྱལ་ཚོགས་སུ་ཕུལ་བའི་སྙན་ཞུ་དེར་རྒྱབ་གཉེར་གནང་མཁན་ཁོངས་སུ་ཡོད་པ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས་རྒྱ་གར་གཞུང་ནས་བོད་ཀྱི་གསོ་བ་རིག་པ་འདི་གཅེས་ནོར་གྱི་རིག་གཞུང་ཞིག་ལ་ངོས་འཛིན་གྱིས་དེར་རྒྱལ་སྤྱིའི་ཁྲོད་ནས་ངོས་འཛིན་ཡོང་ཐབས་གནང་བཞིན་པར་རྒྱབ་སྐྱོར་གནང་པ་དང་འབྲེལ། དེང་རབས་སྨན་གྱི་ལམ་ལུགས་ཁྲོད་བོད་སྨན་དེ་སྨན་ལུགས་གཞན་དང་མི་འདྲ་བར་ནད་གཞི་ཆེས་ཛ་དྲག་ཅན་མང་པོ་བཅོས་ཐུབ་པའི་དམིགས་བསལ་གྱི་ནུས་པ་ཁྱད་པར་ཞིག་ཡོད་སྟབས། དེ་ནི་ངེས་པར་དུ་རྒྱལ་སྤྱིའི་གཅེས་ནོར་རིག་གཞུང་གི་གྲས་སུ་ངོས་འཛིན་ཞུ་དགོས་པའི་རང་བཞིན་ཅན་ཞིག་ཆགས་ཡོད་སྐོར་སོགས་གསུངས་སོང་།

༸གོང་ས་མཆོག་གི་ཟླ་བ་རྗེས་མའི་མཛད་འཆར་ཁག་ཅིག་དུས་ཚོད་ངེས་མེད་བར་ཕར་འགྱངས་གནང་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་བ་རྗེས་མའི་ཕྱི་ཚེས་ ༡༡ ནས་ ༢༥བར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེ་ནང་གི་ནང་པའི་དད་ལྡན་པ་འཁོད་ཡུལ་ས་གནས་ཁག་མི་འདྲ་བ་བཅུ་ཙམ་གྱི་ནང་དུ་ཆིབས་བསྒྱུར་མཛད་འཆར་ཐུགས་གཏན་ཁེལ་ཡོད་ཀྱང་། དེ་རིང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་དྲ་གནས་ཐོག་མཛད་འཆར་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༥ ཚེས་ ༡༡ ནས་ ༢༥ བར་ཀུ་ལུ་མ་ན་ལི་དང་ལ་ཧོལ། དེ་བཞིན་པི་ཏི་དང་ཀི་ནོར་སོགས་ཀྱི་མཛད་འཆར་དེ་བཞིན་དུས་ཚེས་ངེས་མེད་བར་ཕར་འགྱངས་གནང་ཡོད་ཅིང་མི་དམངས་ལ་དོ་ཕོག་བྱུང་ཡོད་ཚེ་བཟོད་གསོལ་ཞུ་རྒྱུ་ཡིན་པ་གསུངས་འདུག རྩ་བའི་དེ་སྔའི་མཛད་འཆར་ལ་གཞིགས་ན། མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ཟླ་ ༥ ཚེས་ ༡༢ ཉིན་ཀུ་ལུ་མ་ན་ལིར་ཡོད་པའི་རྙིང་མ་པ་དགོན་པར་ཚེ་དཔག་མེད་ཀྱི་ཚེ་དབང་བསྩལ་རྒྱུ་ཡིན་པ་དང་། ཚེས་ ༡༤ དང་ ༡༥ བཅས་སུ་ཇིས་པར་སྤྱོད་འཇུག་ཆེན་མོ་དང་སྒྲོལ་དཀར་གྱི་རྗེས་གནང་བཀྲིན་ཆེ་རྒྱུ། དེ་རྗེས་ཚེས་ ༡༦ ཉིན་གར་ཤ་འཕགས་པར་སྤྱན་རས་གཟིགས་ཕྱག་བཞིའི་རྗེས་གནང་དང་། ཚེས་ ༡༧ དང་ ༡༨ བཅས་སུ་བྲང་དཀར་རུ་ལམ་རིམ་བསྡུས་དོན་གྱི་གསུང་ཆོས། ཕྱི་ཚེས་ ༡༩ ཉིན་སྤྱན་རས་གཟིགས་ཀྱི་དབང་དང་། ཚེས་ ༢༠ དང་ ༢༡ བཅས་སུ་ཏ་པོ་དང་ཅང་མགོ་ས་གནས་སུ་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་སོགས་ཀྱི་ཆོས་འབྲེལ་བསྩལ་གཏན་ཁེལ་ཡོད་པ་རེད། ཕྱི་ཟླ་ ༥ ཚེས་ ༢༢ ཉིན་སྤུ་ས་གནས་སུ་ཆིབས་བསྒྱུར་དང་། དེ་བཞིན་ཚེས་ ༢༣ ནས་ ༢༥ བར་ཁལ་པར་ཆིབས་བསྒྱུར་གྱིས་སྒྲོལ་དཀར་ཚེ་དབང་དང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་སོགས་ཀྱི་མཛད་འཕྲིན་བསྐྱང་གཏན་ཁེལ་ཡོད་པ་རེད།    

Latest news